Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 2 / 24 (50.000 ký tự/trang)
ྨད་པའི་ཕྱིར་རོ། །དེ་ཉིད་གསུངས་པ། ཟླ་བ་རྡོ་རྗེ་ལ་འཕོས་སླར་ཡང་འདི་ནི་དགོས་པ་ཅི་ཡང་མེད། །ཅེས་པ་སྟེ། མི་འགྱུར་བའི་བདེ་བ་ལ་ལྟོས་ནས་ནི་མ་ཡིན་ནོ། །དེ་གསུངས་པ། དེ་ཕྱིར་
འགྱུར་མེད་བདེ་བ་ཁོ་ན་སྐྱེ་བོ་རྣམས་ཀྱིས་ཤིན་ཏུ་འབད་པས་བསྟེན། །དེ་ལ་ཡུན་རིང་གནས་ནས་མཉམ་པར་གཞག་པའི་དེ་ཉིད་སྐྱེས་པ་སླར་ཡང་ཟུང་། །ཞེས་སོ། །ཡང་ན་གང་འདོད་པ་སྔ་མ་ནི་རྒྱུ་ལས་འབྲས་བུར་མངོན་པར་ཞེན་པ་བཟློག་པའི་ཕྱིར་དང་། ཕྱི་མ་ནི་རྒྱུ་བསྟན་པའི་དོན་
དུའོ་ཞེས་པ་སྟེ་འགལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་དེ་ཡང་ལྷན་ཅིག་སྐྱེས་པ་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ཐབས་དང་བཅས་པར་གོམས་པར་བྱས་ན་འདིས་འཇིག་རྟེན་ལས་འདས་པ་ཐོབ་པའི་ཕྱིར་རོ། །དེ་ལྟར་ཡང་མངོན་པར་འདོད་པའི་ལྷ་མོའི་གཟུགས་སུ་སྐྱེ་བའི་ལས་ཀྱི་ཕྱག་
རྒྱའམ། ཡང་ན་ཡེ་ཤེས་ཀྱི་ཕྱག་རྒྱས་འཁྱུད་པ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པས་དཔེ་ལས་བྱུང་བའི་བདེ་བ་དེ་ཉིད་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་དང་བདེ་བ་ཆེན་པོ་དང་རང་བཞིན་མེད་པ་དང་སྙིང་རྗེ་དང་རྒྱུན་ཆད་མེད་པ་དང་འགག་པ་མེད་པར་བརྗོད་པ་ནི་ཡན་ལག་

བདུན་དང་ལྡན་པ་བསྒོམ་པར་བྱ་ཞིང་འཇིག་རྟེན་ལས་འདས་པར་རྫོགས་པར་བྱའོ་ཞེས་པ་མན་ངག་གོ། །འོན་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་སྙོམས་པར་འཇུག་པ་ཡང་བསྒོམ་པ་མཐར་ཐུག་པ་ནས་ལས་ཀྱི་ཕྱག་རྒྱའི་སྙོམས་པར་འཇུག་པ་ཁོ་ན་ཕུལ་དུ་བྱུང་ཞིང་མཐར་ཐུག་པའི་
ཐབས་སུ་འགྱུར་རོ་ཞེས་བླ་མ་རྣམས་སོ། །དེ་ལྟར་ཡང་། རྡོ་རྗེ་སྙིང་པོའི་དབང་བསྐུར་སྦྱིན། །ཐིག་ལེ་མཆོག་ཉིད་བཀུག་པ་ཉིད། །ཅེས་པ་སྟེ་ཞར་ལ་འོངས་པའོ། །སྐབས་སུ་བབ་པ་བརྗོད་པར་བྱ་སྟེ། གསང་བ་ཞེས་པ་ལ་སོགས་པ་རྐང་པ་གཉིས་ཀྱི་བཞི་པ་སྟེ། སངས་རྒྱས་
ཐམས་ཅད་ཀྱི་ཞེས་པ་ཕུང་པོ་རྣམས་ཀྱིའོ། །འདུས་པ་ནི་རོ་གཅིག་ཏུ་གྱུར་པའོ། །འདི་ཐམས་ཅད་ནི་བླ་མའི་བཀའ་དྲིན་ཁོ་ནས་རྟོགས་པར་ནུས་ཞེས་བསྟན་པར་བྱ་བའི་ཕྱིར་སླར་གསུངས་པ། རང་བྱིན་ཞེས་པ་ལ་སོགས་པའོ། །ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།ཞུ་བ་
གསུམ་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གང་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་དངོས་པོ་གང་ཡིན་པ་དེ་དང་དེ་རྣམས་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཏེ་གནས་སོ་ཞེས་པའི་ཚིག་གི་ལྷག་མའོ། །དེ་རྣམས་ཀྱང་རྣམ་
པ་གཉིས་ཏེ། ཕྱི་དང་ནང་གི་བདག་ཉིད་ཀྱི་དབྱེ་བ་ལས་སོ། །དེ་ལ་དེ་རྣམས་གཉིས་ཀའི་ཐུན་མོང་དུ་ལས་དང་རང་བཞིན་ཡང་གསུངས་པ་ས་ཞེས་པ་ལ་སོགས་པའོ། །དེ་ལ་ཞེས་པ་དེ་རྣམས་ལའོ། །ས་ཞེས་པ་སའིའོ། །ཡང་ན་ས་ཉིད་དེ་དངོས་པོ་གང་འགའ་ཞིག་སྲ་བ་དང་མཁྲེགས་
པ་ལ་སོགས་པའི་མཚན་ཉིད་རྣམས་སོ། །འདིས་ནི་སའི་མཚན་ཉིད་ལས་འཛིན་པ་དང་རང་བཞིན་སྲ་བ་ཡང་ངོ་། །མེ་ཡིས་ཐམས་ཅད་དུ་འཚེད་དོ། །ཞེས་པ་འདིས་མེའི་རང་བཞིན་དྲོ་བ་དང་བྱེད་ལས་སྨིན་པར་བྱེད་པ་ཡང་ངོ་། །ཆུ་ཡིས་འཇུ་བར་བྱེད་པ་ཡིན། །ཞེས་པ་ཆུའི་རང་བཞིན་
གཤེར་བ་ཉིད་དང་བྱེད་ལས་སྡུད་པར་བྱེད་པ་ཡང་ངོ་། །རླུང་གིས་ལྷན་ཅིག་བསྐྱོད་པར་བྱེད། །ཅེས་པ་རླུང་གི་རང་བཞིན་གཡོ་བ་དང་བྱེད་ལས་བསྐྱོད་པར་བྱེད་པ་ཡང་ངོ་། །ནམ་མཁའི་ཡུལ་ཞེས་པ་ཐོག་མར་དེའི་རང་བཞིན་སྟོང་པ་དང་བྱེད་ལས་གོ་སྐབས་འབྱེད་པ་ཡང་ངོ་། །དེ་ཉིད་གསུངས་

པ། སྟོང་པར་གནས་པ་དེས་ནི་སྐྱེ། །ཞེས་པ་སྟོང་པར་གནས་པ་ལ་དངོས་པོ་ཐམས་ཅད་སྐྱེ་བར་འགྱུར་ཏེ། དེས་ན་ཞེས་པ་གོ་སྐབས་སྦྱིན་པའི་གཏན་ཚིགས་འདིས་སོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །འོན་ཀྱང་རང་གི་མཚན་ཉིད་འཛིན་
པའི་ཕྱིར་ཁམས་ཉིད་དང་ས་ལ་སོགས་པ་བཞི་པོ་ཁོ་ན་འབྱུང་བ་ཆེན་པོ་རྣམས་སོ་ཞེས་པ་མདོར་བསྟན་པའི་ཚིག་རྒྱས་པར་སྟོན་པ་འགལ་བ་མེད་དོ། །གལ་ཏེ་འདི་རྣམས་ཀྱི་མཚན་ཉིད་རང་ལས་གྲུབ་པའམ་མ་ཡིན་ཞེ་ན་གསུངས་པ། གང་དུ་ཞེས་པ་ལ་སོགས་པ་སྟེ་འདིས་ཕན་ཚུན་
ལྟོས་པ་དང་བཅས་པ་བརྟགས་པ་ཙམ་གྱི་བདག་ཉིད་ཅན་ཉིད་གསུངས་སོ། །གསུངས་པའི་དོན་ངེས་པར་བྱེད་པ་རྩ་ཞེས་པ་ལ་སོགས་པ་སྟེ། རྩ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བ་ཆེན་པོ་བཞི་རྣམས་ཁོ་ནའོ། །བེམས་པོ་རྣམ་པར་ཤེས་པ་ཙམ། །ཞེས་པའི་ཚིག་གི་དོན་གཉིས་
ཁོ་ན་སྟེ། བེམས་པོ་དང་བེམས་པོ་མ་ཡིན་པའི་དབྱེ་བ་ལས་སོ། །དེ་ཉིད་ཀྱི་ཕྱིར་ཙམ་ཞེས་པ་ལྷག་མའི་དོན་སེལ་བར་བྱེད་པའི་ཕྱིར་རོ། །ཡང་ན་ཚིག་གི་དོན་ནི་རབ་ཏུ་གསལ་བ་ཙམ་གྱི་བདག་ཉིད་ལས་བེམས་པོ་ཡང་རྣམ་པར་ཤེས་པ་ཉིད་དོ། །འགྲོ་བ་དྲུག་པོ་ཞེས་པ་འབྱུང་བ་ཆེན་པོ་བཞི་
པོ་ཞེས་པ་སྔ་མ་དང་འབྲེལ་ལོ། །དེ་ལྟར་ན་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དུ་ཇི་ལྟར་དབྱེ་ཞེ་ན་གསུངས་པ། རྣམ་ཤེས་དང་ནི་ལྷན་ཅིག་འཇུག །ཅེས་པ་གང་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པ་དེ་རྣམས་ནི་སེམས་ཅན་དུ་རྣམ་པར་གཞག་པར་བྱའོ། དེ་ཉིད་གསུངས་པ་དེས་
ན་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པ་འབྱུང་བ་ཆེན་པོ་བཞིའི་སྦྱོར་བ་ཡིས་སོ། །ཀུན་ལ་ཞེས་པ་འགྲོ་བ་ཐམས་ཅད་ལ་ལུས་ཀྱི་གོང་བུར་འགྱུར་རོ་ཞེས་པ་སྲིད་པའི་དངོས་པོ་བློ་དང་ལྡན་པས་ཤེས་པར་བྱའོ། །ཐམས་ཅད་ཀྱི་ཚེའི་འབྱུང་བ་བཞིའི་རང་བཞིན་ཉིད་ལ་སེམས་ཅན་
རྣམས་ཀྱི་འཆི་བ་ལ་སོགས་པ་འགྱུར་བ་ཇི་ལྟར་ཞེ་ན་གསུངས་པ། འཆི་སོགས་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། བསྐྱོད་བྱེད་ཅེས་པ་བསྐྱོད་དོ་ཞེས་པའི་དོན་ཏོ། །ཡན་ལག་ཉིང་ལག་ཐམས་ཅད་ལ། །ཞེས་པ་ཐམས་ཅད་དུ་ལུས་ཐམས་ཅད་དང་ཡན་ལག་ཐམས་ཅད་

ལ་འགྲོ་སྟེ། གང་གི་ཚེ་རླུང་བསྐྱོད་པ་དེའི་ཚེ་ཚོར་བ་མེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྐབས་ཉེ་བར་སྡུད་པ་སྐྱེ་བ་ཞེས་པ་ལ་སོགས་པ་སྟེ། འབྱུང་བ་ཐམས་ཅད་འགྲོ་ཞེས་པ་འབྱུང་བ་རྣམས་ནི་ཐམས་ཅད་དུ་འགྲོ་ཞེས་པའི་དོན་ཏོ། །ཐམས་ཅད་དུ་འགྲོ་བ་ཉིད་གསུངས་པ། ལྷ་ཞེས་
པ་ལ་སོགས་པ་སྟེ། འབྱུང་བ་མེད་པར་མིན་ཞེས་པ་འབྱུང་བ་རྣམས་ཀྱིས་མནན་ན་གང་ཡང་སྐྱེ་བར་མི་འགྱུར་རོ་ཞེས་པ་ལྷག་མའོ། །དེ་ཉིད་སྟོན་པ་ལྷ་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ལུས་རྣམས་ལ་ཡང་སྐྱོང་བ་དང་ལྷན་ཅིག་གནས་སོ་ཞེས་
པའི་དོན་ཏོ། །དེ་དག་གིས་འདི་ལྟར་གསུངས་ཏེ་དེ་རྣམས་ཐམས་ཅད་ཀྱང་འཆི་བར་འགྱུར་ཞེས་པའོ། །ཡང་ན་དེ་རྣམས་ཁོ་ན་སྐྱེ་བ་དང་འཆི་བར་འགྱུར་གྱི་བཅོམ་ལྡན་འདས་སེམས་ཀྱི་རྡོ་རྗེ་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་འདི་རྣམས་སེམས་ལས་ཐ་དད་མེད་དོ་ཞེས་གསུངས་
ལ། དེ་ཡང་ཐམས་ཅད་ཀྱི་ཚེ་ཆ་མཐུན་པར་རྒྱུན་དུ་གནས་པ་ཡིན་ན། དེ་ཇི་ལྟར་འབྱུང་བ་རྣམས་ཀྱི་ཆ་མཐུན་པ་དང་ཆ་མཐུན་པ་མ་ཡིན་པ་ཉམས་པ་དང་སྐྱེ་བའི་མཚན་ཉིད་འཆི་བ་དང་སྐྱེ་བ་ཡིན་ཞེ་ན། གསུངས་པ། མཐའ་དག་ཅེས་པ་ལ་སོགས་པའོ། །འདིའི་དོན་ནི་རྟག་ཏུ་ཞེས་པ་
འཁོར་བ་ཐོག་མ་མེད་པར་ཇི་ལྟར་གསུངས་པའི་རང་བཞིན་ཡོངས་སུ་མ་ཤེས་པའི་ཕྱིར་སེམས་ལས་ཐ་དད་པ་དང་། རྟག་པ་དང་མི་རྟག་པ་ལ་སོགས་པའི་རང་བཞིན་ཉིད་ཀྱི་རིག་བྱེད་ཀྱི་མཐའ་ལ་སོགས་པའི་བསྟན་བཅོས་དེ་རྣམས་རྨོངས་པ་རྣམས་ཀྱིས་འདོད་ཅིང་སྒོམ་པར་
བྱེད་དེ་འཇིག་རྟེན་དུའང་དེ་ལས་བྱུང་བའི་ལྟ་བ་ངན་པ་འབྱུང་སྟེ། དེ་གསུངས་པ། འཕགས་པ་ལྷའི་ཞབས་ཀྱིས། མུ་སྟེགས་བྱེ་བ་མང་པོ་རྣམས། །དོན་མེད་རྒྱུར་གྱུར་མཐོང་ནས་ནི། །སྐྱེ་བོ་ཆོས་འདོད་པ་རྣམས་ལ། །གང་གི་སྙིང་རྗེ་འབྱུང་མི་འགྱུར། །ཞེས་པའོ། །
གལ་ཏེ་འཛིན་པ་ལས་སྣང་བ་ཐ་དད་པས་ཕྱེ་བའི་གཟུང་བ་ཡང་ཇི་ལྟར་སེམས་དང་ཐ་མི་དད་པ་ཡིན་ཞེ་ན་གསུངས་པ། གང་དུ་ཐམས་ཅད་ལ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་གང་ལས་ཐམས་ཅད་དུ་འབྱུང་བ་ཐམས་ཅད་ལ་ཐམས་ཅད་འགྲོའོ་ཞེས་པ་ཀུན་འགྲོའོ། །རྣམ་པར་

ཤེས་པའི་ཁམས་གནས་ཞེས་པ་གནས་པར་གྱུར་པ་ས་ལས་སྐྱེས་པ་ཐམས་ཅད་དེ་འབྱུང་བ་ལས་གྱུར་པ་ཡང་དེ་ཉིད་དོ། །ཡང་ན་གང་གི་ཕྱིར་ཐམས་ཅད་ལ་ཐམས་ཅད་ཀུན་འགྲོ་རྣམ་པར་ཤེས་པའི་ཁམས་དང་ས་ལས་སྐྱེས་པ་ཞེས་པ་འབྱུང་བ་གཞན་ཡང་
གནས་པར་འགྱུར་རོ་ཞེས་འབྲེལ་ཏོ། །དེ་ཉིད་ཀྱི་ཕྱིར་དེ་མ་ཐག་གསུངས་པ། གང་དུ་གཅིག་ནི་གནས་པ་དེར། །བཞི་པོ་དེ་ཀུན་ཉེ་བར་གནས། །ཞེས་སོ། །དེ་དག་གིས་འདི་ལྟར་བརྗོད་དེ་རང་ལས་གྲུབ་པའི་རང་བཞིན་མེད་པའི་ཕྱིར་རང་གི་སེམས་འབའ་ཞིག་གིས་བྱས་པ་རྣམ་པར་རྟོག་པ་ཙམ་
གྱི་བདག་ཉིད་ལ་ཐ་དད་པ་མི་སྲིད་ཅེས་སོ། །དེ་ཉིད་གསུངས་པ། འབྱུང་བ་བཞི་པོ་གཞན་གཙོ་བོ་ཞེས་པ་འབྱུང་བ་བཞི་པོ་རྣམས་ལས་གཞན་རྣམ་པར་ཤེས་པ་ཁོ་ན་གཙོ་བོ་སྟེ། དེ་རྣམས་སྤྲུལ་པ་ཉིད་ལས་ཏེ། །བསྟན་བཅོས་ཀུན་ལ་ཡང་དག་འདོད། །ཅེས་པའོ། །ཡང་ན་
མཐའ་དག་ཅེས་པ་ཕྱི་མའི་བསྟན་བཅོས་མཐའ་དག་ལའང་དེ་རྣམས་ཉིད་འདོད་ཅིང་སྒོམ་པར་བྱེད་དོ། །དེ་བས་ན་དེ་རྣམས་ཁོ་ན་གཙོ་བོར་གྱུར་པ་ཞེས་དགོངས་པའོ། །དེ་དག་ཉིད་བསྟན་པར་བྱེད་པ་ཐམས་ཅད་ལ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ལ་ཞེས་པ་ཀུན་འགྲོ་རྣམས་
སོ། །ཡང་ན་ཀུན་ལ་ཞེས་པ་ཐམས་ཅད་ལ་བྱ་བའི་ཁྱད་པར་རོ། །ཐམས་ཅད་ཅེས་བརྗོད་པ་ལའང་དེ་བཞིན་ནོ། །ས་ལ་སྐྱེས་ཞེས་པ་དགུའི་བདག་ཉིད་ཅན་ལ་སྐྱེས་པ་ཞེས་པ་དེ་རྣམས་ཐམས་ཅད་ལ་གནས་ཞེས་འབྲེལ་ལོ། །ས་ལ་སྐྱེས་ཞེས་པ་ནི་བདུན་པའི་མང་པོའི་ཚིག་སྟེ།
གཟུགས་མེད་པའི་ཁམས་ན་ཡང་ཉན་ཐོས་ཀྱི་འདོད་པ་གཞན་གྱིས་དོན་ཅུང་ཟད་འབྱུང་བ་སྲིད་དོ་ཞེས་པ་སྐྱོན་མེད་དོ། །བཤད་པ་ཉེ་བར་བསྡུ་བ་གསུངས་པ། འབྱུང་བ་བཞི་ཞེས་པ་ལ་སོགས་པའོ། །འདི་དག་གིས་འབྱུང་བ་བཞི་ལ་ཡང་དག་པར་བརྟེན་པ་ཁོ་ནས་སྔགས་ཀྱི་ཚུལ་
གྱིས་རྣལ་འབྱོར་པ་བསྐྱེད་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་གོམས་པར་བྱའོ་ཞེས་བཤད་པ་ཡིན་ནོ། །ཐུན་མོང་གི་མཚན་ཉིད་མངོན་པར་བརྗོད་ནས་ཁྱད་པར་གྱི་མཚན་ཉིད་ནང་གི་འབྱུང་བའི་མཚན་ཉིད་གསུངས་པ། སྲོག་ཅེས་པ་ལ་སོགས་པ་སྟེ། སྲོག་བྱེད་པ་དང་

རྒྱུ་བའི་ཕྱིར་སྲོག་ནི་རླུང་ངོ་། །ཡང་དག་གནས་ཞེས་པ་ཤེས་པར་བྱ་སྟེ། རླུང་ནི་འབྱུང་བ་དང་། རྔུབ་པའི་བདག་ཉིད་རྣམ་པར་ཤེས་པ་སྦྱོར་བར་གྱུར་པར་ཤེས་པར་བྱའོ་ཞེས་དགོངས་པའོ། །མེ་ནི་ཚ་བའི་མཚན་ཉིད་དེ། །ཞེས་པ་ཚ་བའི་མཚན་ཉིད་ནི་མེ་སྟེ་གཟི་བརྗིད་རང་བཞིན་
སྐྱེད་པར་བྱེད་པའི་ཕྱིར་རོ། །ཆུ་ནི་བདུད་རྩིའི་རང་བཞིན་ནོ། །ཞེས་པ་འཆི་བ་མི་འཆི་བར་བྱེད་པའོ། །དེའི་ཕྱིར་ཆུ་ནི་འཆི་མེད་རང་བཞིན་ཞེས་པས་ཏེ་ཚིམ་པར་བྱེད་པའི་ཚུལ་གྱིས་བརྟན་པར་བྱེད་པའི་ཕྱིར་རོ། །ས་ནི་རྟེན་ཙམ་ཉིད་དུའོ། །ཞེས་པ་ཞིང་ལྟ་བུར་སྐྱེ་བ་དང་གནས་
པ་དང་འཕེལ་བའི་རྒྱུ་ཉིད་ཀྱི་ཕྱིར་ས་ནི་རྟེན་ཡིན་ནོ། །དོན་འདི་ཡིན་ཏེ་འདི་རྣམས་ཉིད་འཁོར་བའི་གནས་སྐབས་སུ་ཡུལ་རྣམས་དང་། འཇིག་རྟེན་ལས་འདས་པའི་གནས་སྐབས་སུ་བདེ་བ་ཆེན་པོ་ལ་རིམ་པ་ཇི་ལྟ་བར་བསྐུལ་བ་དང་གཟི་བརྗིད་དང་ཚིམ་པ་དང་འཛིན་པ་རྣམས་
ཀྱིས་སེམས་ཀྱི་རྒྱལ་པོ་ལ་འཁྱུད་ནས་རྗེས་སུ་འཛིན་ཅིང་གནས་སོ་ཞེས་པའོ། །ཡང་ན་ལུས་ཀྱི་ཟ་མ་ཏོག་ཏུ་དེ་རྣམས་ཉིད་ལ་ཡང་དག་པར་བརྟེན་ནས་སེམས་ཀྱི་རྒྱལ་པོ་གནས་ཏེ། འདི་རྣམས་གང་ཡང་རུང་བ་མེད་ན་འཆི་བའི་ཕྱིར་རྣམ་པར་ཤེས་པ་ཐུན་མོང་མ་ཡིན་པ་རྗེས་སུ་
འཛིན་པར་གསུངས་སོ། །ནམ་མཁའ་ནི་རྣམ་པར་ཤེས་པ་ལས་ཤིན་ཏུ་དབྱེར་མེད་པའོ། །འོན་ཀྱང་དེ་དང་རོ་མཉམ་པ་ཉིད་ཀྱིས་གནས་སོ་ཞེས་པ་སྟེ་སོ་སོར་མ་བསྟན་ཏོ། །ཡང་ན་གོ་སྐབས་སྦྱིན་པ་ཉིད་དེའི་རྗེས་སུ་འཛིན་པ་སྟེ། དེ་ཡང་ཐུན་མོང་གི་མཚན་ཉིད་ཀྱི་སྐབས་སུ་
གསུངས་སོ། །དེ་དག་ཉིད་གསུངས་པ། དེ་ལ་རྟག་ཏུ་གནས་པའི་ལྷ། །རྣམ་ཤེས་མཆོག་གི་དབང་ཕྱུག་གོ། །ཞེས་པ་ལྷའི་ངང་ཚུལ་ཉིད་ལས་ལྷའོ། །ད་ནི། རྣམ་པ་ལྔ་ནི་ཇི་ལྟར་ལྷ། །ཞེས་ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེའི་ཞེས་པ་ལ་སོགས་པ་སྟེ། དེའི་
ཞེས་པ་འབྱུང་བ་ལྔ་དང་ལྡན་པའི་རྣམ་ཤེས་ཀྱིའོ། །ཀུན་དུ་འཇུག་ཅེས་པ་ཀུན་ནས་རྣམ་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་པའི་དོན་ཏོ། །ལྷ་ཞེས་པ་ལྷ་ཡིའོ། །རྣམ་པ་ལྔའི་ལྷ་རྣམས་ནི། །ཞེས་པ་རྣམ་པ་ལྔ་རྣམས་དང་ལྷ་ལྔ་ཡང་ངོ་། །དེ་ལ་རྣམ་པ་ལྔ་ནི་ཕུང་པོ་ལྔ་དང་ཡེ་ཤེས་

ལྔ་རྣམས་སོ། །དེ་ཉིད་གསུངས་པ། གཟུགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ཞེས་པ་གཟུགས་སྣ་ཚོགས་པའི་བདག་ཉིད་ཅན་སོ་སོར་སྣང་བའོ། །དེ་ལྟར་ཚོར་བ་ལ་སོགས་པ་ཡང་ངོ་། །མེ་ལོང་ཞེས་པ་མེ་ལོང་ཡེ་ཤེས་ཏེ། དེ་ལྟར་གཞན་
རྣམས་ཀྱང་ངོ་། །ཡེ་ཤེས་འདི་རྣམས་རབ་ཏུ་གནས། །ཞེས་པ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་འདི་རྣམས་ཡེ་ཤེས་ཀྱི་རང་བཞིན་ཁོ་ནའོ། །ཡང་ན་ཡེ་ཤེས་ཀྱི་སྒྲ་ལས་མངོན་དུ་མེ་ལོང་ལ་སོགས་པའི་སྒྲ་འདི་རྣམས་སོ་སོར་གནས་སོ་ཞེས་པའི་དོན་ཏོ། །དེའི་ཕྱིར་མེ་
ལོང་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་ལ་སོགས་པར་འགྱུར་རོ། །ལྷ་ལྔ་སྟོན་པ་རྣམ་པར་སྣང་མཛད་ཞེས་པ་ལ་སོགས་པའོ། །འདི་དག་ཀྱང་རིམ་པ་ཇི་ལྟ་བ་མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་
རྣམས་ཏེ་གཙོ་བོར་ས་ལ་སོགས་པའི་ཁམས་ལ་བརྟེན་པའོ། །དེ་རྣམས་ཀྱང་སྤྱན་མ་ལ་སོགས་པའི་ལྷ་མོའི་རང་བཞིན་རྣམས་སོ། །དེ་དག་གི་རྣམ་པར་དག་པ་ཁོ་ནའི་བསྐྱེད་པའི་རིམ་པ་སྒོམ་པ་པོས་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་ལྔས་བསྒོམ་པར་བྱའོ་ཞེས་སྟོན་པ་
རྣམ་པ་ལྔ་ཞེས་པ་ལ་སོགས་པ་སྟེ། རྣམ་པ་ལྔ་པོ་རྣམས་གཅིག་པ་ཉིད་ཀྱིས་རྫོགས་པའི་བྱང་ཆུབ་རྟོགས་པ་འདིའི་ཞེས་པ་དྲུག་པ་རྡོ་རྗེ་འཆང་ངོ་། །ལྔ་པ་ཡུལ་དྲུག་ཞུས་པའི་ལན་གདབ་པའི་དོན་དུ་གསུངས་པ། ཡུལ་ཞེས་པ་ལ་སོགས་པ། རྣམ་པ་ཀུན་གྱི་མཆོག་གནས་
པ། །ཡུལ་གྱི་རྣམ་དག་རྟོགས་པར་བྱ། །ཞེས་པའི་བར་དུའོ། །དེ་ལ་ཡུལ་ཞེས་པ་འདིས་ཡུལ་ཅན་ཡང་བརྗོད་དེ་ཡུལ་རྣམས་ནི་ཡུལ་ཅན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །འདི་དག་གིས་སྐྱེ་མཆེད་བཅུ་གཉིས་པོ་རྣམས་གསུངས་སོ། །འདི་རྣམས་ཞེས་པ་འདི་རྣམས་ཀྱིའོ། །
རྣམ་དག་ཅེས་པ་རྣམ་པར་དག་པའོ། །བཤད་ཅེས་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་སའི་སྙིང་པོ་ལ་སོགས་པ་རབ་ཏུ་གྲགས་པ་རྣམས་སོ། །ཁམས་ནི་བཅོ་བརྒྱད་དག་ཏུ་དྲན། །ཞེས་པ་དེ་རྣམས་ཁོ་ནའི་དབྱེ་བས་ཁམས་བཅོ་བརྒྱད་དོ། །ཕུང་པོའི་རང་བཞིན་འདི་རྣམས་

ལས། །ཞེས་པ་འདི་རྣམས་ཁོ་ན་མདོར་བསྡུས་པ་ལས་ཕུང་པོ་ལྔའི་རང་བཞིན་ཉིད་དོ། །འགྱུར་མེད་མཆོག་ནི་བསྒོམ་པར་བྱ། །ཞེས་པ་སླར་ཡང་དེ་ཉིད་འགྱུར་མེད་མཆོག་རྡོ་རྗེ་སེམས་དཔར་འགྱུར་རོ། །སངས་རྒྱས་ཉིད་འབྲས་རྒྱུ་རུ་འགྱུར། །ཞེས་པ་དེ་ཉིད་སངས་རྒྱས་ཉིད་ཀྱི་
མཚན་ཉིད་འབྲས་བུ་དང་དེའི་རྒྱུར་ཡང་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན་གསུངས་པ། མིག་སོགས་རྣམས་ལ་བསྒོམ་བྱ་སྟེ། །ཞེས་པ། རང་ཉིད་རྡོ་རྗེ་སེམས་དཔར་གྱུར་ནས་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་བཅོམ་ལྡན་འདས་དེ་ཉིད་འབྲས་བུ་དང་དེའི་རྒྱུར་ཡང་
འགྱུར་རོ། །གཟུགས་ཀྱིས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་གསུངས་པ། བཅོམ་ལྡན་འདས་དེ་ཉིད་སའི་སྙིང་པོའི་རྣམ་པས་མིག་གི་སྐྱེ་མཆེད་ལ་གནས་ནས་གཟུགས་གསུམ་རྣམ་པར་སྦྱངས་ཏེ་རྡོ་རྗེའི་མིག་གི་སྐྱེ་མཆེད་དེ་སྟེར་བར་མཛད་དོ་ཞེས་རྒྱས་པར་རོ། །
དེ་རྣམས་ཉིད་སྟོན་པ། མིག་གི་ཞེས་པ་ལ་སོགས་པ་སྟེ། མིག་གི་དབང་པོ་དང་ཡུལ་གཟུགས་དང་མིག་གི་རྣམ་པར་ཤེས་པ་ནི་བཅོམ་ལྡན་འདས་ཐུགས་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན་ནོ། །མིག་གི་དབང་པོའི་སྒྲས་མིག་གི་ཡུལ་ཡང་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དེ་
ཉིད་གསུངས་པ། གསུམ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ཡུལ་གྱི་སྒྲས་ཀྱང་ཡུལ་ཅན་བསྟན་ཏེ་བཤད་མ་ཐག་པ་ཉིད་དོ། །བསྟན་པའི་རིམ་པ་འདི་ཡང་ཡུལ་དང་ཡུལ་ཅན་དག་ལ་དོན་དམ་པར་དབྱེ་བ་མེད་པར་རྟོགས་པའི་དོན་དུའོ། །གསུམ་པོ་འདི་དག་ནི་རང་
བཞིན་རྣམ་དག་དོན་འོད་གསལ་གྱི་གོ་འཕང་གི་རྟེན་དུ་འགྱུར་རོ་ཞེས་པའི་དོན་ཏོ། །རྣམ་ཤེས་ཞེས་པ་རྣ་བའི་རྣམ་ཤེས་ཏེ་དེ་ལྟར་བཞི་ཡང་ངོ་། །རྣམ་ཤེས་ཞེས་པའི་ཚིག་ནི་དེ་དང་དེའི་དབང་པོ་ལས་སྐྱེས་པ་ཞེས་ཤེས་པར་བྱའོ། །སྒྲའི་ཞེས་པ་སྒྲའོ། །དམིགས་པ་མེད་པའི་
རང་བཞིན་ལས། །འོད་གསལ་གྱི་ནི་གོ་འཕང་ཞེས་པ་སྔ་མ་དང་འབྲེལ་ལོ། །སྣོམ་བྱེད་དྲི་དང་ཞེས་པ་སྣ་དང་དྲིའོ། །རྣམ་དག་དེ་བཞིན་ཉིད་དུ་དྲན། །ཞེས་པ་ཆོས་དང་ཆོས་ཉིད་དག་ལ་དབྱེ་བ་མེད་པའི་ཕྱིར་རོ། །རྣམ་དག་ཉིད་ལས་ཞེས་པ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །

ལུས་དང་རེག་བྱ་ལུས་རྣམས་ཤེས། །ཞེས་པ་དང་པོའི་མང་པོའི་ཚིག་གོ། །ཡིད་དང་ཆོས་དང་ཡིད་རྣམ་ཤེས། །ཞེས་པ་ཡིད་ཀྱི་དབང་པོ་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །སྙིང་ག་ཉིད་དུ་རྣམ་པར་དག །ཅེས་པ་ཁྱབ་བྱེད་
ཀྱང་སྙིང་གར་གནས་པའོ། །རྣམ་པར་དག་པ་ཉིད་ཀྱི་ཕྱིར། །འོད་གསལ་གྱི་ནི་གོ་འཕང་ཞེས་པ་སྔ་མ་དང་འབྲེལ་ལོ། །ཉེ་བར་བསྡུ་བ་གསུངས་པ། དྲུག་ཅེས་པ་ལ་སོགས་པའོ། །ཀུན་གཞི་ཞེས་པ་ཀུན་གཞི་ལའོ། །དེ་བཞིན་གཤེགས་པ་ཞེས་པ་གཏི་མུག་རྡོ་རྗེ་ལ་སོགས་
པའོ། །དཔལ་ཧེ་རུ་ཀའི་ཏིང་འཛིན་གནས། །ཞེས་པ་དང་པོའོ། །ཡུལ་དང་ཡུལ་ཅན་རྣལ་འབྱོར་གྱིས། །ཞེས་པ་ཡུལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་། ཡུལ་ཅན་གཏི་མུག་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་གྱིས་སྙོམས་པར་འཇུག་པས་གནས་ན་རྟོག་པ་མེད་པའི་བདེ་བ་
སྐྱེ་བའོ་ཞེས་དགོངས་པའོ། །དེ་དག་ཉིད་གསུངས་པ། ཡུལ་གྱི་ཞེས་པ་ལ་སོགས་པའོ། །སྟོང་པ་ཉིད་འབའ་ཞིག་གིས་སངས་རྒྱས་མ་ཡིན་ཏེ། འོན་ཀྱང་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཉིད་ཀྱིས་སོ་ཞེས་པའི་དོན་ཏོ། །དེ་དག་གིས་འདི་སྐད་གསུངས་ཏེ། བསྐྱེད་
པའི་རིམ་པ་སྒོམ་པ་པོས་རྡོ་རྗེ་སེམས་དཔའི་སྐུ་རུ་དམིགས་པ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་ཉིད་སྟོང་པ་ཉིད་དང་རོ་གཅིག་པའི་སྐུ་འདིའོ་ཞེས་ངེས་པར་གཟུང་སྟེ་མིག་ལ་སོགས་པའི་དབང་པོ་རྣམས་དང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་རང་བཞིན་མེད་པ་ཉིད་དུ་མངོན་
དུ་བྱས་ནས་ཇི་ལྟ་བ་བཞིན་ས་བོན་དང་མཚན་མ་ཡོངས་སུ་གྱུར་པས། མིག་ལ་སོགས་པ་རྣམས་གཟུགས་རྡོ་རྗེ་ལ་སོགས་པས་འཁྱུད་པའི་གཏི་མུག་རྡོ་རྗེ་ལ་སོགས་པ་རྣམས་བསྒོམ་པར་བྱའོ། །རྫོགས་པའི་རིམ་པ་ལ་གནས་པས་ནི་དེ་བཞིན་ཉིད་དང་དབྱེར་མེད་པ་རྣམ་པར་རྟོག་
པ་དང་བྲལ་བ་ལྷན་ཅིག་སྐྱེས་པ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་བརྟན་པ་དང་གཡོ་བའི་དངོས་པོ་མཐའ་དག་ལ་ཁྱབ་པ་ཉིད་ཀྱིས་རྣམ་པར་གནས་པའོ་ཞེས་བླ་མའི་གདམས་ངག་ལས་བསྒོམ་པར་བྱའོ་ཞེས་པའོ། །ད་ནི་ཞུ་བ་དྲུག་པའི་ལན་གདབ་པའི་

ཕྱིར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པ་རང་བཞིན་ནོ་ཞེས་པའི་བར་ཇི་སྲིད་པ་སྟེ། ཟུང་འཇུག་གི་བདག་ཉིད་བཅོམ་ལྡན་འདས་གཅིག་ཁོ་ན་སངས་རྒྱས་དང་ཆོས་དང་དགེ་འདུན་དུ་བརྟགས་ཏེ་ཕྱེ་བ་ལས་སོ། །སངས་རྒྱས་ནི་གཟུགས་སྐུའི་རང་བཞིན་ཉིད་ལས་སོ། །ཆོས་ནི་
ཆོས་སྐུའི་རང་བཞིན་ཉིད་ལས་སོ། །དགེ་འདུན་ནི་རབ་ཏུ་དགའ་བ་ལ་སོགས་པས་ཕྱེ་བའི་ས་རྣམས་ལ་ཡང་དེ་ཉིད་གནས་པའི་ཕྱིར་ཏེ། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ཁོ་ན་དགེ་འདུན་ནོ། །དེ་དག་ཉིད་སྐྱབས་གསུམ་མོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཉིད་རྣམས་ཏེ་དེ་
ཉིད་གསུམ་མོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ཏེ་རྣམ་པར་ཐར་པ་གསུམ་མོ། །འདི་དག་རྣམ་པར་དག་པ་ཞལ་གསུམ་སྟེ་འདིར་བཅོམ་ལྡན་འདས་ཀྱི་ཞལ་ལོ། །ལྷ་གསུམ་ཞེས་པ་རྟག་པ་དང་སྣང་བ་མཐའ་ཡས་དང་མི་བསྐྱོད་པ་རྣམས་སོ། །དཀྱིལ་
འཁོར་གསུམ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་རྣམས་སོ། །རྣལ་འབྱོར་གསུམ་ཞེས་པ་ཏིང་ངེ་འཛིན་རྒྱལ་པོ་མཆོག་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་རྣམས་སོ། །ལམ་གསུམ་ཞེས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་
སེམས་དཔའི་དབྱེ་བ་ལས་ལམ་གསུམ་པོ་རྣམས་སོ། །དམ་ཚིག་གསུམ་ཞེས་པ་ལྷ་དང་སྔགས་དང་ཕྱག་རྒྱ་རྣམས་སམ། ཡང་ན་རྡོ་རྗེ་དང་དྲིལ་བུ་དང་ལྷའམ། ཡང་ན་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྣམ་པ་གསུམ་མོ། །དགེ་བ་གསུམ་ཞེས་པ་ཐོག་མ་དང་བར་མ་
དང་ཐ་མ་རྣམས་སོ། །གསང་གསུམ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྣམས་སོ། །ཆོས་ཀྱི་འབྱུང་གནས་རང་བཞིན་ལས། །ཞེས་པ་ཆོས་འབྱུང་གྲུ་གསུམ་གྱི་ཕྱག་རྒྱའི་རང་བཞིན་གྱིས་གནས་པའི་ཕྱིར་རོ། །འཁོར་གསུམ་མི་དམིགས་རྣལ་འབྱོར་གྱིས། །
ཞེས་པ་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་སྒོམ་པ་རྣམས་ཀྱིས་སོ། །སྔགས་གསུམ་གྱི་ནི་རང་བཞིན་དང་། །ཞེས་པ་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་རྣམས་སོ། །ཕྱི་དང་ནང་གི་ཞེས་པ་ལ་སོགས་པ་ཞུ་བ་བདུན་པའི་ལན་གདབ་པའི་ཕྱིར་གསུངས་པ།

ཕྱི་རོལ་ཞེས་པ་ལ་སོགས་པ་ཡོངས་གྲགས་ཞེས་པའི་བར་དུའོ། །དེ་ལ་ཕྱི་རོལ་དང་ཞེས་པ་སྣོད་ཀྱི་འཇིག་རྟེན་ཏེ་དེ་རྣམ་པར་དག་པ་གཞལ་ཡས་ཁང་ངོ་། །ནང་གི་ཞེས་པ་སེམས་ཅན་གྱི་འཇིག་རྟེན་ཏེ། དེ་རྣམ་པར་དག་པ་ལྷའི་འཁོར་ལོའོ། །དགོས་པ་གསུངས་
པ་ཕྱི་ཞེས་པ་ལ་སོགས་པའོ། །དེ་ལ་ལྷའི་འཁོར་ལོའི་དབང་དུ་བྱས་ནས་གསུངས་པ། ཆོས་ཞེས་པ་ལ་སོགས་པའོ། །ལྷ་རྣམས་དམིགས་པ་ཞེས་པ་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་བསྒོམ་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། །སོ་སོར་ཞེས་འབྲེལ་ལོ། །རྣམ་པ་ཀུན་
གྱི་རང་བཞིན་ལས། །ལྷ་མོར་ཡོངས་སུ་བརྟག་པར་བྱ། །ཞེས་པ་རྣམ་པའི་འཁོར་ལོའི་རང་བཞིན་ལྷ་མོ་རྣམས་སོ། །ཡང་ན་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པའི་རང་བཞིན་རྣམས་སོ། །དང་པོ་ལྷ་ཡི་གཟུགས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་རྣམ་པར་
བཞུགས། །ཞེས་པ་དང་པོ་ལྷའི་གཟུགས་ནི་དབུས་ཀྱི་གཙོ་བོའོ། །དཀྱིལ་འཁོར་བའི་ལྷ་རྣམས་དགོད་པའི་གནས་གསུངས་པ། གནས་དང་ཞེས་པ་ལ་སོགས་པའོ། །དེ་བཞིན་ཞེས་པ་ལ་སོགས་པས་སྤྲོ་བ་གསུངས་ཏེ། ཇི་ལྟར་གཞལ་ཡས་ཁང་གི་ནང་ན་ལྷ་རྣམས་
བཞུགས་པ་དེ་ཁོ་ན་ལྟར་ཁ་སྦྱོར་བདེ་བ་ཆེན་པོའི་ཚུལ་གྱིས་གྲངས་མེད་པ་སྤྲོས་ནས་ཕྱོགས་བཅུ་རྣམས་སུ་འགྲོ་བའི་དོན་མཛད་དོ་ཞེས་པ་ལྷག་མའོ། །དེ་ཉིད་གསུངས་པ། གྲངས་མེད་པ་ལ་སོགས་པའོ། །གྲངས་ནི་དཀྱིལ་འཁོར་ལ་བཞུགས་པ་རྣམས་ཁོ་ནས་ཏེ་སྤྲོས་པ་རྣམས་
ཀྱིས་ནི་མ་ཡིན་ནོ་ཞེས་དགོངས་པའོ། །སྤྲོས་པ་རྣམས་ཀྱི་གྲངས་ནི་གཞལ་དུ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ། བསམ་གྱིས་མི་ཁྱབ་ཅེས་པ་ལ་སོགས་པའོ། །འདི་དག་གང་ལས་སྤྲོ་ཞེ་ན་གསུངས་པ་དཔལ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་ན་དཔལ་
ཧེ་རུ་ཀ་ཡང་དག་སྦྱོར། །ཞེས་པ་བདེ་མཆོག་དང་ཕག་མོ་ཉིད་མཁའ་འགྲོ་མའི་གཟུགས་ཀྱིས་གནས་སོ་ཞེས་པ་ལྷག་མ་སྟེ་དེ་དག་ཀྱང་དོན་དམ་པར་དབྱེ་བ་མེད་དོ། །འདི་དག་གིས་བསྡུ་བ་གསུངས་སོ། །དེ་ཉིད་གསུངས་པ། དེ་དག་ཅེས་པ་ལ་སོགས་པའོ། །འབྲས་བུ་གསུངས་པ།

དེ་རྣམས་ཀུན་ཞེས་པ་ལ་སོགས་པའོ། །འདི་དག་ཇི་ལྟར་བསླབ་པར་བྱ་ཞེ་ན་གསུངས་པ། རགས་པ་ཞེས་པ་ལ་སོགས་པའོ། །འདི་ལྟར་གསུངས་ཏེ། བླ་མའི་ཞལ་ལས་རིམ་པ་མཐའ་དག་བཟུང་སྟེ་བསྒོམས་པས་སེམས་རྩེ་གཅིག་པ་གོམས་པ་ཕུལ་དུ་བྱུང་བའི་གནས་སྐབས་རྟོག་པ་དང་
བྲལ་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་པའོ། །ཡང་ན་དེ་ཁོ་ན་རྣམ་པ་གཉིས་ཏེ། བླ་མས་རབ་ཏུ་བསྟན་པ་དང་དེ་ཉམས་སུ་མྱོང་བའི་ཚུལ་ལོ། །དེ་གཉིས་ཀའི་འབྲས་བུ་ནི་གསུམ་པའོ། །དེ་གསུངས་པ། ཐག་པའི་ཞབས་ཀྱིས། དེ་ཉིད་ཡེ་ཤེས་རྣམ་གཉིས་ཏེ། གང་ཡང་བརྗོད་
བཅས་བརྗོད་མེད་དོ། །ཞེས་པའོ། །ཡང་ན་རགས་པ་སྒྲ་ཞེས་པ་རགས་པ་ནི་སྒྲའི་བདག་ཉིད་ཅན། ཨཱཿདང་ཧཱུཾ་གི་ཡི་གེ་ལ་སོགས་པའི་རང་བཞིན་ནོ། །ཕྲ་མོ་བསམ་པའི་རང་བཞིན་ཞེས་པ་དེ་བསྒོམ་པའི་རིམ་པ་ནི་བླ་མའི་གདམས་ངག་ལས་སོ། །བསམ་པ་དང་བྲལ་བའི་དེ་ཁོ་ན་རྟོགས་
པ་ཞེས་པ་དེ་གོམས་པ་ལས་རྟོག་པ་དང་བྲལ་བའི་བདེ་བ་རྟོགས་པར་འགྱུར་རོ་ཞེས་པའོ། །འབྱུང་བ་བཞི་ལ་སོགས་པ་ཞུ་བ་ལྔའི་ཡུལ་གཅིག་ཉིད་དུ་བསྟན་པའི་ཕྱིར། ལེའུ་གཅིག་ཉིད་ཀྱིས་ལན་བཏབ་པར་མཛད་དོ་ཞེས་པའོ། །དེ་ལྟར་ལེའུ་གཞན་དུ་ཡང་ཤེས་པར་བྱའོ། །ལེའུ་
བཞི་པའི་རྣམ་པར་བཤད་པའོ།། །།ཟླ་བ་ཉི་མ་ཇི་ལྟར་ལྷ། །ཞེས་པ་ཞུ་བ་བརྒྱད་པའི་དབང་དུ་བྱས་ཏེ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའི་ལེའུ་འདིར་ནི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་བདེ་བ་དང་སྡུག་བསྔལ་དང་འཚོ་བ་དང་འཆི་བ་ལ་སོགས་པ་དགེ་བ་དང་མི་དགེ་བ་མཐའ་
དག་སྟོན་པ་དང་། རྡོ་རྗེའི་བཟླས་པའི་རིམ་པའི་ཡན་ལག་རླུང་གི་དེ་ཉིད་ནི་བརྗོད་པར་བྱ་བའོ། །དེ་ཡང་ལ་ལ་ནཱ་དང་ར་ས་ནཱར་གྲགས་པའི་རྩ་གཉིས་ལ་ཡང་དག་པར་བརྟེན་ཏོ་ཞེས་ཐོག་མར་རྩ་གཉིས་ཀྱི་མཚན་ཉིད་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་གྱི་
བར་ནི་མདོར་བསྟན་པའོ། །མགྲིན་པ་ཞེས་པ་ལ་སོགས་པ་རྒྱས་པར་བཤད་པའོ། །འོག་གི་ཁ་ཞེས་པ་གལ་ཏེ་ཡང་འདིའི་བུ་ག་གཉིས་ཀ་ཡང་ཁ་ཡིན་པ་དེ་ལྟ་ན་ཡང་བླང་བ་དང་དོར་བར་བྱེད་པ་ཉིད་ཀྱིས་འོག་གི་ལྟེ་བའི་རྩ་ནི་ཁ་བཞིན་དུ་འདིའི་ཁའོ་ཞེས་པ་འོག་གི་ཁའོ། །དེ་བཞིན་

དུ་སྟེང་གི་ཁ་ཡང་ངོ་། །རབ་ཏུ་འཇུག་པ་ཞེས་པ་གཡས་པ་ནས་འཐོན་ཏེ་ཡུལ་བཟུང་ནས་དེ་མ་ཐག་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་ལ་ལ་ནཱ་ནས་འཇུག་པའི་ཕྱིར་རོ། །དེ་དག་ཉིད་གསུངས་པ་སྣའི་ཞེས་པ་ལ་སོགས་པའོ། །ད་ནི་སྐབས་སུ་བབ་པ་རླུང་གི་
འགྱུར་བ་དང་མི་འགྱུར་བའི་མཚན་ཉིད་བརྗོད་པའི་ཆེད་དུ་ཕྱིའི་ཉིན་མཚན་རྣམས་ལ་ཉིན་མཚན་གྱི་རྣམ་པར་གཞག་པ་ཁོ་ན་རེ་ཞིག་གསུངས་པ། ཉི་མ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཐུན་བརྒྱད་ཀྱི་བདག་ཉིད་ཅན་ཉིན་མཚན་གཅིག་ལ་རྣལ་མར་གནས་པ་ཁམས་སྙོམས་པའི་
རླུང་རིམ་པས་རྒྱུ་བ་དེ་བསྟན་པའི་ཕྱིར་གསུངས་པ། འཕོ་བ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །གལ་ཏེ་ཉིན་མཚན་གྱིས་འཕོ་བ་བཅུ་དྲུག་རྒྱུ་བ་ལ་སྣ་བུག་གང་ཁོ་ནས་ཉི་མ་གཅིག་ལ་ཉི་མ་ཤར་བ་ནས་བརྩམས་ཏེ་རླུང་རྒྱུ་བར་འགྱུར་བ་དེ་ཁོ་ནས་རྣལ་མར་གནས་པ་ཐམས་ཅད་
ཀྱི་ཚེ་རྒྱུ་བར་འགྱུར་ཏེ། ཇི་ལྟར་ཉི་མ་བཞི་པའི་སྔ་དྲོ་ལ་སྣ་བུག་གཞན་གྱིས་རླུང་རྒྱུ་བར་འགྱུར་ཞེ་ན་བརྗོད་པར་བྱ་སྟེ། འདིར་ཉིན་མཚན་གཅིག་ལ་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་འཕོ་བར་འགྱུར་རོ། །དེ་ལ་དཀྱིལ་འཁོར་གཅིག་ནས་དཀྱིལ་འཁོར་གཞན་དུ་འཕོ་བ་ན་འཆད་པར་
འགྱུར་བའི་ཚུལ་གྱིས་བདུད་ཀྱི་བུ་མོར་གྲགས་པའི་རྩལ་དབུགས་ཕྱེད་ཕྱེད་ཟད་པ་ལས་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྣམས་ཀྱི་དབུགས་བཞི་བཅུ་རྩ་བརྒྱད་ཟད་པས་ཞག་གསུམ་གྱིས་བཞི་བཅུ་རྩ་བཞི་ལྷག་པའི་དབུགས་བརྒྱ་ཆད་པར་འགྱུར་རོ། །དེ་བཞིན་དུ་མཚན་མོ་དང་ཉིན་
མོ་མཉམ་པའི་དུས་སུ་སྣ་བུག་གཅིག་ནས་སྣ་བུག་གཞན་དུ་འཕོ་བ་ན་ཅུང་ཟད་དམན་པའི་དབུགས་ཀྱི་རྐང་པ་གསུམ་ལྷག་པའི་དབུགས་ཉི་ཤུ་རྩ་ལྔ་སྣ་བུག་གཉིས་ཀའི་རབ་ཏུ་རྒྱུ་བ་ལས། ཕྱེད་དང་བཅས་པའི་བརྒྱ་ཕྲག་བཅུ་གསུམ་གྱི་བདག་ཉིད་སྣ་བུག་གཅིག་གི་རྒྱུ་བ་
ཆད་པར་འགྱུར་རོ་ཞེས་པ་ཉི་མ་བཞི་པའི་སྔ་དྲོ་ལ་སྣ་བུག་གཞན་གྱིས་རྒྱུ་བར་འགྱུར་ཞེས་སོང་བ་ནི་འཕྲོས་པའོ། །སྐབས་སུ་བབ་པ་བརྗོད་པར་བྱ་སྟེ། རྣམ་པར་གཞག་པ་འདི་ལ་དབྱུ་གུའི་རྣམ་པར་གཞག་པ་ཇི་ལྟར་ཞེ་ན་གསུངས་པ། རླུང་ནི་ཞེས་པ་ལ་སོགས་པའོ། །

དེ་ལ་རེ་ཞིག་ཆུ་སྲིན་གྱི་འཕོ་བ་ལ་ཉིན་མོ་དབྱུ་གུའི་ཚད་སྟོན་པ་སྲོག་རྣམས་ཞེས་པ་ལ་སོགས་པ་སྟེ། དེ་རྐང་པ་ཡང་དག་ལྡན་པ་རྣམས་ཀྱིས་ཞེས་པ་དབུགས་གསུམ་པོ་རྣམས་ཀྱང་སོ་སོར་རྐང་པ་དང་ལྡན་པའོ། །དེའི་ཕྱིར་ཆུ་སྲང་ལྔ་བཅུ་དང་དབུགས་གསུམ་དང་དབུགས་ཀྱི་
རྐང་པ་གསུམ་ནི་བྱང་བགྲོད་ཀྱི་ཉི་མའི་དབྱུ་གུ་གཅིག་གོ། །དབུགས་ཀྱི་ཚོགས་ཀྱིས་ནི་རྐང་པ་གཅིག་གིས་དམན་པའི་དབུགས་བཞི་ལྷག་པའི་དབུགས་སུམ་བརྒྱའོ། །མཚན་མོའི་དབྱུག་གུ་ལ་ནི་རྐང་པ་དང་བཅས་པའི་དབུགས་ལྔ་ལྷག་པའི་ཆུ་སྲང་དྲུག་ཅུ་རྩ་གཅིག་རྣམས་སོ། །
དབུགས་ཀྱི་ཚོགས་ཀྱིས་རྐང་པ་དང་བཅས་པ་བདུན་ཅུ་རྩ་གཅིག་ལྷག་པའི་དབུགས་སུམ་བརྒྱ་རྣམས་སོ། །འདི་ལྟ་བུའི་དབྱུ་གུའི་ཚད་འདིས་མཚན་མོ་སུམ་ཅུ་རྩ་གཉིས་ཞེས་པའོ། །དེ་ནས་ཉི་མ་བྱང་དུ་བགྲོད་པ་ལས། །དེ་མ་ཐག་ཏུ་སོ་སོར་ཉིན་མོའི་དབྱུ་གུ་འཕེལ་བ་དང་མཚན་
མོའི་དབྱུ་གུ་འབྲི་བར་འགྱུར་རོ། །གལ་ཏེ་ཟླ་བ་རེ་ལ་ཇི་ཙམ་འཕེལ་བ་དང་འགྲིབ་པར་འགྱུར་ཞིང་། ཉི་མ་སོ་སོ་ལ་ཡང་ཇི་ཙམ་ཞེ་ན་གསུངས་པ། དབུགས་རྣམས་ཀྱིས་ཞེས་པ་ལ་སོགས་པའོ། །ཟླ་བ་གཅིག་ལས་དབྱུ་གུ་གཅིག་ལ་རྐང་པ་གཅིག་ལྷག་པའི་དབུགས་
བཅུ་གཅིག་ལྷག་པར་འགྱུར་རོ། །དེའི་ཕྱིར་བཅོ་ལྔ་པ་ལྷག་པའི་དབུགས་སུམ་བརྒྱ་ནི་བུམ་པའི་འཕོ་བའི་ཉིན་མོའི་དབྱུ་གུར་འགྱུར་རོ། །མཚན་མོ་ནི་དྲུག་ཅུ་ལྷག་པའི་དབུགས་སུམ་བརྒྱ་རྣམས་དབྱུ་གུ་གཅིག་གོ། །དེ་ལྟར་འཕོ་བ་སོ་སོ་ལ་སྟེ་ཇི་སྲིད་ལྷོར་བགྲོད་པའི་བར་
དུའོ། །ཞག་སོ་སོ་ལ་ཇི་ཙམ་འཕེལ་བ་དང་འགྲིབ་པས་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་ཏུ་འགྱུར་ཞེ་ན་གསུངས་པ། དབུགས་ཀྱི་ཞེས་པ་ལ་སོགས་པ་སྟེ། ཉི་ཤུ་རྩ་བཞི་ཆ་ལྷག་པའི་དབུགས་སུམ་ཆ་འཕེལ་ལོ་ཞེས་སྔ་མ་དང་འབྲེལ་ལོ། །གལ་ཏེ་དབྱུ་གུ་སོ་སོ་
ལ་ཉི་ཤུ་རྩ་བཞི་ཆ་ལྷག་པའི་དབུགས་སུམ་ཆ་འཕེལ་བའི་ཕྱིར་དབྱུ་གུ་སུམ་ཅུ་རྩ་གཉིས་ཁོ་ནར་འགྱུར་རོ། །དེའི་ཕྱིར་ཆུ་སྲང་གཉིས་སོ། །ཕྱི་རོལ་གྱི་བསྟན་བཅོས་དང་རྒྱུད་གཞན་རྡོ་རྗེ་མཁའ་འགྲོ་ལ་སོགས་པར་ཉི་མ་སོ་སོར་ཆུ་སྲང་བཞི་འཕེལ་ལོ་ཞེས་འདོད་དོ། །གང་ཡང་ཆུ་

སྲང་དྲུག་ཅུའི་བདག་ཉིད་ཀྱི་དབྱུ་གུའི་ཚད་ཀྱིས་བྱང་དུ་བགྲོད་པའི་ཉིན་མོ་ལ་དབྱུ་གུ་ཉི་ཤུ་རྩ་བཞི་ཉིད་དེ། དེ་ཡང་དབུགས་ཀྱི་གྲངས་ཀྱིས་བཞི་བཅུ་དང་བཅས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་བརྒྱད་ཀྱི་དབུགས་རྣམས་སོ། །རྒྱུད་འདིའི་རིམ་པས་བདུན་
བརྒྱ་ལྷག་པའི་སྟོང་ཕྲག་དགུ་རྣམས་བྱང་དུ་བགྲོད་པའི་ཉིན་མོའི་དབུགས་ཀྱི་ཚོགས་ཏེ། དེ་ནི་འདིར་བརྒྱ་དང་བཅུ་ལྷག་པའི་སྟོང་ཕྲག་གཅིག་གིས་མང་བས་ཁྱད་པར་ཆེས་སོ་ཞེ་ན་འདིར་བརྗོད་པར་བྱ་སྟེ། གཉིས་ཀའི་ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་སྐྱོན་འདི་མེད་དོ། །དེ་ལྟར་ཡང་
རྒྱུད་འདི་ནི་ནང་གི་རྣམ་པར་གཞག་པ་སྟེ། འཕོ་བའི་ཡན་ལག་བཅུ་དྲུག་གི། །རླུང་ནི་ཉིན་ཞག་གཅིག་གིས་འགྱུར། །སྣ་ཡི་བུ་ག་ལ་རྟག་ཏུ། །ཐུན་ནི་ཕྱེད་ཕྱེད་ཡང་དག་རྒྱུ། །ཞེས་བར་མ་ཆད་པར་གསུངས་པའི་ཕྱིར་རོ། །དེ་ལ་མཉམ་པའི་མཚན་མོ་དང་ཉིན་མོ་ལ་རྩ་དྲུག་
ཅུ་རྩ་བཞིའི་བདག་ཉིད་ཅན། སྤྲུལ་པའི་འཁོར་ལོ་རྩ་རེ་རེ་ལ་ཕྱེད་དང་བཅས་པ་སུམ་ཅུ་རྩ་བདུན་ལྷག་པའི་དབུགས་སུམ་བརྒྱ་རྒྱུ་བའི་རྣམ་པར་གཞག་པའི་རིམ་པས་རྩ་དྲུག་ཅུ་རྩ་བཞི་རྒྱུ་བའི་ཕྱིར། དབྱུ་གུ་དྲུག་ཅུ་རྩ་བཞི་རྣམས་སོ། །དེ་བཞིན་དུ་རྩ་སུམ་ཅུ་རྩ་གཉིས་ཀྱི་
བདག་ཉིད་ཅན། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་རེ་རེ་ལ་དེ་ཉིས་འགྱུར་གྱིས་བདུན་ཅུ་རྩ་ལྔ་ལྷག་པའི་དབུགས་དྲུག་བརྒྱ་རྒྱུ་བའི་རྣམ་པར་གཞག་པ་དང་། རྩ་སུམ་ཅུ་རྩ་གཉིས་རྒྱུ་བའི་ཕྱིར་ཆུ་ཚོད་སུམ་ཅུ་རྩ་གཉིས་རྣམས་སོ། །དེ་བཞིན་དུ་རྩ་བཅུ་དྲུག་གི་བདག་ཉིད་ཅན་
ལོངས་སྤྱོད་འཁོར་ལོར་རྩ་རེ་རེ་ལ་དེ་ཉིས་འགྱུར་གྱིས་ཕྱེད་དང་བཅས་པའི་དབུགས་བརྒྱ་ཕྲག་བཅུ་གསུམ་རྒྱུ་བའི་རྣམ་པར་གཞག་པས་ཐུན་ཕྱེད་བཅུ་དྲུག་རྣམས་སོ། །དེ་བཞིན་དུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་ཆོས་ཀྱི་འཁོར་ལོར་རྩ་རེ་རེ་ལ་དབུགས་བརྒྱ་ཕྲག་ཉི་ཤུ་རྩ་བདུན་རྒྱུ་བ་ལ་
ཐུན་བརྒྱད་དོ་ཞེས་པའོ། །དེ་བཞིན་དུ་ཡང་བརྟག་པ་གཉིས་པའི་རྒྱལ་པོ་ལས། ཟླ་བ་དང་། ཉི་མ་དང་། ཨཱ་ལི་དང་ཀཱ་ལི་དང་འཕོ་བ་བཅུ་དྲུག་དང་དབྱུ་གུ་དྲུག་ཅུ་རྩ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་གཉིས་དང་ཐུན་ཚོད་བརྒྱད་རྣམས་སོ་ཞེས་སོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་

པར་ནི་རྩིས་ཀྱི་བྱེད་པ་གཙོ་བོ་ཉིད་ཀྱིས་ཕྱི་རོལ་གྱི་རྣམ་པར་གཞག་པའོ་ཞེས་པ་སྟེ་དེ་ཡིས་འདི་ལ་འགལ་བ་མེད་དོ། །ཡང་ན་འདི་ནི་ཕྱི་དང་ནང་ཐུན་མོང་གི་རྣམ་པར་གཞག་པའོ། །དེ་ལྟར་ཡང་ཉི་མ་ཤར་བ་ཞེས་པ་ལ་སོགས་པ་ཉིན་མོ་ཐུན་བཞི་དང་མཚན་མོ་ཐུན་བཞིའི་རྣམ་པར་དབྱེ་བ་
ལས་ཉིན་ཞག་གི་ཐུན་བརྒྱད་དང་། ཐུན་ཕྱེད་བཅུ་དྲུག་དང་། ཐུན་བཞི་ཆའི་ཐུན་ཚོད་ཀྱི་ཚོགས་ཀྱིས་ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། དེའི་ཚད་དབྱུ་གུའི་རྣམ་པར་གཞག་པས་དབྱུ་གུ་དྲུག་ཅུ་རྩ་བཞི་རྣམས་སོ། །ཞེས་པ་ཕྱི་རོལ་ཁོ་ནའི་རྣམ་པར་གཞག་པའོ། །དབྱུ་གུའི་
ཚད་ནི་རང་གི་འདོད་པས་རྣམ་པར་གཞག་པའི་ཕྱིར་ཏེ། དེ་ལྟར་ཡང་བྷ་ས་ཏའི་རྩིས་མཛད་པས་ཉིན་ཞག་གཅིག་ལ་དབྱུ་གུ་བརྒྱ་བྱས་སོ། །འདིར་ནི་དབྱུ་གུ་དྲུག་ཅུ་རྩ་བཞི་རྣམས་ཉིད་ཀྱིས་ནང་དང་ཐུན་མོང་གི་རྣམ་པར་གཞག་པ་ཡིན་ཏེ་བཤད་མ་ཐག་པ་ཇི་ལྟ་བ་བཞིན་ནོ། །
དེའི་ཕྱིར་ཡང་འདི་ཉིད་མཛེས་སོ། །དེ་ལྟར་ན་འཕོ་བ་ཆེན་པོ་བཞི་སྟེ། གང་མཉམ་པ་གཉིས་དང་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པའོ། །དེ་རྣམས་ལ་གཙོ་བོའི་ཕྱིར་དང་རྣམ་པར་གཞག་པ་བྱ་སླ་བའི་ཕྱིར་ཡང་མཉམ་པའི་དབྱུ་གུའི་ནང་དང་ཕྱིའི་དབུགས་ཀྱི་མཚན་ཉིད་དང་ཆུ་
སྲང་གི་རྣམ་གྲངས་གཞན་སྲོག་གི་མཚན་ཉིད་སྔོན་དུ་འགྲོ་བ་ཅན་གྱིས་རྣམ་པར་གཞག་པ་གསུངས་པ། སྲོག་རྣམས་ཞེས་པ་ལ་སོགས་པ་སྟེ། སྲོག་ལྔ་བཅུ་པའི་དབུགས་ཇི་སྙེད་པ་དེ་རྣམས་ཀྱིས་དབུགས་ཀྱི་གྲངས་རིམ་པས་གཞག་པ་རྣམས་དང་། དེའི་སྟེང་དུ་གསུམ་
རྣམས་ཏེ་དང་པོ་སྟོང་པ་གཞག་པས་ཇི་ལྟར་གྱུར་པ་རྣམས་ཀྱིས། དེ་རྐང་ཡན་ལག་ལྡན་རྣམས་ཀྱིས། །ཞེས་པ་དེའི་རྐང་པ་སུམ་ཅུའོ། །དེ་རྐང་དེ་ཡིས་ཡང་དག་ལྡན། །རྣམས་ཀྱིས་མཉམ་པའི་དབྱུ་གུའོ། །ཞེས་པ་ལྷག་མའོ། །འདི་དག་གིས་ཕྱེད་དང་བཅས་པ་སུམ་ཅུ་
རྩ་བདུན་ལྷག་པའི་སུམ་བརྒྱ་ནི་མཉམ་པའི་དབྱུ་གུ་སྟེ་སྔ་མ་བཞིན་ནོ། །བྱང་དུ་བགྲོད་པ་དང་ལྷོར་བགྲོད་པའི་ཉིན་མོ་དང་མཚན་མོའི་དབྱུ་གུ་རྣམ་པར་དབྱེ་བའི་དོན་དུ་གསུངས་པ། བྱང་དུ་བགྲོད་པའི་ཞེས་པ་ལ་སོགས་པའོ། །འདི་དག་གི་ཆུ་སྲང་བཞི་བཅུ་རྩ་ལྔ་རྣམས་

ཀྱིས་བྱང་དུ་བགྲོད་པའི་ཉིན་མོའི་དབྱུ་གུ་སྟེ་དབུགས་ཀྱི་ཚོགས་ཀྱིས་བདུན་ཅུ་ལྷག་པའི་ཉིས་བརྒྱར་གྱུར་ཏོ། །མཚན་མོའི་དབྱུ་གུ་ནི་ཕྱེད་དང་བཅས་པའི་ཆུ་སྲང་དྲུག་ཅུ་རྩ་བདུན་རྣམས་ཀྱིས་ཏེ། དབུགས་ཀྱི་ཚོགས་ཀྱིས་ནི་ལྷ་ལྔ་ལྷག་པའི་བཞི་བརྒྱ་
ཡིས་སོ། །བྱང་དུ་བགྲོད་པའི་ཉིན་མོའི་དབྱུ་གུ་ཇི་ལྟ་བ་དེ་བཞིན་དུ་ལྷོར་བགྲོད་པའི་མཚན་མོའི་དབྱུ་གུའོ། །དེ་དག་འགྱུར་བ་ཇི་ལྟར་ཞེ་ན་གསུངས་པ། དབྱུ་གུ་དབྱུ་གུར་ཞེས་པ་མདོར་བསྟན་པ་སྟེ། དེའི་རྒྱས་པར་བཤད་པ་གསུངས་པ། དབུགས་རྣམས་ཀྱིས་ཞེས་
པ་ལ་སོགས་པ་སྟེ། །དྲག་པོ་རྐང་པ་དང་བཅས་པ་རྣམས་དང་། །དྲག་པོ་རྐང་པ་དང་བཅས་པ་རྣམས་ཏེ། །དེ་རྣམས་ཀྱིས་འཕོ་བ་སོ་སོ་ལ་འཕེལ་བ་དང་འགྲིབ་པར་འགྱུར་རོ། །འདི་དག་གསུངས་པ། སྲང་གི་འཕོ་བ་ལ་སོགས་པ་བྱང་དུ་བགྲོད་པ་ཇི་སྲིད་པ་དང་། ལུག་གི་འཕོ་
བ་ལ་སོགས་པ་ལྷོར་བགྲོད་པ་ཇི་སྲིད་པར་འཕོ་བ་གསུམ་གྱིས་འཕོ་བ་སོ་སོར་དབྱུ་གུ་རེ་རེ་ལ་ཕྱེད་དང་བཅས་པའི་དབུགས་ཉི་ཤུ་རྩ་གཉིས་རྣམས་མཚན་མོ་དང་ཉིན་མོའི་རྣམ་པར་དབྱེ་བས་རིམ་པ་ཇི་ལྟ་བ་བཞིན་འཕེལ་བ་དང་བྲི་བ་དང་། བྲི་བ་དང་འཕེལ་བ་དག་གིས་ཕྱེད་དང་
བཅས་པའི་དབུགས་དྲུག་ཅུ་རྩ་བདུན་འཕེལ་བ་དང་འབྲི་བ་ལས་ཀྱང་ཇི་ལྟར་བརྗོད་པའི་དབྱུ་གུ་ཉིད་དུ་འགྱུར་རོ། །གལ་ཏེ་ཞག་སོ་སོར་མཚན་མོ་དབྱུ་གུ་གཅིག་ལ་ཇི་ཙམ་འཕེལ་བ་དང་། ཉིན་མོ་དབྱུ་གུ་གཅིག་ལ་ཇི་ཙམ་འགྲིབ་པས་ཟླ་བ་གཅིག་གི་ཕྱེད་དང་
བཅས་པའི་དབུགས་ཉི་ཤུ་རྩ་གཉིས་སུ་འགྱུར་ཞེ་ན། དབུགས་ཀྱི་ཞེས་པ་ལ་སོགས་པ་སྟེ། དབུགས་ཀྱི་སུམ་ཆ་ནི་ཆ་ཤས་གསུམ་སྟེ་དེ་ཡིས་སོ། །དབྱུ་གུ་དྲུག་ཅུ་རྩ་གཉིས་རྣམས་ཀྱིས་ཇི་ཙམ་གྱིས་འཕེལ་བ་དང་འབྲི་བར་འགྱུར་ཞེ་ན་གསུངས་པ། དེ་རྐང་ཞེས་པ་ལ་
སོགས་པ་སྟེ། རྐང་ཡིག་ནི་ཟླ་བ་འཕེལ་བ་བསྡུས་པས་རྗེས་སུ་འགུགས་པའི་དོན་ཏོ། །ཟླ་བ་འཕེལ་བ་བསྡུས་པ་ཉིད་རྐང་པ་དྲུག་ཆས་ཞེས་པ་ཆུ་སྲང་གི་རྐང་པས་དབུགས་ཀྱི་རྐང་བ་དྲུག་གི་བདག་ཉིད་ཅན་གྱིས་ཕྱེད་དང་བཅས་པའི་དབུགས་དང་ལྷན་ཅིག་གོ། །འདི་དག་

གིས་དབྱུ་གུ་སུམ་ཅུ་རྩ་གཉིས་རྣམས་ཀྱིས་མཚན་མོ་དང་ཉིན་མོ་སོ་སོ་ལ་དབུགས་ཉི་ཤུ་རྩ་བཞིས་འཕེལ་བ་དང་འགྲིབ་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །རྣལ་མར་གནས་པའི་གནས་སྐབས་བསྟན་ནས། བཟློག་པ་དང་དེའི་འབྲས་བུ་ཡང་གསུངས་པ། ཐུན་ནི་ཕྱེད་
ཞེས་པ་ལ་སོགས་པ་གོ་སླའོ། །འགྱུར་ལྡན་ཞེས་པ་ཉི་མ་དྲུག་རྒྱུ་ན་ཉི་ཤུ་རྩ་བཞི་ཆད་པའི་ལོ་གསུམ་ལས་སོ། །ཉི་མ་བདུན་རྒྱུ་བས་དེ་ཉིས་འགྱུར་ཆད་པ་ལས་སོ། །ཉི་མ་བརྒྱད་རྒྱུ་བས་ཉི་ཤུ་རྩ་བཞི་སུམ་འགྱུར་ཆད་པ་ལས་སོ། །ཉི་མ་དགུ་རྒྱུ་བས་ཉི་ཤུ་རྩ་བཞི་བཞི་
འགྱུར་ཆད་པའི་ལོ་གསུམ་ལས་ཏེ། སྐད་ཅིག་གང་ལ་སྣ་བུག་གཞན་དུ་འཕོ་བའི་སྐད་ཅིག་དེ་ལ་འཆིའོ་ཞེས་པའི་དོན་ཏོ། །དེ་ལྟར་གཞན་དུ་ཡང་འགྱུར་ལྡན་ཞེས་པའི་ཚིག་གི་དོན་ཏོ། །དུས་མ་ཡིན་པ་དང་དུས་ཀྱི་འཆི་བ་ཉེ་བར་བསྟན་ནས། དེ་སླུ་བ་ཉེ་བར་སྟོན་པ་
གསུངས་པ། ཆོ་ག་བཞིན་ཞེས་པ་ལ་སོགས་པའོ། །རྩ་ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་ཡང་སྟེ། འདི་དག་ནི་འཆི་བ་སླུ་བའི་ཡན་ལག་གོ། །སླུ་བའི་ཆོ་ག་ནི་འཆད་པར་འགྱུར་རོ། །བཤད་པའི་ཉིན་མོ་དང་མཚན་མོའི་དབུགས་སྟོན་པ་གསུངས་པ། དྲུག་བརྒྱ་རྣམས་ཀྱིས་
ལྷག་པའི་ཞེས་པ་ལ་སོགས་པའོ། །ད་ནི་གཞན་ཡང་རླུང་གི་རྣལ་འབྱོར་པའི་ཞི་བ་ལ་སོགས་པའི་ལས་འགྲུབ་པའི་ཡན་ལག་གསུངས་པ། དབང་ཆེན་ཞེས་པ་ལ་སོགས་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་ལ་བྱས་པས་རྒྱས་པ་ལ་སོགས་པའི་ལས་སོ། །དེ་ལྟར། ཆུ་ཡིས་
དོན་རྣམས་ཡང་དག་འབྱུང་། །ཞེས་པ་ཞི་བ་ལ་སོགས་པ་མངོན་པར་འདོད་པའི་འབྲས་བུ་འགྲུབ་པའོ། །བཀྲེས་སྐོམ་ཞེས་པ་མེའི་དཀྱིལ་འཁོར་ལ་རླུང་རྒྱུ་ན་དྲག་པོའི་ལས་འགྲུབ་པོ་ཞེས་པའི་དོན་ཏོ། །དྲག་པོའི་ལས་ཉིད་ཀྱིས་བྱེ་བྲག་བསྐྲད་པ་ལ་སོགས་པ་རླུང་ལས་འགྲུབ་
པར་འགྱུར་རོ་ཞེས་གསུངས་པ་རླུང་ལས་ཞེས་པ་ལ་སོགས་པའོ། །དབང་ཆེན་ཞེས་པ་དབང་ཆེན་ལའོ། །རྙེད་པ་ཞེས་པ་རྫས་ཀྱི་རྙེད་པ་ལའོ། །དེ་ཐོབ་པ་ནི་རབ་ཏུ་ཐོབ་པ་སྟེ་དྲུག་པའི་དོན་ལ་དང་པོའོ། །སྡུད་པ་བྱེད་པ་འགྲོའོ་ཞེས་པ་ལྷག་མའོ། །ཆུ་སྐྱེས་ལ་སོགས་པ་ཡང་

ལྟད་མོ་རྣམས་ཀྱི་དབང་དུ་བྱས་ཏེའོ། །དེའི་ཕྱིར་རྣལ་འབྱོར་མཆོག་གཙོ་བོ་རླུང་གི་དེ་ཉིད་ཅེས་སྔར་བྱས་ཏེ། ཅི་འདྲ་བའི་རླུང་གི་དེ་ཉིད་གཙོ་བོ་ཡིན་ཞེ་ན་གསུངས་པ། རྡོ་རྗེ་སེམས་དཔའི་གསུང་ཇི་བཞིན། །ཞེས་པ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་
པ་དེ་ལྟར་མཆོག་ཉིད་དོ་ཞེས་པའི་དོན་ཏོ། །ཡང་ན་ཇི་ལྟར་རྡོ་རྗེ་སེམས་དཔའི་གསུང་རྣམ་པ་ཐམས་ཅད་དུ་མི་སླུ་བ་ཉིད་ཀྱིས་མཆོག་ཏུ་ཚད་མར་གྱུར་པ་དེ་བཞིན་དུ་བཤད་པ་དང་འཆད་པར་འགྱུར་བའི་རླུང་གི་དེ་ཉིད་ཀྱང་གསུངས་སོ་ཞེས་དགོངས་པའོ། །གཞན་གྱིས་དྲིས་པ་ལས་རྣལ་འབྱོར་
བས་དགེ་བ་དང་མི་དགེ་བ་ཤེས་པར་བྱའོ་ཞེས་དྲིས་པ་ཤེས་པར་བྱ་བའི་དབང་དུ་བྱས་ཏེ་གསུངས་པ། རླུང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །གནས་སྐབས་ལས་འགྱུར་བའི་རླུང་གི་དབྱེ་བ་བསྟན་ནས་རང་བཞིན་གྱི་རླུང་གི་དེ་ཉིད་ཉེ་བར་སྟོན་པ་གསུངས་པ། སྲོག་ཅེས་པ་ལ་
སོགས་པ་སྟེ་རྣམ་པར་རྒྱུ་ཞེས་པ་དཀྱིལ་འཁོར་གཅིག་ཉིད་ལ་འོད་ཟེར་ལྔའི་རང་བཞིན་དེ་བཞིན་གཤེགས་པ་ལྔའོ་ཞེས་པའི་དོན་ཏོ། །གཡས་ནས་ཞེས་པ་སྣ་བུག་གཅིག་ཁོ་ནའི་གཡས་ཀྱི་ཆ་ལས་ཏེ། དེ་ལྟར་གཡོན་གྱི་ཆ་ལས་སོ། །གཉིས་ལས་ཞེས་པ་ནི་གཉིས་ཀའི་
དབུས་ཀྱི་ཆ་ལས་སོ། །འོག་མ་ཞེས་པ་དྲང་པོའི་འོག་དང་ཕྱོགས་ལ་རེག་པའོ། །དལ་བུ་རབ་ཏུ་རྒྱུ་བ་ཅེས་པ་བསིལ་བ་འཇམ་པ་མྱུར་བ་མ་ཡིན་པར་འགྲོ་བའོ། །རྡོ་རྗེ་མགོན་པོ་ནི་མི་བསྐྱོད་པའོ། །ལུས་ཀུན་ལ་ནི་རྗེས་འགྲོ་ཞེས་པ་ནམ་མཁའི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱིས་
ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འདི་དག་ཉིད་སྲོག་ལ་སོགས་པའི་རླུང་ལྔ་པོ་རྣམས་སོ། །དེ་ལ་འོད་དཔག་མེད་ཀྱི་བདག་ཉིད་ཀྱི་རླུང་གྱེན་དུ་མགྲིན་པ་ལ་གནས་སོ། །དོན་ཡོད་གྲུབ་པའི་བདག་ཉིད་མཉམ་གནས་ལྟེ་བ་ལ་གནས་སོ། །རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཐུར་སེར་གསང་བ་ལའོ། །
མི་བསྐྱོད་པའི་བདག་ཉིད་སྲོག་སྙིང་ག་ལ་གནས་སོ། །རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཁྱབ་བྱེད་དེ་དེའི་གནས་ནི་བརྗོད་ཟིན་ཏོ། །རླུང་གི་ཁམས་ཀྱི་རང་བཞིན་སྒྲོལ་མའི་ཡབ་ཉིད་ཀྱིས་དོན་ཡོད་གྲུབ་པ་ཐོག་མར་སྟོན་པར་རིགས་པ་ལ། རྡོ་རྗེའི་བཟླས་པའི་རིམ་པ་གསུང་རྡོ་རྗེའི་དབང་

དུ་བྱས་པའི་ཕྱིར་རོ། །དང་པོ་འོད་དཔག་མེད་ཀྱིས་བསྟན་ཏོ། །གལ་ཏེ་ཁྱབ་བྱེད་དུ་གྲགས་པ་ནམ་མཁའི་དཀྱིལ་འཁོར་གྱི་རྒྱུ་བ་མ་བརྗོད་པ་ཇི་ལྟར་ཞེ་ན་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལ་རྒྱུ་བ་རྣམ་པར་གཞག་ཅེ་ན། དཀྱིལ་འཁོར་བཞིའི་རྗེས་སུ་
འགྲོ་བ་ཉིད་ཀྱིས་སོ། །དེ་ལྟར་ཡང་རྐང་པ་དང་བཅས་པ་ཉིས་བརྒྱའི་བདག་ཉིད་ཅན་དཀྱིལ་འཁོར་གཅིག་རྒྱུ་བ་ལ། དབུགས་སུམ་ཅུ་གཅིག་དང་སུམ་ཅུ་རྩ་གཅིག་གི་དེ་མ་ཐག་བདུད་ཀྱི་བུ་མོར་བརྗོད་པའི་རྩ་ལ་དབུགས་རེ་རེ་རྒྱུ་བའི་ཕྱིར་དང་ལྷག་མ་དབུགས་གཅིག་གི་ཕྱེད་རྒྱུ་བའི་ཕྱིར་
ཡང་བསྐོར་བ་བདུན་རྣམས་ཀྱིས་ཕྱེད་དང་བཅས་པའི་དབུགས་བདུན་ཁྱབ་བྱེད་ཀྱི་རྒྱུའོ་ཞེས་རྣམ་པར་གཞག་པའོ། །དེས་ན་གཙོ་བོ་རྒྱུ་བ་ནི་དཀྱིལ་འཁོར་བཞི་ཁོ་ནའོ། །ནམ་མཁའ་ཡི་ནི་དེའི་རྗེས་སུ་འགྲོ་བ་ཉིད་དེ་སོ་སོ་མ་ཡིན་ནོ། །གལ་ཏེ་བུ་ག་གང་ལ་དཀྱིལ་འཁོར་ཇི་ཙམ་རྒྱུ་ཞེ་ན། དཀྱིལ་
འཁོར་བུ་ག་གང་ལ་ཐོག་མར་རྒྱུ་ཞེ་ན་བརྗོད་པར་བྱ་སྟེ། མཚན་མོ་དང་ཉིན་མོ་མཉམ་པའི་དཀྱིལ་འཁོར་གཅིག་ལ་དབུགས་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་ཆུ་སྲང་གི་རྣམ་གྲངས་གཞན་སྲོག་རྣམས་ཏེ་བུ་ག་གཅིག་ལའོ། །དེའི་ཕྱིར་དཀྱིལ་འཁོར་རྒྱུ་བར་འགྱུར་རོ་ཞེས་པ་བུ་གའི་དབྱེ་བས་
དཀྱིལ་འཁོར་རྒྱུ་བའི་རིམ་པའོ། །ནམ་མཁའ་ལ་སོགས་རྟག་ཏུ་གཡོན། །གཡས་སུ་རྟག་ཏུ་ས་ལ་སོགས། །ཞེས་པའི་ཚིག་ལས་ཐིམ་པ་དང་འཆར་པའི་རིམ་པས་ཤེས་པར་བྱའོ་ཞེས་པའོ། །འཆི་ལྟས་ཀྱིས་ཞེས་འཆི་བ་ནི་སླུ་བ་དག་ལ་འབད་པར་བྱ་ཞེས་པ། རྟུལ་པོ་དང་འབྲིང་དང་རྣོན་པོའི་དབྱེ་བས་
སླུ་བའི་ཐབས་རྣམ་པ་གསུམ་གསུངས་པ་རླུང་ནི་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ནི་བསྒོམ་པའི་རྣལ་འབྱོར་གྱིས་ཀྱང་འཆི་བ་སླུ་བར་མ་ནུས་ན་འཕོ་བ་སྟོན་པ་གསུངས་པ། སྙིང་གའི་ཞེས་པ་ལ་སོགས་པ་གོ་འཕང་འཐོབ་ཅེས་པའི་བར་དུའོ། །དོན་ནི་འདི་ཡིན་ཏེ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་
བས་སྙིང་གར་པདྨའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་ལ་སེམས་བརྟན་པར་བྱ་སྟེ། སྟེང་དང་འོག་གི་རླུང་ཁ་སྦྱོར་གྱི་རང་བཞིན་བསྒོམ་པར་བྱའོ། །དེ་ལ་ཅུང་ཟད་བརྟན་པ་ན་དེ་ལ་ཡུལ་ལ་སོགས་ཀྱིས་མི་འཆིང་ཞེས་པ་ཡུལ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་པ་

འཆིང་བ་མ་ཡིན་ཏེ། དེ་ལ་སེམས་རབ་ཏུ་མི་རྒྱུ་བའི་ཕྱིར་ཡང་དག་པར་བརྟན་པ་རྣམས་ཀྱིས་བརྟན་པའི་གོ་འཕང་ཐོབ་པར་འགྱུར་རོ། །གང་གི་ཚེ་ཡང་དག་པའི་བརྟན་པ་ཐོབ་པར་མ་གྱུར་ན། དེའི་ཚེ་སྦྱོར་བ་འདི་ཉིད་ཀྱིས་འཕོ་བར་བྱ་སྟེ། དེ་ནི་ལེའུ་བཅུ་དགུ་པ་ལས་གསལ་
བར་བྱའོ་ཞེས་པའོ། །དེ་མ་ཐག་འཆད་པར་འགྱུར་བའི་ལེའུ་ཡིས་ལྷན་ཅིག་ཡུལ་གཅིག་པ་ཉིད་ཡིན་ཀྱང་ཕལ་ཆེར་རྣལ་མར་གནས་པ་དང་། རྣལ་མར་གནས་པ་མ་ཡིན་པ་དང་། དུས་དང་དུས་མ་ཡིན་པར་འཆི་བ་དང་། དེ་སླུ་བ་རྣམས་ཀྱི་རྟགས་སུ་གྱུར་པ་རྣམས་བསྟན་པའི་ཕྱིར་
ལེའུ་འདི་ཐ་དད་པ་ཉིད་དོ་ཞེས་སོ། །ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།ལམ་ལྔ་པོ་དེ་ནི་ཇི་ལྟར་འགྱུར་ཞེས་ཞུས་པ་དགུ་བའི་ལན་གདབ་པའི་ཕྱིར། བཤད་པའི་རླུང་གི་དེ་ཉིད་དཀྱིལ་འཁོར་ལྔའི་བདག་ཉིད་ཅན་ལྷ་མོ་ལྔའི་རང་བཞིན་ཉིད་ཀྱི་ཁྱད་པར་གྱིས་སྟོན་པ་གསུངས་པ་འདི་
ལས་ཞེས་པ་ལ་སོགས་པ་སྟེ། སྔར་ནི་འོད་ཟེར་ལྔའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་བསྟན་ཏོ་ཞེས་པ་སླར་བརྗོད་པ་སྐྱོན་མེད་དོ། །དེ་ཉིད་ཀྱི་ཕྱིར་ལ་མ་ལྔ་ཞེས་པ་ཁམས་ལྔ་པོ་རྣམས་ཞི་བ་ལ་སོགས་པའི་ལས་ཀྱི་ལམ་གྱི་རང་བཞིན་ཉིད་ཀྱི་ཕྱིར་
རོ། །དེ་དག་ཉིད་གསུངས་པ་རང་གཞན་ཞེས་པ་ལ་སོགས་པ་སྟེ། ཕུན་ཚོགས་ཞེས་པ་ཕུན་སུམ་ཚོགས་པའོ། །དཀྱིལ་འཁོར་གྱི་ཞེས་པ་དཀྱིལ་འཁོར་ལའོ། །རྒྱུ་བ་ལ་ཞེས་པ་སྐབས་ཀྱི་རླུང་གི་ཞེས་པའི་དོན་ཏོ། །འདི་ལྟར་གསུངས་ཏེ། དཀྱིལ་འཁོར་ལས་དཀྱིལ་
འཁོར་གཞན་དུ་འཕོ་བའི་དུས་སུ་བདུད་ཀྱི་བུ་མོར་བརྗོད་པའི་རྩ་ལ་དབུགས་ཕྱེད་ཆད་པར་འགྱུར་རོ་ཞེས་གང་གསུངས་པ་དེ་ནི་རྣལ་འབྱོར་པའི་དབུ་མར་ཞུགས་པའོ། །འདི་ཉིད་ལ་དགོངས་ཏེ། དཔལ་གསང་བ་འདུས་པ་ལས་གསུངས་པ། རིག་པའི་ཚུལ་གྱིས་ཆོ་
ག་ཡིས། །ཐུན་བཞིའི་རབ་ཏུ་སྦྱོར་བ་ལས། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་གཞན་རྣམས་ཀྱི་བདུད་ཀྱི་བུ་མོ་གང་ཡིན་པ་དེ་རྣལ་འབྱོར་པའི་འཆི་མེད་བུ་མོ་ཞེས་བླ་མ་རྣམས་གསུང་ངོ་། །བདུད་ཀྱི་བུ་མོ་དེ་ཅི། ཨ་ཝ་དྷཱུ་ཏཱི་ཡིན་ནམ་ཞེ་ན་དེ་ལྟ་མ་ཡིན་ཏེ་འོན་ཀྱང་ཨ་ཝ་དྷཱུ་ཏཱི་ལ་ཡང་དག་

པར་བརྟེན་པའོ། །དེ་ལྟར་ཡང་། འཁྱིལ་གསུམ་འདོད་མ་ཁྱིམ་དང་ནི། །གཏུམ་མོ་འཆི་མེད་བུ་མོའོ། །ཞེས་པའོ། །ལྔ་པོ་འདི་རྣམས་ནི་ཆོས་ཀྱི་འཁོར་ལོར་རིམ་པས་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་ནོ། །དེའི་ཕྱིར་དཀྱིལ་འཁོར་ལས་དཀྱིལ་འཁོར་གཞན་དུ་འཕོ་
བར་མཚོན་པར་བྱའོ་ཞེས་པའོ། །ལྷག་མ་ནི་གོ་སླའོ། །འདིར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་ཉེ་བར་བསྟན་པ་ཁོང་དུ་ཆུད་པར་བྱའོ། །ཡང་ན་གང་ལེའུ་ལྔ་པར་སྙིང་ག་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། འདིར་ནི་རླུང་གི་དེ་ཉིད་ཁོ་ནའོ། །དེའི་ཕྱིར་
ཡང་རྡོ་རྗེའི་བཟླས་པའི་རྒྱུ་སྔགས་ཀྱི་དེ་ཁོ་ནའོ། །དེའི་རྒྱུ་རླུང་གི་དེ་ཁོ་ནས་ཏེ་འབྲས་བུའི་སྔོན་དུ་འགྲོ་བ་བཤད་པའི་རིམ་པའོ། །དེའི་ཕྱིར་ཡང་དང་པོའི་ལྷའི་རྣལ་འབྱོར་པས་རླུང་གི་དེ་ཁོ་ན་བརྟག་པ་སྔོན་དུ་འགྲོ་བ་ཅན་སྔགས་ཀྱི་དེ་ཁོ་ནའི་རིམ་པས་རྡོ་རྗེའི་བཟླས་པ་ལ་ཡང་བསླབ་པར་
བྱའོ་ཞེས་བཤད་པར་འགྱུར་རོ། །ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།ལུས་ཀྱི་རང་བཞིན་ཇི་ལྟར་ལགས། །ཞེས་པ་ལ་སོགས་པ་ཞུ་བ་བཞི་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་མང་བ་ཉིད་ཀྱི་ཕྱིར་རེ་ཞིག་རྩའི་གྲངས་གསུངས་པ།
བདུན་ཅུ་རྩ་གཉིས་ཞེས་པའོ། །དེ་ལ་ཐུན་མོང་གི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སོ། །དེ་རྣམས་ལ་རླུང་གི་བཞོན་པ་དང་རྣམ་པར་ཤེས་པའི་རྟེན་གྱི་གཙོ་བོ་ཉིད་ཀྱིས་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོ་དང་སྤྲུལ་པར་བརྗོད་པའི་འཁོར་ལོ་བཞི་པོ་རྣམས་ལ། རིམ་པ་ཇི་ལྟ་བར་
བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་དང་དྲུག་ཅུ་རྩ་བཞིའོ་ཞེས་པ་ཉི་ཤུ་ལྷག་པའི་བརྒྱ་ནི་གཙོ་བོའོ། །དེ་རྣམས་ལ་ཡང་སེན་མོ་དང་སོ་ལ་སོགས་པ་ཉི་ཤུ་རྩ་བཞི་ལུས་ཀྱི་ཁམས་རྒྱས་པ་དང་གནས་པའི་རྒྱུ་ཉིད་ཀྱིས་སྤྱི་བོ་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་ནི་གཙོ་བོའོ། །དེ་རྣམས་
ཐམས་ཅད་ལ་ཡང་ཡང་དག་པར་སྡུད་པ་པོ་ཉིད་ཀྱིས་གཙོ་བོ་གསུམ་མོ། །དེ་ལ་ཡང་བདེ་བ་ཆེན་པོ་བསྐྱེད་པའི་རྒྱུ་ཉིད་ཀྱིས་དབུ་མ་གཙོ་བོ་ཡིན་ནོ་ཞེས་གསུངས་པ། རྩ་ཞེས་པ་ལ་སོགས་པ་སྣ་ཆུ་འབབ་པའི་ཞེས་པའི་བར་གྱི་དོན་གྱི་བསྐྱེད་པའི་རིམ་པ་སྟེ། ལཱུ་ཡི་པའི་མངོན་པར་

རྟོགས་པའི་འགྲེལ་པར་རབ་ཏུ་གྲགས་སོ། །རྩ་ཉི་ཤུ་རྩ་བཞིའི་ཁམས་རྣམས་ལ་ཉི་མ་ཉི་ཤུ་རྩ་བཞིའི་གདན་ལ་གནས་པ་པཱུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་རྣམས་ཟླ་ཚེས་དང་ཐིག་ལེ་དང་བཅས་པ་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ། །རྩ་རྣམས་ཀྱི་
གཙོ་བོ་དང་གཙོ་བོ་མ་ཡིན་པ་དང་། གྲངས་དང་གནས་དང་བྱ་བ་དང་། ལུས་ཀྱི་རང་བཞིན་ཡང་བསྟན་ནས། ལུས་ཀྱི་གོང་བུ་དེ་ཇི་ལྟར་ཞེས་བསྟན་པའི་ཕྱིར་གསུངས་པ། དེའི་ཚོགས་ཞེས་པ་ལ་སོགས་པ་སྟེ། དེའི་ཞེས་པ་དེ་རྣམས་ཀྱིའོ། །ཚོགས་ཀྱི་གོང་བུ་ལྷའི་
གཟུགས་སུ་ཡང་དག་པར་སྐྱེས་པ་སྤྱི་བོ་ལ་སོགས་པའི་གནས་ཀྱི་རྩ་རྣམས་ཁོ་ནའི་ཚོགས་ཏེ། རིམ་པ་ཇི་ལྟ་བར་རབ་གཏུམ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ནི་རང་བཞིན་གྱི་གཟུགས་སོ། །
གོང་བུ་ཞེས་པ་ལུས་སོ། །གོང་བུ་ལས་འདས་པ་ཡང་འོད་གསལ་ཏེ་དེ་ཉིད་ལྷའོ། །དེ་དག་ཉིད་ཉེ་བར་སྡུད་པ་དེ་ཕྱིར་ཞེས་པ་ལ་སོགས་པའོ། །འདི་ལྟར་གསུངས་ཏེ། བསྐྱེད་པའི་རིམ་པ་སྒོམ་པ་པོ་ནང་གི་བདག་ཉིད་རྣམ་པར་དག་པ་རྟོགས་ཏེ། ཕྱི་རོལ་གཞལ་ཡས་ཁང་
གི་ནང་དུ་ལྷ་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་ཆོ་ག་བཞིན་རྣམ་པར་བསྒོམས་ནས་ཡེ་ཤེས་སེམས་དཔའི་དགའ་བའི་སྒྲས་ཡང་དག་པར་བཀུག་པའི་འགྲོ་བ་དུར་ཁྲོད་ལའོ། །དེ་དམ་ཚིག་གི་འཁོར་ལོ་ལའོ་ཞེས་པ་ལ་སོགས་པའི་རིམ་པས་སྣང་བ་མེད་པར་བྱ་སྟེ། རྟོག་པ་དང་བྲལ་བ་
དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་གནས་ནས་ཡང་དང་ཡང་དེ་ལས་ལྡང་བ་དང་འཇུག་པ་རྣམས་ཏེ། དེ་དང་རོ་གཅིག་པ་ཐོབ་ནས་མཐར་ཐུག་པ་ན་བག་ཆགས་དང་བྲལ་བར་འགྱུར་བ་ལྡང་བ་དང་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་པའོ། །ཡང་ན་གང་རབ་གཏུམ་མ་ལ་
སོགས་པའི་ལྷ་མོ་འདི་རྣམས་གཞལ་ཡས་ཁང་གི་ནང་དུ་རྣམ་པར་བསྒོམས་པ་དེ་རྣམས་ཉིད་ཚོགས་པ་སྟེ། གོང་བུ་ཞེས་པ་སྤྱི་བོ་ལ་སོགས་པ་རྣམས་ལ་ཀུན་དུ་བསྡུས་པའི་ལྷའི་བདག་ཉིད་ཡང་དག་པར་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་ལས་འདས་པ་ཞེས་པ་སྟེ།

ཕྱག་དང་ཞལ་གྱི་རྣམ་པ་ཡོངས་སུ་སྤངས་པས་རྩའི་རང་བཞིན་དུ་རྟོགས་པའི་ཕྱིར་རོ། །གོང་བུ་ཞེས་པ་ལུས་སོ། །དོན་འདི་ཡིན་ཏེ། དང་པོ་འདི་རྣམས་གཞལ་ཡས་ཁང་ལ་གནས་ནས་སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱས་ཏེ། དེ་ནས་ལུས་ལ་རྩའི་རང་བཞིན་དུ་རྟོགས་པའི་རྣལ་འབྱོར་
པ་རྟོག་པ་དང་བྲལ་བ། དེ་བཞིན་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྐྱེད་པར་བྱེད་དོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་དེ་གསལ་བ་ཞེས་པ་ལྷ་དེ་རྣམས་སོ། །དེ་དག་ཉིད་ཉེ་བར་སྡུད་པ་དེ་ཕྱིར་ཞེས་པ་ལ་སོགས་པའོ། །འབྲས་བུ་གསུངས་པ། གང་
གི་ཞེས་པ་ལ་སོགས་པ་སྟེ། ཐོབ་འགྱུར་ཞེས་པ་འཐོབ་པར་བྱེད་པའོ། །ཡང་ན། དེ་ཡི་ཚོགས་ལས་ཡང་དག་སྐྱེས། །ཞེས་པ་དེ་རྣམས་ཀྱི་ཚོགས་པ་ལས་ཡང་དག་སྐྱེས་པའི་རིམ་པས་ཛཱ་ལནྡྷ་ར་ལས། སྨིན་མ་དང་མགྲིན་པ་དང་སྙིང་ག་དང་རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་སྐྱེས་པར་
གྱུར་པའོ། །གོང་བུ་ནི་གཅིག་ཏུ་གྱུར་པ་སྟེ་རྩ་རྣམས་ཐམས་ཅད་ལས་ལྷའི་བདག་ཉིད་ཅན་བདེ་བ་ཆེན་པོས་རོལ་པའི་ཕྱིར་རོ། །གཟུགས་ལས་འདས་པ་ནི་དམིགས་པ་ལས་འདས་པ་སྟེ། དེ་ལས་མི་འགྱུར་བའི་ཕྱིར་རོ། །གོང་བུ་ཞེས་པ་ལ་ལུས་ཐམས་ཅད་ཁྱབ་པ་ལས་རང་
གི་གནས་ཐོབ་པའོ། །གོང་བུ་ལས་འདས་པ་ཞེས་པ་སྟོང་པ་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོ་ཉིད་ཐོབ་པའི་ཕྱིར་དེ་ཉིད་ལྷའོ། །དེའི་ཕྱིར་ཞེས་པ་ཇི་ལྟར་གྱུར་པའི་རང་བཞིན་གྱིས་སོ། །བསམ་གྱིས་མི་ཁྱབ་སྦྱོར་བས་རྣམ་པར་རྟོག་པ་དང་བྲལ་བས་སོ། །ཀུན་འགྲོ་དེ་བཞིན་
ཉིད་རང་བཞིན། །ཞེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཐམས་ཅད་དུ་འགྲོ་བའི་སྐུར་འགྱུར་རོ་ཞེས་པ་ལྷག་མའོ། །དེའི་བྱེད་པ་གསུངས་པ། གང་ཞེས་པ་ལ་སོགས་པ་སྟེ་དེའི་བདག་ཉིད་ཅེས་པ་བདེ་བ་དམ་པའི་བདག་ཉིད་ཀྱི་རང་བཞིན་ཐོབ་ནས་སོ། །ཐོབ་འགྱུར་ཞེས་པ་སེམས་
ཅན་རྣམས་ལ་ཐོབ་པར་བྱེད་ཅེས་པ་ལྷག་མའོ། །ཡང་ན་གསུངས་པའི་བྱེ་བྲག་རྣམས་དང་རྒྱུད་གཞན་རྣམས་ལས་ཀྱང་སྟེ། གང་ཡང་རུང་བས་རབ་ཏུ་བྱེད་པ་གཅིག་གིས་འོད་གསལ་གྱི་གོ་འཕང་ལ་གནས་ཏེ། དེའི་རང་བཞིན་ཁོ་ནས་དཔལ་ཧེ་རུ་ཀ་ལ་སོགས་པ་གཅིག་པ་

ཉིད་ཀྱི་ཕྱིར་དེ་བཞིན་ཉིད་དང་རོ་གཅིག་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ཐོབ་ནས་རྣམ་པར་རྟོག་པ་མེད་པ་ཁོ་ནར་གདུལ་བྱ་ཐམས་ཅད་ལ་མངོན་པར་འདོད་པའི་གཟུགས་སྟོན་པའི་རྒྱུ་ཉིད་ཀྱི་ཕྱིར་གཟུགས་སྣ་ཚོགས་པའི་ནོར་བུ་ལྟ་བུ་དང་།
འགྲོ་བའི་བསམ་པ་རབ་ཏུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སངས་རྒྱས་རྣལ་འབྱོར་པས་ཡང་དག་པར་ཐོབ་པར་འགྱུར་རོ། །ལམ་གྱི་ཚུལ་མཐའ་ཡས་པ་ཉིད་ལས་མི་འཐད་པ་ཅུང་ཟད་ཀྱང་མེད་དོ་ཞེས་པ། བཅོམ་ལྡན་འདས་ཀྱི་དགོངས་པའོ། །དེ་གསུངས་
པ། ཚུལ་ལ་མཁས་པ་རྣམས་ཀྱིས་དེ་ལ་ཅུང་ཟད་སྨད་པར་མི་བྱ་སྟེ། །འགྲོ་བ་རྣམས་ལ་དཔག་མེད་ཐབས་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོ། །ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དམ་ཚིག་ཞེས་པ་ལ་སོགས་པ་ཞུ་བ་བཅུ་བཞི་པའི་ལན་གདབ་
པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དམ་ཚིག་ནི་རྣལ་འབྱོར་པས་གདོན་མི་ཟ་བར་བྱ་བ་ཉིད་ཀྱིས་འདའ་བར་བྱ་བ་མ་ཡིན་པར་སྒྲུབ་པའོ། །དེ་ཡང་རྣམ་པ་གཉིས་ཏེ། བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའོ། །དེ་དག་གི་རྣམ་པའི་རབ་ཏུ་དབྱེ་བས་མང་པོས་
གསུངས་པ། དམ་ཚིག་རྣམས་ཞེས་པའོ། །འབྲས་བུ་གསུངས་པ་གང་གིས་ཞེས་པ་ལ་སོགས་པའོ། །དེ་ལ་བཟའ་བར་བྱ་བའི་དམ་ཚིག་གི་དབང་དུ་བྱས་ནས་གནས་དང་མཆོད་པར་བྱ་བ་དང་། མཆོད་པའི་ཆོ་ག་དང་། ཡོ་བྱད་རྣམས་ངེས་པར་བྱེད་པ་རིམ་པས་གསུངས་པ། རང་
ཁྱིམ་ཞེས་པ་ལ་སོགས་པ། །བླ་མེད་འབྲས་བུ་འདོད་ཕྱིར་རོ། །ཞེས་པའི་བར་གྱིས་གནས་ཀྱི་ངེས་པའོ། །རྣལ་འབྱོར་ཞེས་པ་ལ་སོགས་པ་རབ་ཏུ་བསྔགས་ཞེས་པའི་བར་གྱིས་མཆོད་པར་བྱ་བའི་ངེས་པའོ། །སྤྱན་དྲངས་ཞེས་པ་ལ་སོགས་པ་བྱིན་བརླབ་བྱ་ཞེས་པའི་བར་ནི་མཆོད་པའི་
ཆོ་གའི་ངེས་པའོ། །སྦྲང་ཆང་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ཡོ་བྱད་ཀྱི་ངེས་པའོ། །ལྷག་མ་ཡིས་ཀྱང་ཆོ་ག་ཉིད་དོ། །དེ་ལ། ཞིང་དང་སྔགས་སྐྱེས་གནས་སྐྱེས་དང་། །ཞེས་པ་ཞིང་དང་སྔགས་ལས་སྐྱེས་པ་རྣམས་ནི་ཞིང་དང་སྔགས་སྐྱེས་ཏེ་དེ་ལྟར་གནས་སྐྱེས་སོ། །

ཞིང་དང་གནས་ནི་ཉེ་བར་མཚོན་པ་སྟེ་ཉེ་བའི་ཞིང་རྣམས་ཀྱི་ཡང་ངོ་། །སྔགས་སྐྱེས་ཞེས་པ་དབང་བསྐུར་བ་ལ་སོགས་པའི་རིམ་པས་སྐལ་བ་དང་ལྡན་པར་བྱ་སྟེ། བསམ་གཏན་དང་བཟླས་པ་ལ་སོགས་པ་ལ་གཞོལ་བ་རྣམས་སོ། །ལྷ་རྣམས་ཐམས་ཅད་སྤྱན་དྲང་བྱ། །ཞེས་པ་ལྷའི་
གཟུགས་ཀྱིས་ཐམས་ཅད་སྤྱན་དྲང་བར་བྱའོ། །སློབ་དཔོན་དགེ་སློང་ཉིད་ཀྱང་སྟེ། །ཞེས་པ་དགེ་སློང་ཉིད་སློབ་དཔོན་མཆོག་ཏུ་བྱའོ་ཞེས་པ་ལྷག་མའོ། །ཇི་ལྟར་སློབ་དཔོན་དགེ་སློང་ཉིད་ཡིན་ཞེ་ན་གསུངས་པ། ཁ་ཅིག་ཞེས་པ་ལ་སོགས་པ་སྟེ་གསང་སྔགས་ཀྱི་ཚུལ་གྱི་རིམ་པས་ལམ་
ལ་གནས་པ་དེ་རྣམས་སློབ་དཔོན་ཉིད་དུ་འགལ་བ་མེད་དེ། ཟབ་མོའི་ཆོས་ལ་ལྷག་པར་མ་མོས་པའི་སྐྱེ་བོ་རྗེས་སུ་གཟུང་བའི་དོན་དུ་དགེ་སློང་དུ་གནས་པའོ། །དེ་གསུངས་པ། རྡོ་རྗེ་ཕྲེང་བ་ལས། ནང་དུ་འདུས་པ་ལ་དགའ་ཞིང་། །ཕྱི་རུ་ཉན་ཐོས་སྤྱོད་པ་བྱེད། །ཞེས་པ་དང་། དེ་བཞིན་དུ།
གསང་བའི་བརྟུལ་ཞུགས་ལ་བརྟེན་ནས། །བླ་ན་མེད་པའི་གོ་འཕང་འགྲུབ། །ཞེས་པ་གཞན་དུ་ཡང་ངོ་། །ཁ་ཅིག་ཡོན་ཏན་ཞེས་པ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ན། དགེ་སློང་ལས་གཞན་ཡང་གཙོ་བོའི་སློབ་དཔོན་དུ་བྱའོ། །ལོངས་སྤྱོད་བརྟེན་ཞེས་པ་
མཆོད་རྟེན་གྱི་རྫས་ལོངས་སྤྱོད་པའོ། །མཐར་ལྷུང་སྤྱོད་ཅེས་ཁ་ཅིག་ཀློག་སྟེ་དེའི་ཚེ་དམ་ཚིག་གི་སྤྱོད་པ་ལས་གཞན་དུ་ཕྱོགས་པ་ནི་མཐར་ལྷུང་བ་སྟེ་ཉན་ཐོས་ལ་སོགས་པའི་སྡོམ་པ་ནི་མཐའ་གཅིག་ཏུ་གནས་པའི་ཕྱིར་རོ། །ལོངས་སྤྱོད་ཅེས་པ་འདོད་པའི་ཡོན་ཏན་ལྔ་ལ་
མཐའ་གཅིག་ཏུ་གནས་པའི་ཆགས་པའོ། །ཡང་ན་བཟའ་བ་ལ་མཐའ་གཅིག་ཏུ་གནས་པ་སྟེ། བཟའ་བ་ལས་མི་ཕྱེད་པ་ཞེས་པའི་དོན་ཏོ། །རྟག་ཏུ་སེམས་ཅན་ལྟོས་པ་བཅས། །ཞེས་པ་སེམས་ཅན་རྣམས་ལ་རྟག་ཏུ་འཛིན་པ་སྙིང་བརྩེ་ཞིང་མཉེས་གཤིན་པའོ། །ལེགས་
པ་ཞེས་པ་མཆོག་སྟེ། འཁོར་ལོ་ལ་སོགས་པའི་ཕྱག་རྒྱའོ། །གཏོར་མ་སློབ་དཔོན་གྱིས་བརྟག་བྱ། །ཞེས་པ་སློབ་དཔོན་གྱི་འཆད་པར་འགྱུར་བའི་ཆོ་གས་གཏོར་མ་བརྟག་པར་བྱའོ། །ཐོག་མར་དམ་ཚིག་ཀུན་སྤྱོད་ལས། །ལྕགས་ཀྱུ་ལྷན་ཅིག་ལྡན་པ་སྟེ། །ཞེས་པ་ཐོག་

མ་ཁོ་ནར་ཆོ་ག་ཇི་ལྟ་བ་བཞིན་བྱས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རིལ་བུས་དམ་ཚིག་གི་ཡོ་བྱད་ཐམས་ཅད་ལ་མངོན་པར་གཏོར་ཏེ། འཁོར་ལོའི་གནས་སུ་བཅུག་ནས་སློབ་དཔོན་གྱིས་བྱིན་གྱིས་བརླབ་པར་བྱའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ།
ཤིན་ཏུ་སྦས་པར་དམ་ཚིག་དང་མི་ལྡན་པ་འཇུག་པ་བཟློག་པའི་སྒོ་སྐྱོང་བཞག་སྟེ། ཁྱིམ་ལ་སོགས་པ་ཤིན་ཏུ་དབེན་པར་གདན་ལ་སོགས་པ་བཤམས་ནས། དམ་ཚིག་གི་ཡོ་བྱད་ལ་དམ་ཚིག་གི་རིལ་བུས་བསང་གཏོར་བྱ་སྟེ། སློབ་དཔོན་སྔོན་དུ་འགྲོ་བས་དཀྱིལ་འཁོར་
པ་རྣམས་ཐམས་ཅད་ཀྱི་ཞབས་དྲི་བཟང་པོའི་ཆུས་བཀྲུས་ནས་དབང་བསྐུར་བའི་རིམ་པས་རྒན་པ་ཇི་ལྟ་བ་བཞིན་བཀོད་དེ། ཨརྒྷ་ལ་སོགས་པ་ཕུལ་ནས་དམ་ཚིག་གི་ཡོ་བྱད་བཤམས་པ་རྣམས་སློབ་དཔོན་གྱིས་ཆོ་ག་ཇི་ལྟ་བ་བཞིན་སྦྱངས་ཏེ། མེ་ཏོག་ལ་སོགས་པ་ཕྱི་རོལ་གྱི་མཆོད་
པ་སྔོན་དུ་འགྲོ་བ་ཅན་གྱི་ལག་པ་མཆོད་པའི་ཚོགས་ཚིམ་པར་བྱའོ། །ལག་པ་ལ་འབྱར་བའི་རྫས་ནི་ལྷའི་ཞལ་ལས་བྱུང་བའི་ལྷག་མ་ལྟ་བུར་བརྟགས་ནས། ལས་ཀྱི་རྡོ་རྗེས་བཟའ་བ་དང་བཏུང་བ་ལ་སོགས་པ་མཐའ་དག་ལ་བསང་གཏོར་བྱ་ཞིང་སློབ་དཔོན་གྱིས་ཡི་གེ་གསུམ་
བརྗོད་པར་བྱའོ། །དེ་ནས་བཟའ་བ་ལ་སོགས་པ་རྣམས་ལ་ཕུད་ཅུང་ཟད་ཅུང་ཟད་བླངས་ཏེ་སྣོད་ཆེན་པོར་བླུགས་ནས་ཚོགས་ཀྱི་དབུས་སུ་བཞག་སྟེ། གདུགས་དང་རྒྱལ་མཚན་ལ་སོགས་པས་བརྒྱན་པའི་གཏོར་མ་ཆེན་པོ་དང་པོར་དབུལ་བར་བྱའོ། །དེ་ནས་མཇུག་ཏུ་དེའི་རྗེས་
ལ་ལས་ཀྱི་རྡོ་རྗེས་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རིལ་བུ་གསུམ་དང་བཅས་པའི་སོ་སོའི་སྣོད་ལག་པ་གཡས་པར་བཟུང་སྟེ། གཡོན་པས་བ་དན་གསུམ་པའི་ཕྱག་རྒྱ་ཉེ་བར་བསྟན་ནས། མཐོང་བའི་ཆོས་ནི་དག་པ་ལ། །མེད་དོ་སྙམ་པའི་རྟོག་པ་ཐོང་། །བྲམ་ཟེ་ཁྱི་དང་གདོལ་པ་
རྣམས། །ལྷན་ཅིག་གཅིག་པ་ཉིད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པ་འདི་ཡིས་སློབ་དཔོན་སྔོན་དུ་འགྲོ་བ་ཐམས་ཅད་ལ་སོ་སོར་ཉེ་བར་དབུལ་བར་བྱའོ། །ལེན་པ་པོ་དེ་རྣམས་ཀྱིས་ཀྱང་ཕྱག་རྒྱ་དེ་ཉེ་བར་བསྟན་ནས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་

དྲི་མ་དང་བྲལ་ཞིང་། །གཟུངས་དང་འཛིན་པ་རྣམས་སྤངས་པ། །དེ་ཉིད་ལ་ནི་གུས་པས་འདུད། །ཅེས་པའི་ཚིགས་སུ་བཅད་པ་འདིས་བླང་བར་བྱ་སྟེ། བཟའ་བ་ལ་སོགས་པ་གཞན་ཡང་དེ་ལྟར་ཀུན་དུ་སྤྱད་པར་བྱའོ། །དེ་ལ་གནས་དང་ཉེ་བའི་གནས། །ཞེས་པ་ལ་
སོགས་པའི་ཚིགས་སུ་བཅད་པ་གཉིས་བརྗོད་ནས་འཁོར་ལོའི་གཙོ་བོའི་ལྷའི་འཁོར་ལོ་ལ་བསྟོད་པར་བྱའོ། །དེའི་རྗེས་ལ་སྦྱིན་པའི་བདག་པོས་མཎྜལ་བྱས་ཏེ། ཐལ་མོ་སྦྱར་ནས་བསྟོད་པ་དང་ཕྱག་འཚལ་བ་སྔོན་དུ་སོང་བས། ཇི་ལྟར་བདེ་བར་ཞེས་བརྗོད་པར་བྱའོ། །
དེ་ལ་སྲིད་པ་དང་མཉམ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་ལྷ་མོ་དང་བཅས་པའི་འཁོར་ལོ་མཐའ་དག་ལ་སྦྱིན་པའི་བདག་པོའི་དོན་དུ་གསོལ་བ་གདབ་པར་བྱའོ། །རྣལ་འབྱོར་པའི་ཚུལ་ཉིད་ཀྱིས་དེ་རྣམས་གཙོ་བོ་ཡིན་པའི་ཕྱིར་དེ་ཉིད་ལ་གསོལ་བ་གདབ་པར་བྱ་
སྟེ། རྣལ་འབྱོར་ཞེས་པ་ལ་སོགས་པ་དང་། ཨེ་ཡིག་ཞེས་པ་ལ་སོགས་པ་དང་། དཔལ་ལྡན་ཞེས་པ་ལ་སོགས་པ་དང་། ཚིགས་སུ་བཅད་པ་གསུམ་གྱིས་གཙོ་བོ་ལ་སོགས་པ་ལ་ཕྱག་འཚལ་བའོ། །དེ་ནས་ཞེས་པ་ལ་སོགས་པ་དང་། ལྷ་མོ་ཞེས་པ་ལ་སོགས་
པ་དང་། སྐྱེ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་གཙོ་མོ་ལ་ཕྱག་འཚལ་བའོ། །ཇི་སྙེད་ཅེས་པ་ལ་སོགས་པ་དང་། དཔལ་ཧེ་རུ་ཀ་ཞེས་པ་ལ་སོགས་པ་དང་། རྣམ་པར་རྟོག་པ་མེད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་འཁོར་ལོའི་
བསྟོད་པའོ། །དེ་ལ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རྣལ་འབྱོར་ཉིད་བདུད་རྩིའོ། །དེ་གཅིག་སྟེ་གཉིས་སུ་མེད་པའི་རོ་འཐུང་བས་རྣམ་པར་དག་པའི་སེམས་གང་གི་ཡིན་པ་དེ་བཞིན་དུ་དེའོ། །ཕྱི་དང་ནང་གི་གནས་ལ་སོགས་པ་ལྷག་པར་བགྲོད་པས་ལུས་དྲི་མ་མེད་
པ་ཉིད་ཀྱི་ཕྱིར་རྣམ་པར་དག་པའི་ལུས་སོ། །དཔལ་གྱི་གནས་ཞེས་པ་རྡོ་རྗེའི་གནས་བདེ་བ་ཆེན་པོའི་འཁོར་ལོའི་ཟེའུ་འབྲུའོ། །ཆེན་པོའི་གསུང་ཞེས་པ་གཞུང་ངོ་། །གང་གིས་ཞེས་པ་གང་དག་གིས་ཏེ། བཅོམ་ལྡན་འདས་མ་རྩ་བའི་རྒྱུད་ཀྱི་སྟོན་པ་པོ་ཞེས་དགོངས་ཏེ་ཞེས་

པ་སྟེ། རྒྱུད་དེའི་བྱེད་པར་འདོད་པ་ཡང་རྒྱུད་ཀྱི་སྒྲ་ཡོད་དེ་ཇི་ལྟར་རང་རྒྱུད་བྱེད་པ་ལྟ་བུའོ། །བདུན་ལ་འགྲོ་བ་ཞེས་པ་བདུན་འགྲོ་སྟེ་ཉི་མའོ། །དེ་ཉིད་མི་ཤེས་པའི་མུན་པ་དང་བྲལ་བར་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ལྷ་མོའི་ཕྲེང་བ་ཞེས་པ་རྩའི་འཁོར་ལོའི་རང་བཞིན་
ལྷ་མོའི་ཚོགས་སྐུའི་དབྱིབས་སུ་གསལ་བ་ཞེས་པ་སྟེ་དོན་གཞན་མེད་དོ། །དེ་ཉིད་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཉིད་ལས། རིན་པོ་ཆེ་ལྟར་གང་གི་རིན་པོ་ཆེའོ། །དཔའ་བོ་ཞེས་པ་ཉི་ཤུ་རྩ་བཞིའི་ཁམས་རྣམས་ཀྱིས་སོ། །འཁོར་ལོར་གནས་མགོན་ཞེས་སྤྲུལ་པའི་འཁོར་
ལོར་གནས་པ་དང་། གཙོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་ནུས་པའི་ཕྱིར་མགོན་པོར་གྱུར་པའོ། །ཡང་ན་འཁོར་ལོར་གནས་པ་ནི་ཆོས་ལ་སོགས་པའི་འཁོར་ལོ་ལ་གནས་པའོ། །མགོན་པོ་ནི་གང་གི་ཡིན་པ་དེ་བཞིན་དུ་དེ་ཡིའོ། །ལྷན་སྐྱེས་དྲི་མ་མེད་པ་
ཞེས་པ་རང་བཞིན་ཉིད་ཀྱི་མེ་ལྕེ་འབར་བ་ལྟར་རབ་ཏུ་འབར་བ་ཉིད་ལས་སོ། །ཡཾ་ཡིག་ནི་ངེས་པར་གཟུང་བའོ། །དེ་ཉིད་ཀྱི་ཕྱིར་བདེ་མཆོག་རྣལ་འབྱོར་སྙིང་པོ་ཞེས་པ་བདེ་མཆོག་གི་རྣལ་འབྱོར་གྱི་སྙིང་པོར་གྱུར་པའོ་ཞེས་པའི་དོན་ཏོ། །ཨེ་ཡིག་གི་དབྱིབས་འདི་ཡི་ཞེས་པ་ཨེ་
ཡིག་གི་དབྱིབས་སོ། །སྙིང་པོར་གྱུར་པའི་ཁུ་བའི་གནས་ཏེ་པདྨའི་སྙིང་པོ་ཞེས་པ་སྤྲུལ་པ་ལ་སོགས་པའི་པདྨའི་རྟེན་ལའོ། །འཕོ་ཞིང་སྐྱེ་བ་ཀུན་གྱི་བདག་ཉིད་ཅན། །ཞེས་པ་ལུས་ཐམས་ཅད་ལ་ཁྱབ་པའོ། །ཀུན་མཁྱེན་ཞེས་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ལས་སོ། །
ཤིན་ཏུ་རྣམ་དག་སངས་རྒྱས་གནས། །ཞེས་པ་མི་བསྐྱོད་པའི་ཕྱག་རྒྱ་ཉིད་ལས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་སངས་རྒྱས་མི་བསྐྱོད་པའོ། །ལྷ་མོ་རྣམས་གནས་ཞེས་པ་ལྷ་མོ་རྣམས་ནི་རབ་གཏུམ་མ་ལ་སོགས་པའི་རང་བཞིན་རྩ་རྣམས་ཉིད་དེ། གནས་
གང་གི་ཡིན་པ་དེ་བཞིན་དུ་དེའོ། །དྲི་མེད་ལྷན་སྐྱེས་ཞེས་པ་དྲི་མ་མེད་པའི་རང་བཞིན་ཀུནྡའི་མཛེས་པ་ཉིད་ལས་སོ། །དཔལ་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའོ། །དེ་གང་ལ་ཡོད་པ་དེ་དཔལ་ལྡན་ཏེ་དེའི་ཕྱིར་རོ། །རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་སོ། །ཌཱ་ནི་

མཁའ་ལ་འགྲོ་བ་ལ་ཌཱའོ། །ཨ་ཀ་ན་ནི་འཁྱོག་པོར་འགྲོ་བ་ལ་ཨ་ཀའོ། །མི་ཕྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཁའ་ལ་འགྲོ་བ་དང་ཕྱོགས་བཅུར་འཕྲོས་པ་ལས་འཁྱོག་པོར་འགྲོ་བ་ཡང་སྟེ་གང་གི་ཡིན་པ་དེ་བཞིན་དུ་དེའོ། །དེའི་ཕྱིར་ཨ་ཀི་ཉིད་ནི་གང་རྣམས་ཀྱི་ངང་ཚུལ་ཞེས་པའོ། །མཁའ་
འགྲོ་མ་དེ་རྣམས་ཀྱི་འཁོར་ལོ་དེ་ལ་བསྐོར་བ་ནི་གང་གི་ཚུལ་ཡིན་པ་དེ་དེ་བཞིན་དུ་དེའོ། །ཀུན་དུ་རྟོག་པའི་འཆིང་གཅོད་ཅིང་། །ཞེས་པ་གཟུང་བ་ལ་སོགས་པའི་རང་བཞིན་ནི་ཀུན་དུ་རྟོག་པའི་འཆིང་བ་ཉིད་དོ། །གཅོད་པ་སྟེ་གང་རྣམས་ལ་སྤངས་པར་གྱུར་པ་དེ་བཞིན་དུ་དེའོ། །དཔལ་
ཧེ་རུ་ཀ་དཔའ་བོ་ཆེན་པོའི་རྣལ་འབྱོར་ཉིད་ལས་དཀྱིལ་འཁོར་པ་རྣམས་ཀྱང་དེ་ཁོ་ནའོ་ཞེས་གསུངས་པ། དཔལ་ཧེ་རུ་ཀ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་རྟོག་མེད་ནི་སྒྲོ་མ་བཏགས་པའོ། །ཡང་དག་རྟོག་པ་ནི་ཡིད་ཀྱི་བྱ་བ་སྟེ་གང་གི་ཡིན་པ་དེ་བཞིན་དུ་དེའོ། །དེ་ཉིད་ཀྱི་ཕྱིར་
རབ་ཏུ་མི་གནས་པ་ནི་འགའ་ཞིག་ཀྱང་དམིགས་པ་ལ་གང་གི་ཡིད་ནི་དེ་བཞིན་དུ་དེའོ། །དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ལས། ཡིད་ལ་མི་བྱེད་དྲན་པ་མེད། །ཅེས་པ་བོད་པའོ། །མཆོག་གི་ལུས་འཛིན་མ་ཞེས་པ་གོང་ན་མེད་པའི་སྐུ་དང་ལྡན་པའོ། །ཁམས་གསུམ་གཟུགས་
ཅན་མ་ཞེས་པ་ཁམས་གསུམ་པའི་རང་བཞིན་ནོ། །གསུམ་རྣམས་ཀྱིས་ཞེས་པ་རྣལ་འབྱོར་པ་དང་རྣལ་འབྱོར་དང་འབྲས་བུ་རྣམས་དང་སྐུ་དང་གསུང་དང་ཐུགས་རྣམས་ལ་དགོངས་ནས་ཚིགས་སུ་བཅད་པ་གསུམ་རྣམས་ཏེ། སོ་སོར་ཆོས་མཐུན་པའི་ཕྱིར་རམ། ཡང་ན་གཅིག་ཏུ་
བསྟན་པའི་ཕྱིར་ཞེས་པ་གསུངས་སོ། །ཇི་ལྟར་བདེ་ཞིང་ཡིད་སྤྲོ་བས། །ཞེས་པ་བདེ་བ་མི་ཉམས་པའི་རིམ་པས་མ་ད་ན་ལ་སོགས་པ་བསྟེན་པ་ལ་ཡིད་སྤྲོ་བའི་ཕྱིར་རོ། །ཀི་ལི་ཀི་ལི་ཞེས་པ་རྡོ་རྗེའི་གླུའོ། །འདི་དག་ཉིད་སྟོན་པ་སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ། ཕྱག་རྒྱ་སྔགས་
ཀྱིས་ཞེས་པ་ལ་སོགས་པ་གར་དང་གླུ་དག་ལ་ཕྱག་རྒྱ་དང་སྔགས་ཀྱི་རང་བཞིན་གྱིས་བརྒྱན་པའོ། །གནས་མཚན་རྐང་པ་རྣམས་ཀྱིས་ཞེས་པ་གནས་ལ་སོགས་པའི་གྲངས་ཀྱི་རྡོ་རྗེ་རྐང་པ་རྣམས་ཀྱིས་སོ། །ཚོགས་ཀྱི་གཙོ་བོ་ཞེས་པ་འཁོར་ལོའི་འདྲེན་པའོ། །ཡོན་བདག་དགེ་

བའི་བསམ་པ་ལ། །ཞེས་པ་ཡོན་བདག་དགེ་བའི་བསམ་པ་འདི་ཡི་ཞེས་པ་བྱས་ནས་སོ། །སྤྲོས་པའི་དཀྱིལ་འཁོར་རྣམ་པ་ནི། །ཞེས་པ་དཀྱིལ་འཁོར་གྱི་རྣམ་པ་ཇི་ལྟར་ཡིན་པ་དེ་ལྟར་སྤྲོ་བ་དང་བསྡུ་བ་ཞེས་པའི་དོན་ཏོ། །ལྷག་མའི་གཏོར་མ་བསྡུས་ནས་ནི། །
འབྱུང་པོ་འཆོལ་པ་རྣམས་ལ་སྦྱིན། །ཞེས་པ་མཐར་ཁྲོ་བོ་དང་འབྱུང་པོ་རྣམས་ལ་གཏོར་མ་ཉེ་བར་བསྡུས་ཏེའོ། །འདི་ལྟར་གསུངས་ཏེ་ཚོགས་ཀྱི་གཙོ་བོ་སྔོན་དུ་འགྲོ་བ་ཅན་ཐམས་ཅད་ཀྱིས་ཇི་ལྟར་བདེ་བ་ཁོ་ན་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་དེ་མཉེས་པ་དེ་རྣམས་ཀྱིས་ཡོན་བདག་གི་དགེ་
བའི་སེམས་སྔོན་དུ་བྱས་ཏེ་དེའི་དགེ་བ་ལ་བསྔགས་པའོ། །ཞི་བ་ལ་སོགས་པ་དེའི་མངོན་པར་འདོད་པ་ལ་སྤྲོས་པས་ཕུན་སུམ་ཚོགས་པར་བྱ་བ་ལ་སྤྲོས་པའི་ལྷའི་འཁོར་ལོ་ཡང་དག་པར་བསྡུ་བ་བྱས་ནས། ལག་པ་གཉིས་སྟེང་དུ་རབ་ཏུ་བརྐྱངས་ཏེ་འོག་ཏུ་ཕྱོགས་པའི་མཐེ་བོང་གཉིས་
ཡང་དག་པར་སྦྱར་ནས་མཛུབ་མོ་གཉིས་རྩེ་མོ་སྦྱར་ཏེ་ལྷག་མ་རྣམས་རབ་ཏུ་བརྐྱང་བ་ཞེས་པའི་ཕྱག་རྒྱ་འདི་ཡིས་ཁའི་ཐད་ཀར་བཞག་ལ་ཆང་གིས་ཁ་བཀང་སྟེ་ཡི་གེ་གསུམ་བརྗོད་པ་སྔོན་དུ་འགྲོ་བའི་ཕུད་ཡིག་གིས་ལྷག་མའི་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སྦྱིན་པའི་བདག་པོས་ཡོན་
དང་ཏམ་བུ་ལ་སོགས་པ་ཡང་ཕུལ་ནས་མཉེས་པ་སྔོན་དུ་འགྲོ་བ་ཅན་གྱིས་ཕྱག་འཚལ་ཏེ་གཤེགས་པར་བྱའོ་ཞེས་པའོ། །ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ཙྪོ་མ་བཤད་དུ་གསོལ་ཞེས་པ་ལ་སོགས་པ་མཚན་མ་མཐོང་བར་འགྱུར་ཞེས་པའི་བར་ཞུ་བ་བཅོ་ལྔ་པ་ལ་སོགས་
པ་བཞིའི་ལན་གདབ་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དེ་ནས་ཞེས་པ་ལ་སོགས་པ་གང་ཞེས་པའི་བར་ནི་བརྡ་བསྟན་པའོ། །མཁའ་འགྲོ་མ་ཞེས་པ་ལ་སོགས་པ་སངས་རྒྱས་ཀུན་དང་མཉམ་ཞེས་པའི་བར་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་གནས་ལ་
སོགས་པ་བསྟན་པའོ། །གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ལ་སོགས་པ་མི་རྣམས་ཞེས་པའི་བར་ནི་བསྟན་པའོ། །བསྐོར་ཞིང་ཞེས་པ་ནས་རབ་ཏུ་སྐྱེ་ཞེས་པའི་བར་ནི་མཚན་མ་བསྟན་པའོ། །དེ་ལག་གཡོན་གྱི་ནི་ཞེས་པ་ལག་པ་གཡོན་པ་སྟེ་ངེས་པ་བཟུང་བ་ལ་ནིའོ། །རྣལ་

འབྱོར་ཞེས་པ་རྣལ་འབྱོར་མ་སྟེ་མྱུར་དུ་གྲུབ་པ་སྐྱེ་བར་འགྱུར། རྣལ་འབྱོར་པ་ཞེས་པ་ལྷག་མའོ། །ཡང་ན་གང་གིས་རྣམ་པར་ཤེས་པའི་རྣལ་འབྱོར་པ་དེ་ཡིས་མྱུར་དུ་གྲུབ་པ་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། །འདི་ལྟར་གསུངས་ཏེ་བཟླས་པ་དང་བསམ་གཏན་མཆོག་གི་རྣལ་འབྱོར་པ་གནས་
པའམ་གནས་ལ་སོགས་པས་བསྐོར་བ་ནའང་རུང་སྟེ། རྣལ་འབྱོར་མ་རྣམས་དེ་རྗེས་སུ་གཟུང་བའི་ཕྱིར་བརྡ་རྣམས་ཀྱིས་བདག་ཉིད་ཉེ་བར་སྟོན་པར་བྱེད་དོ། །རྣལ་འབྱོར་པས་ཀྱང་དེ་རྣམས་ཀྱི་བརྡ་ཉེ་བར་མཐོང་བ་ན་བརྡའི་ལན་བྱ་སྟེ། དེས་དེ་རྣམས་མཉེས་ཏེ། ཡང་དག་པའི་ཕན་
པ་དང་གྲུབ་པ་ཉེ་བར་བྱེད་པར་འགྱུར་རོ་ཞེས་པའོ། །དེ་ལ་རྣལ་འབྱོར་མ་རྣམས་ཀྱི་ཡན་ལག་གི་བརྡ་ནི་གཡོན་པ་ཡིས་ཏེ། རྣལ་འབྱོར་པས་ནི་བརྡའི་ལན་གཡས་པ་ཡིས་སོ། །སོར་མོ་གཅིག་ཅེས་པ་མཛུབ་མོའོ། །གང་ཞེས་པ་ནི་གང་ལེགས་པར་འོངས་སམ་ཞེས་འདྲི་བའི་དོན་ཏོ། །
གཉིས་ཀྱིས་ཞེས་པ་མཛུབ་མོ་དང་གུང་མོ་དག་གིས་ལན་གྱི་བརྡའོ། །གཡོན་པའི་མཐེ་བོང་སྡོམ་བྱེད་ན། །ཞེས་པ་མཛུབ་མོ་དང་གུང་མོ་དག་གིས་ཞེས་པ་ལྷག་མའོ། །འདི་ལ་གཡས་པས་དེ་ལྟར་ལན་གྱི་ཕྱག་རྒྱའོ། །གཡོན་པའི་སོར་མོ་སྦྱོར་བྱེད་ན། །ཞེས་པ་ཁ་ཅིག་ཀློག་སྟེ།
དེའི་ཚེ་མཛུབ་མོ་དང་གུང་མོ་སྦྱར་བ་ཞེས་པའི་དོན་ཏོ། །ཕྱོགས་གཅིག་པ་ཞེས་པ་མཛུབ་མོ་སྟེ། མཐེ་བོང་ཞེས་ཁ་ཅིག་གོ། །མིང་མེད་སྟོན་བྱེད་ཅེས་པ་རེག་པ་སྟེ། དེ་ལྟར་མགྲིན་པ་ལའོ། །དར་དཔྱང་ཞེས་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་རབ་ཏུ་བརྐྱང་ཞིང་སྦྱར་བས་
དཔྲལ་བར་འཛིན་པའི་ཕྱིར་རོ། །རྩེ་གསུམ་ཞེས་པ་མཐེ་བོང་རྒན་པོས་མཐེའུ་ཆུང་མནན་ཏེ་སོར་མོ་ལྷག་མ་གསུམ་དེ་དང་བྲལ་བར་བརྐྱང་བའི་ཕྱིར་རོ། །ས་ནི་ཞེས་པ་སའོ། །སོ་ཞེས་ཁ་ཅིག་གོ། །འཁོར་ལོ་ཞེས་པ་རྒན་པོ་དང་མཛུབ་མོ་དག་རྩེ་མོ་སྦྱར་བ་ལས་སོ། །སྤྱི་བོ་ཞེས་
པ་གཙུག་ཏོར་ལ་རེག་པའི་ཕྱིར་རོ། །དེ་ལ་རོལ་པ་བསྟན་པར་བྱ། །ཞེས་པ་ལག་པ་གཉིས་པོ་དག་གིས་དགའ་བའི་ཚུལ་གྱིས་གར་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལས་ཀྱང་རྣམ་པར་ཤེས་ནས་བརྟེན་པར་བྱའོ་ཞེས་གསུངས་པ། གཡོན་པས་ཞེས་

པ་ལ་སོགས་པ་སྟེ། གཡོན་པས་ཞེས་པ་རྐང་པ་གཡོན་པས་དང་པོར་འགྲོ་བའོ། །མཁའ་འགྲོ་མ་ཞེས་པ་དང་པོའོ། །གཡོན་ནས་ཞེས་པ་སྐྱེས་པའི་ཞེས་པའོ། །ལག་པ་གཡོན་པས་རབ་སྨྲ་མ། །ཞེས་པ་ལག་པ་གཡོན་པ་བསྒྲེངས་ཏེ་རབ་ཏུ་སྨྲ་བའི་ངང་
ཚུལ་ལོ། །གཡོན་དུ་ཕྱོགས་ནས་སྒྲ་བྱེད་དོ། །ཞེས་པ་ཁ་ཅིག་གོ། །བུད་མེད་རྣམས་ནི་དགའ་སྨྲ་མ། །ཞེས་པ་བུད་མེད་རྣམས་ལ་དབྱངས་ཀྱིས་སྨྲའོ། །དམ་ཚིག་ལྡན་པར་དེས་ཤེས་བྱ། །ཞེས་པ་དེ་ནི་དམ་ཚིག་ཅན་ཞེས་པའི་དོན་ཏོ། །བུད་མེད་རྣམས་ཀྱི་དོན་
མཆོག་ཅེས་པ་དེ་རྣམས་ཀྱི་དོན་དུ་དམ་ཚིག་རྣམས་བརྟེན་པར་བྱའོ་ཞེས་པའི་དོན་ཏོ། །རིགས་ཀྱི་ས་བོན་རྣམས་ཀྱིས་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་རྣམས་ཀྱིས་སོ། །རིགས་ཀྱི་བྱ་བ་ཞེས་པ་རིགས་གང་ལ་སྐྱེས་པ་དེའི་རིགས་ཀྱི་བྱ་བའོ། །རང་གི་རིག་པ་
ཟློས་ཞེས་པ་རང་གི་རིགས་ཀྱི་སྔགས་སོ། །རྟག་ཏུ་རིག་པ་ཡང་དག་འདྲི། །ཞེས་པ་རང་ག
Luận tạng Tây Tạng (Tengyur) — Tập 21 | Tra cứu Kinh điển | Tàng Kinh Việt