Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 3 / 24 (50.000 ký tự/trang)
ི་སྔགས་འདྲིའོ་ཞེས་པའི་དོན་ཏོ། །རང་གི་ཁྱིམ་དུ་འདྲི་བར་དགའ། །ཞེས་པ་མཆོད་ནས་ཞེས་པ་ལྷག་མའོ། །མཁའ་འགྲོ་མ་རིགས་ཡང་དག་འབྱུང་། །ཞེས་པ་རྡོ་རྗེ་ཕག་མོའི་རིགས་
ལས་ཡང་དག་པར་བྱུང་བའོ། །ཡུལ་དུ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གོད་བུ་དེ་རང་བཞིན་ཞེས་པ་དེ་རྣམས་ཀྱིས་པཱུལླི་ར་ལ་སོགས་པ་ཡུལ་ཉི་ཤུ་རྩ་བཞི་གནས་ལ་སོགས་པ་བཅུར་བསྡུས་པ་རྣམས་དང་། གནས་དེ་རྣམས་ཀྱི་རབ་གཏུམ་མ་ལ་སོགས་པའི་ལྷ་མོ་དང་
ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་མོ་རྣམས་ཀྱིས་གང་གཅིག་ཏུ་ཡང་དག་པར་བསྡུས་པ་གང་ཡིན་པ་དེའི་རང་བཞིན་ནི་རྣལ་འབྱོར་པའི་ལུས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཀུན་ཞེས་པ་ལ་སོགས་པ་ནི། རྣལ་འབྱོར་པ་དབང་པོ་རྣོན་པོས་རང་གི་ལུས་ཉིད་ལ་འདི་
མཐའ་དག་བསྐྱེད་པར་བྱའོ་ཞེས་པ་དགོངས་པ་སྟེ་ནང་དུ་ནུས་པ་མེད་ན། ཕྱི་རོལ་གྱི་གནས་ལ་སོགས་པར་འགྲོ་བར་བྱ་བ་མ་ཡིན་པ་ཁོ་ནའོ། །འདི་ལྟར་གསུངས་ཏེ། མངོན་པར་བརྗོད་པ་བླ་མ་ལས། །ཕྱི་རོལ་བགྲོད་ལས་རྣལ་འབྱོར་པ། །དེ་རྣམས་ཀྱི་ཁམས་ཟད་པར་འགྱུར། །

དེ་ཕྱིར་ཕྱི་རོལ་ངེས་བསལ་ཏེ། །རྣལ་འབྱོར་རོལ་པས་གནས་པར་བྱ། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་ལ་འཁྲུལ་པ་ཅི་ཡང་མེད། །ཡང་ན་དེ་ནི་དེ་ཉིད་ལྡན། །དེ་ལ་འཁྲུལ་པ་ཅི་ཡང་མེད། །ཅེས་སོ། །ཡང་ན་ནང་གི་བཟླས་པ་དང་བསྒོམ་པ་ལ་སོགས་པ་ནུས་པ་དང་ལྷ་མོའི་སྣང་
བ་ཐོབ་པ་ལས་ཕྱིའི་གནས་ལ་སོགས་པ་བལྟ་བར་བྱའོ་ཞེས་ཕྱིའི་ཞིང་ལ་སོགས་པ་རྣམས་སུ་སྤྱོད་པ་བྱེད་པའི་རྒྱུར་གྱུར་པ་ནི། ནང་དུ་ཡོངས་སུ་གྲགས་པའོ། །ཞེས་པའོ། །དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བའོ། །ནུས་ན་གནས་བསྐོར་ཕྱི་རོལ་གྱི། །རྣལ་འབྱོར་མ་རྣམས་
ཡང་དག་མཆོད། །ཞེས་པ་སྟེ། རྣམ་པ་སྣ་ཚོགས་པའི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཡོངས་སུ་སྨིན་པ་ཞེས་པ་སྔ་མས་འདིའི་འགལ་བ་མེད་དོ། །བསྐོར་ཞིང་ཞེས་པ་གནས་ལ་སོགས་པར་རོ། །མཚན་མ་ཞེས་པ་རྣལ་འབྱོར་མ་རྣམས་ཀྱི་སྤྱོད་པའོ། །དེ་ཉིད་གསུངས་པ།
སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ། སྟག་ལ་སོགས་པའི་གཟུགས་དང་གནོད་སྦྱིན་ལ་སོགས་པའི་གཟུགས་དང་ཁྲོ་བོ་ལ་སོགས་པའི་གཟུགས་ཀྱིས་ཀྱང་ཁ་ཅིག་རྣལ་འབྱོར་པ་དང་ཉེ་བར་འོངས་ཤིང་། ཧ་ཧ་ཞེས་པ་ལ་སོགས་པ་འཇིགས་སུ་རུང་བའི་གད་མོ་ཡང་དགོད་པར་བྱེད་དེ།
དེ་ལ་རྣལ་འབྱོར་པས་འཇིགས་པར་མི་བྱའོ། །སླར་ཡང་ཅི་ཞེ་ན་གསུངས་པ། རང་ལྷག་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོས་འཁྱུད་པའི་དཔལ་བདེ་མཆོག་གི་གཟུགས་སུ་དམིགས་ནས་ཧཱུཾ་ཡིག་གི་སྒྲ་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། སེང་གེ་ཞེས་པ་ལ་སོགས་
པ་སྟེ། མཐོང་དང་རེག་པ་ཞེས་ཉེ་བར་མཚོན་པ་སྟེ་ཚིག་ལ་སོགས་པ་ཐོས་པ་ལས་ཀྱང་ངོ་ཞེས་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།ཇི་ལྟར་ཁྱོད་ཀྱི་ལས་བཅུ་གཉིས་ཞེས་པ་ཞུ་བ་བཅུ་དགུའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་
ལ་སོགས་པའོ། །དེ་ལ་ལས་བཅུ་གཉིས་པོ་རྣམས་ནི། བགེགས་ལ་སོགས་པ་ཞི་བ་དང་། རིམས་ལ་སོགས་པ་ཞི་བ་དང་། ནོར་རྒྱས་པ་དང་། །ལུས་རྒྱས་པ་དང་། དབང་དུ་བྱ་བ་དང་། དབང་གི་དགུག་པ་དང་། རེངས་པ་དང་། ལྐུགས་པར་བྱེད་པ་དང་། གསད་པ་དང་།

དབྱེ་བ་དང་། བསྐྲད་པ་དང་། སྨྱོ་བར་བྱེད་པ་རྣམས་སོ། །ལས་ཐམས་ཅད་ཞི་བའི་ནང་དུ་འདུས་པའི་ཕྱིར་དང་པོར་ཞི་བ་ཁོ་ན་བསྟན་ཏོ། །དེ་ལ་འདི་ནི་མན་ངག་སྟེ། ཞི་བའི་ལས་ལ་ཞི་བའི་སེམས་ཀྱིས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་ཞིང་། ཁ་ཤར་དུ་ཕྱོགས་
པའི་བདེ་མཆོག་དཀར་པོ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པ་སྟེ། གུར་ཀུམ་དང་ཙནྡན་བསྲེས་པ་དག་གིས་སྐྱེས་པ་ཞི་བ་ལས་སོ། །བུད་མེད་ཞི་བ་ལ་ནི་གི་ཝཾ་དང་བསྲེས་པའི་ཙནྡན་གྱིས་ཏེ། དཀར་པོའི་ཕྱོགས་ལ་དར་ལ་སོགས་པའམ་རས་གཙང་མ་ལ་ཟླ་བའི་
དཀྱིལ་འཁོར་གྱི་སྟེང་དུ་རྩིབས་དྲུག་པའི་འཁོར་ལོ་གཉིས་ཞེས་པ་འཁོར་ལོ་ཟུར་གསུམ་གཉིས་ཏེ། རྩིབས་བརྒྱད་པ་ལ་སོགས་པའི་འཁོར་ལོ་བཞིན་ནོ་ཞེས་ཁ་ཅིག་གོ། །རྡོ་རྗེའི་ཕྲེང་བས་བསྐོར་བ་མངོན་པར་བྲིས་ནས་ཤར་ལ་སོགས་པའི་རྩིབས་དྲུག་པོ་རྣམས་ལ་རིམ་པས་
ཨོཾ་ཡིག་ལ་སོགས་པ་དྲུག་མགོ་ཕྱིར་བསྟན་པ་ལ་གཡས་སྐོར་གྱིས་གཅིག་སྟེ། གཉིས་པ་ནི་གཡོན་སྐོར་གྱིས་བྲི་བར་བྱའོ། །ལྟེ་བར་ནི་ཕཊ་སྭཱ་ཧཱ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་སྟེ། བུད་མེད་ཞི་བ་ལ་ན་མཿལྷས་བྱིན་ཤཱནྟིཾ་ཀུ་རུ་ན་མཿཞེས་པའོ། །དེ་ནས་ཁ་སྦྱར་དུ་བྱས་ཏེ།
དེ་གཉིས་ཀ་ཁམ་ཕོར་གསར་པ་གཉིས་ཀྱིས་བསྡམས་པ་སྲད་བུ་དཀར་པོས་དཀྲིས་ནས་ཙནྡན་ལ་སོགས་པ་ལས་བྱས་པའི་མཎྜལ་གྱི་སྟེང་དུ་བཞག་སྟེ། ཆོ་ག་ཇི་ལྟ་བ་བཞིན་ཡེ་ཤེས་སེམས་དཔའ་གཞུག་པ་སྔོན་དུ་འགྲོ་བས། མེ་ཏོག་དཀར་པོ་ལ་སོགས་པ་རྣམས་ཀྱིས་མངོན་
པར་མཆོད་པར་བྱའོ། །དེ་ནས་འཁོར་ལོ་ལ་དམིགས་ཏེ། ཡི་གེ་བདུན་པའི་སྔགས་གྲངས་སྟོང་ལ་སོགས་པ་བཟླས་ནས། འཁོར་ལོ་དང་བདག་ཉིད་ཀྱི་བར་གྱི་མདུན་དུ་བསྒྲུབ་བྱ་ཟླ་བ་ལ་གནས་པ་བལྟས་ཏེ། རང་གི་སྙིང་གའི་ས་བོན་ལས་འཐོན་པའི་དུམ་སྐྱེས་མ་དཀར་མོ་ཕྱག་
ན་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་ཡོངས་སུ་གང་བའི་ཤེལ་གྱི་བུམ་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་པའི་སྔགས་བརྗོད་ཅིང་དབང་བསྐུར་བའི་ཡིད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་རྣམས་ཀྱིས་བཀྲུས་ཏེ། བཤང་ལམ་ནས་སྡིག་པ་ལ་སོགས་པ་ནག་པོའི་གཟུགས་

ཀྱིས་སོང་བས་དག་པ་ཤེལ་གྱི་གཟུགས་ལྟར་གྲུབ་པར་བསམ་པར་བྱའོ། །དེ་ནས་སླར་ཡང་ཡི་གེ་བདུན་པའི་སྔགས་བརྗོད་པའི་འོད་ཟེར་རྣམས་ཀྱིས་གསལ་པའི་བསྒྲུབ་བྱ་རྣམ་པར་བསམ་ཞིང་ཞི་བའི་སེམས་ཀྱིས་སྔགས་བཟླས་པར་བྱའོ། །དེ་ལྟར་ཐུན་གསུམ་དུ་བྱས་ཏེ། ཇི་སྲིད་
འབྲས་བུ་གྲུབ་པའི་བར་དུའོ་ཞེས་པའོ། །འབྲས་བུ་གྲུབ་པ་ན་ཁམ་ཕོར་བསལ་ཏེ་རིག་པའི་ཚུལ་གྱིས་བསྒྲུབ་བྱའི་མགྲིན་པ་ལ་སོགས་པར་གདབ་པར་བྱའོ། །ཡང་ན་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་ཏེ་ཆུ་ལ་སོགས་པ་རྣམས་ལ་བསྐུར་བར་བྱའོ། །རིམས་ལ་
སོགས་པ་ཞི་བ་གསུངས་པ། རིམས་ཞེས་པ་ལ་སོགས་པའོ། །དེ་ལ་ནུས་པ་དང་ལྡན་པའི་རྣལ་འབྱོར་པས་ཇི་ལྟར་གསུངས་པའི་འཁོར་ལོ་ཁོ་ན་ལག་པ་གཡོན་པར་རྣམ་པར་བསྒོམས་ཏེ། ཅིག་ཤོས་ཀྱིས་བརྗོད་མ་ཐག་པའི་ཆོ་གས་ལག་པ་གཡས་པས་དཱུར་བ་དང་རྨ་བྱའི་
སྒྲོ་དང་ཀུ་ཤ་རྣམས་ཀྱི་ཆུན་པོའམ་གཞན་ཡང་རུང་སྟེ། ཆུ་ལ་བསྙུགས་པས་རིམས་དང་དུག་ལ་སོགས་པས་ཉེན་པ་ལ་བྱབ་ཅིང་བསྒྲུབ་བྱ་ཟླ་བ་ལ་གནས་པ་རྣམ་པར་བསྒོམས་ཏེ། ཁ་ཤར་དུ་ཕྱོགས་པས་ཉེ་བར་འདུག་ནས་དེའི་རྐང་པ་དང་ཉེ་བར་གཏོར་མ་དང་ཆུ་དང་མེས་
གང་བའི་སྣོད་གསུམ་བཞག་སྟེ། དེར་དུག་ལ་སོགས་པ་བསྲེགས་པའི་བསམ་པས་ཆེ་གེ་མོ་ལ་ནིར་ཛྭ་ལ་རཾ་ནིར་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམ་པར་སྤེལ་ཏེ་ལག་པ་དག་གིས་སྤྱི་བོ་ནས་བརྩམས་ཏེ། ཇི་སྲིད་རྐང་པའི་མཐའི་བར་དུ་བྱབ་ཅིང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་
དཀར་པོ་རྣམས་ཀྱིས་རིམས་ལ་སོགས་པ་དེ་ཁོ་ན་བཞིན་བཀུག་སྟེ་སྣོད་རྣམས་སུ་བསྐྱུར་བར་བསམ་པར་བྱའོ། །ད་ནི་རྒྱས་པའི་འཁོར་ལོ་གསུངས་པ། གུར་གུམ་ཞེས་པ་ལ་སོགས་པ་སྟེ་ཁམ་ཕོར་གཉིས་ལ་ཞེས་པ་ཁམ་ཕོར་གཉིས་ཀྱི་ནང་དུའོ། །དེ་ལ་འདིའི་བསྡུས་པའི་
དོན་ནི་བྱང་དུ་མངོན་པར་ཕྱོགས་ཏེ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བའི་བདེ་མཆོག་སེར་པོ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་རྒྱས་པའི་སེམས་ཀྱིས་ཁམ་ཕོར་གྱི་ནང་དུ་གླང་པོ་ཆེའི་རྒྱབ་ཀྱི་སྟེང་དུ་རྩིབས་དྲུག་པའི་འཁོར་ལོ་གཉིས་བྲིས་ནས། དེར་གཅིག་ལ་གཡས་སྐོར་

གྱིས་རྩིབས་དྲུག་པོ་རྣམས་ལ་ཡི་གེ་དྲུག་རྣམས་སོ། །ལྟེ་བར་ནི་ཕཊ་བཽ་ཥཊ་ཆེ་གེ་མོ་པུཥྚིཾ་ཀུ་རུ་བཽ་ཥཊ་སྭཱ་ཧཱ་ཞེས་པའོ། །དེ་ལྟར་གཞན་ལ་གཡོན་སྐོར་གྱིས་ཡི་གེ་བདུན་གྱི་སྔགས་མངོན་པར་བྲིས་ནས། གཉིས་ཁ་སྦྱར་དུ་བྱས་ལ། སྲད་བུ་སེར་པོས་དཀྲིས་
ཏེ་ཡེ་ཤེས་ཀྱི་འཁོར་ལོ་ལ་བཅུག་ནས་མར་གྱིས་གང་བའམ་སྦྲང་རྩིས་གང་བའི་སྣོད་དུ་གཞག་ལ་མེ་ཏོག་སེར་པོ་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་ཅིང་སྔར་བཞིན་སྔགས་བཟླས་ཏེ་འཁོར་ལོ་དང་བདག་ཉིད་ཀྱི་བར་གྱི་མདུན་དུ་བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་སེར་པོ་ལ་
གནས་པ་བསམས་ནས། རང་གི་སྙིང་གའི་ས་བོན་ལས་འཐོན་པའི་དུམ་སྐྱེས་མ་སེར་མོ་ཕྱག་ན་བདུད་རྩིའི་ཆུ་སེར་པོས་གང་བའི་བུམ་པས་དབང་བསྐུར་ཞིང་བདུད་རྩིའི་ཆུ་རྒྱུན་སེར་པོ་རྣམས་ཀྱིས་དྲི་མའི་རང་བཞིན་དང་དབུལ་བ་བསལ་བ་དང་། མེ་ཏོག་སེར་པོ་ལ་སོགས་པ་
རྣམས་ཀྱིས་མཆོད་དེ། ཆེ་གེ་མོའི་ཚེ་ལ་སོགས་པ་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་པའམ། ཡང་ན་བཽ་ཥཊ་ཅེས་པ་སྤེལ་ཞིང་བརྗོད་པའི་སྔགས་ཀྱི་འོད་ཟེར་ལས་འཐོན་པའི་རིན་པོ་ཆེ་ལ་སོགས་པས་གང་བ་རྣམ་པར་བསམ་ཞིང་། ཐུན་གསུམ་དུ་རྒྱས་པའི་སེམས་ཀྱིས་སྔགས་བཟླས་
པར་བྱའོ། །དབང་དུ་བྱ་བ་གསུངས་པ་དམར་པོ་ཞེས་པ་ལ་སོགས་པའོ། །དེ་ལ་རིམ་པ་འདི་ཡིན་ཏེ། ནུབ་ཏུ་མངོན་པར་ཕྱོགས་ཏེ་གཏོར་མ་བྱིན་ལ་བདེ་མཆོག་དམར་པོ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས། རྗེས་སུ་ཆགས་པའི་སེམས་ཀྱིས་ཙནྡན་དམར་པོ་དང་
སེན་རྩི་དང་མིང་མེད་ཀྱི་ཁྲག་རྣམས་ཀྱིས་རས་སམ་ཡང་ན་གྲོ་གའི་འདབ་མ་ལ་བུད་མེད་ཀྱི་པདྨར་སྔར་བཞིན་འཁོར་ལོ་གཉིས་མངོན་པར་བྲིས་ནས་དེ་ཁོ་ན་བཞིན་སྔགས་དགོད། ལྟེ་བར་ནི་ཕཊ་ཧོཿཆེ་གེ་མོའི་འམ། ཆེ་གེ་མོ་བ་ཤཱིཾ་ཀུ་རུ་ཧོཿཞེས་པའོ། །བུད་མེད་དབང་དུ་བྱ་བ་
ལ་ནི། བཽ་ཥཊ་ཆེ་གེ་མོའི་ཆེ་གེ་མོ་བ་ཤཱིཾ་ཀུ་རུ་བཽ་ཥཊ་ཅེས་པ་སྤེལ་བ། ཁམ་ཕོར་སོ་མ་བཏང་བ་གཉིས་སུ་བཅུག་ལ་ཁ་སྦྱར་དུ་བྱས་ཏེ། སྲད་བུ་དམར་པོས་དཀྲིས་ནས་སྔར་བཞིན་ཡེ་ཤེས་ཀྱི་འཁོར་ལོར་བཅུག་སྟེ་སྔར་བཞིན་མར་ལ་སོགས་པའི་ནང་དུ་བཞག་ལ་མེ་ཏོག་དམར་

པོ་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་ནས་འཁོར་ལོ་དང་བདག་ཉིད་ཀྱི་བར་གྱི་མདུན་དུ་བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་དམར་པོ་ལ་གནས་པ་བསམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་འཐོན་པའི་དུམ་སྐྱེས་མ་དམར་མོ་ཕྱག་ན་ཞགས་པ་དང་ལྕགས་ཀྱུ་ཅན་ཏེ།
ཞགས་པས་མགུལ་པ་བཅིངས་ཤིང་ལྕགས་ཀྱུས་སྙིང་ག་ནས་ཕུག་པ་བཀུག་ལ། མྱོས་པར་གྱུར་པས་ཞབས་དྲུང་དུ་ལྷུང་བར་བསམ་ཞིང་། ཆེ་གེ་མོ་བ་སཱ་མཱ་ན་ཡ་ཧོཿ། ཞེས་པ་སྤེལ་བའི་སྔགས་ཐུན་གསུམ་དུ་བཟླས་པར་བྱ་སྟེ། ཇི་སྲིད་ཞག་བདུན་ཕྲག་གསུམ་གྱི་བར་དུའོ། །
དབང་གི་དགུག་པ་གསུངས་པ་དུར་ཁྲོད་ཅེས་པ་ལ་སོགས་པ་སྟེ་གོ་སླའོ། །བྲི་བ་ལ་སོགས་པའི་རིམ་པ་ནི་སྔ་མ་ཁོ་ན་བཞིན་ཏེ། ཁྱད་པར་ནི་ཤ་ར་བྷ་འམ་སེང་གེའི་རྒྱབ་ཏུ་འཁོར་ལོ་བྲིས་ཏེ་ཧྲཱིཿཛཿཡི་གེ་རྣམ་པར་སྤེལ་ཞེས་པ་བུད་མེད་དགུག་བ་ལ་ཧྲཱིཿཆེ་གེ་མོ་ཨཱ་ཀཪྵ་ཡ་ཧྲཱིཿ། སྐྱེས་
པ་དགུག་པ་ལ་ནི་ཛཱཿཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ། ཞེས་པའོ། །བསྒྲུབ་བྱ་ནི་ཉི་མའི་དཀྱིལ་འཁོར་ལའོ། །སྔགས་བཟླས་པའི་དུས་སུ་ནི་ཕཊ་ཀྱི་མཐའ་ཅན་ཏེ། ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿ། ཞེས་པ་སྤེལ་བའི་སྔགས་བཟླས་པར་བྱའོ་ཞེས་པ་ཁ་ཅིག་གོ། །གདུང་བའི་དུས་སུ་སྔགས་
བརྗོད་ཅིང་གདུང་བར་བྱའོ། །རེངས་པའི་འཁོར་ལོ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རི་མོ་བརྒྱད་བརྒྱད་མཉམ་སྦྱར་ཏེ། །ཞེས་པ་གཉིས་ཀ་ནས་རི་མོ་བརྒྱད་བརྒྱད་རྣམས་ཀྱིས་ལྟར་སོ་སོ་ལ་བདུན་བདུན་གྱི་རེའུ་མིག་གིས་རེའུ་མིག་བཞི་བཅུ་རྩ་དགུའི་བདག་
ཉིད་ཅན་གྱི་འཁོར་ལོ་གྲུ་བཞི་པར་འགྱུར་རོ། །དེ་ལ་གཉིས་ཀ་ནས་རེའུ་མིག་གིས་ཕྲེང་བ་གསུམ་གྱི་དབུས་ཀྱི་རེའུ་མིག་གི་ལྟར་ལ་སྔགས་ཀྱི་ཡི་གེ་དགོད་པར་བྱ་བ་མ་ཡིན་ཏེ། རེའུ་མིག་བཅུ་གསུམ་པོ་རྣམས་ནི་སྟོང་པ་ཉིད་དོ། །ཟུར་བཞི་པོ་རྣམས་ལ་རེའུ་མིག་དགུ་དགུར་
འགྱུར་རོ། །དེ་ལ་རེའུ་མིག་དགུ་པོ་རེ་རེ་ལ་དབུས་ཀྱི་རེའུ་མིག་ལ་ཡོངས་སུ་བསྐོར་བའི་རེའུ་མིག་བརྒྱད་པོ་རྣམས་ལ་ཟུར་གྱི་རེའུ་མིག་ནས་བརྩམས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ། ཨོཾ་ཨཱ་ན་ཡ་ཧོཿ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཧུཾ་ཧཱུཾ།

རེའུ་མིག་དགུའི་དབུས་ཀྱི་རེའུ་མིག་བཞི་པོ་རྣམས་ལ། ཕཊ་ལཾ་ལྷས་བྱིན་སྟཾ་བྷ་ཡ་ལཾ། རྐང་པ་གཉིས་པར་དབུས་ཀྱི་རེའུ་མིག་ལ་བྲི་བར་བྱ་སྟེ། ཕཊ་ཡིག་གཉིས་པོ་ནི་དཔལ་རྡོ་རྗེ་མཁའ་འགྲོའི་ཚིག་ལས་སོ། །བཟླས་པའི་དུས་རྐང་པ་སོ་སོ་ལ་ཕཊ་
ཡིག་རེ་རེའོ། །དེ་དག་སྟོན་པ་དབུས་སུ་ཞེས་པ་ལ་སོགས་པའོ། །བྲི་བའི་རིམ་པ་ནི་ལྷོར་མངོན་པར་ཕྱོགས་ཏེ། གཏོར་མ་བྱིན་ལ་བདེ་མཆོག་སེར་པོ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་དུར་ཁྲོད་ཀྱི་རས་ལ་ཡུང་བའི་ཁུ་བ་དང་བ་བླ་དག་གིས་ལྕོག་བརྒྱད་པའི་རི་རབ་ཀྱི་
སྟེང་དུ་བཤད་མ་ཐག་པའི་རིམ་པས་གཡོན་དང་ཅིག་ཤོས་སུ་བསྐོར་བ་དག་གིས་འཁོར་ལོ་གཉིས་མངོན་པར་བྲིས་ནས་འཁོར་ལོའི་ཕྱི་རོལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་སྐོར་གྱིས་སུམྦྷ་ལ་སོགས་པའི་སྔགས་ཀྱི་རྐང་པ་བཞི་པོ་རྣམས་ཇི་ལྟར་གསུངས་པ་བཞིན་
སྤེལ་བ་མགོ་ནད་དུ་བསྟན་པ་རྣམས་སོ། །དེའི་ཕྱི་རོལ་དུ་རི་མོ་གསུམ་བྲིས་ནས་གཉིས་ཀ་ཁ་སྦྱར་དུ་བྱས་ཏེ་ཁམ་ཕོར་གཉིས་ཀྱིས་བསྡམས་ལ་སྟེང་གི་ཁམ་ཕོར་གྱི་སྟེང་དུ་སླར་ཡང་རི་རབ་བོ། །དེའི་སྟེང་དུ་ལཾ་གྱིས་སའི་དཀྱིལ་འཁོར་དང་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་
རྡོ་རྗེས་མཚན་པ་བྲི་བར་བྱའོ། །དེ་ནས་སྲད་བུ་སེར་པོས་དཀྲིས་ཏེ་ཡེ་ཤེས་སེམས་དཔའ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་མེ་ཏོག་སེར་པོ་ལ་སོགས་པ་རྣམས་ཀྱིས་འཁོར་ལོ་ལ་མངོན་པར་མཆོད་ནས། འཁོར་ལོ་དང་བདག་ཉིད་ཀྱི་བར་དུ་བསྒྲུབ་བྱ་ལ་འོག་དང་སྟེང་དང་ཕྱོགས་བཞི་རྣམས་སུ་
ཡང་རི་རབ་ཀྱིས་མཚོན་པར་དམིགས་ལ། ཇི་ལྟར་གསུངས་པའི་སྔགས་ཐུན་གསུམ་དུ་བཟླས་པར་བྱའོ། །ངག་རེངས་པ་གསུངས་པ། དེ་ཉིད་བཞིན་དུ་ཞེས་པ་ལ་སོགས་པའོ། །དེ་ཉིད་བཞིན་ཞེས་པ་སྔར་བཞིན་རྩིབས་དྲུག་པའི་འཁོར་ལོའོ། །དེ་ལ་འདིའི་འཁོར་ལོ་བྲི་བ་ནི།
དུར་ཁྲོད་ཀྱི་རས་ལ་རེངས་པའི་ཆོ་གས་ལུག་གི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རྩིབས་དྲུག་པའི་འཁོར་ལོ་གཉིས་བྲིས་ནས། སྔར་བཞིན་ཡི་གེ་བདུན་པའི་སྔགས་བཀོད་དེ། ལྟེ་བར་ཕཊ་བཾ་ལྷས་བྱིན་མུ་ཁ་བནྡྷ་ཡ་བཾ། རྩིབས་དྲུག་པའི་འཁོར་ལོ་ལས་ཕྱི་རོལ་དུ་རི་མོ་

གྲུ་བཞི་པའི་ནང་དུ་སུམྦྷ་ལ་སོགས་པའི་སྔགས་ཀྱི་རྐང་པ་བཞི་མགོ་ནང་དུ་བསྟན་པ་ཇི་ལྟར་གསུངས་པའི་སྤེལ་བ་རྣམས། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་སྐོར་གྱིས་བྲིས་ནས་སྔ་མ་བཞིན་བཞག་སྟེ་ཡང་དག་པར་མཆོད་ལ་འཁོར་ལོ་དང་བདག་ཉིད་ཀྱི་བར་དུ་
བསྒྲུབ་བྱ་ལུག་ལ་གནས་པ་བལྟས་ནས། དེའི་ལྕེ་ལ་ལཾ་ཡིག་ལས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་དུམ་སྐྱེས་མ་སེར་མོ་བསྒོམས་ཏེ། སུམྦྷ་ལ་སོགས་པའི་སྔགས་སྤེལ་བ་དང་བཅས་པ་ཐུན་གསུམ་དུ་བཟླས་
པར་བྱའོ། །གསད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཀཱ་ཀ་ཞེས་པ་བྱ་རོག་གོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཉི་མ་གུང་ངམ་ནམ་ཕྱེད་ན་ཕུབ་མ་དང་སོལ་བ་ལ་སོགས་པ་གཏོར་བའི་ས་ཕྱོགས་སུ་གཤིན་རྗེར་ཁ་བལྟས་ཏེ། དྲག་པོའི་སེམས་ཀྱིས་གཏོར་མ་བྱིན་
ལ། ཉི་མ་ལ་གནས་པའི་བདེ་མཆོག་སྔོན་པོ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་དུར་ཁྲོད་ཀྱི་རས་ལ་དུག་དང་ལན་ཚ་དང་ཚ་བ་དང་མར་ཁུ་དང་སྐེ་ཚེ་ལ་སོགས་པ་རྣམས་ཀྱིས་བྱ་རོག་གི་སྒྲོའི་འདྲི་སྨྱུག་གམ་ཡང་ན་མིའི་རུས་པའི་འདྲི་སྨྱུག་གིས་གཤིན་རྗེའི་ལྟོ་བར་སྔར་བཞིན་
རེའུ་མིག་བཞི་བཅུ་རྩ་དགུའི་འཁོར་ལོ་ལ་སྔ་མ་ཁོ་ན་བཞིན་དུ་སུམྦྷ་ལ་སོགས་པའི་སྔགས་བཀོད་དེ། སྟོང་པའི་རེའུ་མིག་བཅུ་གསུམ་པོ་རྣམས་ལ་དང་པོ་ལ་ཧཱུཾ་ཡིག་རིང་པོའོ། །དེ་ནས་གཉིས་པ་ལ་ལྷས་བྱིན་མཱར་ཡ། དེ་ནས་གསུམ་པ་ལ་ཧཱུཾ། དེ་ལྟར་རེའུ་མིག་ཐམས་ཅད་
ལ་གཡས་སྐོར་གྱིས་བྲིའོ། །རིམ་པ་འདིས་འཁོར་ལོ་གཉིས་པ་གཡོན་སྐོར་གྱིས་བྲིས་ནས་ཁ་སྦྱར་དུ་བྱས་ཏེ་ཁམ་ཕོར་གཉིས་ལའམ། ཡང་ན་ཐོད་པ་གཉིས་ལ་བཞག་སྟེ། སྲད་བུ་སྔོན་པོས་དཀྲིས་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས་མེ་ཏོག་སྔོན་པོ་ལ་སོགས་པ་
རྣམས་ཀྱིས་མངོན་པར་མཆོད་དེ། འཁོར་ལོ་དང་བདག་ཉིད་ཀྱི་བར་དུ་བསམ་བྱ་ཞེས་པ་ལ་སོགས་འཐུང་བར་བྱེད་ཅེས་པའི་བར་གྱིས་གཞུང་གི་དོན་མངོན་དུ་བྱས་ནས་ཐུན་གསུམ་དུ་སྔགས་བཟླས་པར་བྱའོ། །ལས་འདི་དག་ཀྱང་རྣལ་འབྱོར་པས་ལུས་ལ་འཕོ་བར་བྱས་ནས།

བདེ་འགྲོ་དང་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱེད་པ་དང་། རྣམ་པར་ཤེས་པ་བཀུག་ནས་གཞུག་པར་ནུས་པ་ཁོ་ནས་བྱའོ། །འོན་ཀྱང་གལ་ཏེ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་འདིས་ངེས་པར་བཟློག་ཀྱང་མི་ལྡོག་ན་དེའི་ཚེ་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྙན་མནན་ཏེ། སྙིང་རྗེ་ཆེན་པོ་བསྐྱེད་ནས་ཇི་སྐད་གསུངས་པ་བཞིན་རྗེས་སུ་བསྒྲུབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཨེ་མ་ཧོ་ཞེས་པ་ལ་སོགས་པའོ། །གལ་ཏེ་དེ་ལྟར་ནུས་པ་དང་ལྡན་པ་ལ་འཁྲུལ་འཁོར་གྱིས་ཅི་བྱེད་ཅེ་ན་བདེན་
ཏེ་གང་སུ་དག་དྲག་པོའི་ལས་ལ་མངོན་པར་དགའ་བ་དེ་རྣམས་རྗེས་སུ་གཟུང་བའི་ཕྱིར་རོ། །དེ་གསུངས་པ་བརྟག་པ་གཉིས་ཀྱི་རྒྱལ་པོ་ལས། བསད་པས་འདིར་ནི་འབྲས་མེད་དེ། །གྲུབ་པ་ཉམས་པ་མཆོག་ཏུ་འགྱུར། །སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་
ཅད་བྱ། །སེམས་ཅན་གནོད་པ་བྱེད་ཙམ་གྱིས། །ཕྱག་རྒྱས་འགྲུབ་པ་མི་ཐོབ་སྟེ། །མ་རུངས་གཞུག་ཕྱིར་ཆོ་ག་ཀུན། །གཙོ་བོ་ལས་ནི་རབ་ཏུ་འགྲུབ། །ཅེས་སོ། །དབྱེ་བ་གསུངས་པ། དེ་བཞིན་ཉིད་དུ་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་བཞིན་ཞེས་པ་གསོད་པའི་བཞིན་དུ་
འཁོར་ལོ་དང་སྔགས་བྲི་བ་ལ་སོགས་པའི་རིམ་པའོ། །ཁྱད་པར་ནི་མ་ཧེའི་རྒྱབ་ཏུ་འཁོར་ལོ་གཅིག་དང་གཉིས་པ་ནི་རྟའི་རྒྱབ་ཏུ་བྲི་བར་བྱའོ། །སྤེལ་བ་ནི། ཕཊ་ལྷས་བྱིན་དང་མཆོད་སྦྱིན་དག་བི་དྭེ་ཤ་ཡ་ཕཊ། དེ་ནས་སྔར་བཞིན་དུར་ཁྲོད་དམ་བཞི་མདོར་སྦས་ཏེ། འཁོར་ལོ་
དང་བདག་ཉིད་ཀྱི་བར་དུ་བསྒྲུབ་བྱ་མ་ཧེ་དང་རྟ་ལ་ཞོན་པ་ཕན་ཚུན་མཚོན་ཆ་ཐོགས་པ་དག་དང་རང་གི་སྙིང་གའི་ས་བོན་ལས་འཐོན་པའི་ཁྲོ་བོའི་ཚོགས་དག་གིས་གཡུལ་འགྱེད་དུ་འཇུག་པ་རྣམ་པར་བསྒོམས་ནས་ཐུན་གསུམ་དུ་སྔགས་བཟླས་པར་བྱའོ། །བསྐྲད་པ་གསུངས་
པ། ཆོ་ག་དེ་ཉིད་ཀྱིས་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་ཀྱིས་ཞེས་བཤད་མ་ཐག་པའི་ཆོ་ག་ཉིད་ཀྱིས་རྔ་མོའི་རྒྱབ་ཀྱི་སྟེང་དུ་འཁོར་ལོ་གཉིས་བྲིས་ནས། ཧཱུཾ་ཕཊ་ལྷས་བྱིན་ཨུཙྩ་ཊ་ཡ་ཧཱུཾ་ཕཊ། ཞེས་པ་སྤེལ་ཏེ་སྔར་བཞིན་ཐམས་ཅད་བྱས་ནས་གང་བྱ་བ་དེ་གསུངས་པ་བསྒོམ་བྱ་

ཞེས་པ་ལ་སོགས་པ་གོ་སླའོ། །སྨྱོ་བར་བྱེད་པ་གསུངས་པ། ཁྲོས་པ་ཞེས་པ་ལ་སོགས་པ་གསུངས་ཏེ་རང་ཁྲག་ཅེས་པ་ཝ་མོའི་ཁྲག་གོ། །དེ་ལ་འདིའི་དོན་ནི་བསྒྲུབ་བྱ་སྨྱོ་བར་བྱེད་པར་འདོད་ན། དུག་ལ་སོགས་པ་རྣམས་ཀྱིས་དུར་ཁྲོད་ཀྱི་རས་ལ་སྤྲེའུའི་སྙིང་གར་བཤད་མ་ཐག་
པའི་འཁོར་ལོ་ལ་སོགས་པ་བྲིས་ནས། ཧཱུཾ་ཕཊ། ཆེ་གེ་མོ་ཨུན་མནྡ་ཀུ་རུ་ཧཱུཾ་ཕཊ། ཞེས་པ་སྤེལ་ཏེ་སྔར་བཞིན་ཐམས་ཅད་བྱས་ནས་བསྒྲུབ་བྱ་སྤྲེའུ་ལ་ཞོན་པ་གར་བྱེད་པ་བསྒོམས་ཏེ་ཐུན་གསུམ་དུ་སྔགས་བཟླས་པར་བྱའོ། །ཁྲོས་པས་གཤིན་རྗེར་བལྟས་ཞེས་པ་ལ་སོགས་
པ་དེ་བཞིན་དུ་ཞེས་པའི་བར་སླར་གསུངས་པ། དབྱེ་བ་ལ་སོགས་པ་དྲག་པོའི་ལས་ཐམས་ཅད་ལ་ཆོ་ག་འདིའོ་ཞེས་བསྟན་པར་བྱེད་པའོ། །འཁོར་ལོ་གཉིས་ཞེས་པ་ལ་སོགས་པས་འཁོར་ལོ་བྲི་བའི་ཆོ་ག་གསུངས་ཏེ་དེ་དག་ཀྱང་བསྟན་ཟིན་ཏོ། །འདི་དག་ཐམས་ཅད་ཀྱང་ཡང་
དག་པའི་བླ་མ་ཁོ་ན་ལས་ཤེས་པར་བྱའོ་ཞེས་གསུངས་པ། བླ་མ་ཞེས་པ་ལ་སོགས་པའོ། །ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།སྔགས་ཀྱི་བཟླས་པ་ཇི་ལྟར་བལྟ། །ཞེས་པ་ཞུ་བ་ཉི་ཤུ་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ཞེས་
པ་བཅོམ་ལྡན་འདས་ཀྱི་སྙིང་པོ་ལ་སོགས་པའི་སྔགས་སོ། །དཀྱིལ་འཁོར་ཞེས་པ་ཚོགས་ཀྱི་འཁོར་ལོའོ། །དེ་ནི་སྔར་གསུངས་ཆོ་གས་ཞེས་པ་དམ་ཚིག་གི་ལེའུར་གསུངས་པའི་ཆོ་ག་ཡིས་སོ། །འབུམ་ཕྲག་ཅེས་པ་རྫོགས་ལྡན་གྱི་དབང་དུ་བྱས་པ་སྟེ། དུས་གཞན་ལ་འཆད་པར་འགྱུར་
རོ། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །ཅེས་པ་འདི་ནི་སྔགས་ཐམས་ཅད་ལ་ཐུན་མོང་ངོ་། །གཙོ་བོ་ཉིད་ཀྱིས་ནི་ཆར་དབབ་པ་ལ་སོགས་པ་བསྟན་ཏོ། །ཉེ་བའི་སྙིང་པོའི་སྔགས་ཉིད་ཁྱད་པར་དུ་སྟོན་པ་གསུངས་པ། བསྒྲུབ་བྱ་ཞེས་པ་ལ་སོགས་པའོ། །སྔོན་དུ་བསྙེན་པ་དང་
མཐར་ལས་ཀྱི་དུས་སུ་གང་བྱ་བ་དེ་གསུངས་པ། གང་གིས་ཞེས་པ་ལ་སོགས་པ་སྟེ་གང་གིས་ལས་ནི་ཞི་བ་ལ་སོགས་པའོ། །བྱེ་བྲག་ནི་ཆོ་གའོ། །དེའི་ཁ་དོག་སོགས་ཞེས་པ་ལས་དེའི་རྗེས་སུ་མཐུན་པའི་གཟུགས་དང་ཁ་དོག་ལ་སོགས་པའི་ལྷ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་

པའི་དོན་ཏོ། །དེ་ཉིད་གསུངས་པ་གདན་དང་ཞེས་པ་ལ་སོགས་པ་སྟེ། གདན་དང་ཞེས་པ་ཟླ་བའི་དཀྱིལ་འཁོར་ཉིད་ལ་སོགས་པའོ། །གྲངས་མེད་ཅེས་པ་བྱེ་བ་ལ་སོགས་པའི་སྔགས་བཟླས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་རྗེས་སུ་མཐུན་པའི་དངོས་
གྲུབ་རྣམས་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ། །དེའི་ཕྱིར་སྔ་མས་ཐུན་མོང་གི་དངོས་གྲུབ་ཉིད་དོ། །དེ་རྣམས་ཞེས་པ་སྔགས་དེ་རྣམས་ཏེ་ངེས་པའི་རྣལ་འབྱོར་གྱིས་ནི་ཇི་ལྟར་གསུངས་པའི་ཆོ་གས་བསྒྲུབས་ན་ངེས་པར་དངོས་གྲུབ་ཐོབ་པར་འགྱུར་ཞེས་པའོ། །ལེའུ་བཅུ་གཅིག་པའི་རྣམ་
པར་བཤད་པའོ།། །།ཇི་ལྟ་བུ་ཡི་བགྲང་ཕྲེང་རིགས། །བཟླས་པའི་མཚན་ཉིད་ཇི་ཙམ་ཞིག །ཅེས་པ་ཞུ་བ་ཉི་ཤུ་རྩ་གཅིག་པ་ལ་སོགས་པ་གཉིས་ཀྱི་ལན་གདབ་པའི་ཕྱིར་གསུངས་པ། ཉོན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ལ་གསེར་དང་ཞེས་པ་ལ་སོགས་པ་མདོར་བསྟན་
པ་སྟེ། ཞི་དང་རྒྱས་ལ་སྦྱར་བར་བྱ། །ཞེས་པ་གསེར་དང་ཟངས་ལ་སོགས་པ་ལ་བྱས་པས་རྒྱས་པ་ལའོ། །དངུལ་དང་ཤེལ་དང་དུང་ལ་སོགས་པ་ལ་བྱས་པ་ཞི་བ་ལས་ཏེ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །གུར་གུམ་ལ་སོགས་དྲི་ལ་སོགས། །ཞེས་པ་ལས་ཀྱི་རྗེས་སུ་མཐུན་པའི་
གཟུགས་དང་ཁ་དོག་དང་དྲི་ལ་སོགས་པ་བྱུག་པར་བྱ་སྟེ་སྦྱར་བར་བྱ་ཞེས་པ་སྔ་མས་འབྲེལ་ལོ། །གུར་གུམ་ལ་སོགས་པ་རྣམས་ཀྱི་རིལ་བུ་ཉིད་དོ་ཞེས་ཁ་ཅིག་གོ། །རྟག་ཏུ་རིལ་བུ་ལྔ་བཅུའོ། །ཞེས་པ་ཨཱ་ལི་ཀཱ་ལིའི་རྣམ་པར་དག་པས་སོ། །དེ་ཉིད་ཀྱི་ཕྱིར་རིལ་བུ་ལྔ་བཅུ་རྣམས་ཀྱིས་
བྱས་པའི་ཕྲེང་བ་ལས་ཐམས་ཅད་པའི་འོ། །དྲག་པོའི་ལས་ལ་ནི་རིལ་བུ་དྲུག་ཅུ་རྣམས་ཀྱིས་སོ། །མཐེ་བོང་ལྷ་ཡི་རང་བཞིན་ལས། །ཞེས་པ་མཐེ་བོང་ལྕགས་ཀྱུ་ལྟ་བུས་རང་བཞིན་གྱི་རིལ་བུ་དགུག་པའི་ཕྱིར། ལས་རྣམས་ཀུན་ལ་སྦྱར་བར་བྱ། །མཆོད་འོས་རིལ་བུ་ཐམས་ཅད་དེ། །
ཞེས་པ་བཟླས་པའི་སྔགས་དང་ལྷའི་རང་བཞིན་གྱི་རིལ་བུ་ཐམས་ཅད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཞེས་པ་སྟེང་གི་རིལ་བུ་ཆོས་ཀྱི་དབྱིངས་མཆོད་རྟེན་གྱི་གཟུགས་སོ་ཞེས་པའི་དོན་ཏོ། །རིལ་བུ་གཞན་ཡང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་དུ་

བྱའོ་ཞེས་ཁ་ཅིག་ཏུ་གསུངས་སོ། །འདི་དག་གིས་བགྲང་ཕྲེང་གི་རབ་གནས་མཚོན་པའོ། །མཉམ་གཞག་ཅེས་པ་ལ་སོགས་པ་སེམས་བརྟན་པར་གྱུར་པ་དེ་བཞིན་དུ་བཟླས་པ་དང་བསྒོམ་པ་དག་གིས་བགྲང་ཕྲེང་གི་རིལ་བུ་ལྷའི་རང་བཞིན་མཐེ་བོང་གིས་དགུག་ཅིང་སྔགས་ཀྱིས་བོད་
པའི་ཚུལ་གྱིས་བཟླས་པར་བྱའོ་ཞེས་དགོངས་པའོ། །རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །ཅེས་པ་སྔགས་གང་གིས་འབུམ་ཕྲག་གཅིག་བཟླས་པར་གསུངས་པ་དང་། འབུམ་ཕྲག་གཉིས་ལ་སོགས་པ་ཡང་སྟེ། དེ་ཉིས་འགྱུར་ལ་སོགས་པ་གཞན་རྣམས་ལ་རིག་པར་བྱའོ་
ཞེས་པའོ། །སྔགས་ཀྱི་ཚུལ་ནི་བཞི་པོ་ལ། །ཞེས་པ་སྔགས་ཀྱི་བཟླས་པ་རྣམ་པ་བཞིའོ། །དེ་དག་སྟོན་པ། ངག་གི་བཟླས་པ་ཞེས་པ་ལ་སོགས་པའོ། །འགྲོ་དང་འོང་བ་ཞེས་པ་རླུང་འགྲོ་བ་དང་འོང་བ་དང་གནས་པ་ཞེས་པའི་དོན་ཏོ། །འདི་ཟླ་བ་དང་ཉི་མ་དང་ལམ་ལྔ་བསྟན་པའི་ལེའུ་
སྔགས་ཀྱི་དེ་ཁོ་ནའི་སྐབས་སུ་ཤེས་པར་བྱ་སྟེ། འདིར་སྐབས་སུ་བབ་པ་ངག་གི་བཟླས་པའོ། །མཐའ་གསུམ་ལས་ནི་རྣམ་གྲོལ་བ། །ཞེས་པ་སྐྱེ་བ་དང་གནས་པ་དང་འཇིག་པ་སྤངས་པའོ། །ཡང་ན་འཇུག་པ་དང་གནས་པ་དང་ལྡང་བ་སྤངས་ནས་ཨ་ཝ་དྷཱུ་ཏཱི་ལ་རླུང་གཡོ་བ་མེད་
བར་འགྱུར་བའོ། །དེ་དག་གིས་འདི་ལྟར་གསུངས་ཏེ། སྤྲུལ་པའི་ཆུ་སྐྱེས་ཀྱི་སྙིང་པོ་ལ་གནས་པའི་ནཱ་ད་ལས་སྙིང་པོ་ལ་སོགས་པའི་བཟླས་པའི་སྔགས་གང་ཡང་རུང་བ་བརྗོད་པ་ན་གཡས་པ་ནས་འཐོན་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྲོས་ནས་འགྲོ་བའི་དོན་བྱ་
སྟེ། གཡོན་པ་ནས་ཞུ་བར་གྱུར་པ་རབ་ཏུ་ཞུགས་པ་དེ་ཁོ་ན་ལྟར་འབྱུང་བ་བསྒོམ་པར་བྱ་སྟེ། བརྟན་པར་གྱུར་ན་སྔགས་ཀྱི་དངོས་གྲུབ་ཐོབ་བོ། །དེ་དག་ཉིད་ཉེ་བར་སྡུད་པ་འདི་རྣམས་ཞེས་པ་ལ་སོགས་པ་སྟེ་འདི་དག་ཁོ་ནས་སྔགས་བཟླས་པའི་མཚན་ཉིད་དང་ཆོ་ག་ཡང་ངེས་
པར་བརྗོད་པའོ་ཞེས་པའི་དོན་ཏོ། །ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།ལྷ་ཡི་རྣམ་པའི་རྣལ་འབྱོར་པས། །དཀྱིལ་འཁོར་བསྐོར་བ་ཇི་ཙམ་ཞིག །ཅེས་པ་ཞུ་བ་ཉི་ཤུ་རྩ་གསུམ་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་འདི་ནི་

བསྒོམ་པའི་རིམ་པ་སྟེ། དང་པོར་རེ་ཞིག་སེམས་ཅན་ཐམས་ཅད་དཔལ་བདེ་མཆོག་འབྱུང་བའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དཔལ་བདེ་མཆོག་ཏུ་འགྱུར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྐད་ཅིག་གིས་སྟོང་པ་ཉིད་མངོན་དུ་བྱས་ཏེ། ཤེས་རབ་དང་
བཅས་པའི་བདེ་མཆོག་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཇི་ལྟ་བ་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་དག་པ་མོས་པར་བྱས་ནས་གཡོན་པའི་སྡིགས་མཛུབ་ཀྱིས་སེ་གོལ་བྱེད་པ་དང་དུས་མཉམ་དུ་ཤར་ལ་སོགས་པའི་
ཕྱོགས་རྣམས་སུ་གཡོན་སྐོར་གྱིས་སུམྦྷ་ལ་སོགས་པའི་སྔགས་བཞི་ལས་ཡང་དག་པར་བྱུང་བའི་སྔོན་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོ་བཞི་དང་དེ་དང་དུས་མཉམ་པ་ཁོ་ནར་འོག་ཏུ་ཧཱུཾ་ལས་སྐྱེས་པའི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དང་། སྟེང་དུ་དེའི་འོད་ཟེར་འཕྲོས་པ་
ལས་རྡོ་རྗེའི་མདའི་དྲ་བ་དང་། རྡོ་རྗེའི་གུར་དང་བླ་རེ་རྣམས་རྣམ་པར་བསམས་ཏེ། རང་གི་སྙིང་གར་པཾ་སེར་པོ་ལས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ། ཨོཾ་ཡིག་ལས་སྐྱེས་པའི་ཟླ་བ་ལ་ཧཱུཾ་སྔོན་པོ་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱིས་བཅོམ་ལྡན་འདས་འཆད་པར་འགྱུར་བའི་སྐུ་
འཁོར་དང་བཅས་པ་མདུན་དུ་ཡང་དག་པར་བཀུག་ནས་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་རང་གི་སྙིང་གའི་ས་བོན་ལས་འཐོན་པའི་མཆོད་པའི་ལྷ་མོ་མེ་ཏོག་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། བཟོད་གསོལ་ཞེས་པ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་
ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བཏང་སྙོམས་ཀྱི་མཐར་ཐུག་པ་རྣམ་པར་བསྒོམ་པར་བྱའོ་ཞེས་པ་བསོད་ནམས་ཀྱི་ཚོགས་སོ། །སེམས་ཅན་གཞན་བཏང་སྙོམས་སོ་ཞེས་པ་སེམས་ཅན་གཞན་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་གནས་སུ་གྱུར་པ་རྣམས་
ལ་བཏང་སྙོམས་སུ་ཐམས་ཅད་ལ་སེམས་སྙོམས་པ་ཉིད་ནི་བཏང་སྙོམས་ཞེས་པའི་དོན་ཏོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱིར། ཨོཾ་སྭ་བྷཱ་བ་ཞེས་པ་ལ་སོགས་པའི་སྔགས་ཀྱི་དོན་སྔོན་དུ་བྱའོ། །དེ་ལ་ཨོཾ་ཞེས་པ་ཁས་བླངས་པའོ། །སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿཞེས་པ་རང་

བཞིན་ཁོ་ན་ལས་སྒྱུ་མ་ལྟ་བུ་ཉིད་ཀྱིས་དག་པའི་གཟུང་བ་རྣམས་སོ། །སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པ་ཆོས་རྣམས་ཐམས་ཅད་ཇི་ལྟ་བ་དེ་ལྟར་བདག་ཅེས་པའོ། །འདི་དག་གི་གཟུང་བ་དང་འཛིན་པའི་དག་པ་གསུངས་ཏེ། སྣང་བ་དང་བཅས་པའི་སྟོང་པ་ཉིད་ཀྱང་འདིའོ། །དེའི་ཕྱིར།
སེམས་ཙམ་ལ་ནི་རྣམ་གནས་བྱ། །ཞེས་པ་དམ་པའི་དོན་གྱིས་གཟུང་བ་དང་འཛིན་པའི་དངོས་པོ་རྣམ་པར་སྤངས་པའི་ཕྱིར་འདི་དག་སེམས་ཙམ་ཁོ་ནའོ། །དེ་ཡང་། ཨོཾ་ཨཱཿཧཱུཾ་ཞེས་པ་ཡི་གེ་གསུམ་གྱི་རང་བཞིན་སྟེང་ནས་སྟེང་དུ་གནས་པའོ། །བདག་ཉིད་འདི་ལྟ་བུའི་རང་བཞིན་རྟོགས་
པར་བྱ་སྟེ། ཀྱེ་མ་སེམས་ཅན་འདི་དག་ནི་ཐོག་མ་མེད་པའི་མ་རིག་པའི་དབང་གིས་བདག་ཉིད་དེ་ལྟ་བུའི་རང་བཞིན་དུ་མ་མཐོང་བ་འཁོར་བ་ན་འཁོར་བ་དམུས་ལོང་ལྟ་བུའོ། །དེའི་ཕྱིར་བདག་གིས་དེ་རྣམས་ལ་རང་གི་ཚུལ་སོ་སོར་རྟོགས་པར་བྱའོ་ཞེས་ཆོས་ལ་དམིགས་པའི་སྙིང་
རྗེ་བསྐྱེད་ནས། དེ་རྣམས་ཀྱི་ཕྱིར་འཁོར་ལོ་གསུམ་རྣམ་པར་སྤྲོས་ཏེ་འགྲོ་བ་འཁོར་ལོ་གསུམ་དུ་བྱས་ནས་བདེ་བ་ཆེན་པོས་ཞུ་བར་བྱས་ཏེ་དེ་ཉིད་ལ་གཞུག་པར་བྱའོ། །དེ་ནས་ཨོཾ་ཡིག་ཨཱཿཡིག་ལའོ། །ཨཱཿཡིག་ཧཱུཾ་ཡིག་ལའོ། །དེ་ཡང་ཨཱུ་དང་ཧ་དང་མགོ་དང་ཟླ་བ་ཕྱེད་
པ་དང་ཐིག་ལེའི་རིམ་པས་ནཱ་ད་ལ་གཞུག་བར་བྱའོ། །དེ་ནས་ནཱ་དའི་གཟུགས་ཉིད་ཀྱིས་གནས་ཏེ། འདི་ལྟ་བུ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་བདག་གིས་མངོན་སུམ་དུ་བྱས་ནས་སེམས་ཅན་ཐམས་ཅད་ལའང་རྟོགས་པར་བྱའོ་ཞེས་པ་དམིགས་པ་མེད་པ་མངོན་དུ་བྱ་ཞིང་། ནཱ་ད་
ཙམ་གྱི་རྣམ་པར་རྟོག་པ་ཡང་དོར་བར་བྱའོ། །དེ་དག་ཉིད་གསུངས་པ། བྱང་ཆུབ་ཚོགས་ནི་བསྒོམ་རྣམས་ཀྱིས། །ཞེས་པ་སྟེ་ཡེ་ཤེས་ཀྱི་ཚོགས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །བརྟན་པར་བྱ་བའི་ཕྱིར་གསུངས་པ། ཨོཾ་ཞེས་པ་ལ་སོགས་པའོ། །སྟོང་པ་ཉིད་ལ་ཞུགས་
པའི་སྔོན་གྱི་སྨོན་ལམ་གྱི་ནུས་པ་ལས་ལྡང་བའི་རིམ་པ་གསུངས་པ། རྟེན་དང་བརྟེན་པ་ལ་སོགས་པ་སྟེ་བརྟེན་པའི་སྟེང་དུ་བྷཻ་རཾ་པ་སོགས་ཞེས་པའི་དོན་ཏོ། །བྷཻ་རཾ་པ་སོགས་རྣམས་བསམ་བྱ། །ཞེས་པ་བྷཻ་རཾ་པ་ཞེས་བྱ་བའི་རླུང་དེ་གང་གི་ཐོག་མ་ཡིན་པ་དེ་བཞིན་དུ་དེའོ། །

དེ་དག་སྟོན་པ། ཡཾ་ཞེས་པ་ལ་སོགས་པས་བརྒྱན་པའི་བར་དེ་གོ་སླའོ། །དེ་སྟེང་པདྨ་ལྟེ་བ་དང་། །གེ་སར་ལྡན་པ་བསྒོམ་པར་བྱ། །ཞེས་པ་དེའི་སྟེང་དུ་ཚིག་ལས་སྔོན་དུ་ཤེས་པར་བྱའོ། །དེ་དབུས་རྣལ་འབྱོར་བསྒོམ་པར་བྱ། །ཞེས་པ་ཟླ་བའི་དཀྱིལ་འཁོར་
རོ། །ཨཱ་ལི་ཀཱ་ལིའི་རྣམ་དག་ལས། །ཞེས་པ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་སྟེ། འདིར་ནི་ཟླ་བའི་དཀྱིལ་འཁོར་བསྐྱེད་པ་རྣལ་འབྱོར་དུ་རྣམ་པར་གཞག་གོ། །དེའི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཐོད་པའི་ཕྲེང་བས་བརྒྱན་པའི་ཐོད། །ཅེས་པ་ཞལ་སོ་སོ་ལ་དེ་བཞིན་གཤེགས་
པ་ལྔའི་བདག་ཉིད་ཅན་ཐོད་པ་ལྔ་དང་ལྡན་པ་ཉིད་ལས་སོ། །དགོང་བྱ་ཞེས་པ་བསྒོམ་པར་བྱ་སྟེ། པདྨའི་ཕྱོགས་གནས་ལ་ཞེས་པ་ཕྱོགས་ཀྱི་འདབ་མ་རྣམས་ལའོ། །གལ་ཏེ་ཡང་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་འདི་དག་བཅོམ་ལྡན་འདས་རྫོགས་པ་དང་དུས་མཉམ་པ་
ཁོ་ནར་རྫོགས་པ་དེ་ལྟ་ན་ཡང་རྣམ་པར་རྟོག་པའི་བསྒོམ་པ་གཅིག་གི་ཚེ་ཡུལ་དུ་བྱ་བར་མི་ནུས་པའི་ཕྱིར་རིམ་པས་གསུངས་ཏེ། ཕྱག་དང་ཞལ་ལ་སོགས་པའི་རིམ་པས་གསུངས་པ་བཞིན་ནོ། །དེ་ནས་རྣམ་པ་ཐམས་ཅད་རྫོགས་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡེ་ཤེས་
སེམས་དཔའ་དང་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཡང་རྣམ་པར་བསྒོམས་ནས། ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཱཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་ཅིང་མིག་ལ་སོགས་པ་དྲུག་པོ་རྣམས་
ལ་གཏི་མུག་རྡོ་རྗེ་ལ་སོགས་པ་དྲུག་དང་། ས་ལ་སོགས་པ་རྣམས་ལ་ལྟུང་བྱེད་མ་ལ་སོགས་པ་དང་། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་བསྒོམ་སྟེ། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་ལ་གོ་ཆ་གཉིས་བྱ་སྟེ།
གཅིག་ནི་ཨོཾ་ཧ་ཞེས་པ་ལ་སོགས་པའོ། །གཉིས་པ་ནི་ཨོཾ་བཾ་ཞེས་པ་ལ་སོགས་པའོ། །སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རྩིབས་སྟོང་པའི་འཁོར་ལོའི་གཟུགས་ཉི་ཤུ་རྩ་བཞིར་ཉི་མའི་དཀྱིལ་འཁོར་རྣམས་ལ། པཱུ་ཛ་ལ་སོགས་པའི་ཡི་གེ་རྣམས་ཀྱང་ཞེས་ཁ་ཅིག་

གོ། །དེའི་རྗེས་ལ་པདྨ་དང་རྡོ་རྗེའི་འདུ་བྱེད་སྔོན་དུ་འགྲོ་བའི་ཤིན་ཏུ་དགའ་བ་བརྩམ་ཞིང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་དང་། འབར་བའི་ཕྱག་རྒྱ་དང་ཕཻཾ་ཡིག་གིས་ཀྱང་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿ། ཞེས་པའི་སྔགས་རྣམས་ཀྱིས་དགུག་པ་
ལ་སོགས་པ་བྱས་ནས་པད་སྐོར་སྔོན་དུ་འགྲོ་བའི་འཁྱུད་པའི་ཕྱག་རྒྱས་མཉེས་པར་བྱ་སྟེ། སྔར་བཞིན་སྔགས་གསུམ་གྱིས་བྱིན་གྱིས་བརླབ་ཅིང་ཡེ་ཤེས་ཀྱི་འཁོར་ལོ་དང་ལྷན་ཅིག་བྱོན་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །
དབང་བསྐུར་བའི་དེ་མ་ཐག་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་གི་སྤྱི་བོར་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དག་གོ། །མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱི་སྤྱི་བོར་རིམ་པ་ཇི་ལྟ་བར་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་
དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་སོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་དོན་ཡོད་གྲུབ་པ་ཉིད་དེ་རྒྱས་གདབ་པ་སྔོན་དུ་འགྲོ་བའི་རང་གི་སྙིང་གའི་ས་བོན་ལས་འཐོན་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་ནས་ལྷ་མོ་རོ་མས་དྲངས་པའི་རོ་
མྱངས་ཏེ་རིམ་ཀྱིས་འོད་གསལ་ལ་གཞུག་པར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ། ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་དགའ་བའི་སྒྲས་ཡང་དག་པར་བཀུག་པའི་འགྲོ་བ་དུར་ཁྲོད་ལའོ། །དུར་ཁྲོད་དམ་ཚིག་གི་འཁོར་ལོ་ལའོ། །དེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལའོ། །དེ་
རྣམས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་ཁོ་ན་ལའོ། །དེ་དག་ཀྱང་རིམ་གྱིས་འོད་གསལ་ལ་བཅུག་སྟེ་དེ་ནས་འོད་གསལ་ལ་གནས་པ་དང་ལྡང་བ་དང་འཇུག་པའོ། །སྐྱོ་བར་གྱུར་ན་སྔགས་ཀྱི་ལེའུར་གསུངས་པའི་ཆོ་གས་སྔགས་བཟླས་ཏེ། ལྡང་བར་འདོད་ན་ཇི་ལྟར་
བྱ་ཞེ་ན་གསུངས་པ། ཆོས་དང་ཞེས་པ་ལ་སོགས་པ་སྟེ། ཆོས་ལ་སོགས་པའི་འཁོར་ལོ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བསྒོམ་ཞིང་ཞལ་དང་སྣ་བུག་གཡོན་པ་དང་བཤང་བའི་སྒོ་དང་སྣ་བུག་གཡས་པ་རྣམས་ལ་ཁྭ་གདོང་མ་ལ་སོགས་པ་རྣམས་དང་། རྣ་བ་གཡས་པ་དང་

གཡས་མིན་དང་མིག་གཡས་པ་དང་གཡས་མིན་རྣམས་ལ་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་བཅུག་སྟེ། སྤྱི་བོ་ལ་སོགས་པ་རྣམས་ལ་སྔར་བཞིན་རྩ་ཉི་ཤུ་རྩ་བཞི་དང་། དེ་དང་སྙོམས་པར་ཞུགས་པའི་སོ་དང་སེན་མོ་ལ་སོགས་པའི་ཁམས་ཀྱང་ངེས་
པར་བྱ་ཞིང་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་གསང་གནས་དང་། དེའི་སྙོམས་པར་འཇུག་པ་ཡང་བླ་མའི་གདམས་ངག་ལས་ཤེས་པར་བྱས་ལ། བདག་ཉིད་དང་སྣ་ཚོགས་པ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་བལྟས་ཏེ་ཇི་ལྟར་བདེ་བ་རྣམ་པར་སྤྱད་པར་བྱའོ་
ཞེས་པའོ། །དེ་དག་ཉིད་ཉེ་བར་སྡུད་པ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་གསུངས་པའི་ལུས་ཀྱི་རང་བཞིན་ནི་དཔའ་བོ་སྟེ་སངས་རྒྱས་ཐམས་ཅད་དང་མཚུངས་པར་འགྱུར་རོ། །འདི་དག་གང་གི་ཕྱིར་ཞེ་ན་གསུངས་པ། གཉིས་མེད་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བདེ་
བ་ཆེན་པོའི་རང་བཞིན་དེ་སྟོང་པ་དང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་གོ་འཕང་བསྟན་ཏོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གང་གི་ལམ་ཉིད་བསྐྱེད་པའི་རིམ་པ་སྤྲོས་པའི་རིམ་པ་བསྒོམས་པས་ཏིང་ངེ་འཛིན་ཡང་ཐོབ་པར་མི་འགྱུར་ན། གང་
ལ་སླར་ཡང་སངས་རྒྱས་ཉིད་དེ་རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ། །དེ་ལྟར་ཡང་རེ་ཞིག་རིམ་པས་བསྒོམ་པར་བྱ་བ། རྟེན་དང་བརྟེན་པའི་རང་བཞིན་ལྷ་དུ་མའི་འཁོར་ལོ་བརྟགས་པའི་ཚུལ་ལ་སེམས་བརྟན་པར་བྱེད་པ། ལྷན་ཅིག་ལ་ཡང་སྐད་ཅིག་གིས་རྫོགས་པར་ལྷག་
པར་མོས་པས་བསྒོམས་པ་ན། གང་གི་ཚེ་ཞལ་བསྒོམས་པ་དེའི་ཚེ་ཕྱག་ལ་སོགས་པ་བསྒོམ་པ་མེད་དེ། དེ་ལྟར་གང་གི་ཚེ་ཕྱག་ལ་སོགས་པའི་ཡན་ལག་གཞན་དང་གཞན་བསྒོམས་པ་དེའི་ཚེ་ཞལ་ལ་སོགས་པ་བསྒོམ་པ་མེད་དོ། །མ་བསྒོམས་ན་ཡང་ཞལ་ལ་སོགས་པ་
གསལ་བ་མ་ཡིན་ཏེ་རྣམ་པར་རྟོག་པ་གཉིས་ནི་ཅིག་ཅར་མ་ཡིན་ནོ་ཞེས་སྐྱེ་བོ་ཐམས་ཅད་ཀྱི་རང་རིག་གིས་གྲུབ་བོ། །དེ་གང་ལས་ཞེ་ན་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་རྣམ་པར་རྟོག་པ་དུ་མས་འཁྲུགས་པའི་ཕྱིར་རོ། །གང་ཡང་སངས་རྒྱས་ཉིད་ནི་བསོད་

ནམས་དང་ཡེ་ཤེས་ཀྱིས་ཚོགས་ཀྱི་འབྲས་བུ་སྟེ། དེ་ཇི་ལྟར་བསྒོམ་པ་ཙམ་གྱིས་འགྱུར་བ་མ་ཡིན་ཏེ། དབུལ་པོ་འགའ་ཞིག་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོའོ་ཞེས་བསྒོམས་པས་འཁོར་ལོས་སྒྱུར་བ་ཉིད་ཐོབ་པ་དང་། ཡི་དགས་བསྒོམས་པས་ཡི་དགས་ཉིད་ཐོབ་པར་
འགྱུར་ཏེ། གང་གི་ཕྱིར་དགེ་བ་དང་མི་དགེ་བའི་ལས་འབྲས་བུ་དང་བྲལ་བར་ཐལ་པའི་ཕྱིར་རོ། །བསྒོམས་པས་ཡུལ་ཅུང་ཟད་གསལ་བར་འགྱུར་མོད། དེ་ལྟ་ན་ཡང་འདོད་པ་ཅན་གྱི་འདོད་མའི་རྣམ་པ་གསལ་བ་ལྟར་དུས་སྐད་ཅིག་ཙམ་རྗེས་སུ་འབྲེལ་བར་འགྱུར་རོ། །བརྟགས་
པ་ཉིད་ཀྱིས་བརྫུན་པའི་བདག་ཉིད་ཀྱི་ཕྱིར་ཏེ། དེ་ཉིད་མ་ཡིན་པའི་མངོན་པར་ཞེན་པ་ལས་བྱུང་བ་ཉིད་ཀྱིས་འཇིག་རྟེན་པའི་ཆོས་རྣམས་ནི་དེ་ལྟར་མི་རྟག་པ་ཉིད་དོ། །བརྟགས་པའི་རྣལ་འབྱོར་ནི་འཇིག་རྟེན་པའི་ཆོས་རྣམས་ལས་ཀྱང་ཤིན་ཏུ་བརྫུན་ཏེ། ཁ་དོག་དང་དབྱིབས་དང་བྲལ་
བའི་སྒྲ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་དེས་སྒོམ་པར་བྱེད་པའི་ཕྱིར་རོ། །གང་ཡང་གསལ་བར་གྱུར་པ་དུས་སྐད་ཅིག་ཏུ་གནས་ཀྱང་དགོས་པ་མེད་པ་ཉིད་དོ། །གཟུགས་ཅན་རྣམས་ནི་སོ་སོར་ངེས་པའི་ཡུལ་དང་དུས་ལ་གནས་པའི་ཕྱིར་རོ། །ཁྱད་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་
འགྲོ་བའི་དོན་ལ་ཉེ་བར་མཁོ་བའི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དང་མི་ལྡན་པའི་ཕྱིར་རོ། །ཁྱབ་པ་ནི་རྣམ་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་གོ། །གཟུགས་ཅན་ནི་ཁྱབ་པར་བྱེད་པ་ཉིད་མ་ཡིན་ཏེ། བུམ་པ་ཡང་ཁྱབ་པར་བྱེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །གལ་
ཏེ་ཡང་གང་བསྒོམས་པ་དེ་ཁོ་ན་གསལ་བར་འགྱུར་རོ་ཞེས་འདོད་པ་ཡིན་ནོ་ཞེ་ན། དེ་ཇི་ལྟར་གཟུགས་སྣ་ཚོགས་པའི་ནོར་བུ་བཞིན་དུ་གདུལ་བྱ་མོས་པ་ཐ་དད་པ་དུ་མའི་མངོན་པར་འདོད་པ་རྣམ་པ་དུ་མ་ཅིག་ཅར་རབ་ཏུ་གསལ་བ་དེ་ཡང་འདོད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གདུལ་བྱ་མཐའ་
ཡས་པའི་མོས་པའི་དབྱེ་བ་ལས། རྣམ་པ་སྣ་ཚོགས་པ་གཞལ་དུ་མེད་པ་དང་ལྡན་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་དག་ནི་བསྒོམ་པར་མི་ནུས་པའི་ཕྱིར་དེའི་རྒྱུ་ཁོ་ན་ལ་འབད་པར་བྱའོ། །དེ་ཡང་བསྒོམ་པ་ཙམ་ཉིད་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་རིག་པ་ལས་སྤྲོས་པའི་

རྣམ་པ་བསྒོམས་པས་སངས་རྒྱས་ཉིད་མ་ཡིན་ནོ། །ལུང་ལས་ཀྱང་མ་ཡིན་ཏེ། དེ་ལྟར་ཡང་དཔལ་རྡོ་རྗེ་མཁའ་འགྲོར། ཇི་ལྟར་རྒྱུད་ཀྱི་རྗེས་འབྲངས་པས། །བྱས་པའི་མངོན་རྟོགས་ལ་མི་རྣམས། །འབད་པས་ཉོན་མོངས་བསླང་བྱས་ཏེ། །རང་གི་སེམས་
ནི་རྣམ་པར་འཇོམས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལ་སོགས་ཆོ་ག་ཡི། །བྱ་བས་རྣམ་ཐར་མི་འགྱུར་ཏེ། །འཁྲུལ་པ་ཁོ་ནའི་རྒྱུ་ཡིན་ནོ། །ཞེས་པའོ། །དཔལ་བརྟག་པ་གཉིས་ཀྱི་རྒྱལ་པོར་ཡང་། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །
དཀྱིལ་འཁོར་པ་མེད་དཀྱིལ་འཁོར་ཡང་ནི་ཡོད་མ་ཡིན། །དེ་ནི་སྔགས་བཟླས་དཀའ་ཐུབ་དེ་སྟེ་སྦྱིན་སྲེག་དེ། །དེ་ནི་དཀྱིལ་འཁོར་པ་དེ་དེ་ནི་དཀྱིལ་འཁོར་ཡང་། །བསྡུས་པ་ལས་ནི་འདུས་པ་སེམས་ཀྱི་གཟུགས་ཅན་ནོ། །ཞེས་པའོ། །དཔལ་ཐིག་ལེ་ཁ་སྦྱོར་ལས་ཀྱང་། སྟོང་པར་
བསྒོམ་པར་བྱ་མིན་ཏེ། །སྟོང་མིན་ཡང་ནི་བསྒོམ་པ་མིན། །སྟོང་མིན་སྟོང་པར་འཛིན་པ་ལས། །གཞན་དུ་རྟོག་པ་སྐྱེ་བར་འགྱུར། །ཞེས་པའོ། །ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་ཀྱང་། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །བཟླས་དང་བསྒོམ་པའི་རྩོལ་བ་སྟེ། །བསྐལ་བ་
བྱེ་བར་གྲངས་མེད་ཀྱིས། །མཆོག་གི་གྲུབ་པ་ཉིད་མི་འགྱུར། །ཞེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །སྔགས་མེད་རྒྱུ་མེད་ཤེས་བྱ་འཛིན་པ་མེད། །ཀྱེ་ཧོ་ཐམས་ཅད་རྨོངས་དང་འཁྲུལ་པའི་རྒྱུ། །དྲི་མེད་སེམས་ལ་སྒོམ་པས་གོས་མི་བྱ། །བདེ་བར་གནས་པའི་སེམས་
ལ་སྡུག་མི་བྱ། །ཞེས་པ་ལ་སོགས་པའོ། །གལ་ཏེ་དེ་ལྟར་ན་ལྷའི་རྣམ་པ་དང་བསྒོམ་པ་ལ་སོགས་པ་ཇི་ལྟར་ཉེ་བར་བསྟན་ཞེ་ན་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་སྟེ། དེ་འདོད་པ་རྣམས་ཁོ་ནའི་དོན་དུའོ་ཞེས་ཁ་ཅིག་གོ། །དེ་གསུངས་པ། དང་པོའི་ལས་ཅན་སེམས་ཅན་གྱི། །
ལྷ་ཡི་སྐུ་ནི་བསྒོམས་པ་ཡིས། །ལས་ཀུན་རབ་ཏུ་བསྒྲུབ་པའི་ཕྱིར། །དང་པོར་རྒྱུད་དུ་ངེས་པར་བསྟན། །ཞེས་པའོ། །དེ་ཁོ་ནའི་ཡེ་ཤེས་ཀྱི་སྐལ་བ་དང་ལྡན་པར་བྱ་བའི་དོན་ཙམ་ཉིད་དོ་ཞེས་གཞན་ནོ། །དཔལ་ཧེ་རུ་ཀ་ལ་སོགས་པའི་གཟུགས་བསྒོམས་པས་དེ་ཙམ་ཁོ་ན་འགྲུབ་

པར་འགྱུར་ཏེ་དེ་ལྟར་ཡང་། མཐའ་ཡས་བྱང་ཆུབ་བདེ་བར་གཤེགས་པས་བསྟན། །ཞེས་པ་སྟེ་གཞན་ནོ། །འདི་ལ་སོགས་པ་དེ་རྣམས་ཐམས་ཅད་ཡོད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟོང་པ་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱིས་
བཅོམ་ལྡན་འདས་ནི་བསྒྲུབ་པར་བྱ་བ་དང་བསྒོམ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཙམ་ནི་ངེས་པར་བསྒོམ་པར་བྱ་བ་མ་ཡིན་ནོ། །ཆོས་ཉིད་ཙམ་ཡང་རྣམ་པའི་འཁོར་ལོས་ལོགས་སུ་འགྲམ་དུ་གནས་པ་མི་སྲིད་དོ། །གང་འབའ་ཞིག་པ་བསྒོམ་པར་བྱ་བར་འགྱུར་བ། འབའ་
ཞིག་པ་དེ་སྒོམ་པ་དེ་ནི་དེ་ཁོ་ནའི་དོན་སྒོམ་པ་མ་ཡིན་པ་ཁོ་ནའོ། །དེ་གསུངས་པ་འཕགས་པ་ལྷའི་ཞབས་ཀྱིས། དངོས་མེད་བསྒོམ་པའི་རྨོངས་པ་རྣམས། །འབའ་ཞིག་པ་གང་ཉེ་བར་བརྟེན། །བྱིས་པའི་ནམ་མཁའི་ཆོས་ཅན་ཏེ། །དེ་ནི་བེམས་པོའི་མཆོག་རབ་འགྱུར། །ཞེས་པའོ། །
འཕགས་པའི་ཞབས་ཀྱིས་ཀྱང་། །སྐྱེ་བ་མེད་ཅེས་སྟོང་པ་ཞེས། །བདག་མེད་ཅེས་ཀྱང་ཆོས་ཉིད་ནི། །དམན་པའི་བདག་ཉིད་གང་སྒོམ་པ། །དེ་ནི་དེ་ཡི་སྒོམ་པ་མིན། །ཞེས་སོ། །དེའི་ཕྱིར་ལྷའི་རྣམ་པ་ཙམ་ལ་བརྟན་པར་བྱས་ནས་ཟུང་འཇུག་གཉིས་སུ་མེད་པའི་རང་བཞིན་བདེ་བ་
ཆེན་པོའི་རང་བཞིན་ཁོ་ན་བླ་མའི་གདམས་ངག་ལས་བསྒོམ་པར་བྱ་བ་ཉིད་དོ་ཞེས་པ་དེ་ཇི་ལྟར་བརྗོད་པའི་སྐྱོན་གྱི་སྐབས་ག་ལ་ཡོད། འོན་ཀྱང་གང་རེ་ཞིག་བརྗོད་པའི་ཏིང་ངེ་འཛིན་ཡང་ཐོབ་པར་མི་འགྱུར་རོ་ཞེས་པ་དེ་ནི་བདེན་པ་མ་ཡིན་ཏེ། གུས་པ་ལ་སོགས་པ་གོམས་པ་ཁྱད་
པར་དུ་འཕགས་པའི་སེམས་དམིགས་པའི་དངོས་པོ་ལ་བརྟན་པ་ཐོབ་པར་འགྱུར་བ་མྱོང་བས་གྲུབ་པའི་ཕྱིར་རོ། །དེ་གསུངས་པ། དེའི་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །བསྒོམས་པས་སྟོབས་ནི་རྫོགས་པས་ན། །དེ་གསལ་མི་རྟོག་བློ་འབྲས་
བུ། །ཞེས་པའོ། །རྒྱུད་ལས་ཀྱང་། གང་གང་གིས་ནི་བསྒོམ་པ་ཡིས། །མི་རྣམས་ཀྱི་ཡིད་ཡང་དག་སྦྱོར། །དེ་ཡིས་དེ་ཡི་རང་བཞིན་འགྱུར། །ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །ཞེས་པའོ། །རྣམ་པ་གཅིག་མ་ཡིན་པ་ལ་ཡང་། རྟོག་པ་དང་བྲལ་བའི་མཐོང་བ་དང་ཐོས་

པ་དག་ཅིག་ཅར་དེ་ཁོ་ན་ལྟར་རབ་ཏུ་གསལ་བར་འགྱུར་རོ་ཞེས་པ་ཡང་མྱོང་བས་གྲུབ་པ་ཁོ་ནའོ། །ཆོས་ཐམས་ཅད་ཡིད་ཀྱི་རང་བཞིན་ཙམ་གྱི་ལུས་ཉིད་ཀྱི་ཕྱིར་འཁོར་ལོས་སྒྱུར་བ་ལ་སོགས་པ་བསྒོམས་པ་ལས་ཀྱང་དེ་གསལ་བར་འགྱུར་བ་ལ་འགལ་བ་ག་ལ་
ཡོད། གསུངས་པ་ཡང་ས་ར་ཧའི་ཞབས་ཀྱིས་ཀྱང་། མཐའ་དག་སྲིད་པའི་ས་བོན་སེམས་གཅིག་པུ། །མྱ་ངན་འདས་ཀྱང་གང་ལ་རྣམ་པར་འཕྲོ། །ཡིད་བཞིན་ནོར་བུ་ལྟ་བུར་འདོད་པ་ཡི། །འབྲས་བུ་སྟེར་བ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །སྔགས་ཀྱི་ཚུལ་ལ་ལམ་
ཡང་བསྒོམ་པའི་བདག་ཉིད་ཁོ་ནའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པ་བྱ་བའི་རང་བཞིན་གྱི་ལམ་ཁས་བླངས་པ་རྣམས་ཀྱི་ཡང་བསྒོམ་པའི་བདག་ཉིད་ཁོ་ནས་ཐམས་ཅད་རབ་ཏུ་རྫོགས་ཏེ་ཚུལ་ཁྲིམས་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་ལ་མི་ལྟོས་པའི་ཕྱིར་རོ། །གསུངས་
པ་ཡང་། ཉ་ལ་སོགས་རྣམས་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འདོད། །ཞེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་ཀྱང་གསུངས་པ། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །
སྐྱེ་བོ་ཀུན་ལ་བཏང་སེམས་ལ། །སྦྱིན་པའི་ཕ་རོལ་ཕྱིན་པར་གསུངས། །དེ་ཕྱིར་དེ་ནི་སེམས་ཉིད་དོ། །ཞེས་པའོ། །ཡེ་ཤེས་ཚོགས་ནི་བསྒོམ་པ་ཙམ་གྱིས་འགྱུར་རོ་ཞེས་གསལ་བར་རྟོགས་སོ། །དེའི་ཕྱིར། བསྒོམ་པ་ཁོ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་
པར་བྱེད་དོ་ཞེས་པའོ། །ཇི་ལྟར་འཕགས་པའི་ཞབས་ཀྱིས། ཐེག་པ་ཆེན་པོ་བདག་ཉིད་ཆེ། །བསོད་ནམས་ཡེ་ཤེས་དག་གི་ཚོགས། །ཀུན་མཁྱེན་གོ་འཕང་དེ་ཡི་ཕྱིར། །སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་པའོ། །དེ་བཞིན་དུ། གཞན་ཉིད་ཀྱི་ནི་མོས་པ་འདི། །བྱང་
ཆུབ་སྦྱོར་བ་གཞན་དུ་སྟེ། །སེམས་ཀྱི་རྣམ་པ་དག་པའང་གཞན། །འདིར་ནི་འབྲས་བུ་གཞན་དུ་མཐོང་། །ཞེས་པ་དང་། ཇི་ལྟར་འཁྲི་ཤིང་ཡང་དག་འབྱུང་། །མེ་ཏོག་འབྲས་བུ་ཡང་དག་ལྡན། །དེ་བཞིན་སྐད་ཅིག་རྫོགས་བྱང་ཆུབ། །ཚོགས་གཉིས་ཡང་དག་འབྱུང་བའོ། །

ཞེས་པ་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་ཡུན་རིང་པོ་མ་ཡིན་པར་གནས་པ་ཉིད་དུ་ཐལ་བ་ཡང་མ་ཡིན་ཏེ། དེ་ཉིད་མ་ཡིན་པའི་མངོན་པར་ཞེན་པ་ལས་བྱུང་བ་ཁོ་ན་བཟློག་པ་ཁོ་ནའི་ཕྱིར་རོ། །སྒྲ་ལ་སོགས་པ་རྣམས་ཀྱང་ཕྱག་དང་ཞབས་ལ་སོགས་པའི་རྣམ་པ་ལྟར་ཁ་དོག་ལ་སོགས་
པ་དང་ལྡན་པ་ཉིད་ཀྱིས་སེམས་ལས་མི་ལྡོག་ཅིང་འཇུག་པ་ཁོ་ནའོ། །དེ་ལྟར་ན་ཡང་བཅོམ་ལྡན་འདས་ཀྱི་སྤྱན་ཡང་ཉན་ནོ། །བསྒོམ་མོ་ཞེས་པ་ལ་སོགས་པ་རྒྱས་པར་འགྱུར་རོ། །རྒྱུད་ལས་ཀྱང་། ཀུན་ནས་ཕྱག་དང་ཞབས་དང་ལྡན། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་
ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ལ་ནི་ཁྱབ་པར་གནས། །ཞེས་པའོ། །གཟུགས་ཅན་ཉིད་ཡིན་ཡང་མ་ཁྱབ་པའི་སྐྱོན་མེད་དེ་གཟུགས་ཀྱང་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་གསུངས་པ། བཅོམ་ལྡན་འདས་མ་ལས་གཟུགས་མཐའ་ཡས་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའོ་ཞེས་པ་ལ་སོགས་པའོ། །བུམ་པ་ནི་བརྟགས་པ་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་ལས་བྱུང་བ་ཉིད་ལས་མ་ཁྱབ་པ་ཉིད་ཐ་སྙད་བྱ་བའི་གཟུགས་ཅན་ཉིད་ཙམ་གྱིས་ནི་མ་ཡིན་ནོ། །སྟོང་པ་ཉིད་དང་རོ་གཅིག་པའི་སྙིང་རྗེ་ཆེན་པོས་བྱས་པའི་
སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཉིད་ཀྱིས་གཟུགས་སྣ་ཚོགས་པ་སྟེ། སྟོང་པ་ཉིད་ཙམ་བསྒོམས་པས་ནི་མ་ཡིན་ནོ། །དཔལ་བདེ་མཆོག་ལ་སོགས་པའི་རྣམ་པ་ཡང་། དེ་ཁོ་ན་ལྟར་བསྒོམ་པར་བྱ་བ་དང་། གཟུགས་སྣ་ཚོགས་པ་འགྲུབ་པ་གང་གིས་དགག་པར་བྱ་
སྟེ། ལུང་གིས་འགལ་བ་ནི་དགོངས་པ་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །དེ་ལྟར་ཡང་གང་ཞིག་ལྷའི་རྣམ་པ་ལ་སོགས་པ་འབའ་ཞིག་ཁོ་ན་ལ་དེ་ཉིད་དུ་ཞེན་པ་དེ་རྣམས་ལ་བརྩམས་ནས། ཇི་ལྟར་ཞེས་པ་ལ་སོགས་པ་གསུང་རབ་དང་གྲུབ་པའི་སློབ་དཔོན་གྱི་གསུང་ཡང་
སྟེ། དེ་ཁོ་ནར་བདེན་པ་གཉིས་སུ་མེད་པའི་རང་བཞིན་གྱི་ཕྱིར་རོ། །དེ་དང་བྲལ་བས་ཀྱང་གྲོལ་བར་འཐད་པ་མ་ཡིན་ནོ། །དེ་གསུངས་པ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ། །གང་ཞིག་དེ་ཉིད་མི་ཤེས་པ། །

དེ་རྣམས་ཀུན་ལ་འབྲས་བུ་མེད། ཅེས་པའོ། །ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་ཀྱང་རྒྱས་པར་བརྗོད་པ་ལས་གསུངས་པ། ལོག་པ་དེ་ཉིད་ཐམས་ཅད་ནི། །བརྟགས་པ་ཤིན་ཏུ་སྤངས་པ་ཡིས། །ཞེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །གལ་ཏེ་ས་
འོག་ལ་འཛུལ་ལམ། །ཡང་ན་མཁའ་ལ་འགྲོ་ཡང་རུང་། །རྣམ་པ་ཐ་དད་རྟོག་པས་ནི། །ཐར་པའི་རེ་བ་ག་ལ་ཡོད། །ཞེས་སོ། །འོ་ན་དེ་ཉིད་སྤྲོས་པ་བསྒོམ་པའི་དོན་དང་བྲལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བསྒྲུབ་བྱ་ཟུང་འཇུག་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་ཕྱིར་རོ། །
དེ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཁོ་ན་དེ་བཞིན་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་འགྲུབ་བོ། །དེ་གསུངས་པ། དཔལ་བརྟག་པ་གཉིས་པའི་རྒྱལ་པོར། བདེ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །
བདེ་བ་རྒྱུ་མི་རྒྱུ་མཐའ་དག །བདེ་བ་ཤེས་རབ་བདེ་བ་ཐབས། །བདེ་བ་ཀུན་དུ་རུ་སྐྱེས་དྲན། །བདེ་བ་དངོས་པོ་བདེ་དངོས་མེད། །བདེ་བ་རྡོ་རྗེ་སེམས་དཔར་དྲན། །ཞེས་པའོ། །གལ་ཏེ་ཟུང་འཇུག་གི་རང་བཞིན་དེ་དག་ཁོ་ན་བླ་མའི་གདམས་ངག་ལས་སྤྲོས་པ་མཐའ་དག་དོར་ཏེ་
གོམས་པར་བྱེད་པ་དེ་ནི་གལ་ཏེ་ནུས་ནའོ། །འོན་ཏེ་གང་གི་ཡུལ་རགས་པ་ཁོ་ན་ལ་རབ་ཏུ་ཞུགས་ཏེ། མ་ནུས་ན་ཇི་ལྟར་དེའི་མཆོག་ཏུ་ཕྲ་བའི་རྣམ་པ་དེ་ལྟ་བུ་ལ་རབ་ཏུ་གཞུག་ཅེས་པ་མི་ཤེས་སོ། །གལ་ཏེ་བླ་མའི་གདམས་ངག་ཁོ་ན་ལས་སོ་ཞེ་ན་དེ་ནི་འདི་དག་དད་པར་བྱ་
བའོ། །རྫོགས་པ་བསྒོམ་པ་མེད་པར་གསུངས་པའི་རིགས་པ་དང་། ལུང་ལས་ཀྱང་མི་འཐད་པའི་ཕྱིར་ཏེ། དེ་ལྟར་ཡང་དཔལ་བརྟག་པ་གཉིས་ཀྱི་རྒྱལ་པོར་རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དམ་པའི་བདེ་བ་བདེ་ཆེན་དྲན། །རྫོགས་
པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ལ་ནི་དགོས་པ་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་འདི་ཉམས་སོ། །ཞེས་པ་དང་། གང་ཕྱིར་ལུས་ཀྱི་དངོས་མེད་བདེ། །བདེ་བ་སྨྲ་བར་ནུས་མ་ཡིན། །ཁྱབ་བྱ་ཁྱབ་

བྱེད་རང་བཞིན་གྱིས། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་གནས་པའི་དྲི། །མེ་ཏོག་དངོས་མེད་རྟོགས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །ཞེས་པ་དང་དེ་བཞིན་དུ། །ལྟོས་བཅས་ནུས་པ་མེད་ཉིད་ཕྱིར། །
ལྷ་ཡི་རྣམ་པ་ལས་བདེ་བ། །ཞེས་པ་དང་། དེ་ཕྱིར་སངས་རྒྱས་དངོས་མེད་མིན། །དངོས་པོའི་གཟུགས་ཀྱང་དེ་ཉིད་མིན། །ཕྱག་ཞལ་རྣམ་པ་གཟུགས་ཅན་དང་། །གཟུགས་མེད་པ་ལ་མཆོག་གི་བདེ། །ཞེས་པའོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་། །དོན་འདི་ཁོ་ན་ལ་དགོངས་
ཏེ་གསུངས་པ། མདོ་རྒྱུད་རྟོག་བསྲེས་སུ། བདག་ལྟ་བུའི་སོ་སོ་སྐྱེ་བོས་ཐོག་མ་མེད་པའི་ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པ་སྣ་ཚོགས་པའི་མངོན་པར་ཞེན་པས། མེད་པ་ཉིད་དང་ཡོད་པ་ཉིད་གཅིག་ཉིད་དང་དུ་མ་ཉིད་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་ཡོད་པ་མ་ཡིན་
པ་དང་མེད་པ་མ་ཡིན་པ་དང་རྟག་པ་དང་མི་རྟག་པའི་བག་ཆགས་ཀྱི་རང་བཞིན་གྱི་རྒྱུ་མངོན་པར་རྟོགས་པའི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཇི་ལྟར་རིམ་པས་བསླབ་པར་བགྱིའམ། འོན་ཏེ་བླ་མའི་གདམས་ངག་
ཙམ་གྱིས་སྐད་ཅིག་གིས་གསལ་བར་བགྱི། རྡོ་རྗེ་སློབ་དཔོན་གྱིས་བཀའ་སྩལ་པ། རིམ་གྱིས་ཞུགས་ཏེ་བསླབ་པར་བྱའི་ཅིག་ཅར་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །དེ་དག་གིས་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཕལ་ཆེར་དང་མི་
ལྡན་པ་ཁོ་ན་སྟེ་འཕགས་པའི་ས་ཐོབ་པ་ནི་རྫོགས་པའི་རིམ་པ་གོམས་པར་བྱེད་པར་རིགས་སོ་ཞེས་རྟོགས་པར་བྱའོ། །ལྷག་པར་མོས་པ་ཙམ་ནི་ཅིག་ཤོས་ཀྱི་ཡང་འགལ་བ་མེད་དོ། །གང་ཡང་གོམས་པ་མེད་པའི་ཕྱིར་དང་། འདི་ལས་ལམ་ཁོང་དུ་ཆུད་པ་མེད་པའི་
ཕྱིར་དང་། བརྗོད་པ་མེད་པའི་ཕྱིར་དང་། གློ་བུར་བའི་ཕྱིར་དང་། ཉོན་མོངས་པ་མེད་པའི་ཕྱིར་དང་། རྟག་ཏུ་ལྐོག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་དང་། བླ་མའི་བཀའི་དགའ་བ་ལས་དབང་པོའི་ཚོགས་མཐའ་དག་བཀག་པ་ལས་རང་རིག་པ་ཙམ་གང་ཅི་ཡིན་པ་དེ་ནི་བྱིན་གྱིས་

བརླབ་པའོ་ཞེས་པ་འདི་ལ་སོགས་པ་བླ་མའི་མཐུའི་དབང་དུ་བྱས་ཏེ་ཐ་ག་པ་ལ་སོགས་པས་གསུངས་པ་དེ་ཡང་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པ་དང་ལྡན་པའི་གང་ཟག་ལ་ལྟོས་ནས་རྟོགས་པར་བྱ་སྟེ། གཞན་དུ་
ན་དེ་བཞིན་གཤེགས་པ་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་སྒྲོལ་བར་འགྱུར་རོ། །དེའི་ཕྱིར་བརྟག་པ་གཉིས་པ་ལ་སོགས་པར་གསུངས་པ་ཁོ་ན་གོམས་པའི་རིམ་པའོ། །དེ་ལ་གསུངས་པ་ནི། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །སྤྲོས་པ་བསྒོམ་བྱ་བརྟུལ་ཞུགས་
ཅན། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་རྣམས་ཀྱིས་སྤྲོས་མེད་བྱས། །དེ་ལྟར་སྒྱུ་མ་ཇི་ལྟར་རྨི། །ཇི་ལྟར་བར་དོའི་སྲིད་པ་ཡིན། །དེ་བཞིན་ཉིད་དུ་དཀྱིལ་འཁོར་གསལ། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །ཞེས་པའོ། །དེ་བཞིན་དུ་འདུས་པ་ཕྱི་མར། ཐབས་ཀྱི་
རྒྱུད་དུ་གྲགས་པའི་བསྐྱེད་པའི་རིམ་པས་ནི་རྫོགས་པའི་རིམ་པ་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུ་ཉིད་ཀྱི་ཕྱིར་གཞིའི་རང་བཞིན་དུ་གསུངས་སོ། །དོན་འདི་ཉིད་ཌོཾ་བི་པའི་ཞབས་ཀྱིས་ཀྱང་བསྟན་ཏེ། བསྒོམ་པ་རྣམས་ཀྱི་ཐོག་མའི་བྱ་བ་བསྐྱེད་པའི་རིམ་པ་ལེགས་བློའི་དབང་
ཕྱུག་རྣམས། །ཕྱག་རྒྱ་སྔགས་དང་རྣམ་དག་བརྗོད་པ་ཐམས་ཅད་འདིར་ནི་ངེས་པར་བརྗོད་མི་བྱ། །ཕུལ་བྱུང་བློ་གྲོས་ཐོབ་སྟེ་སླར་ཡང་དེ་ཉིད་སེམས་གཅིག་ལེགས་པར་བློ། །རྫོགས་པའི་རིམ་པ་བསྒོམ་པའི་བསམ་གཏན་ལས་ནི་རྟག་ཏུ་དགའ་བ་སྲིད་པ་འཇོམས། །རྫོགས་
པའི་རིམ་པའི་གནས་སྐབས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་པོ་རྣམ་པའི་འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་རྒྱུན་མི་འཆད་པར་གནས་སོ་ཞེས་པ་ཡང་ཇི་ལྟར་སྒྱུ་མ་ཞེས་པ་ལ་སོགས་པ་དཔལ་ཀྱེའི་རྡོ་རྗེའི་ཚིགས་སུ་བཅད་པ་ལས་
གསལ་བར་རྟོགས་པར་བྱའོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་། ཀྱེའི། གྲོགས་པོ་ཆུ་ནང་ཟླ་བ་ལྟར། །བརྫུན་པ་དང་ནི་བརྫུན་མ་ཡིན། །དཀྱིལ་འཁོར་འཁོར་ལོ་དེ་ལྟར་ཏེ། །ལུས་ནི་རང་བཞིན་གྱིས་དག་པ། །ཞེས་པའོ། །གང་ཡང་། གང་ལས་དེ་བཞིན་གཤེགས་

ཆགས་པ། །ལྷ་དང་ལྷ་མོའི་འཁོར་ལོ་ལས། །དཀྱིལ་འཁོར་འཁོར་ལོ་རྣམ་བྲལ་བ། །ལྷན་སྐྱེས་སྐད་ཅིག་ལ་གནས་སོ། །ཞེས་པ། ནག་པོ་ཞབས་ཀྱིས་གསུངས་པ་དེ་ནི་རང་དབང་དུ་གྱུར་པས་སླར་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །ཡང་གལ་ཏེ་གཞན་དུ་ན་
ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འདི་གང་གིས་ཁྱད་པར་དུ་འཕགས་ཏེ་སྤྲོས་པ་དང་བྲལ་བ་བསྒོམ་པས་རྫོགས་པའི་རིམ་པར་བརྗོད་པའི་ཕྱིར་དང་། གཉིས་ཀ་ལ་མཉམ་པ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ནི་སྒོ་མཐའ་ཡས་པའི་གཟུངས་ལས། བསམ་བྱ་བསམ་དུ་མེད་
བསམ་སྟེ། །བསམ་གྱིས་མི་ཁྱབ་ཉིད་མི་བསམ། །བསམ་བྱ་རྣམ་པར་མི་སེམས་པ། །དེ་ལས་གཟུངས་རྣམས་ཐོབ་པར་འགྱུར། །ཞེས་པའོ། །འདིར་ཡང་ལེའུ་སུམ་ཅུ་རྩ་གསུམ་པར། །གང་གི་ཚེ་ན་དེ་ཉིད་རིག །བསམ་པ་ཐམས་ཅད་བསམ་དུ་མེད། །གང་དུ་བསམ་
དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་པ་ལ་སོགས་པའོ། །ལཱུ་ཡི་པའི་ཞབས་ཀྱི་མངོན་པར་རྟོགས་པར་ཡང་། བསམ་མེད་བསམ་བྱ་དེ་ཡང་ནི། །སེམས་ལའང་མཚོན་དུ་མེད་པ་ཉིད། །དེ་ཡང་བསམ་མི་ཁྱབ་སེམས་དཔའ། །དེ་ལས་གཟུངས་
རྣམས་ཐོབ་པར་འགྱུར། །ཞེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་། གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་དང་། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ་ཞེས་པའོ། །བདེ་བ་ཆེན་པོའི་རང་བཞིན་
ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རྟོགས་པར་བྱ་སྟེ། ཇི་ལྟར་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་གསུངས་པ། རབ་ཏུ་ཞི་བ་མི་གཡོ་མཆོག །དབང་ཆེན་མཉམ་དང་མི་མཉམ་པ། །དེ་ཕྱིར་རྣམ་པར་རྟོག་མེད་བདེ། །བྱང་ཆུབ་སེམས་དཔའ་བརྟགས་པར་
འགྱུར། །ཞེས་པའོ། །དེ་བཞིན་དུ་ཡབ་སྲས་མཇལ་བར་ཡང་། བཅོམ་ལྡན་འདས་ཆོས་ཐམས་ཅད་བདེ་བས་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་གང་ཐོབ་ནས་བྱང་ཆུབ་སེམས་དཔའ་དམིགས་པའི་དངོས་པོ་ཐམས་ཅད་ལ་ཚོར་བ་བདེ་བ་ཁོ་ན་མྱོང་བར་

འགྱུར་གྱི། སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བདེ་བ་མ་ཡིན་པའང་མ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་ནས་ཀཱཪྵཱ་པ་ཎའི་ཚད་ཙམ་དུ་བཅད་ཅིང་གཏུབས་ཏེ་གོང་བུར་བཅོས་པ་རྣམས་ཀྱང་འཚེད་པ་དང་གླང་པོ་རྣམས་ཀྱིས་
བརྫིས་པ་ལ་ཡང་བདེ་བའི་འདུ་ཤེས་ཁོ་ན་རབ་ཏུ་འཇུག་གོ་ཞེས་པ་གསུངས་སོ། །བདེ་བ་དེ་དག་ཀྱང་སྔགས་ཀྱི་ཐེག་པ་དང་མི་མཐུན་པ་མ་ཡིན་ནོ། །མི་བདེ་བ་ཡང་མཆོག་ཏུ་བདེ། །ཞེས་པ། གལ་ཏེ་གྲུབ་ན་བསྒྲུབ་བྱ་གཞན་མེད་དོ། །ཞེས་པ་ས་ར་ཧའི་ཞབས་ཀྱིས་སོ། །འདིའི་ཐབས་
ལ་གསུངས་པ་ཡང་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཁོ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པའི་བདག་ཉིད་ཀྱི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་མཐའ་དག་གི་རྒྱུའི་གཙོ་བོ་ཞེས་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཐམས་ཅད་དུ་བསྟན་
ཏེ། སྔགས་ཀྱི་ཚུལ་ལ་ཡང་ངོ་། །དེ་ལྟར་ཡང་གསུངས་པ་རབ་ཏུ་སྣང་བའི་རྡོ་རྗེ་འབྱུང་བར། བདེ་སྦྱིན་བསོད་ནམས་འབྲས་བུ་སྟེ། །དེ་བཀག་པ་ལས་དེ་དོན་བྲལ། །བསོད་ནམས་ཀྱིས་ནི་བདེ་བ་འཐོབ། །བདེ་བ་ལས་ཀྱང་བསོད་ནམས་འཐོབ། །བྱང་ཆུབ་སེམས་ལས་
སྐྱེས་པའི་ཕྱིར། །བསོད་ནམས་འདི་ནི་ནམ་མཁའ་ལྟར། །ཞེས་པའོ། །དེ་ཉིད་གསུངས་པ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་རྩེ་མོར། གང་ཟག་བཞི་རྣམས་འཇིག་རྟེན་དུ། །ཆོ་ག་ཡིས་ཀྱང་མི་འགྲུབ་སྟེ། །གང་ཡང་མངོན་པར་སྦྱོར་བ་ཡི། །བསྐལ་པ་བྱེ་བ་རྣམས་
ཀྱིས་ཀྱང་། །སེམས་ནི་མ་བསྐྱེད་པ་དག་དང་། །དད་པ་མེད་པས་མི་འགྲུབ་སྟེ། །ཐེ་ཚོམ་དང་ནི་འཛིན་པར་བཅས། །བཀའ་བཞིན་མི་བྱེད་པ་ཉིད་དོ། །ཞེས་པའོ། །འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡོད་པ་ཁོ་ནས་ཏེ། འདོད་པ་བརྟེན་ཅིང་
ཐབས་མཁས་པ། །ཞེས་པ་ལ་སོགས་པའི་ཚིག་ལས་སོ། །ཆོ་གའི་ཚུལ་གྱིས་ཀྱང་དེར་འདི་བསྟན་ཏོ་ཞེས་བརྟག་པར་བྱའོ། །འདི་ལྟ་སྟེ། འོད་སྲུང་བུ་རམ་ཤིང་གི་ཞིང་ངམ། འབྲས་ཀྱི་ཞིང་ངམ། རྒུན་འབྲུམ་གྱི་ཞིང་ལ་ལུད་ཀྱི་ཕུང་པོ་ཉེ་བར་མཁོ་བ་ཅན་དུ་འགྱུར་རོ། །

དེ་ཁོ་ན་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཉེ་བར་མཁོ་བ་ཅན་དུ་འགྱུར་རོ་ཞེས་དཀོན་མཆོག་བརྩེགས་པར་གསུངས་པའི་ཕྱིར་རོ། །ཡུལ་རྣམ་པར་དག་པ་ཡང་མེད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་རོ། །
འདིར་ཡང་ཡུལ་ཉེ་བར་ལོངས་སྤྱོད་པ་ཐམས་ཅད་ལ་གདོན་མི་ཟ་བར་ཡོད་པ་མ་ཡིན་ཏེ། ཁ་ཅིག་ཡུལ་རྣམས་སྤངས་ནས་ནི། །ཞེས་པ་ལ་སོགས་པའི་ཚིག་ལས་ཐམས་ཅད་སྔགས་ཀྱི་ཚུལ་ཁོ་ན་ལ་དགོངས་ཏེ་གསུངས་པ་མ་ཡིན་ནམ་ཞེས་པ་ཡང་བརྗོད་པར་མི་བྱ་སྟེ།
ཐབས་གཞན་མ་གསུངས་པའི་ཕྱིར་རོ། །འབྲས་བུར་གྱུར་པའི་ཆོས་ས་ལ་སོགས་པ་རྣམས་ནི་ཚུལ་གཉིས་ཀར་ཡང་ཁྱད་པར་མེད་པ་ཁོ་ན་སྟེ། གང་ཡང་རྡོ་རྗེ་སྙིང་པོ་རྒྱན་དུ་ཀུན་དུ་བཟང་པོའི་འོད་ཅེས་པ་ལ་སོགས་པ་གསུངས་པ་ཡང་རབ་ཏུ་དགའ་བ་ལ་སོགས་པ་ལས་མིང་
གཞན་པའོ། །རབ་ཏུ་དགའ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཀྱང་སྔགས་ཀྱི་ཚུལ་ཕལ་ཆེར་དུ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་བསྐྱེད་པའི་རིམ་པ་བསྒོམ་པ་མེད་ན་སྔགས་ཀྱི་ཚུལ་ལས་ཁྱད་པར་མེད་པ་ཁོ་ནའོ། །གང་ཡང་བདེ་བ་ཆེན་པོའི་རང་བཞིན་ཁོ་ན་ཐོག་མ་ནས་
བརྩམས་ཏེ་སྔགས་ཀྱི་ཚུལ་ལས་སོ་སོར་རྟོགས་པར་བྱ་ཞིང་གོམས་པར་བྱའོ། །དེ་ཡང་ཐབས་གཞན་གྱིས་མི་ནུས་པའི་ཕྱིར། ཐབས་དང་བཅས་པ་ལ་གོམས་པར་བྱའོ། །དེ་ཡང་ཐབས་ཀྱི་རྒྱུད་དུ་བརྗོད་པའི་བསྐྱེད་པའི་རིམ་པ་དེ་ཁོ་ནའོ། །དེ་ལྟར་ན་དེ་ཡན་ལག་བདུན་
དང་ལྡན་པར་གོམས་པར་བྱའོ། །དེ་ལ་དཔལ་བདེ་མཆོག་གི་རྣམ་པ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ། །རྡོ་རྗེ་ཕག་མོ་ལ་ཀུན་དུ་འཁྱུད་པ་ནི་ཁ་སྦྱོར་གྱི་ཡན་ལག་གོ། །དེའི་དགའ་བ་ནི་བདེ་བ་ཆེན་པོའི་ཡན་ལག་གོ། །དེ་སྟོང་པ་ཉིད་དང་རོ་གཅིག་པ་ནི་རང་བཞིན་མེད་
པའི་ཡན་ལག་གོ། །དེ་ལས་ལྡང་བ་ནི་སྙིང་རྗེའི་ཡན་ལག་གོ། །དེ་བར་མ་ཆད་པས་རྒྱུན་ཆད་མེད་པར་བསྒོམ་པའི་ཡན་ལག་གོ། །འཁོར་བའི་བར་དུ་མྱ་ངན་ལས་མི་འདའ་བའི་ཕྱིར་འགག་པ་མེད་པའི་ཡན་ལག་གོ་ཞེས་པ་ཡན་ལག་བདུན་རྣམས་སོ། །ཡན་ལག་དང་

པོ་གསུམ་ནི་ཐུན་མོང་མ་ཡིན་པ་སྟེ་ཐེག་པ་གཞན་ལས་མ་གསུངས་སོ་ཞེས་པས་སོ། །དེ་ཉིད་ཀྱི་ཕྱིར་འདུས་པ་ཕྱི་མར་ཐབས་ཀྱི་རྒྱུད་དུ་བརྗོད་པའི་བསྐྱེད་པའི་རིམ་པ་ནི་གཞི་ཉིད་དུ་གསུངས་ཏེ། རྫོགས་པའི་རིམ་པ་སྐྱེ་བ་དང་གནས་པ་དང་
འཕེལ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་བསྐྱེད་པའི་རིམ་པ་བསྒོམས་པས་གནས་པ་ཁོ་ན་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཡན་ལག་མ་ཡིན་ཞིང་འབའ་ཞིག་པ་ཉིད་ཀྱང་དེ་ཁོ་ན་རྟོགས་པའི་སྣོད་ཙམ་དང་། དེ་ཙམ་མངོན་དུ་བྱེད་པ་ཡང་མ་ཡིན་ནོ་ཞེས་པ་སྟེ་
ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །དེ་ལྟར་བསྒོམ་པ་དང་བཟླས་པ་མཆོག་གི་རྣལ་འབྱོར་པ་འདིའི་སྤྱོད་པ་མདོར་བསྟན་པ་སེམས་ཀྱི་ཞེས་པ་ལ་སོགས་པ་སྟེ་འདི་དག་ཀྱང་ཕྱི་ནས་རྒྱས་པར་བསྟན་པར་བྱའོ། །ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།གཞོན་
ནུ་མ་རྣམས་མཉེས་པ་ཅི། །ཞེས་ཞུ་བ་ཉི་ཤུ་རྩ་གཉིས་པ་ལ་སོགས་པའི་ལན་གདབ་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །མཆོད་པ་ཞེས་པ་མངོན་པར་འདོད་པའི་དངོས་གྲུབ་དག་གསོལ་བ་གདབ་པ་སྟེ། དེ་ཡང་མཆོད་པ་སྔོན་དུ་འགྲོ་བའོ་ཞེས་པ་འདིར་
སྐབས་སུ་བབ་པ་མཆོད་པའི་ཆོ་གའོ། །མཆོད་པ་ཞེས་པ་ཁ་ཅིག་ཀློག་པ་ནི་གོ་སླའོ། །དགོས་པ་གཞན་ཡང་གསུངས་པ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་མ་ནི་ཞེས་པ་གཉིས་པའི་དོན་ལ་དང་པོ་གཅིག་གི་ཚིག་སྟེ་ཉུང་ངུ་ཉིད་ཀྱང་ངོ་། །ཡང་དག་མཆོད་
མིན་ཞེས་པ་སྟེ་འདི་ནི་ན་ཉའི་ཨ་ཡིག་ཕྱིས་པ་ལས་སོ། །འདི་ལ་ཡང་སྔོན་དུ་བསྙེན་པ་བྱའོ་ཞེས་གསུངས་པ། རང་ཁྱིམ་ཞེས་པ་ལ་སོགས་པའོ། །མཆོད་པའི་དུས་གསུངས་པ། ནག་པོའི་ཞེས་པ་ལ་སོགས་པའོ། །བྱུག་པ་ཡིས་ནི་ཞེས་པ་དྲི་བཟང་པོའི་མཆོད་པ་
ཡིས་ཞེས་པའོ། །གཅིག་དང་ཞེས་པ་གཅིག་གོ། །འདིར་གཞོན་ནུ་མ་ཞེས་པ་ལོ་བཅུའི་བར་རོ། །བསྒོམ་བྱ་ཞེས་པ་རྡོ་རྗེ་ཕག་མོ་ལ་སོགས་པའི་གཟུགས་ཀྱིས་ཏེ་མཆོད་བྱ་ཡང་ངོ་། །དཔའ་བོ་ཞེས་པ་རྣལ་འབྱོར་མའོ། །བརྡ་ནི་བསྟན་པར་བྱ་ཞེས་པ་ལེགས་པར་འོངས་པའི་ཕྱག་

རྒྱ་དང་། ཕྱག་འཚལ་བའི་ཕྱག་རྒྱ་ཡང་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །སྤྱི་བོར་ལག་པ་གཡོན་པ་བཞག་ནས་ཇི་ལྟར་རང་གི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་ཁ་ཅིག་གོ། །དེ་དག་ཉིད་རྒྱས་པར་སྟོན་པ་རྡོ་རྗེ་ཞེས་པ་ལ་སོགས་པའོ། །འདིར་རིམ་པ་འདི་ཡིན་
ཏེ། ནག་པོའམ་དཀར་པོའི་བཅུ་པ་ལ་ཇི་ལྟར་ནུས་པའི་ཉ་དང་ཤ་ལ་སོགས་པའི་ཡོ་བྱད་རྣམས་བཤམས་ཏེ། དམ་ཚིག་གི་རིལ་བུས་བསངས་ལ། བདུད་རྩི་སྒྲུབ་པའི་ཆོ་གས་རབ་ཏུ་བསྒྲུབས་ནས་གཞོན་ནུ་མ་ཡན་ལག་མ་ཚང་བ་མེད་པ་གཅིག་ནས་བརྩམས་
ཏེ། ཇི་སྲིད་ཉི་ཤུ་རྩ་བཞིའི་བར་ཇི་ལྟར་ནུས་པ་ལྷ་མོའི་རྣམ་པ་ཉིན་པར་སྔ་དྲོ་བོས་ཏེ་ཐོ་རངས་དྲིལ་ཕྱིས་དང་ཁྲུས་དང་བྱུག་པ་བྱས་ཏེ་སྤྱན་དྲངས་ལ་དྲི་བཟང་པོ་དང་མེ་ཏོག་གི་ཆུ་ཡིས་ཞབས་བཀྲུས་ལ། དབེན་པའི་ཕྱོགས་འགའ་ཞིག་ཏུ་བྱུག་པ་དང་བསང་བ་དང་རབ་
ཏུ་བདུག་པ་བྱ་སྟེ། དཀྱིལ་འཁོར་གྱི་རིམ་པས་སམ་ཕྲེང་བའི་རིམ་པས་བདེ་བའི་སྟན་ལ་བཞུགས་སུ་གསོལ་བ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་དེ་མ་ཐག་རི་རབ་ལ་གནས་པའི་གཞལ་ཡས་ཁང་གི་ནང་དུ་དམ་ཚིག་སེམས་དཔའི་གཟུགས་ཀྱི་རྣམ་པར་བསྒོམས་
ནས། ཡེ་ཤེས་སེམས་དཔའ་རབ་ཏུ་བཅུག་སྟེ། མཆོད་ཡོན་དང་ཞབས་བསིལ་དང་ཞལ་བསིལ་དང་བསང་གཏོར་སྔོན་དུ་འགྲོ་བའི་མིག་སྨན་དང་སིནྡྷུ་ར་དང་དྲི་བཟང་པོའི་ཕྱེ་མ་དང་བྱུག་པ་དང་། མེ་ཏོག་དྲི་ཞིམ་པོའི་ཆུན་པོ་དང་བདུག་པ་ལ་སོགས་པ་རྣམས་དང་།
འབྱོར་ན་ན་བཟའ་དང་རྒྱན་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས། མདུན་དུ་ལྷ་བཤོས་ལྟར་བཟའ་བ་དང་ཚོད་མ་ལ་སོགས་པའི་ཡོ་བྱད་རྣམས་དྲངས་ཏེ། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བའི་པད་ཀོར་དང་འཁྱུད་པ་ལ་སོགས་པ་ཉེ་བར་བསྟན་ནས།
འདོད་པ་ཇི་ལྟ་བར་ཚིམ་པར་བྱ་ཞིང་བསྟོད་པ་དང་གླུ་རྣམས་ཀྱིས་ཀྱང་ངོ་། །མཆོད་པའི་ཁྱད་པར་འདིའི་འབྲས་བུ་སྟོན་པ་འདིར་ནི་ཞེས་པ་ལ་སོགས་པ་སྟེ་འདི་རྣམས་ལ་མཆོད་པ་བྱ་སྟེའོ། །མཚན་མོར་ཞེས་པ་གཉིས་པའི་དོན་ལ་བདུན་པའོ། །མཆོད་དེ་ཞེས་པ་མཆོད་པ་ནི་

ཞི་བ་དང་རྒྱས་པ་ཞེས་པ་མཚན་མའི་ཁྱད་པར་མཚོན་པར་བྱ་ཞེས་འབྲེལ་ལོ། །ཉེད་ཅེས་པ་ཉེད་པ་དག་གོ། །གང་གིས་ཞེས་པ་རྒྱུ་ཡིས་སོ། །གད་མོ་དྲག་པོའི་སྒྲ་ཞེས་པའི་གད་མོ་ཞེས་དགོད་ཅིང་ངོ་། །སྒྲ་བྱེད་ན་ཞེས་པ་གད་མོ་དྲག་པོར་དགོད་པར་བྱེད་
ན་ཞེས་པའི་དོན་ཏོ། །མཆོད་པ་དེ་ཡི་སྐད་ཅིག་ལ། །ཞེས་པ་མཆོད་པ་བྱས་པའི་སྐད་ཅིག་གང་ལའོ། །འཚོ་བ་ཉིད་ནི་ཐེ་ཚོམ་མེད། །ཅེས་པའི་རྣལ་འབྱོར་པ་འཚོ་བར་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །མཆོད་པ་ཞེས་པ་མཆོད་ནའོ། །གང་ལྟར་ཞེས་པ་གང་གི་ཚེའོ། །
གཉིས་དག་ཅེས་པ་གཉིས་སོ། །སྒྲུབ་པ་པོ་ཡི་ཞེས་པ་སྒྲུབ་པ་པོ་ཡིས་སོ། །བྱས་ཏེ་ཞེས་པ་བྱས་ཤིང་ངོ་། །ཟུང་དང་ཟུང་ཞེས་པ་གཉིས་གཉིས་དག་གི་ཕན་ཚུན་ཁ་སྤྲད་པ་དང་རྒྱབ་སྤྲད་དེ་བལྟ་བ་ཞེས་པའི་དོན་ཏོ། །གཞོན་ནུ་མ་ཞེས་པ་གཞོན་ནུ་མ་ཁོ་ནའོ། །ཡང་ན་
གང་གཞོན་ནུ་མ་རྣམས་ཀྱིས་འདི་གཞོན་ནུ་མའོ། །བརྗོད་དོ་ཞེས་པ་རྗོད་པར་བྱེད་དོ། །རྣལ་འབྱོར་མ་ཞེས་པ་རྣལ་འབྱོར་མ་གཞོན་ནུ་མའི་གཟུགས་ཏེ་རྒྱབ་ཏུ་ཕྱོགས་ཤིང་ཁར་སེན་མོ་འཇུག་པའོ་ཞེས་པའི་དོན་ཏོ། །སླར་ཡང་ལས་རྣམས་དགོས་པར་འགྱུར། །ཞེས་པ་
སླར་ཡང་ཤ་ལ་སོགས་པ་སྦྱིན་པར་འོས་ཞེས་པའི་དོན་ཏོ། །ཡང་ན་ཕལ་ཆེར་ཡང་མཆོད་པ་བྱེད་པར་འོས་ཞེས་པའོ། །མཚོན་ཆའི་གནོད་པས་འཇོམས་ལ་སོགས། །ཞེས་པ་མཚོན་ཆའི་གནོད་པས་འཇོམས་པ་ལ་སོགས་པ་རྣམས་སོ། །དེས་ཞེས་པ་དེར་རོ། །དགོད་པ་ཞེས་པ་
གད་མོའོ། །གཞོན་ནུ་མ་ཞེས་པ་གཞོན་ནུ་མ་རྣམས་སོ། །དོར་ནས་ཞེས་པ་གཏོར་ནས་སོ། །ཕྱོགས་ཞེས་པ་ཕྱོགས་བཞིར་རོ། །ཀུན་དུ་འཁྲུགས་ཞེས་པ་སྨད་པ་སྟེ། །འཁྱོག་པར་བྱེད་ཅེས་པའི་དོན་ཏོ། །བདག་གི་ཞེས་པ་བདག་ལའོ། །བྱ་བ་ཉམས་ཞེས་པ། བསྲུང་བར་བྱ་
བའི་དམ་ཚིག་རབ་ཏུ་གསལ་བར་གྱུར་ཞེས་པའི་དོན་ཏོ། །ཟ་བར་ཞེས་པ་ཟ་བའི་དུས་ནའོ། །འགྲོ་བ་ན་ཞེས་པ་འགྲོ་བའོ། །སླར་ཡང་ལས་ནི་དགོས་པ་དང་། །ཞེས་པ་རྣལ་འབྱོར་པ་སླར་ཡང་མཆོད་པ་ལ་སོགས་པའི་ལས་འོས་ཞེས་པའི་དོན་ཏོ། །བཟློག་པའི་སྐྱོན་གསུངས་

པ། རིང་མོ་ཞེས་པ་ལ་སོགས་པའོ། །བབས་གྱུར་ཞེས་པ་འགྱེལ་པ་ལ་སོགས་པའམ་ཕན་ཚུན་འཐབ་མོ་བྱེད་པའོ། །ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།འདིར་གཞོན་ནུ་མའི་མཆོད་པ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པར་ཡང་། པདྨའི་སྣོད་
ཉེ་བར་སྦྱར་བར་བྱའོ་ཞེས་པ་མ་ཞུས་པའམ། ཤུགས་ཀྱིས་ཞུས་པའི་སྣོད་ཀྱི་མཚན་ཉིད་སྟོན་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་གཞན་དུ་ཡང་ཤེས་པར་བྱའོ། །འཇིམ་པ་ལ་སོགས་པ་རྣམས་ཀྱི་ཡང་པདྨའི་སྣོད་ཀྱི་རྣམ་པར་བྱས་པ་ཉིད་ཀྱི་ཕྱིར་པདྨའི་སྣོད་ཉིད་དོ། །
བྲམ་ཟེ་ཞེས་པ་ལ་སོགས་པ་མིའི་རིགས་མ་ཡིན་གྱི་འོན་ཀྱང་ཐོད་པའི་རིགས་ཉིད་དོ། །དེ་དག་ཉིད་སྟོན་པ་དཀར་པོ་ཞེས་པ་ལ་སོགས་པ་སྟེ། དཀར་པོ་ནི་བྲམ་ཟེའི་རིགས་སོ། །དམར་པོ་དང་དཀར་པོ་རྒྱལ་རིགས་སོ། །སེར་པོ་དང་དམར་སེར་རྗེའུ་རིགས་སོ། །ལྗང་ཁུ་
དམངས་རིགས་སོ། །འཁྲུགས་པ་ནི་སྡེབ་སྦྱོར་གྱི་དབང་གིས་སོ། །ཐལ་བ་ལ་སོགས་པའི་མདོག་ནི་དམན་པའི་རིགས་སོ། །དམན་པ་ཞེས་པ་སྲབ་པ་དང་དབྱིབས་ངན་པ་སྟེ་དེ་བཞིན་དུ་ལྷག་པ་ཡང་ངོ་། །གཤེར་བ་ནི་སྣུམ་པའོ། །ཡང་ན་ཚིག་གསུམ་གྱིས་དམན་པ་དང་བར་
མ་དང་མཆོག་བསྟན་ཏོ། །གཟུགས་ཞེས་པ་ལ་སོགས་པ་གོ་སླའོ། །ཡོངས་སུ་བརྟག་ཅེས་པ་ངེས་པར་བྱེད་པའོ། །སྔགས་པས་ཞེས་པ་སྔགས་པའོ། །བསྒྲུབ་པར་བྱའོ་ཞེས་པ་བླང་བར་བྱའོ། །བྲམ་ཟེ་འཇོམས་ཞེས་པ་བྲམ་ཟེ་རྣམས་ལ་རྣལ་འབྱོར་པའི་འཇིགས་པ་འབྱུང་
ངོ་། །དེ་ལྟར་བ་ལང་འཇོམས་པའོ། །སྔགས་པ་དམན་ཞེས་པ་གྲགས་པ་མེད་པར་བྱེད་པའོ། །སྔགས་ནི་འཇིག་ཅེས་པ་སྔགས་ཀྱི་དངོས་གྲུབ་འཇིག་པའོ། །མ་ཉམས་པའི་ཞེས་པ་ཉེ་བར་ཉམས་པ་མེད་པའོ། །བརྟུལ་ཞུགས་རྒྱུན་ཞེས་པ་རྒྱུན་གྱིས་སྐྱེད་པར་བྱེད་པ་སྟེ་ཚུལ་ཁྲིམས་
ཀྱི་ཞེས་པའོ། །མེ་དང་ལྡན་པ་ཞེས་པ་མེར་ཁ་བལྟས་པའོ། །ཆོམ་རྐུན་ཞེས་པ་རྐུན་པོ་འགུགས་པར་བྱེད་དོ། །བུད་མེད་འཇོམས་ཞེས་པ་འཆང་བ་པོའི་བུད་མེད་ཉམས་པར་བྱེད་པའོ། །གཏུམ་པོ་ཞེས་པ་བྲན་ལ་སོགས་པ་འཇོམས་པར་བྱེད་པའོ། །གནས་སུ་འགྱུར་ཞེས་པ་

གནས་ལ་སོགས་པར་འགྲོ་བ་ལ་མི་སྐྱོ་བར་འགྱུར་རོ། །དཀྱིལ་འཁོར་དབང་ཕྱུག་ཅེས་པ་མང་པོའི་མཆོད་པ་བྱའོ། །སྒྲུབ་པ་པོའི་དངོས་གྲུབ་སྟེ། །ཞེས་པ་སྒྲུབ་པ་པོའི་འདོད་པ་སྒྲུབ་པར་བྱེད་པ་སྟེ། དངོས་གྲུབ་གང་སྒྲུབ་པར་འདོད་པ་སྟེ་ཕུན་
སུམ་ཚོགས་པར་བྱེད་དོ་ཞེས་དགོངས་པའོ། །ཆ་བཞི་པ་ཞེས་པ་དུམ་བུ་བཞི་པའོ། །སློང་མོ་པ་ཞེས་པ་སློང་མོ་རྙེད་པར་བྱེད་པའོ། །དངོས་གྲུབ་སྒྲུབ་པའི་འབྲས་བུ་མེད། །ཅེས་པ་ཞི་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་ལ་འབྲས་བུ་མེད་དེ། དྲག་པོ་ལ་ནི་སྦྱར་
བར་བྱའོ་ཞེས་དགོངས་པའོ། །བུ་གའི་དབང་གིས་ཀྱང་རིགས་ལ་སོགས་པ་ངེས་པར་བྱའོ་ཞེས་གསུངས་པ་བུ་ག་ཞེས་པ་ལ་སོགས་པའོ། །འདི་དག་ཀྱང་ཆུ་བླུགས་ཏེ་ཤེས་པར་བྱའོ། །པདྨ་ལྟ་བུ་པདྨས་མཚན། །ཞེས་པ་པདྨ་རྒྱས་པ་ལྟར་དབྱིབས་ཤིན་ཏུ་ཟླུམ་པ་ཉིད་
དང་དེའི་ཁ་དོག་ཉིད་ཀྱིས་སོ། །མུ་ཏིག་བཅས་ཞེས་པ་མུ་ཏིག་གི་ཕྲེང་བ་ལྟ་བུའི་ཐིག་ལེ་དཀར་པོའི་ཕྲེང་བ་དང་ལྡན་པ་ཉིད་ལས་སོ། །འདི་ལྟར་གསུངས་ཏེ་འཁྲུག་པའི་སར་གཡུལ་སྤྲད་དེ་ཤི་བའམ། ཡང་ན་དུར་ཁྲོད་ཆེན་པོ་ལ་སོགས་པར་བོར་བ་རྣམས་ཀྱི་ཐོད་པ་
བརྟགས་ནས་གནས་པའི་སྐྱོན་སྤངས་ཏེ། ཇི་ལྟར་གསུངས་པའི་ཡོན་ཏན་དང་ལྡན་པ་གཅིག་གདོན་མི་ཟ་བར་རྣལ་འབྱོར་པས་བཅང་བར་བྱའོ་ཞེས་པའོ། །ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།བདུད་རྩི་ལྔ་ཞེས་པ་ལ་སོགས་པ་ཞུ་བ་ཉི་ཤུ་རྩ་བདུན་པ་ལ་
སོགས་པ་གཉིས་ཀྱི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བྲམ་ཟེ་ཞེས་པ་བྲམ་ཟེ་མོའོ། །རིན་ཆེན་རིགས་མ་ཞེས་པ་རིན་པོ་ཆེའི་རིགས་ཏེ། རྡོ་རྗེ་ཡི་ཡང་རིན་ཆེན་ཉིད་ཀྱི་ཕྱིར་རོ། །པདྨ་ཅན་ཞེས་པ་པདྨའི་རིགས་ལས་སྐྱེས་པའོ། །དེ་ཉིད་
གར་མ་ཞེས་པ་འཇིག་རྟེན་དུ་ཡོངས་སུ་རབ་ཏུ་གྲགས་སོ། །དེ་བཞིན་གཤེགས་ཞེས་པ་སྣང་བ་མཐའ་ཡས་ཀྱི་རིགས་ཉིད་ལས་སོ། །དང་པོའི་མེ་ཏོག་རབ་བསྔགས་ཏེ། །ཞེས་པ་མེད་ན་གཞན་རབ་ཏུ་མ་བསྔགས་ཀྱང་བླང་བར་བྱའོ་ཞེས་དགོངས་པའོ། །ཤ་དང་ཞེས་པ་ལ་

སོགས་པ་ནི་གཞན་ཡང་དེ་ཡིས་བྱིན་པ་ཞེས་མན་ངག་གོ། །དེ་ཉིད་གསུངས་པ་གཟུང་བར་བྱ། །ཞེས་པའོ། །འདི་ལྟར་གསུངས