Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 14 / 24 (50.000 ký tự/trang)
ནས་སློབ་མ་ཐལ་སྦྱར་ཏེ། །གསུམ་ལ་སྐྱབས་འགྲོ་
ནས་བརྩམས་ནས། །སྨོན་ལམ་གྱི་ནི་བར་དུ་བྱ། །རྡོ་རྗེ་སློབ་དཔོན་སེམས་དགེ་བས། །སློབ་མ་ལ་ནི་ཚིག་འདི་བརྗོད། །གོང་ནས་གོང་དུ་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་གཟུང་བར་བྱ། །འཁོར་བ་ལས་ནི་བསྒྲལ་བ་ཡི། །ཐབས་ནི་དེ་ལས་གཞན་མེད་པས། །དེ་བས་འབད་པ་ཐམས་ཅད་
ཀྱིས། །སྡོམ་པ་རྟག་ཏུ་བསྐྱང་བར་གྱིས། །དེས་ནི་གནོད་པ་རྣམས་བསལ་ནས། །བྱང་ཆུབ་བདེ་བ་དེས་ཐོབ་འགྱུར། །སློབ་མ་སྡོམ་ལ་གནས་ནུས་ན། །ལག་ན་མེ་ཏོག་འཛིན་པ་ཡིས། །དཔའ་བོའི་སྤྱན་སྔར་དམ་བཅས་ཏེ། །སངས་རྒྱས་སྲས་བཅས་ཐམས་ཅད་དང་། །དཔའ་བོ་
རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་ནི་འདི་ནས་གཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །
དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་

མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བྱ། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་
རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་
ལ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་
བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་ཕྱུང་སྟེ། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་གཟུང་གནས་པའི། །སྙིང་ག་མགྲིན་པ་དཔྲལ་བ་རུ། །གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས། །དྲི་ཡི་ཐིག་ལེ་བྱས་
ནས་ཀྱང་། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །ལས་ཀུན་བྱེད་པས་བསྲུངས་ནས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཐམས་ཅད་དང་ལྡན་པས། །དུས་ཀུན་དུ་ནི་བདེ་བར་མནོས། །རང་རང་སྔགས་ཀྱིས་མེ་ཏོག་སྦོས། །
མར་མེ་དྲི་རྣམས་དབུལ་བར་བྱ། །སོ་ཤིང་སོར་ནི་བཅུ་གཉིས་པ། །སྲིན་བུས་མ་ཟོས་བུག་མཛེར་མེད། །དྲང་ཞིང་དྲི་ཡིས་ལེགས་བསྒོས་པ། །སྐུད་དམར་མེ་ཏོག་ཕྲེང་གིས་བརྒྱན། །ལས་ཀུན་བྱེད་པ་བཟླས་ནས་ནི། །ཤར་རམ་བྱང་ཤར་ཁ་བལྟས་པའི། །སློབ་མ་ལ་ནི་
སྦྱིན་པར་བྱ། །མ་གས་པར་བཅའ་སྐྱོན་དག་ནས། །མདུན་དུ་དྲང་པོར་དོར་བར་བྱ། །བདག་ལ་བལྟ་ན་མཆོག་ཡིན་ཏེ། །འགྲེང་ན་མཁའ་སྤྱོད་མཐུར་དུ་བལྟས། །ས་འོག་ངེས་འགྲུབ་ཕྱོགས་དང་མཚམས། །རང་རང་གི་ནི་ལྷར་ཤེས་བྱ། །དམར་རམ་དམར་སེར་ཚད་ལྡན་པའི། །

སྲུང་སྐུད་མདུད་པ་གསུམ་ལྡན་པ། །དཔུང་པ་ལ་ནི་བཅིངས་ཏེ་བསྲུང་། །དེ་ནས་ངག་གི་སྐྱོན་སེལ་བ། །སྔགས་འདིས་ཁྱོར་ཆུ་ལན་གསུམ་བླུད། །ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷ་རྨཱཿསརྦ་བཱ་བ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ། སརྦ་བི་ཀ་ལྤཱན་ཨ་པ་ན་ཡ་ཧཱུཾ། དེ་ནས་སློབ་མ་རྣར་བླགས་ཏེ། །དགའ་
བསྐྱེད་སྤྲོ་བའི་ཆོས་བཤད་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ན་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་
བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་བ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་བའི་གསང་སྔགས་བཟླས་ན་
ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་མཆོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཞིང་མི་གཡོ་བ། དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་
བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་བར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་
དོང་བས་ན། །རང་འབྱུང་སྐལ་བ་ཆེན་པོ་བས། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་བཤད་བསྲུང་བ་བྱས་ནས་ནི། །སྔགས་ཀྱིས་སྦྱངས་པའི་ཀུ་ཤ་དག །སྟན་དང་སྔས་སུ་སྦྱིན་བར་བྱ། །རྨི་ལམ་དགེ་བའམ་མི་དགེ་བ། །ནང་
པར་དེ་ལའང་རབ་ཏུ་ཟློས། །སྡིག་པ་ལས་ཀུན་བྱེད་པས་གཞོམ། །སློབ་དཔོན་ལ་ནི་མི་དགེ་བའི། །ལྟས་དག་མཐོང་ན་ལངས་ནས་ནི། །ཞིང་སྐྱོང་མཁའ་འགྲོ་ཐམས་ཅད་ལ། །གཏོར་མ་ཆོ་ག་བཞིན་དུ་སྦྱིན། །ཡི་གེ་བརྒྱ་པས་བརྟན་བྱས་ཤིང་། །སྲུང་བའི་འཁོར་ལོས་ཀུན་དུ་

སྤྱད། །དཔའ་བོའི་ཞལ་གྱི་སྔགས་ལ་སོགས། །ཐམས་ཅད་ཀྱང་ནི་བཟླས་བྱས་ཏེ། །གོ་ཆས་བདག་ཉིད་བསྲུང་བ་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ལ། །གསོལ་བཏབ་རྒྱན་སོགས་ང་རྒྱལ་བླང་། །མེ་ཡི་ལས་ལ་ཀུན་བརྩོན་པ། །བགེགས་རྣམས་
ཐམས་ཅད་ཞི་བར་བྱ། །ལྷག་པར་གནས་པའི་ཆོ་གའོ།། །།དཔའ་བོས་ནང་པར་སྔར་ལངས་ཏེ། །ཁྲུས་བྱས་ཤུགས་ཀྱིས་རྒྱ་བཅིངས་ལ། །གནས་བཅས་ལྷ་ནི་ནམ་མཁར་དགོད། །བུམ་སོགས་གདན་ལ་ལེགས་བཞག་ནས། །ཞལ་བཞི་པས་ནི་ཐམས་ཅད་བསྲུང་། །དྲི་ཞིམ་པ་
ཡི་ཆུས་གཏོར་ནས། །ཤེས་རབ་ཐབས་ཀྱི་རང་བཞིན་གྱི། །གྲོགས་དང་ལྷན་ཅིག་ཐིག་གདབ་པོ། །མ་ཉམས་རས་བལ་གཙང་མ་ལས། །རང་གི་ཤེས་རབ་ལྷན་ཅིག་ཏུ། །ཁ་དོག་ལྔར་བཅོས་སྲད་བུ་བསྒྲིལ། །ཉིས་འགྱུར་དུ་ནི་ཚད་བྱས་ཏེ། །སྒོ་ཡི་ཉི་ཤུ་ཆ་ཉིད་དོ། །མ་སྙོམས་
པ་ནི་རྣམ་བསལ་ཏེ། །གྲིམས་དང་མདུད་པའི་སྐྱོན་བྲལ་བ། །ཤར་དང་ནུབ་ཏུ་ཁ་བལྟས་པའི། །སྒྲུབ་པ་པོས་ནི་རབ་ཏུ་བརྐྱང་། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །སྲད་བུ་ལྔ་ལྔ་རྣམ་ཕྱེ་སྟེ། །རང་ཉིད་ཧེ་རུ་ཀར་བྱས་པའི། །མིག་གཉིས་ཉི་ཟླར་ཛྫཿཡི་འོད། །འབར་བའི་ལྟ་བས་ཡེ་ཤེས་
དགུག །གཉིས་མེད་གཉིས་མེད་གསང་སྔགས་ཀྱིས། །ལྔ་པོ་ལེགས་པར་བསྒྲིལ་བར་བྱ། །པདྨའི་སྣོད་དུ་བཞག་ནས་ཀྱང་། །སངས་རྒྱས་ཀུན་གྱི་མཁའ་འགྲོ་དང་། །དཔལ་ཆེན་སྙིང་པོ་ཡོངས་བཟླས་ནས། །མཆོད་དེ་སྤོས་ནི་དབུལ་བར་བྱ། །ཁྲག་ཆེན་གྱིས་ནི་སྤངས་པ་
ཡི། །སུམ་སྒྲིལ་སྐུད་པ་ཚད་ལྡན་པ། །བདུད་རྩི་ཙནྡན་དཀར་པོ་ཡིས། །ལེགས་པར་བྱུགས་ཏེ་ཐིག་གདབ་བྱ། །ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། སྔགས་དེས་ཐིག་སྐུད་ལེགས་བཏང་ལ། །གྲོགས་ཀྱིས་ཛྫཿགསུམ་མངོན་བརྗོད་ནས། །སྐུད་པ་རབ་ཏུ་བརྐྱང་བར་བྱ། །ཤར་
དང་ནུབ་ཏུ་ཁ་བལྟས་ལ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། །ལྟེ་བ་ཡི་ནི་ཕྱོགས་བཟུང་ནས། །སློབ་དཔོན་རྡོ་རྗེ་དང་བཅས་ཤིང་། །དང་པོར་ཚངས་པའི་ཐིག་གདབ་བོ། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །ཆད་པས་སློབ་དཔོན་འཆི་འགྱུར་ཞིང་། །རིང་ཐུང་ཁྱེར་ན་ནད་ཀྱིས་

འདེབས། །ཕྱོགས་འཁྲུལ་སློབ་མ་ཉོན་མོངས་འགྱུར། །དེ་བས་འདེབས་པ་ཐམས་ཅད་ཀྱིས། །རབ་ཏུ་བསྒྲིམས་ཏེ་གདབ་པར་བྱ། །བྱང་དང་ལྷོ་ཡི་སྒོར་གནས་ཏེ། །ཚངས་ཐིག་གཉིས་པ་གདབ་པར་བྱ། །མ་ལུས་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་ལ་སོགས་
ཁྱེད་རྣམས་ཀྱིས། །འགྲོ་དོན་མཛད་པའི་དུས་ཡིན་ཏེ། །ཐིག་གི་སྒྲས་ནི་བསྐུལ་བར་བསམ། །གཡོན་ནས་བསྐོར་བའི་སྦྱོར་བ་ཡིས། །རྣམ་པ་ཀུན་དུ་ཐིག་གདབ་བྱ། །མཚམས་ཀྱི་ཆ་ནི་གཡས་སུ་སྟེ། །མེ་དང་རླུང་གི་ཕྱོགས་གནས་ནས། །མཚམས་ཀྱི་ཐིག་ནི་
ཡང་དག་བརྩམ། །སྲིན་པོ་འབྱུང་པོའི་ཕྱོགས་འདུག་ནས། །གཉིས་པ་ཡང་ན་དེ་བཞིན་ནོ། །མེ་ཡི་མཚམས་ནས་བྱང་དུ་བལྟ། །ཤར་གྱི་ཐིག་ནི་གདབ་པར་བྱ། །རླུང་ནས་ལྷོ་རུ་ཁ་བལྟས་ཏེ། །ནུབ་དུ་སྲད་བུས་གདབ་པར་བྱའོ། །སློབ་དཔོན་རླུང་གནས་ཤར་དུ་བལྟ། །
བྱང་དུ་ཐིག་ནི་ཡང་དག་བྲི། །མེ་ནས་ནུབ་ཕྱོགས་ཁ་བལྟས་པས། །ལྷོ་ཡི་ཐིག་ཀྱང་དེ་བཞིན་ནོ། །ཡེ་ཤེས་ཐིག་ནི་བརྒྱད་ཀྱི་རྗེས། །མཚན་ཉིད་བཟང་པོ་རྣམས་བསམས་ནས། །ཆ་ནི་རྣམ་པར་དབྱེ་བར་བྱ། །ཚངས་པའི་ཐིག་ནི་ངོས་རེ་རུ། །རེ་རེ་ལྔར་བྱ་ཉི་ཤུ་གདབ། །ཕོ་
བྲང་ལ་གཉིས་གེ་སར་གཅིག །གསུམ་གསུམ་གྱིས་ནི་འཁོར་ལོ་རྣམས། །ཀ་བ་གྲི་གུག་རྡོ་རྗེ་ཕྲེང་། །པདྨ་འཁོར་ལོ་རེ་རེ་བྱ། །གཅིག་གིས་ཕྱི་ཡི་ཁྱམས་ཡིན་ཏེ། །བསྡུས་པའི་ཚུལ་ལ་པདྨ་དག །ཕོ་བྲང་གི་ནི་ཉིས་འགྱུར་ཏེ། །ཐམས་ཅད་སྔ་མ་ལྟ་བུར་ཤེས། །སྒོ་ནི་
འཁོར་ལོའི་བརྒྱད་ཆར་འདོད། །སྒོ་ཁྱུད་ཁྱམས་དང་འདྲ་བ་ཡིས། །མཁས་པས་ཆ་ཡི་ཕྱེད་དུ་བྱ། །རྩིག་པ་དང་ནི་བ་ཀུ་ལི། །ཤིཪྵ་ཀ་ནི་དེ་ཡི་ཕྱེད། །དགུ་ཡིས་རྟ་བབས་ཀ་བར་བཅས། །མཛེས་པར་ཚོན་གྱི་ས་བྱ་སྟེ། །ཚོན་གྱི་ས་ཡི་ཉིས་འགྱུར་དུ། །ཕྱི་རོལ་འོད་
ཀྱི་དཀྱིལ་འཁོར་བྱ། །འཁོར་ལོ་དེ་ཡི་ཕྱི་རོལ་དུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །ཉེ་འཁོར་མཆོད་པའི་སར་བྱས་ཏེ། །ཡེ་ཤེས་ཐིག་ནི་དེ་ནས་ཀྱང་། །ཐིག་གི་རིམ་པའོ།། །།རིན་ཆེན་ནམ་ནི་ཁམས་ཆེན་ནམ། །འབྲས་སོགས་ཁམས་ཀྱི་ལེགས་སྦྱངས་དང་། །ཡང་ན་

ས་འམ་ཐལ་བའམ། །ལོ་མ་རྣམས་ཀྱིས་བྲི་བྱ་སྟེ། །ཁ་དོག་ལྔ་པོ་ཐམས་ཅད་ནི། །ཕྱག་རྒྱ་དྲུག་པ་དང་ལྡན་བྱ། །ཐིག་ལས་ཇི་ལྟར་འབྱུང་བ་བཞིན། །ལྔ་པོ་ལྔ་ནི་རྣམ་སྤྲུལ་ཏེ། །ཚོན་ནི་རབ་ཏུ་གནས་པར་བྱ། །དཔའ་བོས་དབུས་ཀྱི་སར་གནས་ཏེ། །
ཤར་དུ་ཁ་བལྟས་གཡོན་པ་ཡི། །ཁུ་ཚུར་གྱིས་ནི་བཟུང་ནས་སུ། །བདེན་པ་བརྗོད་ཅིང་བྲི་བར་བྱ། །འདི་ནི་མེ་ལོང་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་བདེ་ཆེན་རྒྱལ་པོ་སྟེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། །ལན་
ལྔ་རུ་ནི་བརྗོད་པར་བྱ། །སོར་ནི་བཅུ་གཉིས་ཚད་ལྡན་པར། །དྲང་ཞིང་མཐོ་ལ་སྙོམས་པ་དང་། །ནས་གང་གིས་ནི་མ་འདྲེས་པས། །རི་མོ་ཀུན་དུ་བྲི་བར་བྱ། །སྦོམ་པོས་ནད་སྐྱེད་ཕྲ་བས་ནི། །ནོར་རྣམས་རབ་ཏུ་རླག་པར་བྱེད། །འདྲེས་པ་ཡིས་ནི་རིམས་འབྱུང་ཞིང་། །ཡོ་བས་རྣམ་འགྲས་
ཆད་པ་ཡིས། །སློབ་དཔོན་དང་ནི་སློབ་མ་དག །འཆི་བ་ཉིད་དུ་ཤེས་པར་བྱ། །དེ་ནས་ཚད་དང་ལྡན་པ་རུ། །རབ་ཏུ་འབད་དེ་བྲི་བར་བྱ། །རིམ་པས་དཀར་པོ་སེར་པོ་དང་། །དེ་བཞིན་དུ་ནི་དམར་དང་ལྗང་། །ནག་པོ་ནང་དུ་ཤེས་བྱ་སྟེ། །ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོ་ནི་སེར་ཏེ་ནུབ་ནི་དམར། །
བྱང་དུ་ལྗང་གུས་རྣམ་པར་མཛེས། །ལྟེ་བ་དམར་ཞིང་གེ་སར་སེར། །སྣ་ཚོགས་མདོག་བད་གྲི་གུག་སྔོ། །ལྗང་ཀུ་དཀར་དང་དམར་བ་ཡི། །གཞི་ལ་སྔོ་དམར་དཀར་བ་ཡི། །འཁོར་ལོ་གསུམ་ནི་ལེགས་པར་བྲི། །ཁྱམས་ནི་ཤེལ་འདྲ་དྲ་བའི་ས། །བཻ་ཌཱུརྱ་ལྟར་སྔོ་བསངས་ཉིད། །གསེར་
རམ་རྣམ་ལྔས་བ་ཀུ་ལི། ཤིཪྵ་ཀ་ནི་དཀར་པོ་སྟེ། །རྟ་བབས་ཁ་དོག་སྣ་ཚོགས་ཉིད། །རྡོ་རྗེ་འོད་སོགས་པདྨ་བཞིན། །རིན་ཆེན་ཕྲེང་དང་ཉི་ཟླ་དང་། །རྔ་མ་དར་དང་འཕན་ལ་སོགས། །རྒྱན་ནི་སྣ་ཚོགས་བྲི་བར་བྱ། །ཁྱམས་ལ་གཟུགས་སོགས་མཆོད་པ་ནི། །བཞི་བཅུ་རུ་ནི་ཚང་
བར་དགོད། །རྡོ་རྗེ་གྲི་གུག་གྲི་གུག་དང་། །བུམ་པ་དཀར་པོ་པད་སྣོད་ལྡན། །དབུས་ཀྱི་ཕོ་བྲང་དག་ལ་དགོད། །རྡོ་རྗེ་པདྨ་འཁོར་ལོ་དག །གྲི་གུག་དང་ནི་ལྡན་བྱ་ཞིང་། །མཐར་ནི་གྲི་གུག་ཡང་དག་དགོད། །འོད་ཀྱི་དཀྱིལ་འཁོར་དང་ལྡན་པས། །རྣམ་པ་ཀུན་དུ་མཛེས་པར་བྱ། །སློབ་དཔོན་

གྱི་ནི་ལས་མཐོང་ནས། །འདི་དག་ཀུན་དུ་སྤྱད་པར་རིགས། །རྡུལ་ཚོན་གྱི་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །ལན་གསུམ་དུ་ནི་ཡོངས་བསྐོར་ནས། །དཀྱིལ་འཁོར་སྐྱོན་རྣམས་ལེགས་བརྟགས་ཏེ། །ཡི་གེ་བརྒྱས་ནི་ཀུན་དུ་སྦྱང་། །རྒྱན་རྣམས་ཀྱིས་ནི་
མཛེས་བྱས་པའི། །རྒྱལ་དང་ཀུན་བྱེད་བུམ་པ་དག །ཤར་སྒོའི་གཡས་གཡོན་དག་ཏུ་དགོད། །སྒོ་དང་མཚམས་སུ་བརྒྱད་པོ་སྟེ། །རྡོ་རྗེ་ར་བའི་ཕྱི་རོལ་དུ། །བགེགས་སྐྱེར་འགྱུར་བས་མི་དགོད་དོ། །མ་དག་པ་ནི་དེ་ལས་གཞན། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་དང་བཟའ་བ་རོལ་མོ་
དང་། །གོས་དང་ཀུ་ཤ་རྒྱན་ལ་སོགས། །ཉེ་འཁོར་དུ་ནི་དགོད་པར་བྱ། །ཆང་དང་ཤ་རློན་གཏོར་མ་དང་། །འདུ་བ་ཡི་ནི་རྫས་རྣམས་ཀུན། །དེ་ཡི་ཕྱི་རོལ་དག་དུ་གཞག །དར་དང་བླ་རེ་གདུགས་དང་ནི། །རྒྱལ་མཚན་རྣམས་ཀྱིས་གནས་བརྒྱན་ཏེ། །ཁྲག་འཐུང་ཆ་ལུགས་འཛིན་པ་ཡི། །སྒོ་
སྲུང་བཞི་ནི་གཞག་པར་བྱ། །བདག་ཉིད་བརྟུལ་ཞུགས་གནས་བྱས་ཏེ། །ནུབ་ཀྱི་ས་ལ་མངོན་ཕྱོགས་ནས། །ཆོ་ག་རབ་ཏུ་རྫོགས་པར་སྤྱད། །གཡོན་གྱི་སྲིན་ལག་རྩེ་མོ་ཡིས། །དམ་ཚིག་དྲུག་པོ་ལེགས་སྦྱར་བས། །བསངས་ཏེ་ལྷ་ཉིད་རྣམ་པར་བསམས། །ནམ་མཁའི་ལྷ་རྣམས་
ཕབ་ནས་ཀྱང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །དྲུག་པོ་རོ་གཅིག་གྱུར་པར་བྱ། །གོ་ཆ་སོགས་ཀྱིས་བྱིན་བརླབས་ནས། །སྔོན་བཞིན་ལྷ་རྣམས་སྦྱང་བྱས་ཏེ། །ཧེ་རུ་ཀ་སོགས་མཆོད་བྱས་ནས། །དཔའ་བོ་གཉིས་མེད་སྔགས་ཀྱིས་མཆོད། །སངས་རྒྱས་མཁའ་འགྲོ་ཀཱ་ཀ་
སོགས། །བུམ་སོགས་ལྷ་རྣམས་ཐམས་ཅད་ལ། །བརྒྱ་རྩ་བརྒྱད་དུ་ཉེ་བར་གནས། །རིག་བྱེད་དང་ནི་མེ་ལྷའི་བར། །ཐབས་དང་ཤེས་རབ་ཡི་གེ་དག །ལྷ་ཡི་གྲངས་དང་མཉམ་པར་བཟླས། །མཐར་ནི་མྱོས་བྱེད་ཀྱིས་མཆོད་ནས། །སློབ་དཔོན་བདག་ཉིད་འཇུག་པར་བྱ། །
དང་པོ་ཕྱག་ནི་སྔོན་འགྲོ་བས། །སེམས་སྐྱེད་ནས་ནི་རྗེས་གནང་མཐར། །དབང་ནི་རིམ་པ་བཞིན་བླངས་ཏེ། །སློབ་མ་གཞུག་པར་བྱེད་བདག་ཉིད། །བདེན་པའི་བྱིན་རླབས་བརྗོད་པར་བྱ། །ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་

དཔའི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་འགྱུར་མཛོད། །ཉེས་པ་མེད་ལ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་
རྗེས་ཆགས་པས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་འགྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་
སྟེ། །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་པར་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་མཆོག་དམ་ཚིག་མཆོག་གྱུར་པའི། །བདེན་པ་གང་གིས་ཡེ་ཤེས་མཆོག །
ཤེས་རབ་ཐབས་དག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །དེ་བཞིན་ཉིད་ལས་
ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ལན་གསུམ་དུ་ནི་རབ་བརྗོད་ནས། །སློབ་མ་འཇུག་པའི་ལས་རྣམས་བྱ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །ཀུན་བྱེད་བུམ་པས་བཀྲུས་ནས་ཀྱང་། །
གོས་དམར་གྱིས་ནི་གདོང་ཡང་དགབ། །དཀྱིལ་འཁོར་མེ་ཏོག་ལག་འཛིན་པས། །སྡོམ་པ་རབ་ཏུ་གཟུང་ནས་སུ། །ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ། བིད་མ་ཧེ། བིདྱཱ་རཱ་ཛཱ་ཡ། དྷི་མ་ཧེ་སྭཱ་ཧཱ། སྔགས་དེ་ཡིས་ནི་གདབ་པར་གསོལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་
ལ་ནི་སྐྱབས་སུ་མཆི། །གཙོ་བོ་འཁོར་དང་བཅས་པ་ཡི། །ལྷ་རྣམས་ལ་ནི་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་འཚལ། །གསུམ་བརྗོད་གྲོགས་ཀྱི་ནང་དུ་འདའ། །བུ་ཁྱེད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདེ་ཆེན་གནས་ལ་ཞེས། །

དྲིས་ལན་ཡོངས་སུ་སྤྱད་པར་བྱ། །ཡོན་གྱི་མཆོག་ནི་བླང་བྱས་ཏེ། །སྙིང་གར་རྡོ་རྗེ་རབ་བཞག་ནས། །ཨོཾ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏ་ས་མ་ཡ་སྟྭཾ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ལྟར་བྱང་ཆུབ་སེམས་བསྐྱེད་ནས། །ཉེ་བར་སྤྱོད་པ་བཞིན་བྱ་སྟེ། །དིང་ཁྱོད་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདིས། ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ཕྱག་བྱས་ནས། །འབྲུ་ལྔ་ཡིས་ནི་གཞུག་པར་བྱ། །
ལན་གསུམ་བསྐོར་བ་བྱས་ནས་ཀྱང་། །ལྷ་དང་ཐ་དད་མེད་བདག་གིས། །སྒོ་སོགས་དྲུང་ན་འཁོད་པ་ལ། །དམ་ཚིག་ཡོངས་སུ་བསྒྲག་པར་བྱ། །དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། །སྙིང་ཀར་རྡོ་རྗེ་རབ་བཞག་སྟེ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་
དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཐོད་པའི་བདུད་རྩི་ལེགས་སྦྱངས་ཏེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་ཡིས་འགྲུབ། །ཨོཾ་བཛྲ་ཨུད་ཀ་
ཋ་ཋ་ཋ། དེང་ནས་བརྩམས་ཏེ། ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་ཏེ། ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་དམ་ཚིག་བསྟན་པར་བྱའོ། །སྦྱང་བྱས་
སློབ་མས་དཔའ་བོ་ལ། །ཡེ་ཤེས་དོན་ཕྱིར་གསོལ་བ་གདབ། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀའི་ཡེ་ཤེས་བདག་ལ་དབབ་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བྱས་ནས། །དུར་ཁྲོད་ཟླ་མཚན་ལྡན་རས་དང་། བྱི་ལའི་རྟུག་པ་དམ་

ཚིག་དང་། །ཐང་ཆུ་ཡི་དགས་ཁ་ལས་བྱུང་། །དུར་ཁྲོད་མེ་ལ་གདུང་བར་བྱ། །འོད་ཀྱིས་ལྷ་རྣམས་ཡོངས་བསྐུལ་ཞིང་། །རླུང་མེ་ཛྷཻཿདང་ས་ཆུ་སྲིན། །འབར་བྱས་སྙིང་པོ་སོགས་སྔགས་དང་། །ཨོཾ་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨཱ་བེ་ཤ་ཡ། ཏ་ཥ་ཡ། ར་ར་ར་ར་ཙ་ལ་ཡ་ཧཱུཾ་ཧ་ཨཱ་ཛྷཻཾ་རྡོ་རྗེ་
དྲིལ་བུ་ཌ་མ་རུ། །བསྒྱིངས་དང་བཅས་པས་བསྒྲག་པར་བྱ། །མཚན་མ་ཉེ་བར་མི་གནས་ན། །ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བདི་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧ་སྭཱ་ཧཱ། སྔགས་དེས་དཔའ་བོ་བསྐུལ་བར་བྱ། །ལྟས་རྣམས་ཐམས་ཅད་ཤེས་བྱས་ནས། །སྨྲ་ལ་ལྕེ་ནི་བྱིན་བརླབས་ཏེ། །
དགེ་སོགས་དོན་རྣམས་དྲི་བར་བྱ། །ཏིཥྛ་བཛྲས་བརྟན་བྱས་ནས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་བཞིན་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་ཐོབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་
ཡི་བསོད་ནམས་ཅི་ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་ངྷ་ནི་སྭཱ་ཧཱ། པྲ་ཏཱིཙྪ་བཛྲ་ཧོ། །སྔགས་དེས་ལྟོས་པ་མེད་པར་དོར། །རིགས་ཀྱི་ལྟས་ནི་ཡོངས་ཤེས་ནས། །ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ། སཏྭ་མ་ཧཱ་བ་ལ། སྔགས་དེས་སྤྱི་བོར་སྦྱིན་བྱ་སྟེ།
ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེ་མིག་ནི་བླ་ན་མེད། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། གདོང་གཡོགས་རབ་ཏུ་དགྲོལ་བར་བྱ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་
རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །གྲུབ་ཀུན་ཁྱོད་ལ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སྔགས་ཀྱི་དངོས་གྲུབ་བརྩོན་པར་གྱིས། །མེ་ཏོག་གང་དུ་ལྷུང་ལ་སོགས། །ལྷ་རྣམས་གནས་དང་
བཅས་པ་དག །བྱང་སྒོ་ནས་བརྩམས་ཐམས་ཅད་བསྟན། །སློབ་མ་འཇུག་པའི་ཆོ་གའོ།། །།དཀྱིལ་འཁོར་བྱས་ཏེ་ཡུལ་འཁོར་རམ། །རྟ་དང་གླང་པོ་སོགས་ཕུལ་ནས། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་མཛད་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་

བདག་ལ་དེང་སྩོལ་ཅིག །ལན་གསུམ་དུ་ནི་གསོལ་བཏབ་ནས། །སྔགས་ཀྱི་ཕྲེང་བས་དབང་བསྐུར་ཞིང་། །མི་བསྐྱོད་བསམ་གཏན་གསུམ་རྫོགས་ནས། །དཔའ་བོ་རྡོ་རྗེ་དྲིལ་འཛིན་པས། །ཤར་སྒོའི་བུམ་པ་གཉིས་ཐོགས་ནས། །བཀྲ་ཤིས་བུམ་པ་སྔོན་འགྲོ་བས། །དབང་བསྐུར་རྡོ་རྗེ་
ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་རབ་སྦྱིན་པའོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ། བུམ་པ་བརྒྱད་ཀྱི་སྔགས་བཟླས་ཏེ། །ལྷ་རྣམས་ལུས་ལ་ལེགས་བཅུག་ནས། །མཆོད་དེ་དག་པ་སྦྱིན་པར་བྱ། །རིན་ཆེན་བསམ་
གཏན་ཡོངས་རྫོགས་ནས། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་བྱེད་པས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཨ་བྷི་ཥིཉྩ། སྔར་བཞིན་ཐམས་ཅད་སྤྱད་པར་བྱ། །ཆོས་ཀྱི་རྣལ་
འབྱོར་རབ་ལྡན་པས། །རྡོ་རྗེ་ཆོ་ག་བཞིན་བསྐྱེད་ནས། །ཆོས་ཀྱི་གཟུགས་ཀྱི་སློབ་མ་ལ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །བཛྲ་ཨ་བྷི་ཥིཉྩ། གཡས་པར་རྡོ་རྗེ་རབ་བཞག་ནས། ནང་གི། དབང་
བསྐུར་རིན་ཆེན་མཆོག་བྱིན་ནས། དག་པ་རབ་ཏུ་བརྗོད་པར་བྱ། །དོན་ཡོད་བསམ་གཏན་དང་ལྡན་པས། །རྡོ་རྗེ་དྲིལ་བུ་སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོང་། །གཡོན་དུ་ངེས་
པར་བཏང་བྱས་ནས། །རྡོ་རྗེ་དྲིལ་བུ་ལེགས་འཁྱུད་ནས། །རྡོ་རྗེ་བདག་པོ་བརྟན་བྱའི་ཕྱིར། །སྔགས་འདི་རབ་ཏུ་བརྗོད་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། བརྟན་བྱས་ནས་ནི་རྣམ་དག་སྨྲ། །རྟག་པའི་བསམ་གཏན་ཀུན་བྱས་ཏེ། །སྤྱི་བོར་རྡོ་རྗེ་དྲིལ་བཞག་
ནས། །རྡོ་རྗེ་མིང་གི་དབང་བསྐུར་བས། །རྟག་པའི་རྡོ་རྗེ་རབ་ཞུགས་ཏེ། །མི་ཤིགས་རྡོ་རྗེ་མིང་ལྡན་པས། །བུ་ཁྱོད་དེ་རིང་དབང་བསྐུར་རོ། །ཨོཾ་བཛྲ་སཏྭ་ཏྭཾ། ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། རང་རིགས་ལས་བྱུང་མིང་རྣམས་ནི། །དཔལ་དང་རྡོ་རྗེ་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་

ལན་གསུམ་བོད། །དག་པ་དང་བཅས་རབ་ཏུ་བརྗོད། །དེ་ལྟར་སློབ་མའི་དབང་ཐོབ་ནས། །རྒྱུད་རྣམས་ཐོས་ཤིང་མན་ངག་ཐོབ། །ལས་རྣམས་ཤེས་ཏེ་སྟོན་ནུས་ན། །རྡོ་རྗེ་སློབ་དཔོན་ཉིད་བྱའི་ཕྱིར། །ཚིག་འདིས་གསོལ་བ་གདབ་པར་བྱ། །མི་ལྡོག་འཁོར་ལོའི་
དབང་བསྐུར་བ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ང་འདིར་བཤད་དུ་གསོལ། །བདག་དང་གཞན་གྱི་དོན་བྱའི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །དེ་རིང་བདག་ལ་སྩལ་དུ་གསོལ། །ཡོན་ཕུལ་ནས་ནི་ལན་
གསུམ་བརྗོད། །སེང་གེ་རྡོ་རྗེ་འཁོར་ལོ་ཡི། །ཁྲི་ལ་གདུགས་དང་མཆོད་བཅས་འདུག །རྡོ་རྗེ་རིགས་ཀྱི་དམ་ཚིག་མཆོག །གསུམ་ནི་ལེགས་པར་གཟུང་བར་བྱ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི། །དཔའ་བོ་རྣལ་འབྱོར་ལྡན་ལ་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ལག་ན་
གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧྲིཿཧི་ཧི་ཧི་ཧི་ཧཱུཾ། སྔགས་དེས་སློབ་མའི་ལག་ཏུ་གཏད། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་
ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ། དྲིལ་བུ་ཨ་ལས་རབ་བསྐྱེད་དེ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་
མཆོག་ཏུ་རྒྱལ་བ་བཞེད། །ཚིག་དེས་དྲིལ་བུ་སྦྱིན་པར་བྱ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པའི་མཆོག་ཏུ་བྱེད་པར་འགྱུར། །ཨོཾ་བཛྲ་གྷཎྜེ་ཨཱཿ། སྔགས་དེས་རབ་ཏུ་དཀྲོལ་བར་བྱ། །ཧེ་རུ་ཀ་དཔལ་བརྟེན་བྱས་
ཏེ། །ཡིད་ཀྱི་ལུས་སུ་བསྟན་བྱེད་པ། །དམ་ཚིག་ཕྱག་རྒྱར་གྲགས་པ་ཡི། །སྐུར་ནི་ཉེ་བར་གནས་གྱིས་ལ། །ཕྱག་རྒྱ་རྟག་ཏུ་བརྟན་པར་གྱིས། །དེ་ནས་དཔའ་བོ་མཆོག་དེ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་པར་ནི་རབ་དམིགས་ལ། །རྡོ་རྗེ་དྲིལ་བུ་ལེགས་

འཁྱུད་ནས། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེས་བྱིན་བརླབས་ནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེ་ལྟར་དམ་ཚིག་བརྟན་བྱ་སྟེ། །རྗེས་སུ་གནང་བ་སྦྱིན་པར་བྱ། །ཁ་ཊྭཱཾ་ག་དང་ཌ་མ་རུ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །
ཁ་ཊྭཱཾ་རྡོ་རྗེ་དང་བཅས་ཤིང་། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོ་བླང་བར་གྱིས། །སྤྱོད་པའི་རྗེས་སུ་གནང་བའོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཅིང་། །རྡོ་རྗེ་
སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཱ་སྒེག་པའོ། །སྒེག་དང་བཅས་པའི་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེ་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ཕྲེང་བའོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་
ཀྱིས་གླུ་ནི་བླང་བར་གྱིས། །དེ་ཡིས་བདེ་གཤེགས་དངོས་གྲུབ་ཀྱིས། །བདེ་བ་མྱུར་དུ་མྱོང་བར་འགྱུར། གཱི། གླུའིའོ། །དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །སངས་རྒྱས་གདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་སྒྱུར་བར་གྱིས། ཧོ། གར་རོ། །རྫོགས་
སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨཱ། བདུག་པའོ། །སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་ནས། །མཚན་དང་དཔེ་བྱད་ལྡན་པར་
ནི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། བྷྲཱུཾ། མེ་ཏོག་གོ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཆོས་ཀྱི་མེ་ནི་ལེགས་སྦར་ནས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །ཆོས་ཀྱི་རྣམ་པར་འབར་བར་གྱིས། །མར་མེའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །
རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །དྲིའོ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །རྒྱལ་རྣམས་ཀྱིས་ནི་ཐུར་མས་སོ། །ཆོས་རྣམས་

གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །རང་བཞིན་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་
སྲས་སུ་སྐྱེ། །མེ་ལོང་རབ་ཏུ་བསྟན་པར་བྱ། །ཨ་ཡིས་སྦྱངས་པའི་དྲིལ་བུ་ནི། །རྣ་བའི་དྲུང་དུ་བསྒྲག་པར་བྱ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཧོ་ཡིས་སྦྱངས་པའི་
མདའ་གཞུ་དག །སློབ་མའི་ལག་ཏུ་བྱིན་ནས་ནི། །ཕྱོགས་བཞིར་འཕེན་པའི་ཚུལ་བྱེད་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པར་གྱིས་ཤིག་ཅེས་བསྒོའོ། །རྡོ་རྗེ་སེམས་དཔའ་རབ་བརྗོད་པའི། །མེ་ལོང་སློབ་མ་ལ་བསྟན་ནས། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་
ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཚིག་དེས་རང་བདག་ཤེས་པར་བྱ། །ཞི་རྒྱས་དབང་དང་དགུག་པ་དང་། །བསྐྲད་པ་དང་ནི་གསད་ལ་སོགས། །ཕན་དང་ཚར་གཅད་བྱེད་པ་ཡི། །ལས་རྣམས་ཁྱོད་ཀྱིས་སྒྲུབ་པར་གྱིས། །རལ་གྲི་ས་འོག་མིག་སྨན་
དང་། །རྐང་མགྱོགས་བཅུད་ལེན་མཁའ་ལ་འགྲོ། །མི་སྣང་ལ་སོགས་གྲུབ་པའི་ཚོགས། །ཅི་དགའ་བར་ནི་སྒྲུབ་པར་གྱིས། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་སྡོམ་པ་ཀུན་བསྲུངས་ཏེ། །ཉིན་དང་མཚན་མོ་ལན་གསུམ་དུ། །དོན་ལྡན་རྟག་ཏུ་བཟླ་བར་བྱ། །དགུན་ཟླ་འབྲིང་
པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་མངོན་བྱ་བ། །འཁོར་ལོར་གཉིས་མེད་ཚུལ་གནས་པ། །ཚེས་བཅུ་ལ་ནི་དེ་རབ་མཆོད། །རྐང་པས་འཁོར་ལོ་ལག་གཡས་དུང་། །ལག་གཉིས་པོ་ཏི་དྲིལ་བྱིན་ནས། །དེ་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱིས་
ཐེ་ཚོམ་དོག་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས། །སྐྱེ་བོ་ཡོངས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཤེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་

ཀྱང་། །ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ནི་འཛིན་གྱུར་པས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་
བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །འཁོར་ལོ་རྡོ་རྗེ་སོགས་བྱིན་ནས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་ཚོགས་ནི་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་འཁོར་ལོ་རབ་ཏུ་
བརྗོད། །ཤར་གྱི་སྒོ་དྲུང་རབ་གནས་པའི། །ལུས་ནི་ས་ལ་ཕབ་པའི་ཕྱག །བྱས་ཏེ་མགོ་བོ་མ་བཏེག་པར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ལས་ཀྱི་རྡོ་རྗེས་རབ་བསླང་ནས། །གདུགས་ནི་གཞན་དུ་བྱས་ནས་ཀྱང་། །དཔའ་བོ་ཆོས་
གོས་འཛིན་པ་དང་། །མཆོག་གམ་མི་འཇིགས་སྦྱིན་པ་ཡིས། །ཤཱཀྱའི་གཟུགས་སུ་རབ་དམིགས་ཏེ། །ཨོཾ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་
བཞིན་གཤེགས་པ་གྲུབ་པ་ས་གསུམ་གྱི་བདག་པོར་འགྱུར་རོ། །གང་ལ་ཚིག་འདིར་ལུང་བསྟན་པ། །དེ་ལ་སངས་རྒྱས་བྱང་ཆུབ་སེམས། །འཁོར་དང་བཅས་པ་མགྲིན་གཅིག་ཏུ། །བྱང་ཆུབ་ཆེན་པོར་ལུང་སྟོན་ཏེ། །ཕྱག་རྒྱ་སྔགས་འདིའི་མཐུ་ཡིན་ཞེས། །སློབ་མ་དད་པ་རབ་ཏུ་
བསྐྱེད། །དེ་ནས་སློབ་མ་གཟེངས་བསྟོད་དེ། །མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་ཚུགས་པ་ཡོད་
མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་ཆོས་སྨད་པར་མི་བྱ་སྟེ། །ནམ་ཡང་བོར་

བར་མི་རུང་ངོ་། །མི་ཤེས་པའམ་རྨོངས་པ་ལ། །གསང་བ་དེ་ཉིད་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །སངས་རྒྱས་ཀུན་དང་མཚུངས་གྱུར་པའི། །སློབ་དཔོན་སྨད་པར་མི་བྱ་སྟེ། །རང་བདག་ཡོངས་སུ་སྤངས་པ་ཡིས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་
བདེ་བར་བདེ་གཟུང་ནས། །འདི་ནི་མ་འོངས་རྫོགས་སངས་རྒྱས། །སློབ་དཔོན་གྱིས་ནི་བརྗོད་ཐོས་ནས། །སློབ་མ་གུས་པར་ཞབས་བཏུད་ཏེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །བསྒོ་བ་ཐམས་ཅད་ཁས་བླངས་ནས། །ཤིན་ཏུ་གུས་པར་འདུག་པ་ལ། །
ཤར་སྒོ་ཡི་ནི་ཕྱོགས་ཉིད་ནས། །དེ་ཉིད་རབ་ཏུ་བསྟན་པར་བྱ། །ཐམས་ཅད་དངོས་པོ་གཅིག་ཉིད་དུ། །སྤྲུལ་སྐུའི་མཛད་པ་རྫོགས་གྱུར་པ། །དུར་ཁྲོད་ཡིན་ཏེ་ལུས་སུ་དག །ཡེ་ཤེས་སྣང་བས་ཀུན་ཁྱབ་ཅིང་། །དུད་བཅོམ་འོད་དང་རྡོ་རྗེ་ལྡན། །མི་མཉམ་མེད་པ་ཟུར་བཞི་པ། །འཕགས་པའི་
བདེན་པ་ངོས་བཞི་ཉིད། །དྲན་ནས་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་ཉིད། །ཚོན་སྣ་ལྔ་པོ་སངས་རྒྱས་ཏེ། །དགེ་བའི་སྤྱོད་པ་ཤིཪྵ་ཀ །དྲ་སོགས་བྱང་ཆུབ་ཡན་ལག་བདུན། །བ་དན་དྲིལ་བུ་གསུང་རབ་སྒྲ། །ཏིང་ངེ་འཛིན་གྱི་ཁ་ཁྱེར་ཏེ། །གཟུངས་ནི་འདོད་པའི་ལྷ་མོའོ། །
པདྨ་འདམ་གྱིས་མི་གོས་ཏེ། །གཅོད་བྱེད་འཁོར་ལོ་རྣམས་ཡིན་ནོ། །ཡེ་ཤེས་ཐུགས་དང་གསུང་གི་སྐུའི། །འཁོར་ལོ་བསྐོར་བ་ཕྲེང་བ་བཞིན། །རྣམ་ཐར་བརྒྱད་ཀྱི་ཀ་བ་སྟེ། །སྣ་ཚོགས་ཆོས་འཁོར་རྒྱལ་པོའི་གནས། །འཁོར་ལོ་གདུགས་ཀྱིས་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་སུ་རོ་
གཅིག་ཕྱིར། །རྩེ་མོ་རྡོ་རྗེས་བརྒྱན་པ་ཉིད། །ཇི་ལྟར་ལྷ་ཡི་དག་པ་ནི། །ལོངས་སྤྱོད་ཆོས་སྐུ་ལྟ་བུར་ཤེས། །དེ་ཉིད་མཐོང་བའི་སློབ་མ་ཡིས། །མཎྜལ་མཆོད་པ་རྣམས་ཕུལ་ནས། །དགའ་བདེ་ཡིས་ནི་གནས་པར་བྱ། །དེ་ནས་གསང་བའི་དབང་གི་ཕྱིར། །མདོག་དམར་མཎྜལ་ལེགས་ཕུལ་ནས། །
སྨན་དང་ཁམས་ཀྱི་རིན་ཆེན་དག །ཇི་ལྟར་འབྱོར་བ་དབུལ་བར་བྱ། །འདོད་པས་ཉེ་བར་མཉེས་བྱས་པའི། །ཕྱག་རྒྱ་མཆོག་ནི་ཉེར་བརྟགས་ནས། །གདོང་བཅིང་དྲ་བའི་ཕྱི་རོལ་ནས། །གུས་པས་གསོལ་བ་གདབ་པར་བྱ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །མི་ཕྱེད་

ཕྱག་རྒྱར་རབ་ཏུ་བསྒྲུབས། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །བདག་ཉིད་ཆེན་པོ་ཁྱོད་བཞིན་དུ། །གཙོ་བོས་བདག་ཀྱང་མཛད་དུ་གསོལ། །འཁོར་བའི་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ལན་གསུམ་དུ་ནི་གསོལ་བཏབ་ནས། །ཐལ་སྦྱར་ཁ་སྒོར་འདུག་པ་ལ། །
སློབ་དཔོན་ཕྱག་རྒྱར་ལྡན་པ་ཡིས། །རྣལ་འབྱོར་བརྟན་པར་དམིགས་ནས་ནི། །ཇི་སྲིད་ཐིག་ལེ་ལྡན་པ་རུ། །སྙོམས་པར་ཞུགས་ཏེ་ཆོས་བདག་ལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་དབང་བསྐུར་སྩལ་བ་བཞིན། །བཟང་པོ་བྱང་ཆུབ་སེམས་ཀྱིས་ནི། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཚིག་
དེས་ལྕེ་ལ་གཞག་པར་བྱ། །ཕྱག་རྒྱས་ཀྱང་ནི་དེ་བཞིན་ཏེ། །ཡང་ན་ཚིག་གི་ལས་ཀྱིས་ནི། །གྲོལ་བའི་བདག་ཉིད་བྱིན་པར་བྱ། །ཨ་ཧོ་སུ་ཁ་ཞེས་བརྗོད་ནས། །ལུས་ཀུན་བདེ་བས་གང་པར་བྱ། །དག་པ་ཡང་ནི་རབ་ཏུ་བརྗོད། །དེ་ནས་མཎྜལ་ཕྱག་བྱས་ནས། །ནོར་བུ་རིན་ཆེན་ཀུན་གྱི་མཆོག །སྔོན་
བཞིན་གསོལ་བ་བཏབ་ནས་ནི། །རྡོ་རྗེའི་བདག་ཉིད་བྱས་པ་ལ། །སྲུང་བ་དག་ནི་བྱས་ནས་ཀྱང་། །ལག་པར་ལག་པར་ལེགས་བྱིན་ཏེ། །སྤྱི་བོ་ནས་ནི་གཟུང་ནས་སུ། །དགའ་སྟེར་གནས་ཏེ་ལྷ་མོ་འདི། །སྣ་ཚོགས་གཟུགས་ལྡན་ཡིད་འོང་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་ནས་
མཆོད་པ་རབ་ཏུ་བྱ། །ཐབས་གཞན་སངས་རྒྱས་མི་རྙེད་དོ། །འགྲོ་བ་གསུམ་ནི་དག་བྱེད་པ། །དེ་བས་ཁྱོད་ཀྱིས་འདི་དང་ནི། །ནམ་ཡང་འབྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་གིས་འདི་སྤངས་ན། །དེ་ལ་མཆོག་གི་བདེ་བ་མེད། །
སློབ་དཔོན་གྱིས་ནི་བརྗོད་པ་དང་། །སྐྲ་བཤིག་གོས་དང་བྲལ་བྱས་ནས། །བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོ་འམ། །བུད་མེད་རྣམས་ལ་གུས་པ་དང་། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཇི་ལྟར་དགའ་བ་སྨྲོས། །དེ་ལྟར་ཕྱག་རྒྱས་བརྗོད་
ཐོས་ནས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨར་འོ་བགྱིད་དོ། །པདྨ་རབ་ཏུ་རྒྱས་བྱས་ཤིང་། །དྲི་ཞིམ་པས་ནི་ཁ་ཕྱེ་སྟེ། །སློབ་མ་ལ་ནི་མངོན་བལྟས་ནས། །ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་

དག་ལྡན། །ཇི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྙེན་པ་ལ་སོགས་པའི། །བྱ་བ་ཐམས་ཅད་པདྨས་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །བྷཉྫ་མོཀྵ་ཧོ། རང་གི་ལྷ་ཡི་སྦྱོར་བ་ཡིས། །རྡོ་རྗེ་པདྨ་
ལེགས་སྦྱངས་ནས། །བླ་མས་ཆོ་ག་བརྗོད་བྱས་སྟེ། །སྦྱོར་སྟངས་དྲུག་པོ་སྔོན་འགྲོ་བས། །ཕྲ་བའི་ཡེ་ཤེས་བསྐྱེད་པར་བྱ། །ཡེ་ཤེས་ཐིག་ལེ་བརྟན་པ་དང་། །དམ་ཚིག་འདི་ཡང་བསྒྲག་པར་བྱ། །མཚན་ལྡན་བུད་མེད་མཐོང་བ་དང་། །གཡོན་ནས་ལན་གསུམ་བསྐོར་བྱས་ཏེ། །ཐལ་སྦྱར་
ནས་ནི་གསོལ་བ་གདབ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ནས་ནི་སྡིག་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བར། །ནམ་དུ་ཡང་ནི་མི་བྱའོ། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། །དེ་ནས་ཚུལ་བཞིན་གནས་པ་ལ། །དག་པ་ཡང་ནི་རབ་ཏུ་བརྗོད། །འབྲས་བུ་རྣམས་ནི་ཕུལ་ནས་
ཀྱང་། །ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། །ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བདག་ལ་བཀའ་དྲིན་རབ་ཏུ་སྩོལ། །སློབ་མས་ལན་གསུམ་བརྗོད་ཐོས་ནས། །གོ་རིམས་རབ་ཏུ་བརྗོད་བྱས་ཏེ། །རིན་ཆེན་ཚིག་གིས་
དབང་བསྐུར་ནས། །འདི་ཡིས་རབ་ཏུ་བསྟན་པར་བྱ། །འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་རྣམ་སྤངས་པ། །རིག་འདི་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་པུ། །བརྟུལ་ཞུགས་རྣམས་ཀྱིས་བླ་མའི་བླ། །མཚན་མེད་
བསམ་གྱིས་མི་ཁྱབ་པ། །འདི་ལ་རྟག་ཏུ་གནས་པར་གྱིས། །དེ་ནས་དག་པ་རབ་ཏུ་བརྗོད། །ལམ་གྱི་དམ་ཚིག་འདི་ཡང་སྦྱིན། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །གཞན་གྱི་བུད་མེད་རྣམས་སྤྱད་ནས། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །ཐམས་ཅད་ལ་ཡང་བརྫུན་ཚིག་སྨྲོས། །བདེ་བའི་
དོན་གྱིས་སྤྲོ་བཞིན་གནས། །དཀྱིལ་འཁོར་ཉི་མ་མ་ཤར་བར། །ལེགས་པར་གཤེགས་སུ་གསོལ་བར་བྱ། །བུམ་པ་ལ་སོགས་རྫས་རྣམས་ཀུན། །ཅི་བདེ་བར་ནི་གནས་པར་བྱ། །དེ་བས་རྟོག་པ་ཐམས་ཅད་ཀྱིས། །དགེ་འདུན་རྣམས་ནི་མཆོད་པར་བྱ། །བྱིས་པ་རྣམས་ཀྱང་ཚིམ་པ་དང་། །

སྐྱེ་བོ་ཀུན་ལ་ཅུང་ཟད་སྦྱིན། །དེ་ནས་དམ་ཚིག་ལ་གནས་པའི། །སྦྱོར་བ་ལེགས་པར་ཁོང་ཆུད་པར། །སློབ་དཔོན་ལས་ནི་རབ་ཏུ་བླང་། །བསྲུང་དང་བརྟེན་པ་བཟའ་བ་ཤིས། །དམ་ཚིག་འདི་ནི་བླ་ན་མེད། །དེ་ལ་འབད་པས་བཙལ་རྩོལ་བྱ། །དེ་ཡིས་འབྲས་བུ་རབ་རྫོགས་བྱེད། །དབང་
བསྐུར་བ་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དཀྱིལ་འཁོར་གྱི་ནི་ལས་རྣམས་དང་། །ལས་ཀྱི་དངོས་གྲུབ་ཐམས་ཅད་ལ། །སྦྱིན་སྲེག་དང་ནི་བྲལ་གྱུར་ན། །འབྲས་བུ་འབྱུང་བར་མི་འགྱུར་བས། །དེ་བས་ཐམས་ཅད་དངོས་གྲུབ་རྒྱུར། །ལས་ཆེན་བརྒྱད་དམ་བཅུ་གཉིས་ཀྱིས། །སྦྱིན་སྲེག་
ཡང་དག་ཆོ་ག་ནི། །རྣམ་པ་ཀུན་དུ་སྤྱད་པར་བྱ། །ལས་དང་མཐུན་པའི་ས་གཞི་འམ། །དེ་ཡི་ས་ནི་ཡོངས་བཀང་སྟེ། །ཐབ་ཁུང་མཚན་དང་ལྡན་པར་བརྟག །ཞི་བ་དཀར་ཞིང་ཁྲུ་གང་ཚད། །ཟླུམ་པོ་པདྨ་པད་ཕྲེང་ལྡན། །རྒྱས་ལ་ཁྲུ་དོ་སེར་པོ་སྟེ། །གྲུ་བཞི་འཁོར་ལོ་པདྨའི་ཕྲེང་། །དབང་ལ་
ཟུར་གསུམ་ཁ་དོག་དམར། །ཁྲུ་གང་མདའ་ཡི་ཕྲེང་བས་མཛེས། །དགུག་པ་ཉི་ཤུ་ལྕགས་ཀྱུས་མཚན། །དམར་ཞིང་ཟུར་གསུམ་འོད་དང་ལྡན། །གསང་བ་བཅུ་གཉིས་ཟླ་གམ་སྟེ། །ནག་པོ་གྲི་གུག་ཕྲེང་བས་སྤྲས། །དབྱེ་བ་ཁྲུ་གང་རལ་གྲིར་ལྡན། །ཟུར་ལྔ་པ་ལ་ཁ་དོག་
གནག །རྨོངས་པ་ལ་དྲུག་རེངས་ལ་བརྒྱད། །སྦྲུལ་དང་ལྕགས་སྒྲོག་མཚན་མར་བཅས། །སེར་པོ་སུམ་ཅུ་དྲུག་ཅུའི་བདག །དབྱེ་བ་ཇི་བཞིན་བསྐྲད་པ་ལ། །རེངས་བཞིན་ཕུར་བུས་གདབ་པ་ཤེས། །དགུག་པའི་ཆོ་གས་ཚ་པ་བསྐྱེད། །དུག་འཇོམས་པ་ལ་ཞི་བ་སྤྱད། །ལས་ཀུན་
བྱེད་ལ་ཡང་དེ་བཞིན། །རིགས་ལྔའི་མཚན་མ་ཡང་དག་དགོད། །ཐབ་ཁུང་དེ་དག་ཀུན་གྱི་ནི། །ཕྱེད་ཕྱེད་ཟབས་སུ་བརྐོས་ནས་ཀྱང་། །བཅུ་གཉིས་ཆ་ན་ཕྱིར་བསྐྱེད་དེ། །དྲུག་ཆ་སྟེང་དུ་བརྩིག་པར་བྱ། །དཀར་དང་དམར་དང་ནག་པོ་སྟེ། །ཁྲུ་དོ་ལ་སོགས་ཕྱི་རོལ་ནས། །རྟ་བབས་སྒོ་དང་ལྡན་པ་
རུ། །ཐབ་ཀྱི་དབྱིབས་བཞིན་བསྐོར་བྱས་ལ། །སྒོ་ནི་འདོད་པའི་ཕྱོགས་སུ་བསྟན། །ཐབ་ཁུང་འདྲ་བར་གདན་བྱས་ཏེ། །གཡོན་དང་གཡས་སུ་མཆོད་ཡོན་དང་། །གཟར་བའི་སྟན་ཡང་དེ་བཞིན་ནོ། །ཡང་ན་རྡུལ་ཚོན་ཆོ་གས་སྤྱད། །ཞི་དང་རྒྱས་ལ་འོ་མ་ཅན། །དབང་དང་དགུག་པ་སེང་

ལྡེང་སོགས། །རེངས་རྨོངས་ཁ་དང་བསྐ་བས་སོ། །གསད་པ་ལ་ནི་ཚེར་མའི་ཤིང་། །ཙནྡན་སྒྲོན་ཤིང་ཨ་ག་རུ། །དྲི་ཞིམ་འོ་མ་དང་ལྡན་པ། །ལས་ཀུན་བྱེད་ལ་བསྔགས་པ་སྟེ། །ཐབ་ཀྱི་དབྱིབས་བཞིན་བརྩིག་པར་བྱ། །རང་གི་ལས་ལས་འབྱུང་བ་ཡི། །ཡམ་ཤིང་སོར་
ནི་བཅུ་གཉིས་སོགས། །ཇི་ལྟར་རིགས་པར་ཀུན་དུ་སྤྱད། །ཞི་རྒྱས་བྲམ་ཟེའི་ཁྱིམ་ལས་སྐྱེས། །དགེ་འདུན་ཁྱིམ་ལས་བྱུང་བའང་རུང་། །བསྐྲད་སྡང་ཐ་མལ་ལས་བྱུང་བ། །དབང་དགུག་རྒྱལ་རིགས་ཁྱིམ་ལས་ཏེ། །སྨད་འཚོང་མ་དང་རྗེའུ་རིགས་དང་། །གར་མཁན་ལས་ཀྱང་རབ་ཏུ་བརྟག།
རེངས་རྨོངས་རྗེའུ་རིགས་རབ་ཏུ་རྨོངས། །གསད་ལ་གཏུམ་བྱེད་ཡུགས་སའི་ཁྱིམ། །རྡོའམ་ལྕགས་ལས་སྐྱེས་པའང་རུང་། །ཡམ་ཤིང་ལེགས་པར་བསྲེགས་ནས་སུ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་པས། མེ་ནི་ལས་ཀྱི་ཕྱོགས་ནས་སྤར། །བསངས་ཏེ་མེ་ཡི་ལྷ་བསྐྱེད་བྱ། །ལས་ཀུན་བྱེད་ལ་དཱུར་
བའི་མདོག །ཞལ་གཅིག་མིག་སེར་གོས་ལྗང་སེར། །ཁམ་ནག་ཐོར་ཚུགས་མི་བསྐྱོད་འཛིན། །རྡོ་རྗེ་བགྲང་ཕྲེང་དྲིལ་པད་ལྡན། །ཞི་ལ་དཀར་ཞིང་པད་དཀར་དང་། །ཤེལ་ཕྲེང་སྤྱི་བླུགས་ཆུ་སྤྱོད་འཛིན། །རྒྱས་ལ་དཀར་སེར་འཁོར་ལོ་དང་། །མུ་ཏིག་ཕྲེང་པད་སྤྱི་བླུགས་འཛིན། །གསད་ལ་
མདོག་གནག་རུས་པས་བརྒྱན། །དོན་ཡོད་པས་ནི་དབུ་བརྒྱན་ཅིང་། །གྲི་གུག་རྩེ་གསུམ་ཐོད་པ་དང་། །ཁ་ཊྭཱཾ་ག་ནི་གཡོན་ན་འཛིན། །བསྐྲད་སྡང་རལ་གྲི་རྩེ་གསུམ་གཡས། །ཐོད་པ་ཁ་ཊྭཱཾ་གཡོན་པ་ན། །དབང་ལ་མདོག་དམར་མདའ་དང་ནི། །རིན་ཆེན་གཞུ་དང་མེ་ལོང་འཛིན། །འདོད་ཆགས་
རིན་ཆེན་འབྱུང་ལྡན་འཆང་། །དགུག་པ་ལྕགས་ཀྱུ་རིན་ཆེན་དང་། །རྡོ་རྗེ་ཞགས་པ་མེ་ལོང་ཉིད། །རྨོངས་ལ་མདོག་སེར་སྦྲུལ་དབྱུག་དང་། །འཁོར་ལོ་ཐོབ་རྣམ་སྣང་བསྐུར། །རེངས་ལ་ལྕགས་སྒྲོག་ཐོ་བ་དང་། །འཁོར་ལོ་ཕུར་བུ་ན་བཟའ་ཟེར། །རིགས་མཐུན་ལས་ཀྱི་ས་བོན་ལས། །ཐབ་
ཁུང་དབུས་སུ་བསྐྱེད་ནས་ཀྱང་། །སྔགས་འདིས་བདག་པོ་སྤྱན་དྲང་བྱ། །ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །ཆེན་པོ་འབར་བའི་སྟན་ལ་བཞུགས། །བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བསངས་ཏེ་དགུག་གཞུག་བཅིང་

སོགས་བྱ། །ཨོཾ་དང་སྭཱ་ཧཱ་བར་གནས་པས། །མཆོད་ཡོན་མེ་ཏོག་ལ་སོགས་པ། །བཞི་ཡི་སྣོད་དུ་དབུལ་བར་བྱ། །མཆོད་སོགས་རྫས་རྣམས་ཐམས་ཅད་ནི། །ཞི་རྒྱས་དྲི་ཞིམ་དཀར་བ་ཉིད། །དབང་དགུག་དྲི་ཞིམ་དམར་བའི་རྫས། །གསད་བསྐྲད་དབྱེ་ལ་དྲི་ང་ནག །རེངས་རྨོངས་སེར་
ཞིང་དྲི་ང་བ། །ཞི་ལ་འོ་མ་རྒྱས་ལ་ཞོ། །དབང་ལ་མངར་དམར་དགུག་པ་ལ། །ཏིལ་མར་རབ་ཏུ་ཤིས་པ་ཡིན། །གསད་ལ་མཆིན་པ་བསྐྲད་ལ་ཤ། །རྨོངས་ལ་སྲན་ཆུང་རེངས་པ་ལ། །ཉ་དང་ཙ་ན་ཀ་ཉིད་ཤིས། །ཞི་ལ་ལྷོར་གནས་སྲིན་པོར་རྒྱས། །ཆུ་ལ་གསད་པ་བསྐྲད་དབྱེ་རླུང་། །དབང་
ལ་ནོར་སྦྱིན་དབང་ལྡན་དགུག །མེ་ལ་རེངས་པ་ཤར་དུ་རྨོངས། །ཞི་ལ་ཉི་མ་ཟླ་བ་རྒྱས། །གསད་སྡང་བསྐྲད་ལ་སྤེན་པ་སྟེ། །པ་བ་སངས་ཀྱིས་དབང་དུ་གྱུར། །དགུག་ལ་ཕུར་བུ་ལག་ལ་རྨོངས། །རེངས་ལ་མིག་དམར་དུས་ཀྱི་མེ། །ལས་རྣམས་ཐམས་ཅད་བྱེད་པར་གསུངས། །དངུལ་ལམ་
གསེར་རམ་ཟངས་སམ་ལྕགས། །ར་གན་མི་རུས་ལས་བྱུང་བའི། །རང་རང་ཤིང་ལས་བྱུང་བ་ཡི། །མཆོད་སྦྱིན་སྣོད་ནི་ལེགས་པར་བརྟག །དགང་གཟར་བླུགས་གཟར་ཡུ་བ་ཁྲུ། །སོར་དྲུག་རྡོ་རྗེ་རིན་ཆེན་བཅས། །གྲུ་བཞི་སོར་བཞི་ལྟེ་བ་ཟླུམ། །སོར་གཉིས་སོར་གཅིག་རྡོ་རྗེས་མཛེས། །
པད་འདབ་མཐེ་བོང་ལྟོ་བའི་ཚད། །སོར་བཞི་རྩེ་གསུམ་མཐེའུ་ཆུང་ཚད། །ཆོ་ག་མཐོང་བས་ཤེས་པར་བྱ། །སྦོམས་སུ་མཐེ་བོའི་ཚད་བྱས་ནས། །རང་རང་གི་ནི་དྲིས་བསྒོས་ཏེ། །ཤིན་ཏུ་དག་པའི་བདག་ཉིད་བྱ། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །ནམ་དུ་ཡང་ནི་བྲལ་མི་བྱ། །རང་རང་གི་ནི་
ཐབ་ཁུང་དང་། །དབྱིབས་འདྲ་དེ་ཡི་མཚན་མར་བཅས། །སོ་སོའི་ལས་ལ་དེ་ཡང་ཤིས། །མཐེ་བོས་མཐེབ་ཆུང་མནན་པ་དང་། །སོར་མོ་ལྔ་ནི་ལེགས་གཤིབས་པའི། །གཡས་དང་གཡོན་གྱི་ལག་པའམ། །ཅི་བདེ་བར་ཡང་སྤྱད་པར་གསུངས། །སྤྱད་འོས་པར་ནི་གཟར་བུ་སྟེ། །གཞན་
རྣམས་ཀུན་དུ་ལག་པས་སོ། །འཇིགས་སོགས་གཡེང་བ་ཕྱིར་བསལ་ཏེ། །སེམས་ནི་ལས་གང་སྒྲུབ་པ་ཡིས། །བསམ་གཏན་ལ་ནི་རྩེ་གཅིག་པས། །མེ་ནི་འབར་བ་ཡོངས་ཤེས་ནས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། སྔགས་དེས་མར་གྱི་སྲེག་བླུགས་དག །གསུམ་མམ་ལྔའམ་བདུན་དུ་

དབུལ། །མེ་ཡི་ལྟས་ནི་ཡོངས་ཤེས་ཤིང་། །བགེགས་བསལ་མེ་ལ་སྲེག་བླུགས་དབུལ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡེ། སརྦ་བྷསྨིཾ་ཀུ་རུ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡམ་ཤིང་ལེགས་པར་དབུལ་བར་བྱ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ།
སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ་ནི་སྡིག་པ་ཞི་ཕྱིར་དབུལ། །ཡུངས་ཀར་འབྲས་ཆན་ཞོ་དང་ཟན། །ཀུ་ཤ་དཱུར་བ་ནས་དང་གྲོ། །འབྲས་དང་མ་ཤ་སོ་བར་བཅས། །ཤིང་ཏོག་མེ་ཏོག་ལ་སོགས་པ། །སྔར་བཞིན་སྔགས་ཀྱིས་དབུལ་བར་བྱ། །ཀུན་བྱེད་ལ་སོགས་འཇམ་པ་ཡི། །ལས་ལ་
འདི་ཤིས་བསད་སོགས་གཞན། །ལས་མཐར་སོ་སོའི་སྔགས་ཤེས་ནས། །སོ་སོའི་འདུག་སྟངས་ལ་སོགས་པ། །མཁས་པས་མན་ངག་ལྟར་ཤེས་ནས། །ཆོ་ག་ཀུན་དུ་སྤྱད་པར་བྱ། །ཆང་དང་ཤ་རློན་བདུད་རྩི་དག །ཀུན་ལ་རབ་ཏུ་སྦྱར་བར་བྱ། །མེ་ནི་རབ་ཏུ་ཚིམ་བྱས་ནས། །མཆོད་དེ་
རབ་ཏུ་བསངས་བྱས་ནས། །འབར་བའི་བདག་ཉིད་བསམ་པར་བྱ། །ཇི་སྐད་བཤད་པའི་ཆོ་ག་ཡིས། །དཔལ་ལྡན་ཁྲག་འཐུང་སོགས་བསྐྱེད་ནས། །ལས་ཀྱི་རྒྱན་སོགས་དང་ལྡན་པའི། །ཡེ་ཤེས་མེ་ནི་སྤྱན་དྲངས་ཏེ། །ཞབས་བསིལ་མཆོད་ཡོན་འཐོར་འཐུང་སྦྱར། །མེ་ཏོག་བཤོས་ཀྱི་
མཐར་ཐུག་པར། །དང་པོར་རྫོགས་པར་སྤྱད་དེ་མཆོད། །དེ་ནས་པུས་མོའི་ནང་ཆུད་པར། །ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས། །གཟར་བུ་ལེགས་པར་གཟུང་བྱས་ལ། །ལན་བདུན་དུ་ནི་དགང་བླུགས་དབུལ། །དེ་ནས་རྩ་བའི་སྙིང་པོ་ཡིས། །སྟོང་ནས་ཉི་ཤུ་གཅིག་གི་བར། །ཅི་ནུས་པར་ནི་
དབུལ་བར་བྱ། །དེ་ནས་ནང་གི་མཆོད་པ་དང་། །དགང་བླུགས་གསུམ་ནི་དབུལ་བར་བྱ། །འཇོམས་མ་ཡི་ནི་མཐར་ཐུག་པར། །ཐམས་ཅད་ལ་ཡང་བདུན་བདུན་ཏེ། །སྣ་ཚོགས་མཆོད་པས་ཀུན་མཆོད་ནས། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །དགང་བླུགས་བདུན་དུ་ཕུལ་ནས་ཀྱང་། །
རོལ་མོ་རྣམས་ནི་བརྡུང་བ་དང་། །མེ་ཏོག་དོར་ཞིང་བཀྲ་ཤིས་བརྗོད། །བསྟོད་དེ་འདོད་པའི་དོན་བླངས་ནས། །བཟོད་པ་གསོལ་ཏེ་དཔའ་བོ་དག །ཨོཾ་དང་ཀྲི་ཏོ་བ་ལ་སོགས། །མུཿཡི་ཡི་གེས་གཤེགས་སུ་གསོལ། །དེ་ནས་བསངས་ཏེ་སྔར་བཞིན་དུ། །རང་འདོད་ལས་ལ་མེ་ཡི་ལྷ། །ལན་བདུན་

དུ་ནི་མཆོད་པར་བྱ། །དགང་བླུགས་དག་པར་ཕུལ་ནས་ཀྱང་། །མཆོད་བསྟོད་གསོལ་བ་ལ་སོགས་བྱ། །ལས་བཅོལ་གཏོར་མ་རབ་ཏུ་སྦྱིན། །གཤེགས་ཏེ་བདག་ཉིད་བསྲུང་བར་བྱ། །དངོས་གྲུབ་ཀྱི་ནི་ལས་རྣམས་ལ། །རྒྱུད་ལས་ཇི་སྐད་བཤད་པ་ཡི། །རྫས་དང་རང་གི་སྔགས་ཤེས་ནས། །
སྦྱིན་སྲེག་རབ་ཏུ་སྤྱད་པར་བྱ། །སྦྱིན་སྲེག་གི་རིམ་པར་ཕྱེ་བའོ།། །།གཞན་ཡང་རྡོ་རྗེ་སློབ་དཔོན་གྱི། །ལས་ཀྱི་ཆོ་ག་རྣམས་ཕྱེ་བ། །རབ་ཏུ་གནས་པའི་ཆོ་ག་མཆོག །འབྱོར་པ་ཤེས་ནས་བྱ་བར་གསུངས། །ལྷ་མཚམས་རྒྱལ་ལ་སོགས་པ་ཡི། །གཟའ་དང་སྐར་མ་ཡོངས་བརྟགས་ཏེ། །
བཟང་པོས་དད་པས་མངོན་བྲིས་པའི། །མ་ཉམས་ཚད་ལྡན་ནག་ནོག་མེད། །ལྷག་ཆད་འཁྲུལ་པ་སྤངས་པ་ཡི། །སྐུ་གཟུགས་ལ་སོགས་ལེགས་བལྟས་ནས། །ཡིད་འོང་བགེགས་བྲལ་ས་གཞི་ལ། །དཀྱིལ་འཁོར་གྱི་ནི་ཚད་ལྡན་པར། །ཁྲུ་གང་གྲུ་བཞི་བྱས་ནས་ཀྱང་། །བླ་རེ་གདུགས་
དང་མེ་ཏོག་ཕྲེང་། །དུང་དང་རྔ་ཆེན་སོགས་པས་བརྒྱན། །སེར་པོའི་གོས་ཀྱིས་ལེགས་གཡོགས་ཏེ། །སྔོན་བཞིན་དུ་ནི་སྦྱང་བར་བྱ། །དངོས་སམ་ཡང་ན་གཟུགས་བརྙན་ལ། །བ་ཡི་རྣམ་ལྔས་ལེགས་བསྐུས་ཏེ། །དཱུར་བའི་ཕོན་གྱིས་རབ་ཏུ་བྲུད། །འབྲུ་མར་གྱིས་ནི་བསྐུས་ནས་སུ། །
ཤིང་ཤུན་མ་ཤ་ལ་སོགས་ཕྱེས། །སྐུ་ནི་རབ་ཏུ་ཕྱི་བར་བྱ། །སྐྱུ་རུ་ལ་སོགས་འདག་ཆལ་ལྔས། །བཀྲུས་ཤིང་ཤིས་པ་ཡང་བརྗོད་ནས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་བཛྲ་སྭཱ་ཧཱ། སྔགས་དེ་རབ་ཏུ་བརྗོད་བྱས་ནས། །ཕྱི་དང་ནང་གི་ཁྲུས་བྱའོ། །ཕྱིས་དེ་དྲི་ཡིས་བྱུགས་ནས་སུ། །མཆོད་
པ་ཀུན་གྱིས་རབ་མཆོད་ནས། །སྙིང་མགྲིན་མཚོག་མ་དཔུང་གཙུག་ཏུ། །ཉེ་རེག་དག་ནི་སྦྱིན་བྱ་སྟེ། །སྔོན་བཞིན་སྙན་གསན་དབབ་པར་བྱ། །སྟོང་སོགས་གཅིག་གསུམ་བཞིའམ་ནི། །ལྔའི་ས་རང་ལྷའི་བདག་ཉིད་བསམ། །སྒྲ་རྣམས་གསུང་གི་རྡོ་རྗེ་སྟེ། །ལྷ་ཁང་མཆོད་རྟེན་སོགས་
སྐུ་ཉིད། །རྡོ་རྗེ་ཕུར་བུ་ལ་སོགས་ཐུགས། །མང་པོ་དེ་ཡི་ཆོ་ག་དག །སྒྲུབ་པོས་གང་ཞིག་མི་ཤེས་ན། །རྡོ་རྗེ་འཆང་ཆེན་བདག་ཉིད་བྱ། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །མགོན་པོ་རབ་བསྐུལ་དགུག་སོགས་བྱ། །དབང་བསྐུར་མཆོད་པའི་མཐར་བྱས་ནས། །དེ་ཡི་སྙིང་པོ་བརྒྱ་

རྩ་བརྒྱད། །མ་ཡེངས་དགའ་བའི་སེམས་ཀྱིས་བཟླས། །དེ་ནས་གཤེགས་ཏེ་རབ་ཏུ་བསྲུང་། །རྫིང་དང་ཁྲོན་པ་ལ་སོགས་པ། །མདོག་དཀར་ཆུ་ལྷའི་བདག་ཉིད་དེ། །སྲང་དང་ཟམ་པ་རི་ལ་སོགས། །མདོག་སེར་སོ་སོའི་ལྷར་བསྐྱེད་བྱ། །རྡོ་དང་ས་གཞི་ལ་
སོགས་པ། །ས་ཡི་ལྷ་མོ་ཡོངས་ཤེས་བྱ། །གནོད་སྦྱིན་སོགས་གཟུགས་རང་ཉིད་ཤེས། །མཆོད་ལ་སོགས་པ་རང་རང་ཚུལ། །མཁས་པས་ཡང་དག་ཤེས་པར་བྱ། །ལན་མང་དུ་ནི་བྱུར་བསལ་བ། །རབ་གནས་ལ་ནི་ཡོངས་སུ་བསྔགས། །དེ་ལྟར་ལྷག་པར་གནས་བྱས་ནས། །སྔ་
དྲོ་ཡི་ནི་དུས་མཆོག་ལ། །མཆོད་སོགས་འབྱོར་པ་ཀུན་ལྡན་པས། །དཔའ་བོ་རྣལ་འབྱོར་རྫོགས་བྱས་ཏེ། །མཆོད་དེ་ལྷག་ལ་གནས་པར་གསོལ། །སྔ་མ་བཞིན་དུ་ཀུན་སྤྱད་ནས། །མེ་ཏོག་ཕྲེང་བ་ཡོངས་བཏགས་ཏེ། །རྒྱས་པའི་ཕྱིར་ནི་སྦྱིན་སྲེག་དབུལ། །མེ་ལོང་ལ་ནི་ཁྲུས་བྱས་ཏེ། །གསེར་
གྱི་ཐུར་མ་གཡས་ཐོགས་ནས། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། རྒྱལ་རྣམས་ཀྱི་ནི་སྤྱན་ཕྱེ་ནས། །སྔགས་འདིས་ཚོགས་ཀྱི་རྫས་རྣམས་དབུལ། །ཨོཾ་ཨཱཿཔཱི་བྱ་ཨན་ནཾ་ས་མཱ་དྷི་དྷྱཱ་ན་པྲ་ཎི་ནེ་སྭཱ་ཧཱ། དེ་ནས་སློབ་མ་དད་ལྡན་པས། །ཁྱིམ་པའམ་རབ་ཏུ་བྱུང་བ་ཡི། །གོས་དང་
ཕྲེང་བ་རྒྱན་ལ་སོགས། །མཁོ་བའི་ཡོ་བྱད་ཀུན་བསོགས་ཏེ། །ཤིས་པ་རབ་ཏུ་བརྗོད་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། སྔགས་དེས་བརྟན་པར་བྱས་ནས་ཀྱང་། །ཙཱ་རུའི་མཆོད་པ་ཡང་དག་བྱ། །རྡོ་རྗེ་སློབ་དཔོན་ལངས་ནས་ཀྱང་། །ཙཱ་རུའི་བཟའ་བ་ལག་
ཐོགས་ཏེ། །ཤིས་པ་རབ་ཏུ་བརྗོད་བྱས་ནས། །དེ་བཞིན་གཤེགས་པས་གསོལ་བ་ཡི། །ལྷག་མ་སྡིག་པ་སྦྱང་ཕྱིར་དང་། །བཀྲ་ཤིས་རྣམ་པ་སྣ་ཚོགས་ཕྱིར། །དགའ་བའི་སེམས་ཀྱིས་རབ་ཏུ་ཟོ། །ཚིག་དེས་ཡོངས་སུ་བསྒོ་བ་དང་། །ལོངས་སྤྱོད་ལྷ་ལ་མཆོད་སོགས་བྱ། །དེ་ནས་སློབ་དཔོན་
སེམས་དགེ་བས། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། །གནོད་སྦྱིན་སྡེ་དཔོན་རྣམས་མཆོད་ནས། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མ་ལུས་པ་ནི་རབ་བསྒོ་ཞིང་། །གཅིག་ལ་ངེས་པར་གཏད་པར་བྱ། །དེ་ནས་བཀྲ་ཤིས་ངེས་བྱས་ནས། །རང་རང་གི་ནི་གཟུགས་སུ་བྱ། །དེ་ལྟར་

ཆོ་ག་ཀུན་བྱས་ནས། །དགེ་འདུན་ལ་སོགས་མཆོད་པར་བྱ། །སློབ་དཔོན་ཡོངས་སུ་མཉེས་བྱས་ནས། །ལྷ་ལ་རྒྱས་པའི་མཆོད་པ་བྱ། །རབ་ཏུ་གནས་པ་མདོར་བསྡུས་པ་སྟེ་དགུ་པའོ།། །།བླ་མ་ལས་ཐོས་གཞུང་མང་མཐོང་བ་དང་། །གཞན་ལ་རྣམ་བརྩེས་
འཁོར་ལོ་སྡོམ་པ་ཡི། །ལས་གཞུང་རབ་སྦྱར་དེ་ལས་དགེ་བ་ཞིག །ཐོབ་པ་དེས་ནི་འགྲོ་རྣམས་སངས་རྒྱས་ཤོག །དཔལ་འཁོར་ལོ་སྡོམ་པའི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་རིག་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང་། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེ་དང་། སྤྱིལ་ཅོག་གི་ཐོ་གར་དགེ་མཛེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་ཥེ་ཀ་པྲ་ཀྲི་ཡ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ།
དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོར་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་ལོ་རིམ་གསུམ་རྣལ་འབྱོར་ཉིད། །གང་གི་སེམས་ཅན་ཁམས་གསུམ་གནས། །རྡོ་རྗེ་ཅན་གྱི་གནས་ཐོབ་པའི། །དབང་བསྐུར་ཆོ་གའི་རིམ་པ་བཤད། །
དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོ་གནས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པས་བསྟན། །འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་
འཁོར་གཉིས་མེད་པའོ། །བཅོས་མ་ཉིད་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་
དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ། །མངོན་སུམ་དུ་ནི་སྒྲུབ་པ་པོ། །སློབ་དཔོན་ལ་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་

བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེས་ནི་བཅུ་བཞིའོ། །དང་པོར་རེ་ཞིག་འཁོར་ལོ་གསུམ། །བདག་ཉིད་རྡོ་རྗེ་སློབ་དཔོན་རང་། །དེ་ནས་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །འདི་ནི་བུ་ཁྱོད་བདུད་རྩི་སྟེ། །
མ་བསྲུངས་སྲེག་པར་བྱེད་པས་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔ་ཡི་ཆུས་གྲུབ་པའོ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། ཐོད་པར་གནས་པ་དེ་ལ་སྦྱིན། །ཁྱོད་ཀྱིས་སྨད་པར་མི་བྱ་ཞིང་། །དམ་ཚིག་དང་འགལ་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །དེ་ནས་
དབབ་པར་བྱ་བ་སྟེ། །དེ་ལ་འདི་ཡི་རིམ་པ་ནི། །བཤང་གཅི་སོགས་པས་ཡང་དག་སྦགས། །ཟླ་མཚན་ལྡན་པ་མདོམས་དཀྲིས་རས། །བྱི་ལའི་བྲུན་གྱིས་སྦགས་པ་ཡི། །གུ་གུལ་དང་ནི་བསྲེས་ཏེ་བརྟགས། །ཡི་དགས་མེ་ནི་རབ་བླངས་ལ། །དེ་ནི་པདྨའི་སྣོད་གཞག་བྱས། །དེར་ནི་དེ་དག་
ཐམས་ཅད་དེ། །རྐང་པ་གཡོན་བརྐྱང་ལ་གནས་པས། །འཁོར་ལོ་གསུམ་བདག་ཁྲོ་བོ་འབེབས། །འཁོར་ལོ་གསུམ་བདག་དེ་མདུན་དུ། །རྡོ་རྗེ་ལྡན་པས་བསྲེག་དེ་ནས། །བདུགས་ཏེ་འབབ་པར་ཐེ་ཚོམ་མེད། །ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཤྲཱི་ཧེ་རུ་ཀཱ་ཡི་བིད་མ་བིད་མ་ཧེ་བིདྱཱ་རཱ་ཛ་ཡ། དྷི་
མ་ཧེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདིས་དཔའ་བོ་བསྐུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་ཉེ་བར་བསྟན་པར་བྱ་སྟེ། །རང་བཞིན་གྱིས་ནི་དག་པའི་བདག །ལུས་ཀྱི་རང་བཞིན་དྲི་མ་མེད། །དཔའ་བོ་དཔའ་མོ་དབང་པོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །དེ་ནས་གནས་དང་ཉེ་གནས་སོགས། །
བདག་ཉིད་དཀྱིལ་འཁོར་ལུས་དཀྱིལ་འཁོར། །ལ་གནས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་རང་བཞིན་ཏེ། །རྩ་ནི་སུམ་ཅུ་རྩ་བདུན་པོ། །ལྷ་ཡི་འཁོར་ལོ་དཀྱིལ་འཁོར་པའོ། །དཔལ་ནི་ཧེ་རུ་ཀ་ཡི་ནི། །ཡན་ལག་ཉིང་ལག་ཉེར་བསྟན་བྱ། །དེ་ནས་བདག་ཉིད་ཀུན་བཏུད་དེ། །བླ་མ་
མགོན་ལ་གསོལ་བ་གདབ། །ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་བར་མཛོད། །སློབ་མས་གསོལ་བ་བཏབ་མ་ཐག །རྣམ་རྒྱལ་སོགས་པའི་བུམ་པ་བླང་། །པདྨའི་སྣོད་ལ་གནས་པའི་ཆུ། །ཧཱུཾ་ཡིག་རྡོ་རྗེ་ལས་བྱུང་བ། །མི་བསྐྱོད་པ་ནི་རྡོ་རྗེ་ཡི། །སློབ་

དཔོན་གྱིས་རབ་བསྒོམ་པར་བྱ། །ཡེ་ཤེས་སེམས་དཔའི་རང་བཞིན་གྱི། །ས་བོན་འོད་ཟེར་གྱིས་བསྐུལ་བརྩོན། །ཡེ་ཤེས་དེ་ཉིད་གཞུག་པར་བྱ། །དེ་བཞིན་རབ་མཆོག་ཆུ་བླང་བྱ། །དེ་ཉིད་མི་བསྐྱོད་གཟུགས་ཀྱིས་ནི། །རྣམ་ཤེས་ཕུང་པོའི་ངོ་བོ་སྟེ། །བརྩེ་ཆེན་སྟོན་པ་དཔའ་བོ་ཡི། །དབང་
བསྐུར་འདི་ནི་སྤྱི་བོར་སྦྱིན། །ཨོཾ་ཙཀྲ་བཱི་ར་ཏྭཾ་ཨ་བྷི་ཥིཉྩ་ཡ་མི་ཞེས་བྱ་བ་སྟེ་ཆུའིའོ། །བྲིས་པ་ལ་སོགས་དབུ་རྒྱན་ཡང་། །འདི་ལྟར་རིན་ཆེན་འཛིན་ས་བོན། །ཨཾ་ལས་རྡོ་རྗེ་ཉི་མ་ཞེས། །བཤད་པར་བསྒྲུབ་ཅིང་ཡང་དག་མཆོད། །དེ་ནི་སྔ་མ་བཞིན་དུའོ། །དེ་ཉིད་དབུ་རྒྱན་རྣམ་པ་སྟེ། །འདི་
ནི་ཚོར་བའི་བདག་ཉིད་དོ། །བསམས་ཤིང་བསྒྲུབས་ཏེ་རྡོ་རྗེ་ཅན། །རྡོ་རྗེ་མཁའ་འགྲོ་སྤྱི་བོར་ཏེ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་། དེ་བཞིན་དུ་སྔགས་གཞན་ཡང་བརྗོད་དོ། །དབུ་རྒྱན་ནོ། །ཛྲིཾ་པད་རྡོ་རྗེ་ལས་བྱུང་བ། །འདུ་ཤེས་དེ་བཞིན་
གཤེགས་པ་ནི། །སྣང་བ་མཐའ་ཡས་རྡོ་རྗེར་བསྒྲུབ། །ཡང་དག་གཟུང་བས་སྦྱིན་པར་བྱ། །ལག་པ་གཡས་དང་སྙིང་གར་རོ། །ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་ཋ་ཏྭཾ་བཱི་ར་ཤྲཱི་ཧེ་རུ་ཀ་དྷི་བི། ཨེ་ད་རུད་སརྦ་བུདྡྷ་ཏྭཱཾ་གྲྀཧྞ་བཛྲ་སུ་བི་དྷ་ཡེ་རྡོ་རྗེའོ། །ཁཾ་ཡིག་རལ་གྲི་ཡང་དག་བྱུང་། །དོན་ཡོད་གྲུབ་
པའི་གཟུགས་ཅན་ཏེ། །འདུ་བྱེད་ངོ་བོ་དྲིལ་བུ་ནི། །ལག་པ་གཡོན་པར་སྦྱིན་པར་བྱ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཉིད་ཀྱིས་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །དཔའ་བོའི་ལག་ཏུ་རྡོ་རྗེ་དྲིལ། །གཟུང་ངོ་འཁོར་
ལོ་གསུམ་གྱི་བདག །རང་བཞིན་གྱིས་མཛེས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ། །བདག་པོའོ། །སློབ་མའི་སྤྱི་བོར་ལག་པ་སྦྱིན། །བྷྲཱུཾ་ལས་རྣམ་སྣང་མཛད་ཀྱི་གཟུགས། །རྡོ་རྗེ་ཅན་གཟུགས་ཕུང་ངོ་བོ། །མིང་གི་དབང་ནི་བསྐུར་བར་བྱ། །ཨོཾ་ཤྲཱི་ཙཀྲ་ཨ་དྷི་པ་
ཏི་ཤྲཱི་ཧེ་རུ་ཀ་བཱི་ར་ཏྭཾ་ཨ་བྷི་ཥིཉྩ་ཡ་མི། །ཁྱོད་ནི་རྡོ་རྗེ་ཆེ་གེ་མོ་ཞེས་བྱའོ། །མིང་ངོ་། །དབང་བསྐུར་ལྔ་ཐོབ་རྒྱུད་ལས་ནི། །སངས་རྒྱས་ལྔ་པོ་འདི་རྣམས་དག །མ་རིག་པ་དང་བྲལ་བ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་བྱེད། །ཡི་གེ་ཉི་ཤུ་གཉིས་སྔགས་ཀྱིས། །སྔགས་ཀྱི་དབང་

བསྐུར་དེ་ནས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དཔལ་ཧེ་རུ་ཀའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་རཱ་ཡ་མི་ཨོཾ་ཧ་ཧ་ཧ་ཧཱི།
རྡོ་རྗེ་བརྟུལ་ཞུགས་སོ། །ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །དཔའ་བོས་བྱིན་པ་བླངས་ནས་ནི། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་པ། །རྡོར་བཅས་ལག་པ་གཡོན་པ་ཡིས། །ཆོས་གོས་གྲྭ་ནས་བཟུང་ནས་སུ། །གཡས་པས་མི་འཇིགས་སྦྱིན་བྱས་ལ། །
སློབ་མ་དབུགས་དབྱུང་སྦྱིན་པར་བྱ། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱི་ན་མཿསརྦ་ཏ་ཐཱ་ག་ཏ་སིདྡྷིཿས་མ་ཡ་
ཏྭཾ་བྷུར་བྷུ་བ་སྭཿ ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་སོགས་ཀུན་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ལུང་བསྟན་པའོ། །དེ་ནས་ཡང་གསོལ་བ་གདབ་པར་བྱ་སྟེ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །
དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་མཛད་དུ་གསོལ། །དེ་ནས་འཁོར་ལོ་གསུམ་བདག་པོ། །སྟོན་པ་ཡེ་ཤེས་སེམས་དཔའ་ཡི། །རང་གི་སྙིང་གའི་ས་བོན་གྱིས། །ཡང་དག་བསྐུལ་བར་རིམ་གྱིས་ནི། །བཀུག་སྟེ་དཔའ་བོ་དཔའ་མོ་
རྣམས། །མཆོད་དང་བསྙེན་བཀུར་བཟང་པོ་ཡིས། །དེ་བཞིན་ཡེ་ཤེས་ཆུས་གང་བའི། །བུམ་གནས་དེ་བཞིན་གཤེགས་དེ་དག །རྡོ་རྗེ་འཆང་དབང་དབང་བསྐུར་བར། །དཔའ་བོ་རྣམ་པར་བསམ་པར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །
སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །དཔའ་བོ་དག་ནི་རྣལ་འབྱོར་གནས། །ཇི་ལྟར་འདོད་པས་མཆོད་པར་བྱ། །གནས་ལས་བྱུང་བ་སྦྱིན་པར་བྱ། །སྔགས་ཀྱང་བཟླས་སོ། །དེ་ནས་མི་བསྐྱོད་པ་དབུ་རྒྱན་དུ་བྱས་ཏེ། དཔའ་བོ་དང་ལྷ་མོ་རྣམས་དེ་ལ་ལྷག་པར་གནས་པར་བྱའོ། །

ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། །ཞེས་བཟླས་སོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ཀུན་ནས་མཆོད་དོ། དཔའ་བོ་ཆེན་པོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཇི་ལྟར་འདོད་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཅན་གྱི་བཀའ་ནོད་པར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་
པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱོད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་དངོས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་བྱ། །རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །སེམས་
ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །བྱ་བ་བྱས་པའི་སློབ་མ་ཡིས། །དེ་ནས་གཙོ་ལ་ཡོན་ཕུལ་ཏེ། །སྐྱེ་བོ་དམ་པ་འདུས་པ་ལ། །བདག་ཉིད་ཀུན་གྱིས་བསྟོད་ཕྱག་བྱ། །ཕྱིར་མི་ལྡོག་པའོ། །འཁོར་ལོ་མདུན་དུ་
བྱ་བ་བྱས། །འཁོར་ལོའི་སྤྱན་ནི་བླ་མ་ཆེ། །དཔའ་བོ་དེ་ཉིད་ལ་ཕྱག་འཚལ། །དེ་ནས་གསང་སྟོན་དོན་གཉེར་བྱ། །སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་
ཁྱོད་ཇི་ལྟ་བར། །གཙོ་བོས་བདག་ཀྱང་དེ་འདྲར་མཛོད། །འཁོར་བའི་འདམ་གྱི་ཚོགས་སུ་ནི། །བྱིང་བ་བདག་ལ་སྐྱབས་མཛོད་ཅིག །དེ་ལ་འདིར་ཕྱག་རྒྱའི་རིམ་པ་ནི་ས་བོན་ལྔའི་རིགས་ཀྱི་རང་བཞིན་དག་པའི་ཕྱག་རྒྱ་ལས་ཆོས་དང་ཆེན་པོ་དང་། དམ་ཚིག་རྣམས་ཐམས་ཅད་ནི་བུད་མེད་
དུ་འདོད་པའོ། །འདི་ལྟར་རྡོ་རྗེ་སློབ་དཔོན་དཔལ་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས། མཚན་མོ་ཆེན་མོ་ལ་གནས་ཁང་དབེན་པར་གང་ཡང་རུང་བའི་མངོན་པར་གསང་བའི་ལྷ་མོ་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་རྙེད་པ་ནི། སྙོམས་པར་ཞུགས་པ་ལས་གང་ཡང་རུང་བ་སྐྱེ་བ་མེད་པའི་རང་བཞིན་ཏེ།
དཔའ་བོ་ཐམས་ཅད་ཡང་དག་འདུས། །ལྷ་མོ་ཐམས་ཅད་མཉམ་པར་ཕྲད། །ཀུན་རྫོབ་པ་ཡི་བྱང་ཆུབ་སེམས། །གསང་བ་གང་ཡིན་དེ་དབང་བསྐུར། །འདི་དེའི་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པ་རོ་རྟོགས་བྱེད། །བདེ་བ་དེ་གང་མྱང་

བར་བྱ། །པདྨར་གནས་ཏེ་ཡང་དག་སྤྱད། །ཀྱེ་མ་བདེ་བ་ཆེན་པོ་ཞེས། །སྟོན་པ་ལ་ནི་ཞུ་ཞིང་བརྗོད། །སློབ་མས་ཀྱང་ནི་རྟོག་པ་བཅོམ། །ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །སྔོན་ཆད་སྲས་ནི་དབང་བསྐུར་བ། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་
ཁྱོད་དབང་བསྐུར་རོ། །གསང་བའོ། །དེའི་རྗེས་ལ་རང་བྱིན་གྱིས་བརླབ་པའི་རིག་མའམ། གཞན་གྱི་གཞུང་ལྟར་གཞན་ཡང་དང་། །ཞེས་བྱ་བ་སྟེ། སྟོན་པས་བྱིན་ཏེ། དེ་ཡིས་དམ་པ་སྒྲུབ་པར་བྱེད་དོ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་དུ་
ཕྱག་རྒྱ་ལོང་། །བུ་ཡིས་བླ་མེད་མཆོད་པ་གྱིས། །ཤེས་རབ་པོ། །དེ་ནས་ལྷ་མོ་དེས། དཔའ་བོ་བླ་ན་མེད་པ་ལ་བཀའ་གསོལ་བར་བྱེད་དེ། དཔའ་བོ་བྱང་ཆུབ་སེམས་བཟའ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་རབ་འབྱུང་བ། །རིག་མ་མཆོད་པ་ལ་གུས་སམ། །
དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲ་དམ་ཚིག་བཟང་། །ཇི་ལྟར་དགའ་བ་སྨྲོས་ཤིག་བུ། །འདི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱ། །པདྨ་མཆོད་པར་ཅིས་མི་བགྱིད། །
དེ་ནས་ལྷ་མོ་དེ་དགའ་སྟེ། །སྐྲ་ནི་གྲོལ་ཞིང་གོས་དང་བྲལ། །པདྨ་རྒྱས་པར་བྱས་ནས་ནི། །བསྟན་ཏེ་བྷཉྩ་པདྨ་ཧོ། །པདྨའི་དབུས་ན་གནས་པའི་རྩ། །བདེ་བ་འབབ་པ་བསྟན་བྱ་སྟེ། །སོར་མོས་སོ་སོར་བསྐུལ་བ་དང་། །ལྕེ་ཡི་རོ་མྱང་ལ་གནས་ཏེ། །དེ་ཉིད་གྲུབ་པར་སྨྲ་བ་ནི། །ལྷན་
ཅིག་སྐྱེས་པའི་བདེ་བ་བྱེད། །ཉམས་སུ་མྱོང་བ་མཆོག་དགའ་བ། །འབྱུང་སྟེ་དེ་ཡི་བདེ་བ་མྱོང་། །དེ་ནས་བཅོམ་ལྡན་འདས་མ་དེ་དགའ་བ་སྟོན་ཅིང་ཟབ་པ་སྔགས་སྨྲ་བ་མོ། །ལག་པ་གཡོན་པ་སྤྱི་བོར་བཞག་ལ། རྗེས་སུ་གནས་པར་ལུང་བསྟན་པར་བྱའོ། །དེང་ནས་བཟུང་
སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱི་གྱིས། །ཤེས་རབ་ཡེ་ཤེས་སོ། །རིམ་པ་གསུམ་པོ་དེའི་བླ་མ། །མན་ངག་གིས་ནི་འདིར་ཤེས་བྱ། །འདི་ནི་རང་ཉིད་མཛེས་པ་སྟེ། །ཕྱི་རོལ་ཡུལ་ནི་

སྤངས་པའོ། །རིགས་འདི་བོར་ནས་དེ་ནས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མ་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །རིག་མ་ཡི་ནི་བརྟུལ་ཞུགས་སོ། །ཆུ་སོགས་ཕྱིར་མི་ལྡོག་པའི་མཐའ། །སློབ་དཔོན་དབང་དུ་བཤད་པ་སྟེ། །
འདི་དག་ཕྱི་རོལ་བསྟན་པ་གང་། །ཐམས་ཅད་ནང་དུ་གནས་པའོ། །དཔའ་བོ་ཀུན་སྤྱོད་རིམ་ཕྱེ་བ། །མན་ངག་ཉིད་ཀྱིས་ཤེས་པར་བྱ། །དབང་བསྐུར་བཞི་བོ་བསྟན་པ་རྣམས། །གང་ཚེ་བརྟུལ་ཞུགས་དབང་བསྐུར་འགྱུར། །བསམ་མེད་ཆོས་ནི་ཐོབ་ཕྱིར་ཏེ། །དེ་ཚེ་དེ་ཉིད་ཅེས་བྱ་འདི། །
ཕྱི་དང་ནང་དུ་ཡང་དག་བཤད། །ཕྱི་དང་ནང་གི་རང་བཞིན་བཤད། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །བསམ་གྱིས་མི་ཁྱབ་ཅེས་བཤད་དེ། །སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་
སོགས། །དེ་ནི་བརྟན་གཡོ་འགྲོ་བདག་ཉིད། །བདག་མེད་ཀྱིས་ནི་བདག་ཏུ་གནས། །དཔའ་བོ་བདེ་བ་ཆེན་པོ་རྟོགས། །འདི་ནི་དེ་ཁོ་ནའི་མན་ངག་གོ། །དཔལ་འཁོར་ལོ་བདེ་མཆོག་གི་དབང་བསྐུར་བར་བྱ་བའི་རིམ་པ་མདོར་བསྡུས་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ཞབས་ཀྱིས་མཛད་པ་རྫོགས་
སོ།། །།ཤྲཱི་ཕ་ན་ཕི་གུ་བའི་བརྒྱུད་པ་མ་ནོར་བའི་བཤད་པའོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྲིཥྞཱ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་
སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འགྲོ་ཀུན་དོན་ལ་རབ་གཞོལ་བའི། །རང་རྒྱུད་སྔགས་དང་རྣལ་འབྱོར་ཤེས། །ཕྱི་རོལ་རྣམ་རྟོག་སྤངས་ནས་ནི། །དམ་ཚིག་མཉམ་ཉིད་རྣལ་འབྱོར་ཆེ། ནང་པར་སད་པ་དང་མལ་ནས་ལངས་ཏེ། རྣལ་འབྱོར་
དང་རྗེས་སུ་མཐུན་པའི་གནས་སུ། སྟན་བདེ་བ་ལ་འདུག་ནས། བདུད་རྩིའི་རིལ་བུ་ཁར་བཅུག་ལ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་དོན་དྲན་པར་བྱས་ཏེ། སྙིང་གར་ཟླ་བ་ལ་དཔལ་མཆོག་དང་པོའི་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་དང་བཅས་པའོ། །དེས་སྒོ་གསུམ་གྱི་དྲི་མའང་སྦྱང་ངོ་། །

འོད་ཟེར་འཕྲོ་བས་དངོས་གྲུབ་པ། །བསྐུལ་ནས་ཕྱག་བཙལ་རང་ལུས་གཞུག །རྐང་པ་སུམ་མདོར་ལྟེ་སྙིང་ག །རླུང་དང་མེ་ཆུ་ས་ཡིན་ནོ། །སྒལ་ཚིགས་རི་རྒྱལ་དེ་བཞིན་ཏེ། །ལུས་ནི་མཉམ་པ་སྒོ་བཞི་རླུང་། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་
དཀྱིལ་འཁོར་དུ་འདོད་དེ། །ཨིནྡྲ་ནཱི་ལ་མཚུངས་པའི་མདོག །ཞལ་བཞི་རེ་རེ་སྤྱན་གསུམ་པ། །རྩ་བའི་ལུས་མདོག་ལྗང་དང་དམར། །གསེར་གྱི་འོད་ལྟར་གཙིགས་པ་པོ། །རལ་པའི་ཐོར་ཚུགས་ཟླ་བས་བརྒྱན། །ཐོད་ཕྲེང་སྣ་ཚོགས་རྡོ་རྗེ་བཅས། །རྡོ་རྗེ་དྲིལ་བུས་ཡང་དག་
འཁྱུད། །གཉིས་ཀྱིས་གླང་པོའི་པགས་པ་བསྣམས། །གཡས་ཀྱི་ལག་ན་ཌ་མ་རུ། །དགྲ་སྟ་གྲི་གུག་རྩེ་གསུམ་པ། །གཡོན་ན་ཁ་ཊྭཱཾ་ག་ཐོད་པ། །ཞགས་པ་ཚངས་པའི་མགོ་བོ་བསྣམས། །གཡས་བརྐྱང་པ་ཡི་གར་གྱིས་ནི། །འཇིགས་བྱེད་དུས་མཚན་མཉམ་པར་མནན། །
སྟག་ལྤགས་བསྣམས་དཀྲིས་མགོ་ཕྲེང་ཅན། །ཉམས་དགུ་རྒྱན་དྲུག་གིས་བཏབ་པའོ། །བཾ་ལས་འཁྱུད་པའི་བཅོམ་ལྡན་ཡུམ། །ཞལ་གཅིག་སྤྱན་གསུམ་དམར་འབར་བ། །སྐྲ་གྲོལ་དུམ་བུའི་རྒྱན་གྱིས་བརྒྱན། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྱུད། །གཡོན་པས་འཁྱུད་
ཅིང་ཐོད་པ་དག །གདུག་པ་བདུད་ཀྱི་ཁྲག་གིས་གང་། །གཡས་པ་རྟག་ཏུ་སྡིགས་མཛུབ་དང་། །མ་རུངས་པ་ཡི་གྲི་གུག་བསྣམས། །བདེ་ཆེན་ཐུགས་རྗེའི་རང་བཞིན་ཅན། །ཁ་སྦྱོར་ཕྱི་ཉིད་ལེགས་ཤེས་པས། །ཐུགས་སུ་ཨ་ཝ་དྷཱུ་ཏཱི་ཧཱུཾ། །མ་བཅོས་ནང་གི