Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 13 / 24 (50.000 ký tự/trang)
་ཀ་བྷ་བནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། སོ་དང་སེན་མོ་དག་ཁཎྜ་ཀ་པཱ་ པའོ། །སྐྲ་དང་སྤུ་དག་མ་ཧཱ་ཀང་ཀ་ལའོ། །པགས་པ་དང་དྲི་མ་དག་ཀང་ཀ་ལའོ། །ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ། །རྒྱུས་པ་ནི་སུ་ར་བཻ་རིའོ། །རུས་པ་ནི་འོད་དཔག་ཏུ་མེད་པའོ། །མཆིན་པ་ནི་རྡོ་རྗེ་ལོད་དོ། །སྙིང་ནི་རྡོ་རྗེ་སྐུའོ། །མིག་ནི་ཨང་ཀུ་རི་ཀའོ། ། མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན་ནོ། །གློ་བ་ནི་དཔའ་བོ་ཆེན་པོའོ། །རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །གཉེ་མ་ནི་རབ་ཏུ་བཟང་པོའོ། །གྲོད་པ་ནི་རྡོ་རྗེ་བཟང་པོའོ། །ཆུ་སོ་ནི་འཇིགས་བྱེད་ཆེན་པོའོ། །སྐྲ་མཚམས་ནི་མིག་མི་བཟང་ངོ་། །བད་ཀན་ནི་སྟོབས་པོ་ཆེའོ། །རྣག་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ ནི་རྟ་མགྲིན་ནོ། །རྡུལ་ནི་ནམ་མཁའི་སྙིང་པོའོ། །ཚིལ་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །མཆི་མ་ནི་པདྨ་གར་གྱི་དབང་ཕྱུག་གོ། །མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །སྣབས་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་དག་ནི་དཔའ་བོའི་ཡན་ལག་རྣམ་པར་དག་པའོ། །དཔའ་བོའི་རྩ་བའི་སྔགས་མཆོག་གང་། ། མཆོད་ཕྱིར་ཐོགས་ལ་སོགས་པ་བརྟག །དཔའ་བོ་ཉི་ཤུ་རྩ་བཞི་ཡི། །ལུས་ཀྱི་ཁམས་ལ་རྣམ་པར་བརྟག །གོ་ཆའི་ཕྱག་རྒྱ་དཔའ་བོ་དྲུག །ཕྱག་རྒྱ་འདི་ཡིས་ལུས་མཛེས་ཏེ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པ་མགུལ་དོས་བརྒྱན་པ་ཡིན། །སྙིང་པོའི་སྔགས་ཀྱི་ དཔའ་བ་ཡི། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །གསང་སྔགས་ཡི་གེ་བདུན་གྱིས་ནི། །རྣ་ཆ་ཡིས་ནི་རྣ་བ་བརྒྱན། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །པགས་པའི་གོས་ནི་འཛིན་པའི་མཆོག །རྣལ་འབྱོར་མ་དྲུག་སྔགས་ཀྱིས་ནི། །སྐ་རགས་བྱས་པ་རྣམ་པར་བརྒྱན། །འཁོར་ ལོ་ཀུན་གྱི་རྣལ་འབྱོར་མ། །སྔགས་ཀྱི་བཏུང་བའི་ཐོད་པ་ཡིན། །བཻ་རོ་ཙ་ནའི་སྔགས་གང་ཡིན། །ཐོད་པས་མགོ་བོ་རྣམ་པར་བརྒྱན། །དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །ཚམ་ངམ་སྔགས་ཀྱིས་ཤིན་ཏུ་བསྲུང་། །ཚངས་པར་སྤྱོད་པ་བརྟག་གྱུར་ནས། །རྐང་པ་བརྒྱད་པའི་གསང་ སྔགས་མཆོད། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་རྣལ་འབྱོར་བདག་ཉིད་བསམ། །འཁོར་ལོ་བདེ་མཆོག་སྡོམ་པ་ལ། །བློ་ལྡན་ཆེ་གང་རྣམ་པར་སྤྱོད། །རིགས་ལྔ་དག་ཏུ་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག །རྣམ་པར་མི་རྟོག་བདག་ཉིད་སེམས། ། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །དོགས་པ་ཐམས་ཅད་རྣམ་སྤངས་ཏེ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་མཆོག་ གི་གནས་གྱུར་པ། །དེ་ཡི་དབུས་སུ་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་ཆོས་ཉིད་ཡིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ ཁྱབ་དེ་བསམས་ན། །དེ་ལས་གཟུགས་ནི་ཐོ་བར་འགྱུར། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། ། ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཤྲཱིར་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ཡིག་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུ་འང་མི་གནས་པའོ། །སེམས་ནི་ངལ་བསོ་རྣལ་འབྱོར་པ། །མྱང་འདས་བསྟན་པ་མ་ཡིན་ཉིད། །འཕོ་བའི་ཚེ་ན་རྣལ་འབྱོར་པ། ། དཔལ་ལྡན་ཁྲག་འཐུང་སོགས་རྣལ་འབྱོར། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །སྣ་ཚོགས་རྒྱལ་མཚན་བ་དན་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དཔལ་བཅོམ་ལྡན་ འདས་མངོན་པར་རྟོགས་པ་ཞེས་བྱ་བ། ཡུལ་བྷཾ་ག་ལའི་སློབ་དཔོན་བསོད་སྙོམས་པ་དངོས་གྲུབ་བརྙེས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལཱུ་ཡཾ་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁས་པ་ཤྲད་དྷཱ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་ པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱི་དཔལ་རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་ན་བ་ཀོ་ཊི་པཱ་དའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་ཡུལ་ཤར་ཕྱོགས་ཀྱི་དཔེ་དང་བསྟུན་ཏེ་བཅོས་པའོ། །དུས་ཕྱིས་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་ དཱ་ན་ཤཱི་ལས་འགྲེལ་པ་དང་བསྟུན་ནས་ཅུང་ཟད་བཅོས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སྟོ་ཏྲ་སརྦ་ཨརྠ་སིདྡྷི་བི་ཤུདྡྷ་ཙཱུ་ཌ་མ་ཎི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ། དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་ ཞེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དབྱིངས་ལས་བཞེངས་པའི་སྐུ་མཆོག་ནི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཤིང་། །སྲིད་པ་སྦྱོར་མཛད་ཉོན་མོངས་གདུང་བ་སེལ། །སྒྱུ་མ་སྤྲུལ་པས་འགྲོ་དོན་སྒྲུབ་མཛད་པའི། །འཁོར་ལོ་སྡོམ་པ་མཁའ་འགྲོ་ ཀུན་གྱི་གཙོ། །འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྣ་ཚོགས་ཕྲིན་ལས་རིགས་ལྔས་ཡོངས་མཚོན་པའི། །རལ་པའི་ཐོར་ཚུགས་སྣ་ཚོགས་རྡོ་རྗེས་མཛེས། །བྱང་ཆུབ་སེམས་མཆོག་ཆོས་རྣམས་རབ་གསུངས་པའི། །སྤྱི་བོར་ཟླ་ཚེས་ཅོད་པན་འཁོར་ལོས་བརྒྱན། ། ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འགྱུ། །སྐྱེ་ཤི་རྩད་གཅོད་ཀེང་རུས་མཆེ་བ་གཙིགས། །ཚད་མེད་བཞི་ལྡན་དཔའ་བོ་ཞལ་བཞི་ལ། །མི་བསྐྱོད་རིགས་མཚོན་ཡེ་ཤེས་ལྔ་ལྡན་པའི། །རྡོ་རྗེའི་ཕྲེང་དང་ཐོད་པ་ལྔ་ལྔས་བརྒྱན། །སྟོང་ཉིད་སྙིང་རྗེ་རབ་ཏུ་འདྲེས་གྱུར་པའི། །འོད་ ཟེར་འཕྲོ་བ་སྣ་ཚོགས་དུ་མ་ལས། །སངས་རྒྱས་ཚོགས་ཀྱིས་ཀུན་དུ་སྤྲིན་འཕྲོ་བའི། །སྐུ་གསུམ་དཔའ་བོ་ཡེ་ཤེས་ལྔ་བདག་ཉིད། །སྒེག་པ་ལ་སོགས་རོལ་པའི་ཉམས་ཀྱིས་མཛེས། །སྙིང་རྗེའི་སྤྱན་དམར་བཅུ་གཉིས་མེ་བཞིན་འཇིགས། །ཧེ་རུ་ཀ་དཔལ་བདེ་མཆོག་སྤྲུལ་པའི་སྐུ། །འཆད་ བྱེད་ཆོས་དང་ཉན་པའི་ཚོགས་ལྡན་པའི། །ཉན་ཐོས་རང་སངས་བླ་མེད་རྒྱལ་བ་དང་། །འཇིག་རྟེན་རབ་གནས་འཇིག་རྟེན་འདས་པ་ཡི། །རང་བཞིན་ཉིད་ནི་ཁྱོད་ལས་གཞན་མ་མཆིས། །གསང་བའི་བདེ་མཆོག་བདུད་བྲལ་ཡེ་ཤེས་སྐུ། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་དྲུག་གིས་མཛེས། །ཨ་ ལ་ལ་ཞེས་དུར་ཁྲོད་གར་དང་ལྡན། །ཕེཾ་གྱི་སྒྲ་སྒྲོགས་མཁའ་འགྲོའི་ཚོགས་རྣམས་སྡུད། །འདུ་བྱེད་རྣམ་དག་མགོ་བོའི་ཕྲེང་བས་བརྒྱན། །དྲག་པོ་ཀུན་འདུལ་སྟག་གི་ཤམ་ཐབས་ཅན། །རྡོ་རྗེའི་རྟ་གད་ཁམས་གསུམ་བསྡིགས་མཛད་ཅིང་། །མ་རིག་ལ་སོགས་རྟེན་འབྲེལ་རྣམ་དག་པ། ། བྱམས་པའི་ཐུགས་མངའ་བཅུ་གཉིས་ཕྱག་དང་ལྡན། །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་ནི། །ཡེ་ཤེས་ལྔ་ལྡན་དུག་ལྔ་རྣམ་པར་འཇོམས། །ཕྱག་གཡོན་དང་པོ་དྲིལ་བུ་རྣམ་འཛིན་པ། །རྟོག་པ་རྣམ་སྤངས་ཤས་རབ་རང་བཞིན་ལྡན། །དེ་འོག་ཕྱག་གཉིས་གཏི་མུག་རྣམ་དག་པའི། །གླང་ཆེན་ཀོ་ རློན་དཔའ་ཕོའི་གོས་སུ་མནབས། །ཆོས་རྣམས་སྒྲོགས་པའི་ཌ་མ་རུ་བསྣམས་ཤིང་། །ལྷ་སྐུ་རྣམ་དག་ཁ་ཊྭཱཾ་རྡོ་རྗེས་མཚོན། །གྲི་གུག་འབར་བས་ཉོན་མོངས་འཆིང་བ་གཅོད། །འདོད་ཆགས་རྣམ་དག་ཐོད་པ་ཁྲག་ཆེན་འཛིན། །ཐུགས་རྗེའི་དགྲ་སྟས་དྲག་པོའི་ལྷ་རྣམས་འཇོམས། །སྡིགས་ མཛུབ་ཞགས་པས་བདུད་དང་གཤིན་རྗེ་འདུལ། །ཏྲི་ཤཱུལ་རྩེ་གསུམ་སྐྱེས་བུ་ཕུག་ཅིང་འཕྱར། །བདུད་བཞི་ལས་རྒྱལ་ལྷ་ཆེན་རྣམས་བསད་ཅིང་། །ཚངས་པའི་མགོ་བཅད་དཔའ་བོའི་ལག་ན་འཛིན། །རྟག་ཆད་སྤངས་ཕྱིར་སྣ་ཚོགས་པདྨ་དང་། །ཉི་མའི་དབུས་ན་བགེགས་ཆེན་དུ་མ་གཟིར། །འཇིགས་ བྱེད་དུས་མཚན་གཡས་བརྐྱང་ཞབས་ཀྱིས་མནན། །ཧ་ཧ་སྒྲ་སྒྲོགས་ཕག་མོའི་སྐུ་ལ་འཁྲིལ། །ཁྲོས་པའི་དཔུང་ཆེན་བདུད་དགྲ་རླག་པར་བྱེད། །གསང་བའི་མགོན་པོ་རང་ཉིད་ལ་གུས་ཤིང་། །བསྐྱེད་རྫོགས་ལ་གནས་གསང་བའི་མཆོག་ལ་དགྱེས། །བརྟན་པའི་བློ་ཅན་བརྩོན་པའི་རྣལ་འབྱོར་པ། ། དངོས་གྲུབ་མཆོག་སྩོལ་ཧེ་རུ་ཀ་ལ་འདུད། །གསང་བ་ཀུན་ལྡན་རྡོ་རྗེ་ཕག་མོ་ནི། །བདེ་མཆོག་འཁོར་ལོ་འཇིགས་བྱེད་རྒྱལ་པོའི་ཡུམ། །འདོད་པའི་དབང་ཕྱུག་སངས་རྒྱས་མཁའ་འགྲོ་ཆེ། །ཧི་ཧིར་བཞད་ཅིང་བདེ་གཤེགས་སྐུ་ལ་འཁྲིལ། །བདུད་འདུལ་རྒྱལ་མོ་སྐལ་ལྡན་དབང་ཕྱུག་མ། །སྐུ་ མདོག་དམར་མོ་ཐོད་པའི་ཕྲེང་བ་ཅན། །གྲི་གུག་སྡིགས་མཛུབ་གདུག་པ་སྲེག་མཛད་ཅིང་། །ཐོད་པ་ཁྲག་ཅན་ཧེ་རུ་ཀ་ལ་འཁྱུད། །མཆེ་བ་གཙིགས་ཤིང་དྲག་ཤུལ་འཇིགས་ལྡན་མ། །དམན་པས་འགྲུབ་འགྱུར་མཁའ་འགྲོ་དབང་དུ་སྡུད། །ཆགས་ལྟར་རྟོག་མེད་ཞལ་གཉིས་ལྡན་པ་ཡི། ། རྡོ་རྗེ་རྣལ་འབྱོར་སྟོང་ཉིད་སྙིང་རྗེ་ཆེ། །བདུད་འདུལ་མཁའ་འགྲོ་དབང་ཕྱུག་ཡེ་ཤེས་སྐུ། །གསང་བའི་ལྷ་མོ་འགྲོ་བའི་དོན་མཛད་མ། །ཡེ་ཤེས་མེ་དཔུང་ཀློང་ན་ཀློག་ལྟར་འགྱུ། །མཁའ་འགྲོ་ཕག་མོ་འབར་བའི་གཟི་བརྗིད་ཅན། །འཇིགས་པའི་ཆ་བྱད་བདུད་བཞི་ཀུན་སྐྲག་བྱེད། །འཁོར་ ལོས་དབུ་རྒྱན་རྡོ་རྗེའི་རྣ་ཆ་ཅན། །མགུལ་རྒྱན་དོ་ཤལ་སྤྱི་གཙུག་ནོར་བུ་དང་། །དཔུང་རྒྱན་ལག་གདུབ་སེ་རལ་ཁར་བྱས་ཤིང་། །དུམ་བུའི་སྐེ་རགས་སིལ་སིལ་སྒྲ་དང་ལྡན། །ཞབས་གཉིས་བརྐྱང་བསྐུམ་གཉིས་མེད་འཁྲིལ་བའི་ཚུལ། །བདེ་བའི་རང་བཞིན་ལེགས་ པའི་ཆོས་དབྱིངས་ལྡན། །དབུ་སྐྲ་གྲོལ་ཞིང་ཐུགས་རྗེས་ཀུན་ཁྱབ་པས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་དང་། །གྲུབ་ཆེན་བརྒྱད་སོགས་སྒྲུབ་པོ་ལ་སྟེར་ཞིང་། །ཡེ་ཤེས་སྤྱན་གསུམ་དུས་གསུམ་གདུལ་བྱ་གཟིགས། །དང་བའི་སེམས་ཀྱིས་འཇིགས་དུས་ཁྱོད་དྲན་ན། །སྡུག་བསྔལ་ ཀུན་སེལ་དངོས་གྲུབ་མཆོག་སྩོལ་ཞིང་། །ལོངས་སྤྱོད་སྤྲུལ་པ་སྣ་ཚོགས་སྐུར་སྟོན་པའི། །སྒྲུབ་པོའི་དོན་མཛོད་རྣལ་འབྱོར་མ་ལ་འདུད། །བདེ་ཆེན་འཁོར་ལོ་སྣ་ཚོགས་པདྨ་ཡི། །འདབ་བརྒྱད་ཕྱོགས་ནས་མཱ་མ་ཀཱི་སོགས་གནས། །ཞལ་བཞི་ལ་ཕྱོགས་དངོས་གྲུབ་སྟེར་བ་ཡི། །གསང་བའི་ དབང་ཕྱུག་དཔའ་མོ་བཞི་ལ་འདུད། །མེ་ལོང་ཡེ་ཤེས་ལས་སྐྱེས་ཐོད་ཕྲེང་ཅན། །ཨིནྡྲ་ནཱི་ལའི་མདོག་ཅན་གཏུམ་པ་མོ། །གསང་བའི་ལྷ་མོ་དཔལ་ལྡན་དབང་ཕྱུག་སྐུ། །གཡས་བརྐྱང་དཔའ་མོ་རོ་ཡི་སྟེང་ན་གནས། །ཕྱག་བཞི་ནག་མོ་འཇིགས་པའི་གླུ་ལེན་མ། །གྲི་གུག་ཐོད་པ་ཁ་ཊྭཱཾ་ཅང་ ཏེའུ་བསྣམས། །ལུས་རྗེས་དྲན་པའི་ངོ་བོ་ཆུ་རང་བཞིན། །རྡོ་རྗེ་མཁའ་འགྲོ་ཆེ་ལ་ཕྱག་འཚལ་ལོ། །བྱ་བ་ནན་ཏན་ཡེ་ཤེས་དཔལ་ལྡན་མ། །སེམས་མ་རྡོ་རྗེ་དམ་ཚིག་སྒྲོལ་མའི་མཆོག །འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཌ་མ་རུ་སྒྲས་གཙོ་མོ་སྐུལ་བྱེད་ཅིང་། །ཁ་ཊྭཱཾ་ག་བསྣམས་ འཇིགས་པའི་ཕེཾ་སྒྲ་སྒྲོགས། །ཚོར་རྗེས་དྲན་པའི་རང་བཞིན་རླུང་བདག་ཉིད། །ལྗང་ཁུའི་མདོག་ཅན་གྲི་གུག་ཐོད་པ་འཛིན། །ལས་རིགས་མཁའ་འགྲོ་ལཱ་མ་ཆེ་ལ་འདུད། །སོ་སོར་ཀུན་རྟོག་ཡེ་ཤེས་དབྱིངས་ཕྱུག་མ། །རཱ་གའི་མདོག་ཅན་གར་གྱི་སྟོབས་ལྡན་མ། །ཌ་མ་ རུ་འཁྲོལ་ཁ་ཊྭཱཾ་གཡོན་ན་བསྣམས། །གྲི་གུག་ཐོད་ཁྲག་དགྲ་བགེགས་ཞལ་དུ་གསོལ། །ཆོས་རྗེས་དྲན་པའི་གཅེར་བུ་སྤྱན་གསུམ་མ། །མེ་ཡི་བདག་ཉིད་པདྨའི་མཁའ་འགྲོ་ཆེ། །སྐུ་མདོག་དམར་མོ་མ་རུངས་གསོད་པ་ཡི། །ཁཎྜ་རོ་ཧ་ཆེ་ལ་ཕྱག་འཚལ་ལོ། །མཉམ་ ཉིད་ཡེ་ཤེས་རང་བཞིན་ལས་སྐྱེས་ཤིང་། །བདུད་འདུལ་དཔའ་མོ་རུས་པའི་རྒྱན་འཛིན་ཅིང་། །མེ་དཔུང་ནང་བཞུགས་མགོ་ཕྲེང་དོ་ཤལ་ཅན། །གྲི་གུག་གཅོད་མཛད་ཐོད་པའི་ཁྲག་འཐུང་མ། །ཁ་ཊྭཱཾ་ག་བསྣམས་སོར་མོ་ཅང་ཏེའུ་འཁྲོལ། །སེམས་རྗེས་དྲན་པའི་མཁའ་འགྲོ་ ཀུན་གྱི་གཙོ། །རིགས་ཅན་མཁའ་འགྲོ་ས་ཡི་བདག་ཉིད་མ། །གཟུགས་ཅན་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །སྙིང་རྗེའི་སེམས་ཀྱི་བདུད་བཞི་ཚར་གཅོད་ཅིང་། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྩོལ་བྱེད། །དམ་ཚིག་ཉམས་པའི་སྔགས་པ་གསོད་ལ་བརྩོན། །ཡེ་ ཤེས་མཁའ་འགྲོ་བཞི་ལ་ཕྱག་འཚལ་ལོ། །མཚམས་ཀྱི་པདྨར་རིན་ཆེན་བུམ་པའི་སྟེངས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམ་དག་པའི། །དངོས་གྲུབ་དང་ལྡན་མཚན་བཟང་ཀ་པཱ་ལ། །བདུད་རྩི་ལྔ་ལྡན་བདེ་བ་ཆེ་ལ་འདུད། །པུལླཱི་ར་མར་དཔའ་བོ་ཐོད་དུམ་ནི། །ཞལ་གཅིག་ ཕྱག་བཞི་སེན་མོ་སོ་ལ་གནས། །རབ་ཏུ་གཏུམ་མོ་འདུན་པའི་རྫུ་འཕྲུལ་རྐང་། །གཅེར་བུ་མགོར་གནས་མ་ལ་ཕྱག་འཚལ་ལོ། །ཛ་ལན་དྷ་རར་མ་ཧཱ་ཀཾ་ཀ་ལ། །མཁའ་ལ་སྤྱོད་བྱེད་སྐྲ་སྤུ་ལ་གནས་དང་། །གཏུམ་པའི་མིག་ཅན་བརྩོན་པའི་རྫུ་འཕྲུལ་རྐང་། །སྤྱི་གཙུག་ལ་ གནས་ཁྱོད་ལ་ཕྱག་འཚལ་ལོ། །ཨོ་ཌྱན་ལ་གནས་དཔའ་བོ་ཀཾ་ཀ་ལ། །པགས་པ་དྲི་མ་རྣམ་དག་ས་བླ་འདུལ། །འོད་ལྡན་མ་ནི་དཔྱོད་པའི་རྫུ་འཕྲུལ་རྐང་། །རྣ་གཡས་ལ་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཨར་བུ་དར་གནས་མཆེ་བ་རྣམ་པར་གཙིགས། །ལྷ་རྣམས་ འདུལ་ཞིང་ཤ་ལ་རྣམ་པར་གནས། །སྣ་ཆེན་མ་ནི་སེམས་ཀྱི་རྫུ་འཕྲུལ་རྐང་། །རྒྱབ་ལ་གནས་གྱུར་མཁའ་འགྲོ་ཁྱོད་ཕྱག་འཚལ། །གོ་དཱ་བ་རིར་སུ་ར་བཱི་རི་ནི། །རྒྱུས་པ་རྣམ་དག་གཡས་བརྐྱང་ཞབས་ཀྱིས་གནས། །དད་པའི་དབང་པོ་བརྟན་པའི་བློ་ཅན་མ། །རྣ་བ་གཡོན་པ་ ལ་གནས་ཁྱོད་ཕྱག་འཚལ། །འོད་དཔག་མེད་ནི་རུས་པའི་ཁམས་དག་ཅིང་། །བརྐྱང་བསྐུམས་ཚུལ་གྱིས་རཱ་མེ་ཤྭ་རིར་གནས། །སྨིན་མའི་དབུས་གནས་བརྩོན་དབང་མིའུ་ཐུང་མ། །སྙོམ་ལས་རབ་སྤངས་མཁའ་འགྲོ་ཁྱོད་ཕྱག་འཚལ། །མཆིན་པ་རྣམ་དག་ དེ་ཝཱི་ཀོ་ཊི་རུ། །རྡོ་རྗེ་འོད་ནི་འབྱུང་ཀུན་འདུལ་བས་གནས། །དྲན་པའི་དབང་པོ་ལངྐའི་དབང་ཕྱུག་མ། །མིག་གཉིས་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །མཱ་ལ་བེར་གནས་དཔའ་བོ་རྡོ་རྗེའི་སྐུ། །སྙིང་ལ་རབ་གནས་དྲག་པོ་འཇིགས་བྱེད་འདུལ། །ཤིང་ གྲིབ་མ་ནི་ཏིང་འཛིན་དབང་པོ་སྟེ། །ཕྲག་པ་གཉིས་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཐུགས་ཀྱི་འཁོར་ལོ་མཁའ་ལ་རྣམ་སྤྱོད་ཅིང་། །རྣམ་ཐར་བརྒྱད་ལྡན་རྩིབས་བརྒྱད་སྔོན་པོ་སྟེ། །རྡོ་རྗེའི་རིགས་མཚོན་རྡོ་རྗེའི་ཕྲེང་བས་མཛེས། །ཞེ་སྡང་ཅན་འདུལ་རྡོ་རྗེ་ཁྱོད་ཕྱག་འཚལ། །མྱུ་ གུ་ཅན་ནི་ཀཱ་མ་རུར་གནས་ཤིང་། །མིག་གཉིས་རྣམ་དག་ཨེ་ར་བ་ཏི་མཛེས། །ས་སྲུངས་མ་ནི་ཤེས་རབ་དབང་བ་སྟེ། །མཆན་ཁུང་རྣམ་དག་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཨོ་ཊེར་གནས་པའི་རྡོ་རྗེ་རལ་བ་ཅན། །མཁྲིས་པ་རྣམ་དག་རྡོ་རྗེ་རོལ་པའི་ཞབས། །དད་པའི་སྟོབས་ ནི་འཇིགས་བྱེད་ཆེན་མོ་སྟེ། །ནུ་མ་རྣམ་དག་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་ཆང་། །གློ་བ་རྣམ་དག་རབ་ཏུ་འཇིགས་པའི་གཟུགས། །རླུང་གི་ཤུགས་ཅན་བརྩོན་འགྲུས་སྟོབས་རང་བཞིན། །ལྟེ་བའི་དཀྱིལ་འཁོར་དཔའ་མོ་ཁྱོད་ཕྱག་འཚལ། །ཀོ་ས་ལར་ ནི་རྡོ་རྗེ་ཧཱུཾ་མཛད་དོ། །རྒྱུ་མ་རྣམ་དག་ཕེཾ་གི་སྒྲ་སྒྲོགས་ཤིང་། །དྲན་པའི་སྟོབས་ནི་ཆང་འཐུང་དཔའ་མོ་སྟེ། །སྣ་རྩེ་ལ་གནས་དཔའ་མོ་ཁྱོད་ཕྱག་འཚལ། །ཀ་ལིང་ཀར་གནས་རབ་ཏུ་བཟང་མོ་ནི། །གཉེ་མ་ལ་གནས་དངོས་གྲུབ་ཀུན་སྟེར་བའི། །ལྗང་ལྷ་མོ་ནི་ཏིང་འཛིན་སྟོབས་ལྡན་ ཞིང་། །ཁ་ཡི་ནང་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ལཾ་པཱ་ཀར་གནས་རྡོ་རྗེ་བཟང་པོ་ནི། །གྲོད་པ་རྣམ་དག་དཔའ་བོ་ཆེན་པོ་སྟེ། །ཤེས་རབ་སྟོབས་ནི་ཤིན་ཏུ་བཟང་མོ་ཡིན། །མགྲིན་པ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཀཱཉྩིའི་གནས་སུ་འཇིགས་བྱེད་ཆེན་པོ་སྟེ། ། ཞབས་གཉིས་བརྐྱང་བསྐུམ་ཆུ་སོ་ལ་གནས་ཤིང་། །རྟ་རྣ་མ་ནི་ཏིང་འཛིན་ཡན་ལག་སྟེ། །སྙིང་ག་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཧི་མཱ་ལར་ནི་དཔའ་བོ་མིག་མི་བཟངས། །སྐྲ་མཚམས་ལ་གནས་ཧ་ཧའི་སྒྲ་སྒྲོགས་ཤིང་། །བརྩོན་འགྲུས་ཡན་ལག་བྱ་གདོང་ཆེན་ མོ་སྟེ། །འདོམས་བར་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །གསུང་གི་འཁོར་ལོ་ས་སྟེངས་ལོངས་སྤྱོད་ཅིང་། །རྣམ་ཐར་བརྒྱད་ལྡན་རྩིབས་བརྒྱད་དམར་པོ་སྟེ། །གསུང་གི་རིགས་མཚན་པདྨའི་ཕྲེང་བས་མཛེས། །འདོད་ཆགས་ཅན་འདུལ་པདྨ་ཁྱོད་ཕྱག་འཚལ། །པྲེ་ཏ་པུ་ རིར་དཔའ་བོ་སྟོབས་ཆེན་ནི། །བད་ཀན་རྣམ་དག་ཕྱག་བཞིས་རྣམ་པར་བརྒྱན། །དགའ་བ་བྱང་ཆུབ་ཡན་ལག་འཁོར་ལོའི་ཤུགས། །མཚན་མ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ་ནི། །སྣ་ཚོགས་དག་ལ་གཡས་བརྐྱང་རོལ་པས་བཞུགས། །ཤིན་ ཏུ་སྦྱངས་པའི་ཡན་ལག་དུམ་སྐྱེས་མ། །བཤང་ལམ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སཽ་རཱཥྚར་རྟ་མགྲིན་རྒྱལ་བ་ནི། །ཁྲག་ལ་གནས་ཤིང་དྲག་པོ་ཀུན་འདུལ་བ། །ཆོས་རྣམས་རབ་འབྱེད་ཡན་ལག་གླང་སྣ་མ། །བརླ་གཉིས་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སུ་ཝརྞྞ་ དྭཱི་ནམ་མཁའི་སྙིང་པོ་སྟེ། །འཇིགས་བྱེད་དཔའ་བོ་རྡུལ་ཚོགས་རྣམ་དག་ཅིང་། །དྲན་པ་ཡན་ལག་འཁོར་ལོའི་གོ་ཆ་མ། །བྱིན་པ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ན་ག་རར་གནས་དཔལ་ལྡན་ཧེ་རུ་ཀ །ཚིལ་ཁྲག་རྣམ་དག་ཕྱག་རྒྱ་དྲུག་གིས་མཛེས། །ཤིན་ཏུ་དཔའ་མོ་ བཏང་སྙོམས་ཡན་ལག་སྟེ། །སོར་མོ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སིནྡྷཱུའི་གནས་སུ་པདྨ་གར་དབང་ཕྱུག །མཆི་མ་རྣམ་དག་འཇིགས་མཛད་དཔའ་བོ་ཆེ། །སྟོབས་ཆེན་དཔའ་མོ་ཡང་དག་ལྟ་བ་སྟེ། །རྐང་པའི་བོལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །མ་རོའི་ གནས་སུ་རྣམ་པར་སྣང་མཛད་ཆེ། །མཆིལ་མ་རྣམ་དག་དབང་ཕྱུག་ཆེན་པོའི་སྐུ། །འཁོར་ལོས་སྒྱུར་མ་ཡང་དག་རྟོག་པ་སྟེ། །མཐེ་བོང་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །ཀུ་ལུ་ཏཱར་གནས་རྡོ་རྗེ་སེམས་དཔའ་ནི། །འགྲོ་བའི་མགོན་པོ་སྣབས་སོགས་རྣམ་དག་པ། །བརྩོན་འགྲུས་ ཆེན་མོ་ཡང་དག་ངག་ལྡན་ཞིང་། །པུས་མོ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ། །སྐུ་ཡི་འཁོར་ལོ་ས་འོག་ལ་གནས་ཤིང་། །རྣམ་ཐར་བརྒྱད་ལྡན་རྩིབས་བརྒྱད་དཀར་པོ་སྟེ། །སྐུ་ཡི་རིགས་མཚོན་འཁོར་ལོའི་ཕྲེང་བས་མཛེས། །གཏི་མུག་ཅན་འདུལ་འཁོར་ལོ་ཁྱོད་ཕྱག་ འཚལ། །འགྲོ་བའི་དོན་ལ་ཐུགས་རྗེ་སྤྲུལ་པའི་གནས། །མཁའ་འགྲོའི་ཚོགས་ལྡན་ཉི་ཤུ་རྩ་བཞི་རུ། །སྐུ་གསུང་ཐུགས་གནས་སྒྲུབ་ལ་བརྩེར་དགོངས་པའི། །འཁོར་ལོའི་ལྷ་ལ་རྟག་པར་ཕྱག་འཚལ་ལོ། །མ་རུངས་འདུལ་མཛད་རྣམ་ རྒྱལ་ལ་སོགས་རྣམས། །གདུལ་བྱའི་དབང་གིས་ཁྲོ་མོའི་སྐུར་སྟོན་ཅིང་། །སྒོ་མཚམས་དག་ན་མ་རུངས་ཕྱོགས་བདག་འདུལ། །ཁྭ་གདོང་ལ་སོགས་སྤྲུལ་པའི་མཁའ་འགྲོ་གནས། །བྱ་རོག་གདོང་ཅན་མཁའ་འགྲོ་འཇིགས་པའི་གཟུགས། །ཞལ་གྱི་ང་རོས་འབྲུག་སྟོང་ བདུད་ལས་རྒྱལ། །གར་གྱི་སྦྱོར་ལྡན་གཅེར་བུ་ཕྱག་བཞི་མ། །ནག་མོ་འཇིགས་བྱེད་མ་ལ་ཕྱག་འཚལ་ལོ། །ཤར་གྱི་སྒོ་སྲུང་ཡི་དགས་གདན་ལ་བཞུགས། །དཔའ་མོ་སྤྱན་གསུམ་ཕྱག་རྒྱ་ལྔ་ཡིས་མཛེས། །ཁ་ནས་ཁྲག་འཛག་ཨ་ལ་ལ་ཞེས་སྒྲོགས། །ཡང་དག་ལས་མཐའི་ དཔའ་མོ་ཁྱོད་ཕྱག་འཚལ། །འུག་པའི་གདོང་ཅན་བགེགས་ཚོགས་སྲེག་མཛད་མ། །ཁ་ནས་ལྕེ་འདྲིལ་མཆེ་བ་རྣམ་པར་གཙིགས། །ཧ་ཧ་དགོད་ཅིང་སྤྱན་མིག་གློག་ལྟར་འགྱུ། །དགྲ་བགེགས་ཚར་གཅོད་མ་ལ་ཕྱག་འཚལ་ལོ། །བྱང་གི་སྒོ་སྲུང་ལྗང་དམར་འོད་ལྡན་མ། །མཁའ་ འགྲོ་མི་སྲུན་རུས་པའི་རྒྱན་དང་ལྡན། །སྐུ་མདོག་དམར་ལྗང་གྲི་གུག་ཐོད་པ་འཛིན། །ཡང་དག་འཚོ་བའི་དཔའ་མོ་ཁྱོད་ཕྱག་འཚལ། །ཁྱི་ཡི་གདོང་ཅན་ཐོད་པའི་རྒྱན་ལྡན་མ། །སྐུ་མདོག་དམར་མོ་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །སྤྱན་གསུམ་སྡང་མིག་དུས་མཐའི་མེ་བཞིན་འཇིགས། །སྒྲུབ་ པའི་དོན་མཛད་མ་ལ་ཕྱག་འཚལ་ལོ། །ནུབ་ཀྱི་སྒོ་སྲུང་དཔའ་མོ་སྟོབས་ལྡན་མ། །ཞབས་གཉིས་བརྐྱང་བསྐུམ་འབྱུང་པོ་ཟིལ་གྱིས་གནོན། །མཁའ་འགྲོ་མགོ་བོའི་ཕྲེང་བས་དོ་ཤལ་བྱས། །ཡང་དག་རྩོལ་བའི་ངོ་བོ་ཁྱོད་ཕྱག་འཚལ། །ཕག་གི་གདོང་ཅན་གསང་བའི་དབང་ཕྱུག་ མ། །བདུད་འདུལ་མཁའ་འགྲོ་ཕྱག་རྒྱ་གར་གྱིས་སྐྱོད། །རྣ་ཆ་མགུལ་རྒྱན་སྤྱི་གཙུག་ནོར་བུས་བརྒྱན། །འཇིགས་བྱེད་ཁྲག་འཐུང་མ་ལ་ཕྱག་འཚལ་ལོ། །ལྷོ་ཡི་སྒོ་སྲུང་སེར་མོ་འཇིགས་པའི་གཟུགས། །ཞལ་ནས་མེ་འབར་བདུད་ཀྱི་དཔུང་རྣམས་སྲེག །ཌ་མ་རུ་འཁྲོལ་ཁ་ཊྭཱཾ་ གཡོན་ན་བསྒྲེང་། །ཡང་དག་དྲན་པའི་དཔའ་མོ་ཁྱོད་ཕྱག་འཚལ། །ཤར་ལྷོར་དབང་སྒྱུར་གཤིན་རྗེ་བརྟན་མ་ནི། །གཡས་སྔོ་གཡོན་སེར་བརྐྱང་བསྐུམ་ཚུལ་དུ་བཞུགས། །རྒྱན་རྣམས་ཀུན་གྱིས་རབ་མཛེས་མཁའ་འགྲོ་མ། །དབང་ཕྱུག་གསང་བའི་ལྷ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་ འགྲོ་སེམས་ཅན་དོན་བརྩོན་མ། །རུས་པའི་སྐ་རགས་ཁྲག་གི་ཐིག་ལེ་ཅན། །དཔལ་ལྡན་མཁའ་འགྲོ་དུར་ཁྲོད་ཆས་ཀྱིས་བརྒྱན། །དགེ་ཆོས་ཡང་དག་བསྐྱེད་ལ་ཕྱག་འཚལ་ལོ། །ལྷོ་ནུབ་དྲི་མེད་གཤིན་རྗེ་ཕོ་ཉ་མོ། །གཡས་སེར་གཡོན་དམར་མཁའ་འགྲོ་གཟུགས་མཛེས་མ། །ཧ་ཧའི་ སྒྲ་སྒྲོགས་གསེད་བྱེད་མཐུ་རྩལ་ཅན། །མཁའ་འགྲོ་དགོས་འདོད་སྐོང་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་མཉམ་ཉིད་རོལ་པའི་སྐུ། །བདེ་ཆེན་མཉམ་ཉིད་མཁའ་འགྲོ་ཀུན་གྱི་གཙོ། །ཁ་ནས་ཁྲག་འཛག་གྲི་གུག་ཐོད་པ་འཛིན། །དགེ་ཆོས་ཡང་དག་བསྲུང་ལ་ཕྱག་འཚལ་ལོ། །ནུབ་ བྱང་མཁའ་འགྲོ་གཤིན་རྗེ་མཆེ་བ་མོ། །གཡས་དམར་གཡོན་སྔོ་སྤྱན་བགྲད་འཇིགས་པའི་གཟུགས། །གསང་བའི་ལྷ་མོ་རྡོ་རྗེའི་གླུ་ལེན་མ། །སྟོབས་ཆེན་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རུས་པའི་དུམ་བུ་ཁྲག་གི་ཐིག་ལེས་བརྒྱན། །ཚངས་སྐུད་མགོ་བོའི་ཕྲེང་བས་རབ་བརྒྱན་པས། ། རུས་པའི་སྐ་རགས་སིལ་སིལ་སྒྲ་དང་ལྡན། །མི་དགེ་ཡང་དག་སྤོང་ལ་ཕྱག་འཚལ་ལོ། །བྱང་ཤར་གསང་བའི་གཤིན་རྗེ་འཇོམས་བྱེད་མ། །གཡས་ལྗང་གཡོན་སྔོ་འགྱིང་ཞིང་རོལ་པའི་སྐུ། །ཞལ་གཅིག་ཕྱག་བཞི་གཡས་བརྐྱང་གདན་ལ་བཞུགས། །མཁའ་འགྲོ་དབྱིངས་ཕྱུག་མ་ལ་ཕྱག་ འཚལ་ལོ། །ཉོན་མོངས་འཁྲུགས་བྱེད་འབར་བའི་འོད་ལྡན་མ། །ཁྲོ་གཉེར་མཆེ་གཙིགས་དགྲ་བགེགས་ཞལ་དུ་གསོལ། །བསྙེན་སྒྲུབ་བྱེད་ལ་གསང་བའི་དངོས་གྲུབ་སྟེར། །མི་དགེ་སྐྱེད་མི་བྱེད་ལ་ཕྱག་འཚལ་ལོ། །དམ་ཚིག་འཁོར་ལོ་མིའམ་ཅི་སོགས་འདུལ། །ཕྱོགས་བཞི་གདོང་ ཅན་མཚམས་བཞི་ཕྱེད་གཟུགས་མ། །ལས་ཀྱི་རིགས་མཚོན་སྣ་ཚོགས་རྡོ་རྗེས་མཛེས། །ཕྲག་དོག་ཅན་འདུལ་འཁོར་ལོ་ཁྱོད་ཕྱག་འཚལ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་འཇིག་རྟེན་གསུམ། །ཕྱི་ནང་བརྟན་གཡོའི་དངོས་པོ་ཁྱོད་རང་བཞིན། །ཁྱོད་ཀྱི་སྲིད་གསུམ་རང་བཞིན་ལྷན་ཅིག་ སྐྱེས། །ཁྱོད་འདབ་ཕྱོགས་བཞིར་ཡུམ་བཞི་མཚམས་བུམ་ཐོད། །རིམ་གསུམ་དཔའ་བོ་དཔའ་མོ་བཞི་བཅུ་བརྒྱད། །སྒོ་མཚམས་ལྷ་མོ་བརྒྱད་དེ་དྲུག་ཅུ་གཉིས། །སྒྲུབ་ལ་བརྩེར་དགོངས་འཁོར་ལོ་ལྔར་གནས་པའི། །ལྷ་ཚོགས་ལ་ནི་གུས་པས་ཕྱག་འཚལ་ལོ། ། ཧེ་རུ་ཀ་དཔལ་གསང་བའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་བདེ་ཆེན་སྡིག་པ་རབ་འཇོམས་པའི། །ཉོན་མོངས་ཞི་བས་པད་ཉི་ཟླུམ་པོར་གནས། །མི་ཤེས་གཅོད་ཕྱིར་གྲི་གུག་ཕྲེང་བས་མཛེས། །ལྷ་རྣམས་མཆོད་ཕྱིར་ཡོན་ཏན་ཀུན་ལྡན་པའི། །བུམ་པ་སྣ་ཚོགས་བདུད་རྩིས་རབ་བཀང་ ནས། །འདོད་ཡོན་སྣམ་བུར་ལྷ་མོ་ཀུན་ལྡན་ཞིང་། །པཉྩ་རཱ་ག་རིན་ཆེན་ཕ་གུར་ལྡན། །དྲ་བ་དྲ་ཕྱེད་རིན་ཆེན་ཉི་ཟླ་དང་། །མེ་ཏོག་ཕྲེང་དང་གསེར་གྱི་དྲིལ་བུ་དཔྱངས། །བརྩོན་འགྲུས་རླུང་བསྐྱོད་དམ་པའི་ཆོས་སྒྲ་སྒྲོགས། །ད་རུ་ཀ་སོགས་མཛེས་པའི་རྒྱན་གྱིས་བརྒྱན། །ཡོན་ཏན་རྒྱས་ ཕྱིར་གྲུ་བཞི་སྒོ་བཞིས་མཛེས། །རིན་ཆེན་རྟ་བབས་ཆོས་འཁོར་གདུགས་ཀྱིས་ཕུག །ཡིད་འོང་རི་དགས་བ་དན་བཅུ་དྲུག་ལྡན། །རིན་ཆེན་ཀ་བ་ཏྭ་ར་ཎ་བཞིས་མཛེས། །བ་སོ་པདྨ་བཀྲ་ཤིས་བུམ་པ་དང་། །ཐོད་པའི་ཕྲེང་བ་རྡོ་རྗེ་ར་བས་མཛེས། །ལེགས་པའི་སྒོ་ཁྱུད་དཔལ་ལྡན་ཕྱོགས་ བཞིར་གནས། །མི་དགེ་རྣམས་བསྲུང་སྣ་ཚོགས་པདྨའི་ཕྱིར། །རྡོ་རྗེའི་ས་གཞི་ར་བ་བླ་རེ་གུར། །མདའ་ཡི་དྲ་བ་འཇིགས་པའི་མེ་དཔུང་འབར། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་གཤིན་རྗེ་དང་། །དྲག་པོ་སྲེག་བྱེད་ཚ་ཚ་སྐར་ལྟར་འཕྲོ། །ཚོགས་བརྒྱད་དག་ཕྱིར་དུར་ཁྲོད་རབ་འཇིགས་བྱེད། ། ཤི་རིཥ་སོགས་བྱང་ཆུབ་ཤིང་བརྒྱད་ལ། །ཁྭ་གདོང་ལ་སོགས་ཤིང་ལྷ་སྤྲིན་དང་བཅས། །ཀླུ་དང་གནོད་སྦྱིན་ལྷ་ཆེན་བརྒྱད་པོར་ལྡན། །དབང་པོ་མེ་དང་གཤིན་རྗེ་སྲིན་པོ་དང་། །ཆུ་བདག་རླུང་ལྷ་ནོར་བདག་འབྱུང་པོར་ལྡན། །ས་ཡི་ལྷ་མོ་ཉི་ཟླ་ཚངས་པ་དང་། །དྲག་པོ་ཞིང་སྐྱོང་ཕྱོགས་ མཚམས་ཀུན་ན་གནས། །མཆོད་རྟེན་བྲག་སོགས་ཆུ་དང་མེ་བརྒྱད་དང་། །ཉི་ཤུ་རྩ་བཞི་མཁའ་འགྲོ་གནས་པའི་ས། །འབྱུང་པོ་འདུས་པ་ཅེ་སྤྱང་སྒྲ་སྒྲོགས་ཤིང་། །ཤ་ཟ་རོ་ལངས་འཕྲ་མེན་མ་བརྒྱད་དང་། །ཨུ་མ་དུས་མཚན་དུར་ཁྲོད་བདག་མོར་བཅས། །རྒྱལ་ཆེན་བཞི་སོགས་ འཇིག་རྟེན་དབང་ཕྱུག་ལྡན། །གྲུབ་ཆེན་བརྒྱད་སོགས་ཕྱག་རྒྱ་མཆོག་ལྡན་ཞིང་། །གྲུབ་པའི་རྣལ་འབྱོར་སྤྱོད་པ་རྣམ་མཛེས་པའི། །སྒྲུབ་པའི་རྟེན་གྱུར་བདེ་གཤེགས་ཀུན་གྱི་གནས། །སྣོད་བཅུད་དག་ལ་གསང་བའི་དཀྱིལ་འཁོར་མཆོག །ཡོན་ཏན་ཀུན་ལྡན་ཐར་པའི་གྲོང་མཆོག་ ལ། །བདག་ནི་རབ་གུས་དང་བས་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་དགའ་རང་བཞིན་བདེ་མཆོག་ནི། །འཁོར་ལོ་ལྔ་སོགས་དུར་ཁྲོད་བཅས་བསྟོད་པའི། །དགེ་བ་གང་བྱུང་དེས་ནི་འགྲོ་བ་མ་ལུས་པ། །བདེ་མཆོག་ལ་གནས་མྱུར་དུ་སངས་རྒྱས་ཉིད་ཐོབ་ཤོག །དཔལ་འཁོར་ལོ་སྡོམ་པའི་ བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་རྒྱལ་པོ་མཆོག་གི་དངོས་གྲུབ་ཐོབ་པ། སློབ་དཔོན་དཱ་རི་ཀ་པས་མཛད་པ་རྫོགས་སོ།། །།ཡུལ་ཁ་ཆེའི་མཁན་པོ་དྷརྨྨཱ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ། །སླད་ཀྱི་རྒྱ་གར་ གྱི་མཁན་པོ་ཐུན་མོང་གི་དངོས་གྲུབ་བརྙེས་པའི་པཎྜི་ཏ་ཀུ་མཱ་ར་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཉི་མའི་རྡོ་རྗེས་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་མངའ་ལྡན་དུ་བསྒྱུར་ཅིང་ཞུས་ཏེ་དག་པར་བྱས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སཱ་དྷ་ནཾ་ཏཏྟྭ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱིས་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱི་བདེ་ཆེན་གནས། །སྐད་ཅིག་ཉིད་ལ་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་དང་། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །རྡོ་རྗེ་མཁའ་ འགྲོ་མཁའ་འགྲོ་མ། །ས་གསུམ་གནས་ལ་གུས་བཏུད་དེ། །དེ་ཉིད་རིན་ཆེན་ཀུན་བསྡུས་པ། །སྐུ་གསུམ་པོ་ཡི་ཆོ་ག་བཤད། །དང་པོར་སྔགས་ཀྱིས་ཡོངས་སུ་སྦྱངས་པའི་རྣལ་འབྱོར་པས། དབེན་པའི་གནས་སུ་དགོས་པ་ཚང་བ་ཅན་གྱིས་གནས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ དེ། སེམས་ཅན་ཐམས་ཅད་ཀྱི་དོན་འབྱུང་བ་དང་ལྷ་དང་བླ་མ་ལ། དང་པོ་དང་བླ་ན་མེད་པའི་ལམ་ལ་གནས་པས་དགའ་བས་བྱང་ཆུབ་ཆེན་པོར་ཉལ་བར་བྱའོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་ནམ་མཁའི་ཁམས་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་མཆོག་གི་སྒྲ་དང་། ཌཱ་མ་རུས་བསྐུལ་བ་དང་ལངས་ཏེ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡཱ་ནཱཾ་ཀ་རོ་མི་ཞེས་བྱ་བའི་སྔགས་ཀྱིས་ཕྱག་བྱས་ཏེ། ལུས་བདེ་བར་གནས་པའི་ལས་བྱས་ནས། སྲིད་པ་གསུམ་པོ་རྣམ་པར་དག་པའི་གནས་ཀེང་རུས་ཀྱི་དབུས་སུ་ས་བཅུའི་རང་བཞིན་ དུ་བསམས་ཏེ་གནས་ལ། རྣལ་འབྱོར་བསྲུང་བའི་དོན་དུ་ཚངས་པའི་གནས་བཞི་ལ་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས། ཕུང་པོ་དང་དབང་པོ་དང་། ཁམས་རྣམས་ཀྱི་ང་རྒྱལ་བསྐྱེད་པར་བྱ་སྟེ། དེ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་མི་བསྐྱོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ། །མིག་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་ རྡོ་རྗེའོ། །ལྕེ་ལ་འདོད་ཆགས་རྡོ་རྗེའོ། །ལུས་ལ་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཀྱི་བདག་པོ་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་དགུག་བྱེད་མའོ། །རླུང་གི་ཁམས་ལ་ནི་གར་གྱི་དབང་ཕྱུག་མའོ། །ནམ་ མཁའི་ཁམས་ལ་ནི་པདྨའི་དྲ་བ་ཅན་མའོ། །དེ་དག་ནི་ཕུང་པོ་དང་དབང་པོ་དང་ཁམས་རྣམ་པར་དག་པ་གོ་ཆའི་ལྷ་སྟེ། བདག་བསྲུང་བའོ། །ཧེ་རུ་ཀ་རྣམ་པར་རྒྱལ་བའི་ང་རྒྱལ་བརྟན་པས། གཡས་པའི་ཁྲོ་བོའི་ཁུ་ཚུར་སྙིང་གར་བསྒྲེང་སྟེ། གཡོན་སེ་གོལ་དང་བཅས་པའི་སྡིགས་མཛུབ་ ཕྱོགས་སུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཞལ་གྱི་སྒོ་ནས་འོད་ཟེར་གྱི་ཚོགས་དུ་མ་སྤྲོས་པས་བགེགས་རྣམས་བསྐྲད་ཅིང་བསྲེག་པར་རྣམ་པར་ བསམས་པར་བྱས་ལ། འོད་དེ་ཉིད་དང་། ཨོཾ་མེ་དི་ནི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ་ཞེས་བརྗོད་པས། འོག་རྩེ་གསུམ་པའི་བདག་ཉིད་ཀྱི་སྣ་ཚོགས་རྡོ་རྗེར་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ་ཧཱུཾ། ཨོཾ་བཛྲ་ ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བའི་སྔགས་རྣམས་ཀྱིས་རིམ་བཞིན་དུ་རྡོ་རྗེའི་ར་བ་དང་། གུར་དང་། བླ་རེ་དང་། མདའི་དྲ་བ་དང་། མེ་རི་འབར་བའི་མཐར་ཐུག་པར་བསམས་ཏེ། ལས་ཐམས་ཅད་པའི་ཁྲོ་བོར་སྤྲོས་ནས་བགེགས་ཀྱི་དབང་པོ་རྣམས་བཀུག་སྟེ། ཨོཾ་གྷཿགྷཿགྷཱ་ཏ་ཡ་ གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ་བི་གྷྣཾ་ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་ཕུར་བུས་གདབ་བོ། །ཨོཾ་བཛྲ་མུངྒ་ར། བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུ་རྣམས་བརྡུང་ངོ་། ། དེ་ནས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམས་ཏེ། དེའི་འོད་ཀྱིས་མདུན་གྱི་བར་སྣང་ལ་བླ་མ་དང་སངས་རྒྱས་ལ་སོགས་པའི་ཚོགས་བལྟས་ཏེ་ཕྱག་བྱས་ནས། ཕྱི་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པས་ཡང་དག་པར་ མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོག་མ་མེད་དུས་འཁོར་བ་ན། །ཆགས་སོགས་རྟོག་པའི་རང་བཞིན་གྱིས། །སྡིག་བགྱིས་མགོན་པོའི་སྤྱན་སྔ་རུ། །མ་ལུས་སོ་སོར་བཤགས་པར་བགྱི། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །ཉེར་བསྡུས་འགྲོ་བ་ཐམས་ཅད་ ཀྱི། །བསོད་ནམས་ཚོགས་ནི་མ་ལུས་ལ། །རྟག་པར་བདག་ནི་ཡི་རང་ངོ་། །རྡོ་རྗེའི་ཡེ་ཤེས་ཐུགས་ཆུད་ནས། །ཤིང་དབང་དྲུང་ན་བཞུགས་གྱུར་པའི། །འགྲོ་ལ་ཉེར་བརྩེས་ཐུབ་དབང་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །རྒྱལ་བའི་མཛད་པ་རྫོགས་གྱུར་ཏེ། །མགོན་ པོ་དབྱིངས་སུ་གཤེགས་བཞེད་ལ། །སེམས་ཅན་སྡུག་བསྔལ་བྲལ་བར་དུ། །མྱ་ངན་མི་འདར་བདག་གསོལ་འདེབས། །བདག་ནི་ཐུབ་དབང་མ་གྱུར་བར། །སངས་རྒྱས་སྔགས་སོགས་ཆོས་རྣམས་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །དཀོན་མཆོག་གསུམ་ལ་ སྐྱབས་སུ་མཆི། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་བསྒྲུབ་པར་བགྱི། །རྟེན་སོགས་དགེ་བ་དེ་དག་གིས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་ཉིད་དུ་ བདག་གྱུར་ནས། །འགྲོ་བ་ཡོངས་སུ་གྲོལ་བྱེད་ཤོག །དེ་ནས་དངོས་པོ་རྣམས་ཡོངས་སུ་བསལ་བར་བྱས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོ྅ཧཾ། ཞེས་བྱ་བས་དག་པར་བྱས་ནས་ཉེ་བར་བསྡུས་ཏེ་ནཱ་ད་ཙམ་གྱི་ཡེ་ཤེས་ལ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །དེ་ལས་ལངས་ཏེ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་བཀས་པ་ལྟ་བུ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གཡུང་དྲུང་གིས་མཚན་པ་གྲུ་གསུམ་པའོ། །དེའི་སྟེང་དུ་བཾ་ལས་ ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་སུཾ་ལས་རི་རབ་ཆེན་པོ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལས་གྲུབ་པ་གྲུ་བཞི་པ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཚན་པའོ། །དེའི་ སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དང་། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་གེ་སར་གྱི་ཕྲེང་བས་མཚན་པའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལ་དག་པ་རྣམས་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས་ལ་དེ་གྱུར་པ་ལས་ཉི་མ་དང་ཟླ་བའི་གཟུགས་སུ་བསམས་ཏེ། དེའི་བར་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་ མཚན་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་བསམ་པར་བྱའོ། །དེའི་འོད་ཀྱིས་དག་པ་དང་མ་དག་པ་རྣམས་བསྡུས་ཏེ་གྱུར་པ་ལས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པས་རྫོགས་པར་གྱུར་ཏེ་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ། རྡོ་རྗེ་རྩེ་མོ་ཅན་དྲ་བ་དང་དྲ་བ་ཕྱེད་ པས་བརྒྱན་པ། ཀ་བ་སུམ་ཅུ་རྩ་གཉིས་སམ་བརྒྱད་ཀྱིས་སྤྲས་པ། དར་དང་ཟླ་བ་དང་ཉི་མ་དང་རྔ་ཡབ་དང་། འཕན་ལ་སོགས་པས་བརྒྱན་པ་དེའི་ཕྱི་རོལ་ན་རྡོ་རྗེའི་ས་གཞི་ལ་དུར་ཁྲོད་བརྒྱད་གནས་པ་སྟེ། ཤར་ཕྱོགས་སུ་དྲག་ཏུ་གཏུམ་པར་མདུང་གིས་ཕུག་པའི་རོ་དང་ཤཱིར་ཥ་ཏ་ལ་ གླང་པོའི་གདོང་དང་། དབང་པོ་དང་། ལྷའི་དགེ་འདུན་གྱི་ཚོགས་དང་། ནོར་རྒྱས་དང་། སྒྲོགས་བྱེད་རྣམས་གནས་པའོ། །བྱང་ཕྱོགས་ཚང་ཚིང་རྣམ་པར་འཁྲིགས་པར་བྱང་ཆུབ་ཀྱི་ཤིང་ལ་གནོད་སྦྱིན་གདོང་དང་། ཀུ་བཻ་ར་དང་། གནོད་སྦྱིན་གྱི་ཚོགས་དང་། སྦྲུལ་གྱིས་ཟོས་པ་ བ་དང་། འཇོག་བོ་དང་། སྤྲིན་གྱི་རྒྱལ་པོ་ལྡོག་བྱེད་རྣམས་གནས་བའོ། །ནུབ་ཕྱོགས་འུར་འུར་འབར་བར་མྱ་ངན་མེད་པའི་ཤིང་ལ་ཆུ་སྲིན་གྱི་གདོང་ཅན་དང་། རུལ་པ་དང་ཆུ་ལྷ་དང་། སྤྲིན་གྱི་རྒྱལ་པོ་དང་། སྟོབས་ཀྱི་རྒྱུ་དང་། འཇིགས་པར་བྱེད་པ་རྣམས་སོ། །ལྷོ་ཕྱོགས་ མཐུག་པའི་དུར་ཁྲོད་དུ་བསྲེགས་པའི་རོ་དང་། ཙུ་ཏའི་ཤིང་ལ་མེ་ཧེའི་གདོང་དང་། གཤིན་རྗེ་དང་གཤིན་རྗེའི་ཚོགས་དང་། པདྨ་དང་འཁོར་བྱེད་རྣམས་སོ། །དབང་ལྡན་གྱི་མཚམས་ཧ་ཧར་དགོད་པར་བགེགས་པའི་རོ་དང་། ནྱ་གྲོ་དྷའི་ཤིང་ལ་ཁྱུ་མཆོག་གི་གདོང་དང་དབང་ ལྡན་དང་། ཡི་དྭགས་ཀྱི་ཚོགས་དང་། པདྨ་ཆེན་པོ་དང་། གང་བ་རྣམས་ཀྱིས་མཛེས་པའོ། །མེའི་མཚམས་ནགས་ཚལ་ཕུན་སུམ་ཚོགས་པར་དུམ་བུར་གྱུར་པའི་རོ་དང་། ཀ་རཉྫ་ཀའི་ཤིང་ལ་རའི་གདོང་ཅན་དང་། མེ་ལྷ་དང་། དྲང་སྲོང་གི་ཚོགས་དང་། ཧུ་ལུན་ཏ་དང་། བགེགས་བྱེད་རྣམས་ཀྱིས་གང་བའོ། །བདེན་བྲལ་གྱི་མཚམས་སུ་མུན་པ་མི་བཟད་པར་བྱིས་པ་ཤི་བའི་རོ་དང་། འཁྲི་ཤིང་ལ་ཡི་དྭགས་ཀྱི་གདོང་དང་། སྲིན་པོ་དང་སྲིན་པོའི་ཚོགས་དང་རིགས་ལྡན་དང་། ཆར་འབེབས་རྣམས་སོ། །རླུང་དུ་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་པ་སྨྱོ་བའི་རོ་དང་། ཨུ་དུམྦཱ་རའི་ཤིང་ལ། རི་དགས་ཀྱི་གདོང་དང་། རླུང་ལྷ་དང་རིག་པ་འཛིན་པའི་ཚོགས་དང་། དུང་སྐྱོང་དང་སྤྲིན་སྟུག་པོ་རྣམས་སོ། །དེ་ལྟར་དུར་ཁྲོད་ཆེན་པོ་དེར་ལྷ་བརྒྱད་དང་གཟའ་བརྒྱད་དང་། མཁའ་འགྲོ་མ་ཆེན་མོ་བརྒྱད་དང་། འབྱུང་པོའི་ཚོགས་དང་། རི་དང་ཆུ་དང་མེ་དང་ སྐུ་གདུང་ཆེན་པོ་བརྒྱད་དང་། རྣལ་འབྱོར་པ་བརྒྱད་དང་། གནོད་སྦྱིན་དང་། སྲིན་པོ་དང་སྨྱོ་བྱེད་དང་། བརྗེད་བྱེད་དང་། ཡི་དགས་དང་། ཤ་ཟ་དང་། མཁའ་འགྲོ་རྣམས་ཀྱིས་གང་ཞིང་ཁྭ་དང་། བྱ་རྒོད་དང་། ཁྲ་དང་། འུག་པ་དང་། མགྲིན་རིངས་དང་། ཝ་དང་། སྤྱང་ཀི་ དང་། ཅེ་སྤྱང་འདུས་ཤིང་སྒྲ་འབྱིན་པའོ། །ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་སྙིང་པོ་ལ་བཅོམ་ལྡན་འདས་སྐུ་མདོག་སྔོན་པོ། །ཤིན་ཏུ་ཁྲོས་པ་དང་། ཆགས་པ་དང་། ཞི་བ་དང་། མཉམ་པའི་ཞལ་སྔོན་པོ་དང་དམར་པོ་དང་། ལྗང་གུ་དང་། སེར་པོ་མངའ་གཞལ་ རེ་རེ་ལ་ཡང་སྤྱན་གསུམ་པ། རྡོ་རྗེ་དང་ཐོད་པའི་དབུ་རྒྱན་ཅན་རལ་པའི་ཐོར་ཚུགས་ཀྱིས་མཛེས་པ། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། མི་བསྐྱོད་པ་གནས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། བརྒྱ་ཕྱེད་པའི་མགོ་བོ་དང་། སྦྲུལ་གྱི་ཚངས་སྐུད་ཅན། ཕྱག་བཅུ་གཉིས་པ་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྣམ་པར་རྒྱལ་བའི་ཕྱག་གིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཉིས་ཀྱིས་གླང་པོ་ཆེའི་པགས་པ་བསྣམས་པ། གཡས་པའི་ལྷག་མས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་། རྩེ་གསུམ་འཛིན་པའོ། །གཡོན་པ་རྣམས་ ན་ཁ་ཊྭཱཾ་ག་དང་ཐོད་པ་དང་རྡོ་རྗེ་ཞགས་པ་དང་། ཚངས་པའི་མགོ་བོ་འཛིན་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མནན་པའོ། །རྡོ་རྗེ་ཕག་མོ་ནི་སྐུ་མདོག་དམར་མོ་ཞལ་མཆེ་བ་གཙིགས་པ། ཁྲག་ལ་དགྱེས་པ་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་འཁྱུད་ པ། ལྷན་ཅིག་སྐྱེས་པའི་བདེ་བས་དགྱེས་པ། ཕྱག་རྒྱ་ལྔ་དང་ཐོད་པའི་ཕྲེང་བས་བརྒྱན་པར་གནས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ་དང་། བྱང་དུ་ལཱ་མ་ལྗང་གུ་དང་། ནུབ་དུ་དུམ་སྐྱེས་མ་དམར་མོ་དང་། ལྷོ་རུ་གཟུགས་ཅན་མ་སེར་མོ་དང་། མཚམས་སུ་བུམ་པ་པདྨའི་སྣོད་དང་ ལྡན་པ། དྲི་ཆེན་དང་། དྲི་ཆུ་དང་། རང་བྱུང་དང་། ཀླད་པ་དང་། ཁུ་བས་གང་བའོ། །དེ་ལྟར་ལྷ་ལྔའི་བདག་ཉིད་དམ། ཐུང་ཞིང་སྒེག་པའི་སྐུ་རྡོ་རྗེ་དང་དྲིལ་བུ་དང་ཌ་མ་རུ་དང་། ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པའི་རང་བཞིན་འཁོར་ལོ་ལྷ་ལྔ་དང་བཅས་པའམ། བསྡུས་པའི་རྣལ་ འབྱོར་ཕྱི་ནང་གི་འཁོར་ལོ་གཉིས་བསྒོམ་པར་བྱ་སྟེ། ཁྭ་གདོང་ནག་མོ་དང་། ལྗང་གུ་འུག་གདོང་དང་ཁྱི་གདོང་དམར་མོ་དང་། ཕག་གདོང་སེར་མོ་དང་། གཤིན་རྗེ་བརྟན་མ་དང་། གཤིན་རྗེ་འཇོམས་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་རྣམས་གཟུགས་གཉིས་ མའི་རང་བཞིན་ཅན་ཏེ། ཞལ་གཅིག་པ་ཕྱག་བཞི་མ་གྲི་གུག་དང་ཐོད་པ་དང་། ཌ་མ་རུ་དང་། ཁ་ཊྭཱཾ་ག་བསྣམས་པ་ཞབས་གཡས་བརྐྱང་བས་རོ་མནན་པ། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་དོ་ཤལ་ཅན་སྒེག་པའི་ཞལ་དང་འཇིགས་སུ་རུང་བར་གནས་པའོ། །དེ་ལྟར་སྤྲུལ་པའི་ སྐུའི་སྒོམ་པ་ལ་གནས་ཏེ། ལོངས་སྤྱོད་རྫོགས་པའི་ཆོ་ག་རྫོགས་པར་བྱ་བ་གསུངས་པ། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི། །རྐང་པའི་དཀྱིལ་དུ་བསྐྱོད་བྱེད་རླུང་། །གཞུ་ཡི་དབྱིབས་སུ་ཡང་དག་གནས། ། སུམ་མདོའི་གནས་སུ་མེ་ཡི་དངོས། །གྲུ་གསུམ་འབར་བར་ཡང་དག་གནས། །ལྟོ་བར་ཆུ་ནི་ཟླུམ་པོ་སྟེ། །སྙིང་གར་ས་ནི་གྲུ་བཞི་གནས། །སྒལ་ཚིགས་དབྱུག་པའི་རི་རབ་ཉིད། །རང་གི་ཡན་ལག་ལས་བྱུང་བའི། །ཀ་བ་བརྒྱད་ནི་ཉེ་བར་གནས། །ཆུ་ཞེང་ཀུན་ཏུ་མཉམ་པ་ཡིས། ། གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །དཀྱིལ་འཁོར་གསུམ་ནི་ངེས་པར་གསུངས། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། །ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། །པྲེ་གྲྀ་སཽ་སུན་སི་མ་ཀུ། །མཚོགས་མ་པུལླི་མ་ལ་ཡར། །མི་ཕྱེད་རྩ་ནི་སོ་སེན་འབབ། །རབ་གཏུམ་ཐོད་པའི་ དུམ་བུ་ཉིད། །སྤྱི་གཙུག་ཛཱ་ལནྡྷ་ར་ར་ནི། །སྐྲ་སྤུ་འབབ་པ་ཕྲ་གཟུགས་མ། །ཀེང་རུས་གཏུམ་པའི་མིག་ཅན་མ། །ཨོ་ཌྱན་རྣ་བ་གཡས་པའི་སྟེངས། །པགས་དང་དྲི་མ་བརྩེ་བ་མ། །ཀེང་རུས་ཅན་དང་འོད་ལྡན་མའོ། །ལག་པའི་སྟེང་ན་ཨར་པུ་ད། །གཡོན་པ་མར་ནི་ཤ་ཡི་ ཁམས། །འབབ་པ་མཆེ་གཙིགས་སྣ་ཆེན་མ། །གོ་དཱ་བ་རི་རྣ་བ་གཡོན། །ཐུང་ངུ་མ་ནི་རྒྱུ་མ་འབབ། །ལྷ་དགྲ་དང་ནི་དཔའ་བློ་ཅན། །རཱ་མེ་ཤྭ་ར་སྨིན་མའི་དབུས། །རུས་སྦལ་སྐྱེས་མ་རུས་པ་འབབ། །འོད་དཔག་མེད་དང་མི་ཐུང་མ། །ལྷ་མོའི་མཁར་ནི་མིག་གཉིས་ལ། །སྒོམ་པ་ མ་ནི་མཁལ་མ་འབབ། །ལངྐའི་དབང་ཕྱུག་རྡོ་རྗེ་འོད། །དཔུང་པའི་རྩ་བར་མཱ་ལ་བེ། །སྙིང་གི་ཁམས་འབབ་དབང་མ་སྟེ། །རྡོ་རྗེ་སྐུ་དང་ཤིང་གྲིབ་མ། །མཁའ་སྤྱོད་ཉིད་དེ་ཐུགས་འཁོར་ལོ། །ཀཱ་མ་རཱུ་ནི་མཆན་ཁུང་ལ། །མིག་གི་ཁམས་འབབ་སྐྱོན་འབྱིན་མ། །མྱུ་གུ་ཅན་དང་ ས་སྲུངས་མ། །ནུ་མ་གཉིས་ལ་ཨོ་ཏྲེ་སྟེ། མཇུག་མ་མཁྲིས་པ་འབབ་པ་ཉིད། །རལ་པ་ཅན་དང་འཇིགས་བྱེད་མའོ། །ཏྲི་ཤ་ཀུ་ནི་ལྟེ་བར་ཏེ། །མ་མོའི་རྩ་ནི་གློ་བ་འབབ། །དཔའ་བོ་ཆེན་དང་རླུང་ཤུགས་མ། །སྣ་ཡི་རྩེ་མོར་ཀོ་ས་ལ། །མཚན་མོའི་རྩ་ནི་རྒྱུ་མ་འབབ། །རྡོ་རྗེ་ཧཱུཾ་ མཛད་ཆང་འཐུང་མ། །ཀ་ལིང་ག་ནི་ཁ་ལ་སྟེ། །བསིལ་སྦྱིན་མ་ནི་གཉེ་མ་འབབ། །རབ་ཏུ་བཟང་དང་སྔོ་བསངས་མོ། །མགྲིན་པའི་གནས་སུ་ལམྦཱ་ཀ །ཚ་བ་མ་ནི་ཕོ་བ་འབབ། །རྡོ་རྗེ་འོད་དང་ཤིན་ཏུ་བཟང་། །ཀཱཉྩི་སྙིང་གའི་གནས་སུ་སྟེ། །གཞོལ་ མའི་རྩ་རུ་དྲི་ཆེན་འབབ། །འཇིགས་བྱེད་ཆེན་པོ་རྟ་རྣ་མ། །ཧི་མཱ་ལ་མི་ཆུ་སོ་རུ། །ཤིན་ཏུ་གཟུགས་ཅན་མཚན་མ་འབབ། །མིག་མི་བཟང་དང་བྱ་རྒོད་མ། །གསུང་སྟེ་ས་སྤྱོད་བདག་ཉིད་ཀྱི། །མཁའ་འགྲོ་མར་ནི་ཤེས་པར་བྱ། །པྲེ་ཏ་པུ་རི་མཚན་མ་ལ། །རངས་མའི་རྩ་ནི་མཆིལ་ མ་འབབ། །འཁོར་ལོའི་ཤུགས་མ་སྟོབས་པོ་ཆེ། །གྲྀ་ཧ་དེ་བ་བཤང་ལམ་ལ། །དཔྱི་མའི་རྩ་ནི་རྣག་འབབ་ལ། །རིན་ཆེན་རྡོ་རྗེ་དུམ་སྐྱེས་མ། །སཽ་རཱཥྚ་སྟེ་བརླ་གཉིས་ལ། །རྒྱུ་སྦྱིན་མ་ནི་ཁྲག་འབབ་མ། །རྟ་མགྲིན་དང་ནི་ཆང་འཐུང་མ། །གསེར་གླིང་བྱིན་པ་གཉིས་ལ་སྟེ། །སྦྱོར་བྲལ་ མ་ནི་རྡུལ་འབབ་བྱེད། །མཁའ་སྙིང་འཁོར་ལོའི་གོ་ཆ་མ། །རྐང་པའི་སོར་མོ་ན་ག་ར། །སྡུག་གུ་མ་ནི་ཚིལ་བུ་འབབ། །ཤིན་ཏུ་དཔའ་མོ་ཧེ་རུ་ཀ། །སིནྡྷུ་རྐང་པའི་བོལ་ཉིད་ལ། །གྲུབ་མའི་རྩ་ནི་མཆི་མ་འབབ། །པདྨ་གར་དབང་སྟོབས་ཆེན་མོ། །མ་རུ་རྐང་པའི་མཐེ་བོ་སྟེ། །འཚེད་མ་ ཁ་ཆུ་འབབ་པ་ཉིད། །རྣམ་སྣང་འཁོར་ལོས་སྒྱུར་བ་མོ། །ཀུ་ལུ་ཏཱ་ནི་པུས་མོ་ལ། །ཡིད་བཟངས་མ་ནི་སྣབས་སྐྱེད་བྱེད། །རྡོ་རྗེ་སེམས་དཔའ་གཙོ་ཆེན་མོ། །སྐུ་སྟེ་ས་འོག་སྤྱོད་མ་ཡི། །མཁའ་འགྲོ་དཔའ་བོར་ཤེས་པར་བྱ། །ལྟེ་བའམ་སྙིང་གའི་རྩ་བཞི་ནི། །འབྱུང་ལྔའི་རླུང་དང་བདུད་ རྩི་འབབ། །བདེ་ཆེན་དགུ་ཡི་བདག་ཉིད་བསམ། །ཕྱག་བརྒྱད་དམ་ནི་སྒོ་བརྒྱད་དུ། །ལས་ཀྱི་རླུང་ངམ་བྱེད་བདག་གིས། །ཁྭ་གདོང་གཤིན་རྗེ་མ་སོགས་བརྒྱད། །མེ་ལོང་ནང་གི་གཟུགས་བཞིན་དུ། །རང་གི་ཆ་ལུགས་བརྒྱན་པའི་ཚུལ། །རོ་ཡི་གདན་ལ་ལེགས་པར་དགོད། ། འོད་འཕྲོ་འོད་ཀྱི་དཀྱིལ་འཁོར་ཅན། །མཛེས་ཤིང་འཇིགས་པའི་གཟུགས་ཅན་ནོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་ངོ་བོ་ཉིད། །མཐོ་རིས་མི་ཡུལ་ས་འོག་ཏུ། །སྐད་ཅིག་གིས་ནི་སྐུ་ཉིད་གྱུར། །སྐད་ཅིག་གིས་ནི་རྣལ་འབྱོར་བདག། །སྐད་ཅིག་སྔགས་ དང་ཕྱག་རྒྱར་ལྡན། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །སྐད་ཅིག་གིས་གསང་སྔགས་ལྡན་ནོ། །ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཿབཛྲ་ཤུདྡྷོ྅ཧཾཿཨོཾ་ཨཱཿཧཱུཾ། ཧོ་ཡིག་གིས། ཕྱག་རྒྱ་བཞིས་ནི་རྒྱས་བཏབ་བྱ། ཨོཾ་ སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡེ་ཤེས་ལས་བྱུང་འོད་ཚོགས་ཀྱིས། །རྐང་པ་ནས་ནི་གཙུག་ཏོར་མཐར། །ལུས་ཀུན་རབ་ཏུ་གསལ་བྱས་ནས། །ཁམས་གསུམ་ཁྱབ་པར་རབ་ཏུ་སྤྲོ། །མཛུབ་མོ་མདུད་བྱས་གུང་མོ་སྦྱར། །མཐེ་བོང་རྡོ་རྗེར་བརྟན་བྱས་ནས། ། དཔྲལ་བའི་སྟེང་དུ་རབ་གཞག་སྟེ། །བསྐོར་ཞིང་ཀུན་དུ་བསྐོར་བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུ་ཁམས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །སྔགས་དང་ཕྱག་རྒྱར་རབ་ལྡན་པས། །དགུག་སོགས་དམ་ཚིག་ རོ་མཉམ་བྱ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། །དེ་ནས་སྔགས་ཀྱི་མཚོན་ཆ་དགོད། །སྙིང་གར་ཨོཾ་ཧའི་རྣམ་པ་ཡིས། །རྡོ་རྗེ་སེམས་དཔའ་ཡང་དག་དགོད། །གཉིས་པ་དཔལ་ལྡན་རྣམ་སྣང་མཛད། །མཚོག་མར་ན་མ་ཧི་ཉིད་དོ། །སྤྱི་གཙུག་སྭཱ་ཧཱ་ཧུ་ཉིད་ནི། །མགོན་པོ་ པདྨ་གར་དབང་རྒྱལ། །བཞི་པ་དཔལ་ལྡན་ཧེ་རུ་ཀ། །ཕྲག་པ་ལ་ནི་བཽ་ཥཊ་ཧེ། །མིག་གཉིས་ལ་ནི་ཧཱུཾ་ཧཱུཾ་ཧོ། །རྡོ་རྗེ་ཉི་མ་གཟི་བརྗིད་ལྡན། །དྲུག་པ་རྟ་མཆོག་རྒྱལ་པོ་ཉིད། །ཕཊ་ཧཾ་ཚིགས་ཀུན་མཚོན་པའོ། །ལྟེ་བར་ཨོཾ་བཾ་ཕག་མོའི་བདག །ཧཾ་ཡོཾ་སྙིང་གར་གསོད་བྱེད་མ། །ཧྲིཾ་མོཾ་ཁ་ལ་ རྨོངས་བྱེད་མ། །དཔྲལ་བར་ཧྲིཾ་ཧྲིཾ་སྐྱོང་བྱེད་ཉིད། །ཧཱུཾ་ཧཱུཾ་སྤྱི་གཙུག་སྐྲག་བྱེད་མ། །ཚིགས་མཐའ་ཀུན་ལ་ཕཊ་ཕཊ་ཏེ། །གཏུམ་མོའི་བདག་ཉིད་རྣམ་པར་བསམ། །བདག་ཚོགས་ཀུན་གྱིས་གཡོ་བ་ཡི། །གོ་ཆ་སྲུང་བ་བླ་ན་མེད། །ལུས་ལས་ཁམས་གསུམ་ཀུན་བཀང་སྟེ། །དཔའ་བོ་ རྣལ་འབྱོར་མ་རྣམས་ཀྱིས། །ནམ་མཁའི་གཏོས་ནི་བཀང་བྱས་ལ། །འདོད་པ་ལྔ་ནི་མཉེས་གྱུར་ནས། །མགོན་པོ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་བདག་ལ་སྩོལ། །ཡིད་ཀྱིས་གསོལ་བ་ལེགས་བཏབ་པས། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིན། །དེ་བཞིན་དུ་ནི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ལྟར་སྔགས་དེ་བརྗོད་ནས་སུ། །པདྨའི་བུམ་པས་དབང་བསྐུར་བསམ། །ལྷ་རྣམས་ལུས་ལ་བསྡུས་ནས་ཀྱང་། །མཆོད་སྤྲིན་ ཀུན་གྱིས་ཡང་དག་མཆོད། །སྣ་ཚོགས་བསྟོད་པས་མངོན་བསྟོད་ནས། །བདུད་རྩི་མཆོག་ལ་ལོངས་སྤྱོད་བྱ། །དཔའ་བོས་ལྷ་རྣམས་གསལ་དམིགས་ནས། །ཆོས་ཀྱི་སྐུ་ལ་ངེས་པར་སྦྱར། །དཔའ་བོ་ལྷན་ཅིག་སྐྱེས་དགའི་དངོས། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་ བསྟན་པ་ཡིན། །མེ་ལོང་ལ་སོགས་ཡེ་ཤེས་བཞི། །མཁའ་འགྲོ་མ་བཞི་པདྨར་གནས། །ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་གོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ། །བརྩོན་ འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ། །དྲན་པའི་དབང་པོ་ནི་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ས་སྲུངས་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཆེན་མའོ། །དྲན་པའི་ སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤཽཎྜ་ནིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་ཤིན་ཏུ་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་ གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་པའི་ཆོས་སྐྱེས་པ་རྣམས་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་སྐྱེ་བ་རྣམས་སྤོང་བ་ནི་གཤིན་རྗེ་འཇོམས་མའོ། །དེ་དག་ནི་དཔའ་བོ་དང་དཔའ་མོ་རྣམས་གཉིས་སུ་མེད་པ་རྣམ་པར་དག་པའོ། །ཨཱ་ལི་ཀཱ་ལི་མངོན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། ། ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་སེམས་ཉིད་ཡིན། །སེམས་ཉིད་རྟོག་པས་མི་བསླང་ངོ་། །བསམ་གྱིས་མི་ཁྱབ་དེ་བསམས་ན། ། དེ་ལས་གཟུགས་ནི་ཐོབ་བར་འགྱུར། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །དེ་ལྟར་སྐུ་གསུམ་སྦྱོར་བ་ཡིས། །གནས་བྱས་དཔའ་བོ་དེ་ཡིས་ནི། །ཡོན་ཏན་ཐོབ་བ་གང་ཡིན་པ། །བསྐལ་པ་བྱེ་བ་དུ་མ་ རུ། །ཁ་ནི་བརྒྱ་སྟོང་དུ་མ་ཡིས། །བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ནས་སྔགས་ཀྱི་དངོས་གྲུབ་ཕྱིར། །སྔགས་ཀྱི་བཟླས་པ་རབ་ཏུ་བརྩམ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། སྙིང་པོའི་སྔགས་སོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །སྡིག་ཀུན་ལས་ནི་རྣམ་གྲོལ་ཞིང་། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །ཨོཾ་སུམྦྷ་ནི་སུམྦྷ། བཛྲ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་བཛྲ་ལཱ་མ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་བཛྲ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་ཝི་རེ་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལ་པ་ཨགྣི་སཾ་ནི་བྷཱ་ཡ་བཛྲ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊ་མ་ཀུ་ ཊོཏ་ཀ་ཊཱ་ཡ་བཛྲ་ཤྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཡ་མ་དཱ་ཌྷཱི་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་བཛྲ་ཡ་མ་དཱུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱཾ་བ་ར་དྷ་རཱ་ཡ་བཛྲ་ཡ་མ་དཾཥྙི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ དྷུམྦྲཱ་ན་དྷ་ཀ་ར་ཝ་པུ་ཥཱ་ཡ་བཛྲ་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། རང་གི་ཡུམ་དང་གཉིས་སུ་མེད་པ་ཞལ་བཞི་དང་རྐང་པ་བརྒྱད་པའི་སྔགས་ཏེ་བཅུ་པ་སྦྱིན་སྲེག་དང་བཅས་པས་བཟླས་སོ། །གཞན་ཡང་རྒྱས་པའི་ཚུལ་ལ་ཡང་། ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜེ་བཛྲ་ཁཎྜ་ཀ་པཱ་ལ་ཧུཾ་ཧཱུཾ་ཕཊ། ཞེས་བྱ་བ་ལ་ སོགས་པ་རྣམས་ཨོཾ་དང་ཧུཾ་ཧཱུཾ་ཕཊ་ཀྱི་བར་ཆུད་པ་ཕྲེང་བའི་སྔགས་དང་། དཔའ་བོ་དཔའ་མོ་རྣམས་འབྲེལ་བར་བཟླས་སོ། །མདའི་འོད་དང་སྒྲོའི་འོད་དང་། ལུ་གུ་རྒྱུད་དང་། སུམ་སྒྲིལ་ནི་ཆོ་གའི་ཁྱད་པར་རོ། །ཐམས་ཅད་དུའམ་ཚེས་བཅུ་ལ། །རང་འདོད་ལས་ལ་གཏོར་མ་སྦྱིན། །དང་པོ་ དཔའ་བོ་རྣལ་འབྱོར་མ། །ཆང་སོགས་ལོངས་སྤྱོད་ཀྱིས་མཆོད་ནས། །འབར་བའི་ཕྱག་རྒྱ་རབ་བཅིངས་ནས། །སྐྲ་གྲོལ་གཅེར་བུར་གྱུར་པ་ཡིས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །དཔལ་ཆེན་ཁྲག་འཐུང་ནས་བརྩམས་ནས། །དུར་ཁྲོད་གནས་ཀྱི་མཐར་ཐུག་པར། །མཐོན་བོའི་ གནས་སུ་མཆོད་པར་བྱ། །སྐྱེ་བོ་དམ་པ་ཀུན་འདུས་ལ། །བདེ་བ་ཐམས་ཅད་དབུལ་བར་བྱ། །དེར་ནི་བཟའ་བ་རྣམས་ཟོས་ལ། །ལྷག་མ་སྣོད་གཉིས་གཞག་པར་བྱ། །ཧེ་རུ་ཀ་དཔལ་རྣལ་འབྱོར་བདག །དེ་ཡིས་མ་མོ་དགའ་བར་འགྱུར། །དེ་ཡིས་ལག་ཏུ་འོངས་པའི་དཔལ། །གང་གིས་ ཀྱང་ནི་འཕྲོག་མི་ནུས། །སྐྱེ་བོ་དང་ལྡན་ཀུན་གྱིས་མཆོད། །ཧེ་རུ་ཀ་དཔལ་དགྱེས་གྱུར་ནས། །སྤྱོད་དང་གྲོལ་བའི་འབྲས་རབ་གསོལ། །ཨོཾ་ཨ་རལླི་ཧོ། །ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ལན་གསུམ་ལྔ་ཡིས་བར་དུ་བརྗོད། །རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ། །ཨོཾ་ཁ་ཁ་ ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ། ཨུན་མ་ད། ཨ་པསྨ་ར་བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིཾ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེཥྛཾ། བྷུཉྫ་ཐ། པི་བ་ཐ། མཱ་ཏི་པྲ་མ་ཐ། མ་མ་སརྦ་ཀརྟ་ཡ་སཏ་སུ་ཁཾ་བ་བྲིད་དྷ་ཡེ། ས་ཧ་ཡི་ ཀཱ་བྷ་བནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪི་ཥྚ་བྷཀྵ་ཀ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མ་མཆོག་ཡིན་དེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་ བརྗོད་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་དགའ་བས་སེམས་ཅན་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་ཡང་དག་པར་གནས་པར་བྱའོ། །བདག་དོན་འགྱུར་དང་གཞན་ལ་རྣམ་བརྩེ་བས། །དཔལ་ལྡན་འཁོར་ལོ་སྡོམ་པའི་སྒྲུབ་པ་ཡི། །ཐབས་དག་ཅུང་ཟད་ བཀོད་ལ་ཚུལ་མིན་པ། །འབྱུང་འགྱུར་ཉེས་པ་མཁས་རྣམས་བཟོད་པར་མཛོད། །འདི་ཡིས་བསོད་ནམས་མཐའ་མེད་སྒྲུབ་གྱུར་གང་ཡིན་དེས། །མཐའ་མེད་སེམས་ཅན་བདེ་བའི་ལམ་ཞུགས་སངས་རྒྱས་ཤོག །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བསྡུས་པ་ཞེས་ བྱ་བ། སློབ་དཔོན་ཆེན་པོ་རིག་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་པས་མཛད་པ་རྫོགས་སོ།། །།བངྒ་ལའི་པཎྜི་ཏ་ཀུ་མཱ་ར་བཛྲ་དང་། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་བི་དྷི་ཏ་ཏྭ་ཨ་བ་ཏ་ར་ ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲིད་ལས་གྲོལ་ཞིང་ཡོན་ཏན་མཐའ་ཡས་དང་ལྡན་འབྲས་ལ་ཉེར་སྦྱོར་བ། །རིན་ཆེན་སྒྲོན་གྱུར་བླ་མ་མཆོག་སྟེ་འཇིག་རྟེན་སྟོན་པ་རྡོ་རྗེ་ སེམས། །སྐྱོན་བྲལ་ཞབས་ལ་ཉེར་བཏུད་འགྲོ་ལ་རྣམ་བརྩེས་འཁོར་ལོ་སྡོམ་པ་ཡི། །དཀྱིལ་འཁོར་ཆེར་འབྱུང་ཆོ་ག་མཆོག་ལྡན་གྱུར་པ་དེ་ཉིད་ལ་འཇུག་བཤད། །དེ་ཉིད་དབང་བསྐུར་སྔོན་འགྲོ་བས། །གསོལ་འདེབས་སློབ་མའི་མཚན་ཉིད་དག །གནས་ལྔའི་ཡོན་ཏན་འཛིན་པ་འམ། ། དད་པ་ཡིས་ནི་ངེས་འགྲོ་བ། །ཐེག་གསུམ་དོན་ལས་མི་འདའ་ཞིང་། །ཐེག་པ་མཆོག་ལ་མངོན་དགའ་དང་། །སློབ་དཔོན་ལ་ནི་རབ་དད་ཅིང་། །འགྲོ་ལ་སྙིང་བརྩེ་བདེན་པར་སྨྲ། །མཆོག་འདོད་དོན་ལ་སྦྱོར་ནུས་པ། །རབ་དང་སྣོད་དུ་ཡོངས་ཤེས་ནས། །སྐུ་གསུམ་ པོ་ཡི་ཆོ་ག་ཡིས། །དང་པོར་ལྷ་ནི་བསྙེན་པར་བྱ། །དཔའ་བོ་ལྷ་མོ་ཁྲི་ཕྲག་གསུམ། །སྟོང་ཕྲག་ཉི་ཤུས་འཁོར་ལོ་གསུམ། །ཕྱི་དང་ནང་གི་འཁོར་ལོ་གཉིས། །སྟོང་ཕྲག་ཕྱེད་དང་དྲུག་ཏུ་བཟླས། །འབྲིང་ངམ་ཆུང་ངུའི་ཚུལ་གནས་ན། །དཀྱིལ་འཁོར་དབང་པོ་འབུམ་དུ་སྟེ། །དེ་བཞིན་ མཁའ་འགྲོ་སྟོང་ཕྲག་བཅུ། །བཟླས་ཏེ་ལྷ་རྣམས་མཉེས་པར་བྱ། །ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ། །སྦྱིན་སྲེག་མཆོག་གིས་ཉེ་བར་མཆོད། །ལྷ་རྣམས་མཉེས་པར་མ་གྱུར་ན། །སྒྲུབ་པོ་གྲུབ་ལ་མི་བརྟེན་ཅིང་། །དེ་ཡིས་འགྲོ་བ་གཟུང་མི་ནུས། །དེ་བས་སྔོན་དུ་ངེས་བྱ་བ། བསྙེན་པ་ གསུམ་པོ་རྣམ་པར་སྤྱད། །འཁོར་ལོ་མཆོག་སོགས་ཕུན་ཚོགས་ནས། །མཎྜལ་མེ་ཏོག་དང་ལྡན་པས། །ལན་གསུམ་དུ་ནི་གསོལ་བ་ཡི། །ཆོ་གས་ཚུལ་བཞིན་བསྒྲུབ་པར་བྱ། །དཔའ་བོ་འབྱོར་པའི་དུས་ཤེས་ནས། །བརྩེར་ལྡན་ཡོངས་སུ་དག་པའི་བློས། །འཇིགས་བྲལ་ དཔའ་བོའི་སེམས་ཀྱིས་ནི། །འགྲོ་བ་བསྒྲལ་ཞེས་རྣམ་བསམས་ཏེ། །རི་བོ་རི་སུལ་ཚང་ཚིང་ཕུག །སྨན་ལྗོངས་རྒྱ་མཚོའི་འགྲམ་དང་ནི། །གདོད་ནས་གྲུབ་པའི་དུར་ཁྲོད་དམ། །ཕུན་ཚོགས་འཚེ་བ་མེད་པ་དང་། །དབེན་ཞིང་གང་དུ་ཡིད་འཇུག་པ། །དེར་ནི་དཔལ་ཆེན་དཀྱིལ་འཁོར་བྲི། ། དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་གྱིས། །ཞིང་སྐྱོང་གནས་ཀྱི་བདག་པོ་དག །ལེགས་མཆོད་ཁྲུ་གང་གྲུ་བཞི་པའི། །མཎྜལ་བྱས་ཏེ་མེ་ཏོག་གཏོར། །ལྷ་རྣམས་བསྐྱེད་དེ་མཆོད་པ་དང་། །བསྟོད་སོགས་ལས་ཀྱི་མཐར་ཐུག་པར། །བྱས་ནས་གསོལ་བ་གདབ་པར་བྱ། །དུས་ གསུམ་འབྱུང་བའི་མགོན་པོ་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །མགོན་པོ་རྒྱལ་བ་སྲས་མཆོད་ཅིང་། །སློབ་མ་རྣམས་ལ་སྨན་སླད་དུ། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀའི། །དཀྱིལ་འཁོར་དམ་པ་འབྲིར་འཚལ་བའི། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །བདག་ ལ་བྱིན་རླབས་མཆོག་གནང་མཛོད། །ལན་གསུམ་དུ་ནི་ངེས་བྱས་ནས། །དུར་ཁྲོད་བདག་པོ་རྣམས་བཀུག་སྟེ། །མེ་ཏོག་གཏོར་མའི་མཐར་ཐུག་པར། །མཆོད་ནས་གསོལ་བའི་ཚིག་དག་ནི། །ཁམས་གསུམ་གནས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་ འཕྲུལ་ཆེ་ལྡན་ཞིང་། །འབྱུང་པོ་བསྟན་པ་ལ་དགའ་བ། །བདག་ལ་དགོངས་པར་མཛད་དུ་གསོལ། །སངས་རྒྱས་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་དོན་དུ། །ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པའི་ ལས་བྱེད་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །དེ་ལྟར་ཁྱེད་ལ་བདག་གིས་ནི། །དོན་རྣམས་གསོལ་གྱིས་མི་སླུ་བར། །རྨི་ལམ་ལ་སོགས་མཚན་མ་དང་། །ལེགས་ཉེས་ལྟས་རྣམས་བསྟན་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། ། ས་སྦྱང་བ་ནི་བརྩམ་པར་བྱ། །ཞི་བ་འམ་དྲག་པོ་ལས་བྱུང་བ། །སྦྱིན་སྲེག་དག་ནི་བྱས་པའམ། །ལས་ཀྱི་ཆུ་ཡིས་གཏོར་བྱས་ནས། །དཔའ་བོ་ལས་ཀྱི་རྡོ་རྗེ་ཡིས། །དངོས་གྲུབ་རྣམ་པ་གསུམ་གྱི་ཕྱིར། །པུས་མོའམ་ལྟེ་བའམ་ལྐོག་མ་ཡི། །མཚམས་ནུབ་བར་དུ་ས་བརྐོས་ལ། ། སྡོང་དུམ་སོལ་བ་གསེག་མ་དང་། །གྱོ་མོ་རུས་པ་ཕུབ་མ་ཐལ། །གོས་རུས་རྡོ་དང་ཕ་གུ་རྣམས། །བསལ་བྱས་ནས་ནི་ལེགས་པར་བརྟག །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མ་ནུས་ན། །ལག་པས་བྱབ་ཅིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ཏེ། ། ཟུག་རྔུའི་ཉེས་པ་སྐྱེ་མི་འགྱུར། །ཆུའམ་སས་ནི་ཡོངས་བརྟགས་ནས། །ལྟས་ངན་པ་ནི་སྤང་བར་བྱ། །སྨན་འབྲུ་རིན་ཆེན་ལྔ་བཅུག་ནས། །དྲི་ཡི་ཆུ་དང་རྣམ་བསྲེས་པའི། །སས་ནི་ཁུང་བུ་དགང་བར་བྱ། །དེར་ནི་འཐས་པར་བཅག་བྱས་ནས། །སྔགས་པ་རྣམས་ཀྱི་དངོས་གྲུབ་རྒྱུ། །ཤར་ དང་བྱང་དུ་གཞོལ་བར་བྱ། །དབུས་སུ་མཐོ་བས་རྒྱལ་སྲིད་དམ། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་མཐོ་བས་འཆིང་བའམ། །ནོར་རྣམས་ངེས་པར་འཇིག་པར་བྱེད། །ཇི་ལྟར་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་བྱེད། །དབུས་སུ་དམའ་བས་གྲུབ་མེད་ཅིང་། ། སྒྲུབ་པ་པོ་ནི་འཇོམས་དང་ལྡན། །དེ་ལྟའི་སྐྱོན་རྣམས་ཡོངས་སྤངས་ཏེ། །ཁྲུ་གང་ནས་བརྩམས་ཁྲུ་སྟོང་ངམ། །ཁྲུ་ནི་བཅུ་གཉིས་དང་ལྡན་པར། །གྲུ་བཞི་ཤིན་ཏུ་མཛེས་པར་བྱ། །མཆོད་པའི་ས་དང་ལྡན་བྱས་ཏེ། །ཤིན་ཏུ་དོག་པར་མི་བྱའོ། །ལྕི་བ་ས་ལ་མ་ལྷུང་ བས། །དཀྱིལ་འཁོར་ས་ནི་ལེགས་པར་བྱུག །དུར་ཁྲོད་ཀྱི་ནི་ཐལ་བ་དང་། །མི་འཆི་བཅུ་ཕྱེད་བྱས་པས་བྱུག །མེ་ཏོག་སིལ་མས་ལེགས་བཀང་སྟེ། །བདག་ཉིད་དཔལ་ལྡན་ཁྲག་འཐུང་གི། །ཆ་ལུགས་ལེགས་པར་གནས་བྱས་ནས། །སེམས་དཔའི་སྐྱིལ་ཀྲུང་སྦྱོར་བ་ཡིས། །དང་ པོར་ཚོགས་ནི་རབ་རྫོགས་པས། །བྷུ་ཁཾ་ཞེས་ནི་མངོན་བརྗོད་ནས། །ས་ནི་ནམ་མཁའ་བསམ་པར་བྱ། །ཧཱུཾ་ལཾ་ཧཱུཾ་ལས་རྡོ་རྗེ་ཡིས། །རྣམ་བསྐྱེད་རྡོ་རྗེ་བསྡམས་པ་དག །བཀན་བྱས་ནས་ནི་སྔགས་འདི་བརྗོད། །ཨོཾ་མེ་དི་ནི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། དེ་ནས་བཟླས་པའི་མཐར་ཐུག་པར། ། མཁས་པ་ཡིས་ནི་བསྒོམ་བྱས་ནས། །རིགས་བཞི་ང་རྒྱལ་ལེགས་འཆང་བའི། །རྡོ་རྗེ་དྲིལ་འཛིན་ལས་ཀྱི་བདག །གསོལ་བ་འདེབས་པར་དམིགས་བྱས་ཏེ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་ དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མེད་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་པ། །ཀུན་དུ་བཟང་པོ་ གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ལྟར་གསོལ་བའི་ཚིག་ཐོས་ནས། །རྣམ་རྒྱལ་ཧེ་རུ་ཀར་བྱས་ཏེ། ། མིག་གཉིས་མ་དང་ཊ་ལས་བྱུང་། །ཉི་མ་ཟླ་བ་རབ་བསྒོམས་ལ། །དེ་དབུས་ཧཱུཾ་ལས་རྡོ་རྗེ་ཆེ། །ནག་པོ་ཁྲོ་ཚོགས་འོད་འཕྲོ་བསམ། །རྐང་མཐིལ་ཨཿལས་སྣ་ཚོགས་ཀྱི། །རྡོ་རྗེ་འོད་ཟེར་དང་ལྡན་དགོད། །རྡོ་རྗེ་དྲིལ་བུ་ཁ་ཊྭཱཾ་འཛིན། །དཀྱིལ་འཁོར་ནམ་མཁར་བཏེག་ནས་ཀྱང་། ། རྡོ་རྗེ་ལྟ་བ་དང་བཅས་པས། །བྱང་ཤར་གྱི་ནི་མཚམས་འདུག་སྟེ། །རྡོ་རྗེ་གསོར་བར་མངོན་བརྩོན་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དེང་དུ་བདག་ལ་གསོན། །ང་ནི་དཔལ་ལྡན་ཧེ་རུ་ཀ། །བཀའ་ཡི་འཁོར་ལོར་རབ་སྦྱོར་གྱིས། །ལྷ་ཀླུ་ལྷ་མིན་གསང་བ་པ། །བརྗེད་ བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་བདག་བསྒོ་ལས་འདས་ན། །རྡོ་རྗེ་ཁྲོ་བོ་བཞིན་འབར་བའི། །རྡོ་རྗེ་རབ་ཏུ་འབར་བ་འདིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང་། །འཇིག་པར་འགྱུར་བར་གདོན་མི་ཟ། །དཔལ་ལྡན་ཁྲག་འཐུང་ང་རོར་ ལྡན། །ལན་གསུམ་དུ་ནི་བརྗོད་པར་བྱ། །གཡས་ནས་ལན་གསུམ་བསྐོར་བ་དང་། །ཧཱུཾ་ཞེས་བྱ་བ་རབ་བརྗོད་ནས། །རྡོ་རྗེ་གོམ་པས་འགྲོ་བ་དང་། །ཤར་དང་ལྷོ་དང་ནུབ་དང་བྱང་། །གཡོན་བརྐྱང་བ་དང་གཡས་བརྐྱང་དང་། །ཟླུམ་པོ་དང་ནི་ས་ག་རྣམས། །ལན་གསུམ་དུ་ནི་བསྒྲིམས་ཏེ་བྱ། ། རྡོ་རྗེ་ཁྲོ་མོ་དང་ལྡན་པས། །གོམ་སྟབས་རྣམ་པ་བརྒྱད་དུ་འགྱུར། །དེ་ནས་དབུས་སུ་འོངས་ནས་ཀྱང་། །སོར་ནི་བཅུ་གཉིས་དང་ལྡན་ཞིང་། །སེང་ལྡེང་ལ་སོགས་དྲི་མར་བསྐུས། །དར་དམར་མེ་ཏོག་ཕྲེང་བཏགས་པའི། །ཕུར་བུ་བཅུ་ནི་བྱས་ནས་ཀྱང་། །བགེགས་དགྲར་བྱིན་བརླབས་ ཞལ་བཞི་པས། །དགུག་པས་བཀའ་ཡི་འཁོར་ལོ་སྤྱད། །དབང་ལྡན་ལ་སོགས་ཕྱོགས་བཅུར་གདབ། །མཐའ་ཡི་དབྱངས་ཡིག་ལས་བྱུང་བའི། །ས་ནི་སྣ་ཚོགས་རྡོ་རྗེར་བྱ། །རྡོ་རྗེ་ལྟ་བའི་སྦྱོར་བ་ཡིས། །ར་བ་དང་ནི་དྲ་བ་བྱ། །བདག་ཉིད་གོ་ཆས་རྣམ་བསྲུངས་ནས། །དཔའ་བོ་ བརྟན་པར་གནས་པ་བྱ། །སའི་ཆོ་ག་སྟེ་དང་པོའོ།། །།དེ་ནས་ནང་པར་སྔར་ལངས་ཏེ། །མཆོད་པ་ཀུན་དང་རབ་ལྡན་པས། །རྣལ་འབྱོར་རྣམ་པར་རྫོགས་དམིགས་ཏེ། །དཀྱིལ་འཁོར་དབུས་སུ་འདུག་ནས་ནི། །ས་གནོན་པ་ཡི་ཕྱག་རྒྱ་ཡིས། །ཊཀྐི་ནི་ཧཱུཾ་ཛཿཨོཾ་ཧཾ། །སྔགས་ དེས་གསེར་གྱི་མདོག་ལྡན་ཞིང་། །རྟག་པས་རལ་པའི་ཚོགས་མཚན་པ། །རྒྱན་མཛེས་གསེར་གྱི་བུམ་པར་ལྡན། །པདྨ་དཀར་པོ་ལ་གནས་ཤིང་། །བདག་ལ་བཀའ་ནོད་ལྷ་མོ་ལྷ། །མཆོད་ཡོན་ཞལ་བསིལ་སོགས་ཕུལ་ནས། །སྤོས་སྣོད་རྡོ་རྗེ་དྲིལ་འཛིན་པས། །སྐྱོབ་པ་སངས་ རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །ལན་ གསུམ་བརྗོད་པས་རྗེས་གནང་སྟེ། །དེ་ཉིད་དུ་ནི་ཐིམ་པར་བསམ། །དེ་ནས། ག་པུར་ལ་སོགས་དྲི་ཡི་ཆུས། །དཀྱིལ་འཁོར་ཀུན་དུ་སྙོམས་པར་བྱུག །དྲི་ཞིམ་དམ་ཚིག་དང་ལྡན་པས། །དབུས་སུ་གྲུ་བཞིར་རང་སྔགས་ཀྱིས། །དེ་བཞིན་ཀུན་དུ་རབ་ཏུ་ཟླུམ། །རང་རང་སྔགས་ཀྱིས་མེ་ཏོག་ དགོད། །རང་སྔགས་ལྷ་ཡི་བདག་ཉིད་བསམ། །མར་མེ་ལ་སོགས་མཆོད་པ་ཀུན། །ལྷ་ཡི་གྲངས་བཞིན་རྣམ་བཀོད་དེ། །བཅུ་ལས་དམན་པ་ཉིད་མི་བྱ། །འབད་དེ་བསྐྱེད་པ་རྫོགས་གྱུར་ནས། །འབར་བའི་ཕྱག་རྒྱ་རབ་བཅིངས་ཏེ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱི་ སྒྲ་སྒྲོགས་ཤིང་། །ཕྱོགས་རྣམས་ཀུན་ན་བཞུགས་གྱུར་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་ནི། །སྤྱན་དྲངས་དགུག་གཞུག་བཅིང་བ་དང་། །དབང་དུ་བྱས་ཏེ་བྱིན་གྱིས་བརླབ། །རང་རང་སྔགས་ཀྱིས་ལེགས་མཆོད་ནས། །ཐ་དད་དམ་ཚིག་དམ་ཚིག་ཆེས། །མཆོད་དེ་རང་རང་ གསང་སྔགས་བཟླས། །དགྱེས་པ་ཆེ་ལ་རྣམ་བཀོད་ནས། །སྣ་ཚོགས་མཆོད་པས་རབ་ཏུ་མཆོད། །རྫས་རྣམས་ཐམས་ཅད་བཀོད་ནས་ནི། །ལྷ་རྣམས་སྙན་གསན་དབབ་པར་བྱ། །གཡས་པར་སྤོས་སྣོད་རྡོ་རྗེ་དང་། །གཡོན་པས་དྲིལ་འཛིན་པུས་བཙུགས་ནས། །ཧེ་རུ་ཀ་དཔལ་བཅོམ་ ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། ། འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །སེམས་ཅན་བསྟན་ལ་དགའ་བ་རྣམས། ། ཤ་དང་རྡོ་རྗེའི་སྤྱན་མངའ་བ། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཧེ་རུ་ཀ་འབྱུང་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །ར་བ་དྲ་བ་ལ་སོགས་པས། །མཚམས་བཅིང་བ་ནི་བརྟན་བྱས་ནས། །གཡས་ཀྱིས་ཅི་བདེར་ཉལ་ཏེ་བརྟག །དེ་ནས་བུམ་པ་བྱ་བ་ནི། །རིན་ཆེན་གསེར་རམ་ ཟངས་ལ་སོགས། །ཡང་ན་ས་ཡི་ཁམས་ལས་བྱུང་། །མགྲིན་མཐོ་ལྟོ་བའང་ཡངས་པ་དང་། །མཆུ་འཕྱང་ཁ་ཁྱེར་དང་ལྡན་ཞིང་། །རྩ་བ་ནག་པོས་ལེགས་བསྐུས་ཏེ། །བསང་བདུག་བགེགས་བསྐྲད་སྔོན་འགྲོ་བས། །དྲི་ཞིམ་པ་ཡི་ཆུས་བཀང་སྟེ། །འབྲས་ཀྱི་སོ་བ་ མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དག་དང་། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱུ་རུ་དངུལ་ནི་དྲི་མ་མེད། །བྱ་གྷྲི་སང་གྷྲི་ཧ་ས་དང་། །ཧ་ས་དེ་བ་ཀརྞི་ཀ །མེ་ཏོག་ཁ་དོག་ལྔ་པོ་དང་། །ག་པུར་གུར་ཀུམ་ཙནྡན་དང་། །ཙནྡན་དམར་པོ་གླ་རྩི་རྣམས། །སྔགས་བཟླས་ ནས་ནི་བླུག་པར་བྱ། །ཁ་དོག་ལྔ་ཡི་སྲད་བུ་དང་། །མགྲིན་པ་གོས་ཟུང་མཆོག་གིས་དཀྲི། །འདབ་བཅས་མེ་ཏོག་འབྲས་ལྡན་པའི། །ལྕུག་མ་ཡིས་ནི་ཁ་བརྒྱན་ཏེ། །པདྨའི་དབུས་སུ་རིགས་ཀྱི་མཚན། །རང་རང་བུམ་པ་བརྒྱན་པར་བྱ། །མེ་ཏོག་ཕྲེང་སོགས་མཛེས་བྱས་ཏེ། །བརྒྱད་ ནི་སྒོ་མཚམས་ལ་བཀོད་དེ། །བུམ་པ་དགུ་པ་དབུས་སུ་གཞག །ཤར་སྒོ་ཡི་ནི་གཡོན་ལོགས་སུ། །ལས་ཀུན་བྱེད་པ་རབ་ཏུ་དགོད། །དྲི་ཡི་དུང་ནི་རྣམ་རྒྱལ་ཏེ། །རྒྱལ་བའི་སྟེང་དུ་དགོད་པར་བྱ། །རྡོ་རྗེ་སྤྱི་བོར་རབ་བཞག་ནས། །སྲད་བུ་ཡིས་ནི་ཀུན་དུ་སྦྲེལ། །བསངས་ཏེ་སྟོང་པའི་ རང་བཞིན་ལས། །བྷྲཱུཾ་ལས་བུམ་པ་གཞལ་ཡས་གྱུར། །དང་པོར་སྦྱོར་བས་ལྷ་བསྐྱེད་ལ། །ལས་ཀུན་བྱེད་པར་ལས་བདག་ཉིད། །དབང་བསྐུར་མཐར་ཐུག་མཆོད་དེ་བཟླས། །བདུད་རྩི་ཡིས་ནི་རྣམ་རྒྱལ་དག །མཐར་ནི་རྒྱལ་སོགས་ཞུ་བར་བྱ། །ལས་ཀུན་བྱ་བར་བཀའ་བསྒོ་ སྟེ། །བརྟན་པའི་སེམས་སུ་གནས་པར་བྱ། །བུམ་པ་ལྷག་པར་གནས་པའོ། །དེ་ནས་སློབ་མ་རྗེས་བཟུང་བ། །མཚན་ཉིད་བཟང་དང་ལྡན་གྱུར་པའི། །མཁས་པས་སློབ་མ་གཅིག་དག་གམ། །གསུམ་མམ་ཡང་ན་ལྔ་འམ་ནི། །བདུན་ནམ་ཉི་ཤུ་རྩ་ལྔའི་བར། །ཟུང་ དུ་མ་ཐེམ་ཡོངས་སུ་གཟུང་། །དེ་ལས་ལྷག་པའི་སློབ་མ་དག །ཡོངས་སུ་གཟུང་བར་མི་ཤེས་སོ། །མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་གཟུང་ངོ་། །ཐ་མ་སྡོམ་པ་ལྔས་གཟུང་ནས། །གཞན་རྣམས་ལམ་ལ་གཟུང་པར་བྱ། །བགེགས་ལ་གཏོར་མ་སྦྱིན་བྱས་ཏེ། །ཞལ་ བཞི་པ་ཡི་སྔགས་བཟླས་ཤིང་། །ཆང་བུ་དང་ནི་མར་མེས་སྦྱང་། །གུ་གུལ་ཡུངས་ཀར་གྱིས་བགེགས་བསལ། །ཏིལ་ལ་སྡིག་པའི་གཟུགས་དམིགས་ནས། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་གཡས་དང་གཡོན་པ་ཡིས། །གཡས་གཡོན་དུ་ནི་ ཡོངས་བསྐོར་ནས། །མེ་དང་ཆུ་ལ་བླུག་པར་བྱ། །ལུས་ཀུན་བྱེད་པས་བཀྲུས་ནས་ནི། །བསམ་པ་བཟང་ལ་གཞག་པར་བྱ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །དེ་ལས་གཞན་པའི་དངོས་གྲུབ་འདོད། །གཞན་དག་འཇིག་རྟེན་གཞན་དོན་ གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་མི་དོན་འབྱུང་། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །ཚེ་འདིའི་འབྲས་བུ་རབ་ཏུ་ རྒྱས། །སློབ་དཔོན་གྱིས་ནི་རབ་ཏུ་བརྗོད། །བསྡུས་བྱས་རང་གི་ལུས་ནང་དུ། །སྦྱང་བྱ་ཁང་སྐོར་མཎྜལ་བྱ། །ཕུལ་ནས་གསོལ་བ་འདིས་བཏབ་བོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་ པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ལྟར་ལན་གསུམ་གསོལ་ བ་དང་། །སློབ་མའི་གཙོ་བོ་ལ་དམིགས་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་ རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་ཤཱཀྱ་སེང་ གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་