Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 16 / 24 (50.000 ký tự/trang)
། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོག་ །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ནམ་མཁའི་མདོག་ཅན་དྲི་མེད་རྣལ་འབྱོར་མ་ལ་རོལ། །ཁྱུང་རྣམས་སྤྲུལ་པ་བགྱེ་ནས་བདུད་བཞི་ཟིལ་
གྱིས་གནོན་མཛད་དེ་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལ་དངོས་གྲུབ་མཆོག་ཐོབ་འགྱུར། །དེ་ཕྱིར་དེ་ཡི་ཆོ་ག་ནི། །བརྒྱད་དང་བཅུ་བཞི་བཅོ་ལྔ་དང་། །ཚེས་བཅུ་ལ་ནི་དེ་རབ་མཆོད། །དུར་ཁྲོད་དམ་ནི་ཤིང་གཅིག་མཆོག །སྐྱེད་མོས་ཚལ་
དང་ཀུན་དགའ་དང་། །དེ་བཞིན་རང་གི་ཁྱིམ་དང་ནི། །གཞན་ཡང་དབེན་པའི་ཁྱིམ་དུ་བྱ། །དང་པོ་ཚོགས་ཀྱི་ཡོ་བྱད་བསགས་ཏེ། དེ་ནས་བདུད་རྩིས་ཆོས་འབྱུང་བྲིས་ལ། དེའི་སྟེང་དུ་བདུད་རྩི་ལྔ་དང་ཐོད་པར་སྦྱར་བ་བཞག །དེ་ནས་ཡོན་བདག་གིས་ཕྱག་བྱས། མེ་ཏོག་ཚོགས་
ཀྱི་སློབ་དཔོན་དང་། རྣལ་འབྱོར་ཡོན་ཕུལ་ནས་གསོལ་བ་གདབ། དེ་ནས་ཚོགས་ཀྱི་སློབ་དཔོན་གྱིས། །ཨོཾ་མ་ཧཱ་ར་ཤུདྡྷེ་སརྦ་དྷརྨཱ་ཧཱ་ར་ཤུདྡྷོ྅ཧཾ། ཞེས་པའི་སྔགས་མང་བར་བཟླས། དེའི་རྗེས་ལ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པར་སྙོམས་པར་ཞུགས་
པར་བསམ། །དེ་ནས་བདུད་རྩི་སྦྱང་བར་བྱས། །ཡེ་ཤེས་བདུད་རྩི་ཕབ་ལ། ཨོཾ་ཨ་མྲྀ་ཏ་ཧཱུཾ་ཅི་ནུས་བཟླས། རྩ་བའི་སྔགས་བཟླས། དེ་ནས་ཕྱོགས་བཅུར་སྡིགས་མཛུབ་ཀྱི་གཏོར་བས་བྱང་སེམས་དཔལ་གྱིས་བགེགས་བསྐྲད། སྲུང་བའི་འཁོར་ལོ་བྱ། དེ་ནས་ཨོཾ་ཨཱཿཧཱུཾ་གིས་
རྫས་སྐྱོན་མེད་པར་བདེ་བར་བརླབ། དེ་ནས་བསྐྱེད་རིམ་བསྒོམ་སྟེ། བདུན་རྣམ་དག་གི་སྐབས་སུ་མཆོད་པ་ལྔ་དང་བདུད་རྩི་ལྔས་མཆོད། །ཡེ་ཤེས་འཁོར་ལོ་ལ་གཅིག །དེ་ནས་དབང་བསྐུར་ཡན་ཆད་རྫོགས་པའི་རྗེས་ལ། རྣལ་འབྱོར་པ་ལྔའི་འཁོར་ལོ་འཛིན་པ་གཅིག་མཆོད།

བདུད་རྩི་དང་ཞལ་བསིལ་གྱི་རྗེས་ལ་དབུལ། །དེ་ནས་ལྷ་བསྡུས་ལ་ཚོགས་པས་སྦྱང་བར་བྱས་ལ། །རྣལ་འབྱོར་པ་རྣམས་ལ་མེ་ཏོག་གི་ཕྲེང་བ་དང་། དྲི་བཟང་པོ་དབུལ། དེ་ནས་ནམ་མཁའ་ཁེངས་པའི་ལྷ་མོས་ཀྱང་། །བཀྲ་ཤིས་བརྗོད་པར་བྱ། དེ་ནས་སྐྱེས་པའི་
དུམ་བུ་གཅིག་པའི་ཐོད་པ་ཆང་གིས་བཀང་ལ་ཚིག་འདི་བརྗོད་ལ་དྲང་བར་བྱ། ལྟོས་ཤིག་དམ་པའི་ཆོས་བྱ་བ། །འདི་ལ་རྣམ་རྟོག་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །བདེ་གཤེགས་ཆོས་ནི་སྡིག་མེད་ཅིང་། །གཟུང་དང་འཛིན་
པ་རྣམ་པར་སྤངས། །འདོད་ཆགས་ལ་སོགས་སྐྱོན་དང་བྲལ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །དེར་ནི་བཟའ་རྣམས་གསོལ་བྱས་ཏེ། །ལྷག་མ་སྣོད་དུ་གཞག་པར་བྱ། །ཞེས་འབྱུང་བས། ཚོགས་རོལ་ནས་གཅིག་གིས་མས་ཡར་ལྷག་མ་དང་། ད་ཅིའི་མེ་ཏོག་བསྡུས་ལ་
གཏོར་མར་བསམ་དེའི་རིམ་པ་ནི་འདི་ཡིན་ཏེ། ཁྲུ་གང་པ་ཡི་ཚད་དུ་ནི། །དྲི་ནི་བཟང་པོས་བྱུག་པར་བྱ། །དེ་ཕྱིར་དཀར་པོ་གྲུ་གསུམ་ཡིན། །ཉ་དང་ཤ་སོགས་གཏོར་མ་བཞག །མེ་ཏོག་ལ་སོགས་གཏོར་མར་བཞག །དེ་མི་དམིགས་པར་བྱས་ལ། མོས་པས་ཆོས་འབྱུང་གྲུ་
གསུམ་བསམས་ལ། རྩེ་མོ་ཐུར་ན་མོ་ལས་ཨོཾ་ལས་རྣམ་སྣང་། གཡོན་པ་ཨཱཿལས་སྣང་བ་མཐའ་ཡས། གཡས་པ་ཧཱུཾ་ལས་མི་བསྐྱོད་པ། ནང་དུ་པཾ་ལྗང་གུ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་སེམས་ཅན་རྣམས་ཡབ་ཡུམ་དང་། ཁྲོ་བོ་དང་ཁྱུང་དུ་བསམས་ལ་གཏོར་མ་བཏང་།
ཛཿཧཱུཾ་བཾ་ཧོཿས་མགྲོན་རང་རྒྱུད་པ་སྤྱན་དྲངས་ལ་བསྟིམ། ཀཱ་ཡ་བཱཀ་གིས་བསྟབ། བསྟོད་ནས་བཀྲ་ཤིས་བྱ། དེ་ནས་ཡང་དག་པར་མཆོད་པའི་ཆོ་ག་མ་ཚང་བ་དང་ལྷག་པ་རྣམས། རྫོགས་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་གདོན། །མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་འདོད་པའི་
གསོལ་བ་གདབ། དེ་ནས་ཐལ་མོ་སྦྱར་ལ་སྨོན་ལམ་གདབ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་ཕྲད་གྱུར་པའི། །ལམ་དེ་ཉིད་དུ་ཞུགས་ནས་ཀྱང་། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་

གྲོལ་བར་ཤོག །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །སེ་གོལ་ལན་གསུམ་བརྡབ་བྱས་ལ། །ཕྱི་རོལ་ལྷ་རྣམས་གཤེགས་སུ་གསོལ། །བདག་གིས་ཚོགས་འཁོར་འདི་བྱས་པས། །དགེ་བ་དྲི་མེད་གང་ཐོབ་དེས། །ཚོགས་གཉིས་ཚོགས་ནི་
བསགས་ནས་ཀྱང་། །འགྲོ་ཀུན་རྡོ་རྗེ་འཛིན་རྒྱལ་ཤོག །ཚོགས་ཀྱི་འཁོར་ལོའི་ཆོ་ག་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སྟོ་ཏྲཿ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ། དཔལ་བདེ་མཆོག་འཁོར་ལོ་
ལ་ཕྱག་འཚལ་ལོ། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་ཅིང་། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་མ་དང་མཉམ་པར་སྦྱོར། །ཞེ་སྡང་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ། །ཧཱུཾ་གི་རྡོ་རྗེ་ལས་བྱུང་ཆར་སྤྲིན་མདོག །དགའ་བ་རྣམ་དག་དྲག་པོའི་ཞལ་བཞིར་སྣང་། །
གར་གྱི་ཉམས་དགུས་གདུལ་དཀའ་འདུལ་མཛད་པ། །ཧཱུཾ་མཛད་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་དག་པས་ས་རྣམས་རྫོགས། །བཅུ་གཉིས་ཕྱག་གིས་ཕྱག་མཚན་སྣ་ཚོགས་འཛིན། །ཡུལ་དང་ཡུལ་ཅན་རྣམ་རྟོག་འཇོམས་མཛད་པའི། །ངོ་མཚར་མཚོན་ཆ་
བསྣམས་ལ་ཕྱག་འཚལ་ལོ། །ཧཱུཾ་གི་ང་རོས་སྲིད་གསུམ་སྐྲག་མཛད་ཅིང་། །རྔམ་པའི་རྐན་སྒྲ་ཕཊ་ཀྱི་སྒྲ་སྒྲོགས་པས། །བདུད་དང་བགེགས་ཚོགས་གདུལ་དཀའ་མ་ལུས་འདུལ། །རྣམ་རྟོག་བགེགས་བདུད་འཇོམས་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་བདེ་མཆོག་པདྨ་རཱ་གའི་
མདོག །སྟོང་ཉིད་འོད་གསལ་དུས་གསུམ་བདེ་གཤེགས་བློ། །རྣམ་རྟོག་དྲ་བ་མ་ལུས་འཇོམས་མཛད་པའི། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ས་ཆུ་མེ་རླུང་འབྱུང་བ་རྣམ་པར་དག །དག་པའི་ཞལ་བཞི་རིགས་ཀྱི་ཡུམ་དུ་སྣང་། །དྲན་པ་ཉེར་གཞག་བཞི་ཡི་ངོ་བོ་
ཉིད། །མཁའ་འགྲོ་མ་སོགས་ཡུམ་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྣམ་རྟོག་ས་བླའི་སྲིད་པ་སྦྱོང་། །ཞེ་སྡང་རྣམ་དག་ཐུགས་ཀྱི་འཁོར་ལོར་སྣང་། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །གནས་དང་ཉེ་གནས་རྣམས་ལ་ཕྱག་འཚལ་ལོ། །གསུང་གི་ང་རོས་ས་སྟེངས་

སྲིད་པ་སྦྱོང་། །འདོད་ཆགས་རྣམ་དག་གསུང་གི་འཁོར་ལོར་སྣང་། །མྱུ་གུ་ཅན་དང་ས་སྲུངས་མ་ལ་སོགས། །ཞིང་དང་ཉེ་ཞིང་རྣམས་ལ་ཕྱག་འཚལ་ལོ། །སྐུ་ཡི་རོལ་པས་ས་འོག་སྲིད་པ་སྦྱོང་། །གཏི་མུག་རྣམ་དག་སྐུ་ཡི་འཁོར་ལོར་སྣང་། །སྟོབས་པོ་
ཆེ་དང་འཁོར་ལོའི་ཤུགས་ཅན་སོགས། །འདུས་སོགས་གནས་ལ་བཞུགས་ལ་ཕྱག་འཚལ་ལོ། །ཡང་དག་ལས་མཐའ་འཚོ་བ་རྩོལ་དང་དྲན། །བདེ་ཆེན་དགའ་བ་མོས་དང་གཙོ་ལ་ཕྱོགས། །གདུག་པའི་ཚོགས་རྣམས་མ་ལུས་སྲུང་མཛད་པ། །སྒོ་བཞི་མ་མོར་སྣང་ལ་ཕྱག་འཚལ་
ལོ། །བརྩོན་འགྲུས་རྣམ་དག་ཡང་དག་སྤོང་བ་བཞི། །གཤིན་རྗེ་བརྟན་མ་ལ་སོགས་མ་མོར་སྣང་། །ཕྱོགས་གཉིས་འཛིན་པས་སྐུ་མདོག་ཕྱེད་གཟུགས་མ། །རྒྱལ་བའི་ཡུམ་དུ་བསྟན་ལ་ཕྱག་འཚལ་ལོ། །བདེ་གཤེགས་བརྒྱད་ཀྱིས་བསྟན་པའི་སྙིང་པོར་བསྟན། །བདག་མེད་
དཀྱིལ་འཁོར་དུར་ཁྲོད་བརྒྱད་དུ་གནས། །བྱང་ཆུབ་རྐྱེན་དུ་ཤིང་བརྒྱད་མངོན་དུ་བྱུང་། །འཇིག་རྟེན་ཆོས་བརྒྱད་བསྲེགས་ལ་ཕྱག་འཚལ་ལོ། །དཔལ་འཁོར་ལོ་སྡོམ་པའི་བསྟོད་པ། རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཎྜལ་
དེ་བ་སྟོ་ཏྲ་རཏྣ་མཱ་ཡ་དཱ་ན་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེ་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བཞིན་དཀྱིལ་འཁོར་ཕྱག་འཚལ་ཏེ། །གུས་པས་བསྟོད་ལ་བྱིན་རླབས་མྱུར་
འབྱུང་བདག་གིས་བརྗོད། །ཧཱུཾ་ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་བསྡུས་པའི་དཀྱིལ་འཁོར་ན། །བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་འཁོར་ལོ་བདེ་མཆོག་ནི། །ཡེ་ཤེས་རྣམ་པར་དག་པ་ཐམས་ཅད་ཚོགས་པའི་སྐུ། །འཇིགས་བྱེད་འཇིགས་པར་བྱེད་པ་མཐིང་ནག་རིན་ཆེན་འོད། །ཞལ་བཞི་སྔོ་
དང་དམར་དང་སེར་དང་ལྗང་བའི་དབུ། །རལ་པའི་ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཛེས། །དམར་འཇིགས་བརྩོན་གཟིགས་རབ་བགྲད་སྡང་མིག་གློག་ལྟར་འགྱུ། །གཏུམ་རྔམ་མཆེ་བ་གཙིགས་ཤིང་འཇིགས་པའི་ང་རོ་སྒྲོགས། །རོལ་པ་ཆེན་པོའི་སྨིན་མཚམས་ཁྲོ་གཉེར་རླབས་

ཆེན་འཁྲུགས། །ལྗགས་འདྲིལ་མཆོག་ལས་འོད་འཕྲོ་ཧཱུཾ་ཕཊ་འབྲུག་སྒྲ་ཆེ། །ལང་ཚོ་གཞོན་པ་གར་དགུའི་ཉམས་ལྡན་འགྱིང་བག་ཅན། །སུམ་ཅུ་རྩ་གཉིས་མཚན་དང་དཔེ་བྱད་བརྒྱད་ཅུས་རྒྱན། །རྟེན་འབྲེལ་བཅུ་གཉིས་འགགས་པའི་ཕྱག་རྣམས་རབ་ཏུ་སྣང་། །དང་པོ་གཉིས་ཀྱིས་
རྡོ་རྗེ་དྲིལ་བུ་ཡུམ་མཆོག་འཛིན། །ཐབས་དང་ཤེས་རབ་ཞལ་སྦྱར་བདེ་ཆེན་མི་རྟོག་བཞུགས། །མཐའ་གཉིས་གླང་ཆེན་ཀོ་རློན་མི་ལྤགས་ན་བཟར་བརྒྱངས། །གཡོན་པའི་གཉིས་པ་ཁ་ཊྭཱཾ་གསུམ་པས་ཐོད་ཁྲག་བཀང་། །བཞི་པ་རྡོ་རྗེ་ཞགས་པ་ལྔ་པས་ཚངས་མགོ་བསྣམས། །
གཡས་པའི་གཉིས་པས་ཅང་ཏེའུ་གསུམ་པས་མདུང་རྩེ་གསུམ། །བཞི་པས་རྡོ་རྗེ་དགྲ་སྟ་ལྔ་པ་གྲི་གུག་བསྣམས། །རབ་ཏུ་བརྗིད་པའི་མགོན་པོ་སྟག་ལྤགས་ཤམ་ཐབས་ཅན། །སྤྱི་གཙུག་འཁོར་ལོ་ནོར་བུ་སྙན་ཆ་གདུབ་ཀོར་དང་། །མགུར་ཆུ་ཕྱག་རྒྱ་སྐུ་རེགས་ཐལ་བས་རབ་ཏུ་
བརྒྱན། །ལྷ་ཡི་གདུགས་དཀར་མཛེས་པ་སྟེང་ན་འཛིན་པའི་དཔལ། །བརྒྱ་ཕྱེད་ཁྲག་འཛག་མི་མགོའི་ཕྲེང་བའི་དོ་ཤལ་ཅན། །འཇིགས་བྱེད་དུས་མཚན་མ་རུངས་སྐྲག་ཅིང་གཙིགས་པའི་ཞལ། །ཉིན་མོའི་དབང་ཕྱུག་གདན་ལ་ཞབས་གཉིས་བརྐྱང་བསྐུམ་བཞུགས། །སྣ་ཚོགས་
ཐབས་ཀྱིས་འགྲོ་བ་མ་ལུས་བདེ་ལ་སྦྱར། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་གུས་པས་ཁྱེད་ལ་འདུད། །ཚངས་པ་ཁྱབ་འཇུག་དབང་པོ་ལྷ་ཆེན་ཚོགས་བདག་སོགས། །འགྲོ་བའི་གཙོ་བོ་ཐམས་ཅད་འཇིགས་དང་གུས་མཆོད་པའི། །རྒྱལ་ཆེན་ཧེ་རུ་ཀ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །
ཧཱུཾ་དབུས་ཕྱོགས་རྣམ་དག་རྡོ་རྗེའི་ཞིང་གི་དཀྱིལ་འཁོར་ན། །བཅོམ་ལྡན་འདས་མ་མཁའ་འགྲོ་ཚོགས་ཀྱི་གཙོ་བོ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་དག་པའི་སྐུ། །བྱི་རུའི་འོད་འབར་རྡོ་རྗེ་ཕག་མོ་བདེ་གཤེགས་སྐྱེད་པའི་ཡུམ། །འདོད་པའི་དབང་ཕྱུག་སྐལ་ལྡན་མཁའ་འགྲོ་ཀུན་
གྱི་རྗེ། །རྡོ་རྗེ་དབྱིངས་ཀྱི་ཁྲོ་རྒྱལ་ཕྱག་རྒྱ་ཆེན་པོའི་སྐུ། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར་བ་བཙུན་མོའི་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་སེར་མེ་སྟག་འཕྲོ། །ཁྲོ་འཛུམ་ཞལ་གྱི་མཆེ་བ་གཙིགས་ཤིང་རོལ་པ་མོ། །དབུ་སྐྲ་ལེགས་གྲོལ་སྐེད་སོར་སླེབ་པའི་ལྷ་མོ་ཆེ། །

ཐོད་པ་སྐམ་པོས་དབུ་བརྒྱན་འགྲོ་བའི་ཞེ་སྡང་འཇོམས། །ཕྱག་གཡས་རྡོ་རྗེ་གྲི་གུག་སྡིགས་མཛུབ་གདུག་པ་འདུལ། །གཡོན་པ་ཐོད་པ་སྡང་བའི་ཁྲག་གིས་བཀང་བ་བསྣམས། །དབུ་ཡི་ནོར་བུ་སྙན་ཆ་གདུབ་ཀོར་མགུར་ཆུ་དང་། །ཕྱག་གདུབ་སྐུ་རེགས་ཕྱག་རྒྱ་
ལྔ་ཡིས་རབ་ཏུ་བརྒྱན། །ཡི་དགས་ཕྲ་མོ་མེ་ཤེལ་ནོར་བུའི་གདན་སྟེང་ན། །གཅེར་མོ་རིག་པའི་རྒྱལ་མོ་ཞབས་གཉིས་བརྐྱང་བསྐུམ་བཞུགས། །རྡོ་རྗེ་ལྷ་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་པོས་འཇོམས། །འཇིག་རྟེན་གསུམ་ཕྱོགས་
གཞན་གྱིས་བསྔོ་བས་མི་ཚུགས་ཤིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །དངོས་གྲུབ་ཀུན་འབྱུང་རྗེ་བཙུན་མ་ཁྱོད་ཕྱག་འཚལ་བསྟོད། །ཤར་ཕྱོགས་རྣམ་དག་སངས་རྒྱས་ཞིང་གི་དཀྱིལ་འཁོར་
ན། །བཅོམ་ལྡན་འདས་མ་སངས་རྒྱས་རིགས་ཀྱི་གཙོ་མོ་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའི་སྐུ། །རིན་ཆེན་བཻ་ཌཱུརྱ་ཡི་འོད་འབར་མཁའ་འགྲོ་མ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཆེ་བཞི་གཙིགས། །ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས། །འཁོར་
ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས། །ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་རོལ་བ་སྒེག་པའི་སྐུ། །གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས། །ཆོས་དབྱིངས་ལས་བཞེངས་འཁོར་བ་གྲོལ་བའི་ཁྲོ་མོའི་རྒྱལ། །མ་མོ་ནམ་མཁའ་ཁྱབ་འགྲོ་འགྲོ་བའི་གཏི་མུག་འཇོམས། །
སྒྱུ་འཕྲུལ་སྣ་ཚོགས་སེམས་ཅན་དོན་ལ་ཁྱབ་པར་འཇུག །ཡེ་ཤེས་ཆེན་མོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ། །བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག །ལམ་ལོག་འགྲོ་བ་བདེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་། །དངོས་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག་འཚལ་
བསྟོད། །བྱང་ཕྱོགས་རྣམ་དག་ལས་མཆོག་ཞིང་གི་དཀྱིལ་འཁོར་ན། །བཅོམ་ལྡན་འདས་མ་ལས་ཀྱི་རིགས་ཀྱི་གཙོ་མོ་ནི། །བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པའི་སྐུ། །རིན་ཆེན་མ་ར་ཀ་ཏའི་འོད་འབར་ལཱ་མ་ནི། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྒྲ་གྲོལ་མཆེ་བཞི་

གཙིགས། །ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས། །འཁོར་ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས། །ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་གཞོན་པ་སྒེག་པའི་སྐུ། །གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས། །ཆོས་དབྱིངས་ལས་བཞེངས་འཁོར་བ་
སྒྲོལ་བའི་ཁྲོ་མོའི་རྒྱལ། །མ་མོ་ནམ་མཁའ་ཁྱབ་འགྲོ་འགྲོ་བའི་ཕྲག་དོག་འཇོམས། །སྒྱུ་འཕྲུལ་སྣ་ཚོགས་སེམས་ཅན་དོན་ལ་ཁྱབ་པར་འཇུག །ཡེ་ཤེས་ཆེན་པོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ། །བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག །ལམ་ལོག་འགྲོ་བ་བདེ་ལ་ཐབས་
ཀྱིས་སྦྱོར་མཛད་ཅིང་། །དངོས་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་རྣམ་དག་པདྨ་ཞིང་གི་དཀྱིལ་འཁོར་ན། །བཅོམ་ལྡན་འདས་མ་པདྨ་རིགས་ཀྱི་གཙོ་མོ་ནི། །སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པའི་སྐུ། །རིན་ཆེན་པདྨ་རཱ་ག་འོད་འབར་དུམ་སྐྱེས་མ། །ཞལ་གཅིག་
ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཆེ་བཞི་གཙིགས། །ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས། །འཁོར་ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས། །ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་གཞོན་པ་སྒེག་པའི་སྐུ། །གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས། །
ཆོས་དབྱིངས་ལས་བཞེངས་འཁོར་བ་སྒྲོལ་བའི་ཁྲོ་མོའི་རྒྱལ། །མ་མོ་ནམ་མཁའ་ཁྱབ་འགྲོ་འགྲོ་བའི་འདོད་ཆགས་འཇོམས། །རྫུ་འཕྲུལ་སྣ་ཚོགས་སེམས་ཅན་དོན་ལ་ཁྱབ་པར་འཇུག །ཡེ་ཤེས་ཆེན་མོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ། །བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་
རྡུལ་དུ་རློག །ལམ་ལོག་འགྲོ་བ་བདེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་། །དངོས་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་རྣམ་དག་རིན་ཆེན་ཞིང་གི་དཀྱིལ་འཁོར་ན། །བཅོམ་ལྡན་འདས་མ་རིན་ཆེན་རིགས་ཀྱི་གཙོ་མོ་ནི། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་
སྐུ། །རིན་ཆེན་གཙོ་མོ་གསེར་འོད་འབར་བ་གཟུགས་ཅན་མ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་མཆེ་བཞི་གཙིགས། །ཐོད་པ་ཁ་ཊྭཱཾ་གྲི་གུག་ཅང་ཏེའུ་ཕྱག་ན་བསྣམས། །འཁོར་ལོ་སྙན་ཆ་མགུར་ཆུ་ཕྱག་གདུབ་མཆོད་ཕྱིར་ཐོགས། །ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་

གཞོན་པ་སྒེག་པའི་སྐུ། །གཅེར་མོ་གཡོན་བརྐྱང་སྲོག་སོང་ཟླ་བའི་གདན་ལ་བཞུགས། །ཆོས་དབྱིངས་ལས་བཞེངས་འཁོར་བ་སྒྲོལ་བའི་ཁྲོ་མོའི་རྒྱལ། །མ་མོ་ནམ་མཁའ་ཁྱབ་འགྲོ་འགྲོ་བའི་ང་རྒྱལ་འཇོམས། རྫུ་འཕྲུལ་སྣ་ཚོགས་སེམས་ཅན་དོན་ལ་ཁྱབ་
པར་འཇུག །ཡེ་ཤེས་ཆེན་མོ་རྣལ་འབྱོར་སྐལ་ལྡན་འཆར་བ་མོ། །བདུད་དང་མུ་སྟེགས་མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག །ལམ་ལོག་འགྲོ་བ་བདེ་ལ་ཐབས་ཀྱིས་སྦྱོར་མཛད་ཅིང་། །དངོས་གྲུབ་ཀུན་སྟེར་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བདག་གིས་རབ་དད་པས། །དངོས་
གྲུབ་ཆེན་པོ་འབྱུང་བའི་རྒྱུ། །དཀྱིལ་འཁོར་ལྷ་ལ་གུས་བསྟོད་པས། །དུང་དང་ཀུནྡ་ལྟར་དཀར་བའི། །དགེ་དེས་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེ་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།མ་ཧཱ་པཎྜི་
ཏ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་སྱ་སྟོ་ཏྲ་དཎྜ་ཀ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་
ཕྱག་འཚལ་ལོ། །ཨུཏྤལ་མདོག་སྔོན་ཆར་སྤྲིན་ཕྲེང་བ་དྲི་མེད་ནམ་མཁའ་སྔོན་པོའི་མཆོག་རླུང་ཆེན་མེ་ཆུ་ས་ཡི་དཀྱིལ་འཁོར་སྟེང་དུ་གནས་པའི་གསེར་གྱི་རི་བོའི་སྟེང་ན་པདྨ་རྒྱས་པའི་གདན་གནས་དབང་ཕྱུག་མནན་ཅིང་དཀར་མོའི་ནུ་མ་གཉིས་པོ་མཉམ་བརྫིས་ཟིལ་གྱིས་དབང་པོ་ཉེ་དབང་
ཉི་མ་ཟླ་བ་ལ་སོགས་ལྷ་རྣམས་བསྔགས་མཛད་ལྷ་མིན་དུ་མ་སྐྲག་པར་མཛད་ཅིང་འཇིག་རྟེན་བསྲུང་མཛད་དོགས་པ་ཀུན་འཕྲོགས་སྟག་ལྤགས་ན་བཟས་བཀབ་མཛད་ངན་བསྒྲལ་བརྟན་ཞིང་ཟབ་པའི་ཡི་གེ་ཧཱུཾ་དང་ཕཊ་ཀྱི་རྣམ་པ་ཧཱ་ཧཱའི་ང་རོ་ནམ་མཁའ་ཀུན་གང་སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ཀྱིས་
མཚན་གཙུག་ཏོར་དམ་པ་གཏི་མུག་མུན་བཅོམ་ལེགས་པར་སྒྲོལ་བ་དུང་ཆེན་ཕྲེང་བའི་བར་བའི་རྡོ་རྗེ་སྒྲར་བཅས་དྲིལ་བུ་རབ་གསལ་དམ་པའི་ཕྱག་རྒྱ་ཉེ་བར་འཁྱུད་པ་གཉིས་མེད་ཡེ་ཤེས་ཆགས་པའི་ཡན་ལག་རང་བཞིན་བཙུན་མོའི་གྲོགས་དང་ལྡན་པ་ཕྱག་གཉིས་གླང་ཆེན་མྱོས་པ་ཆེན་

པོའི་པགས་པའི་ན་བཟའ་བསྣམས་པས་བྲེལ་ཞིང་རྣམ་པར་འཕྲོ་བའི་དགྲ་སྟ་མདུང་རྣོ་གྲི་གུག་འབར་བའི་རྡོ་རྗེ་ཁ་ཊྭཱཾ་ག་དང་ཞགས་པ་འཕྲོ་བ་ཚངས་པའི་མགོ་དང་ཅང་ཏེའུ་དང་ནི་ཐོད་པ་འཕྲོ་བའི་ཕྱག་རྣམས་ཀྱིས་མཛེས་ཤ་དང་ཚིལ་བུ་ཆེན་པོ་གསོལ་བ་བསམ་གཏན་ལྡན་པ་ཅོད་པན་ལྡན་པ་ཡེ་
ཤེས་ལྡན་པ་བློ་ནོར་ལྡན་པ་བཅུ་དྲུག་ཕྱེད་ཕྱེད་ཞལ་དང་ལྡན་པ་སྤྱན་གསུམ་དག་པར་མཛད་པ་མི་མགོའི་ཕྲེང་བས་བརྒྱན་པ་འཇིགས་སུ་རུང་བ་དྲག་པོ་མི་བཟད་འཁོར་བའི་དགོན་པ་ཡང་དག་སྒྲོལ་བ་བདུད་རྣམས་འཇོམས་པ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ།། །།དེ་ཡི་རྗེས་སུ་ཕྱོགས་ཀྱི་
པདྨའི་འདབ་མ་བཞིར་བཞུགས་མཁའ་འགྲོ་ཆེན་མོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ་ནི་ཡིད་འཕྲོག་བྱེད་མ་རྣམས་དང་ལྡན་ཞིང་མཚམས་སུ་ཀུན་གནས་ཐོད་པས་བསྐོར་ཅིང་དེ་ནས་སྐུ་གསུང་ཐུགས་ཀྱི་འཁོར་ལོར་བཞུགས་ཤིང་ས་འོག་ས་སྟེང་མཐོ་རིས་སྤྱོད་པ་དེ་ཉིད་གསུམ་ལས་ཁྲོས་པ་དཔའ་བོ་དཔའ་
མོའི་དབང་ཕྱུག་འཁོར་ལོ་དམ་པ་འཁོར་ལོ་ཅན་ནི་ཕྱོགས་དང་ཕྱོགས་མིན་དག་ན་གནས་པའི་ཁྭ་གདོང་ལ་སོགས་ལྷ་མོ་བརྒྱད་ཀྱིས་མངོན་པར་མཆོད་ཅིང་རང་གི་ལྷ་མོས་མཉམ་པར་སྦྱར་བའི་སྒེག་པ་དང་ལྡན་བདུད་ཀྱི་སྡེ་རྣམས་སྔངས་པར་མཛད་པ་རྣམ་པར་འཕྲོ་བ་སེམས་ཅན་ལ་ནི་ཡང་དག་ཆགས་ཅན་
སྡང་ལ་རྣམ་སྡང་ཁྲོ་ལ་ཀུན་ཁྲོ་ཉོན་མོངས་རྣམས་འཇོམས་འཆི་བདག་བདུད་སོགས་ཁྲག་དྲོན་བཏུང་བས་ཚིམ་པའི་ཐུགས་བདེ་འཇིག་རྟེན་གསུམ་ན་མཛད་པ་གཅིག་བཞུགས་སངས་རྒྱས་མཛད་བརྩོན་རྡོ་རྗེ་ལྷ་མོའི་བདེ་བ་རེག་པ་ལས་སྐྱེས་བ་སྤུ་ལངས་པའི་ཚོགས་ཀྱིས་ཁྱབ་པའི་སྐུ་ཅན་སྤྱན་གྱི་རྫི་མ་
གཡོ་ཞིང་མགུར་གྱི་སྦུབས་ནས་སིད་ཀྱི་སྒྲར་བཅས་བཞད་ཅིང་ཡིད་འོང་ཕྱག་གི་ཞགས་པས་མགུལ་འཁྱུད་ནུ་མ་གཉིས་རྒྱས་མཁྲང་རྟེན་ལས་བྱུང་རྡུལ་གྱི་ཐིགས་པའི་ཚོགས་ཀྱིས་མཆོད་ཅིང་ཉི་མ་བྱེ་བའི་འོད་ཀྱི་སྣང་བས་ཕྱོགས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཁྱབ་ཅིང་སྙན་ཆས་བརྒྱན་པ་ཟླ་བ་གཞོན་
ནུ་ཕྱེད་པའི་མཆེ་བའི་མྱུ་གུ་ལྷམ་མེ་དཔལ་མཛད་བློ་མཛད་ཚིམ་པ་སྟེར་ཞིང་རྒྱས་པ་སྟེར་བ་རྒྱལ་སྲིད་སྟེར་ཞིང་དངོས་གྲུབ་སྟེར་བ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་སྟེར་འདྲེན་པ་རྡོ་རྗེ་མཁའ་འགྲོ་ལ་ནི་རྟག་ཏུ་འདུད།། །།དཔེ་མེད་ཐུགས་རྗེའི་ཉམས་ཀྱིས་འཇུག་པ་དེ་བཞིན་གཤེགས་པའི་བཀོད་པ་མ་ལུས་རྣམ་

པར་འཕྲོ་བས་འཁོར་བའི་རྒྱ་མཚོ་མི་བཟད་ནང་སོང་ཉོན་མོངས་རྦ་རླབས་འཕྲོ་བའི་ཕྲེང་བ་རྣམ་པར་འཇོམས་མཛད་མེ་འབར་སྟོང་པས་ལྷག་པའི་འོད་འབར་གློག་འཕྲོའི་འོད་གསལ་ཡེ་ཤེས་ཕུང་པོའི་འོད་ཟེར་ཁྱབ་པར་ཡང་དག་བསྟན་ཅིང་མཐའ་ཡས་དངོས་པོའི་རང་བཞིན་
དངོས་བྲལ་དངོས་མེད་ངོ་བོ་ཡང་དག་ལས་བྱུང་ངོ་བོ་ཁམས་གསུམ་རང་བཞིན་གཟུགས་བཟང་གཟུགས་བྲལ་མ་ལུས་གཟུགས་བཅོམ་ཚངས་པའི་གནས་བཞིས་ངེས་པར་གནས་པ་མཚན་གྱིས་བརྒྱན་པ་དཔེ་བྱད་རྣམས་ཀྱིས་ལེགས་པར་སྤྲས་པ་ཆོས་དང་ལོངས་སྤྱོད་རྫོགས་པ་སྤྲུལ་པའི་
སྐུ་གསུམ་པོ་ཡིས་ཁྱབ་པའི་སེམས་ཅན་དོན་གྱི་ཕྲིན་ལས་དེ་ཉིད་གསུམ་པ་ཆགས་ལ་ཆགས་ཆེ་མ་རུངས་པ་ལ་ཞེ་སྡང་ཆེན་པོ་རྨོངས་ལ་རྨོངས་ཆེན་འདོད་ལ་འདོད་ཆེན་བརྩེ་བ་སྟོང་ཉིད་ཐ་དད་མེད་པ་སྔོན་དང་ཕྱི་མའི་མཐའ་ནི་སྤངས་ཤིང་འཇིག་རྟེན་གསུམ་པོ་སྐད་ཅིག་གིས་ཁྱབ་རྣམ་པར་
ཤེས་པ་མངོན་དུ་གྱུར་པ་དགའ་བ་ཆེན་པོའི་ཚོགས་ཀྱི་མཆོག་མཛེས་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོངས་དག་ཕྱི་ནང་མུན་པ་མི་བཟད་བརྒལ་ཞིང་འགྲོ་བའི་མཛད་པ་བྱེད་པ་འཕྲོག་བྱེད་འཁོར་བའི་འཇིགས་པ་ཡང་དག་སྒྲོལ་མཛད་ཉོན་མོངས་ཉོན་མོངས་ཀུན་འཕྲོག་གཟུགས་དང་
ལྡན་ཞིང་གཟུགས་ཀུན་སྡུད་མཛད་གདུག་པ་ཀུན་ནས་སྐྲག་པར་མཛད་ཅིང་ཕྲ་མོའི་སྐུ་ཆེན་སྦོམ་པོའི་ལུས་ཆེན་ཁྱབ་བདག་ཁྱབ་པ་རྟག་པ་སྐད་ཅིག་གནས་པ་བརྟན་པ་གཡོ་བ་གསལ་བ་དཔའ་བོ་དཔའ་མོའི་དབང་ཕྱུག་འཇིག་རྟེན་དབང་ཕྱུག་ལ་ནི་དངོས་པོ་ཀུན་གྱིས་འདུད།། །།རོ་བརྒྱས་
སྤྲས་ཤིང་རྨད་བྱུང་འཇིགས་རུངས་དུ་མའི་གཟུགས་ཅན་རོ་བསྲེགས་མེ་དྲག་མི་མགོ་རབ་གཏུམ་རུས་པ་དུམ་བུའི་ཚོགས་དང་སྐྲ་སོགས་ཀྱིས་བརྒྱན་བསྲེག་བཞིན་པ་ཡི་ཡན་ལག་མཆོག་གི་ཀླད་པ་ལུག་ཅིང་རྐང་མར་ཞག་འཐོར་འདམ་ནི་འདྲེད་པ་སྐྲ་ཆད་པ་དང་རྒྱུ་མའི་ཕྲེང་བ་ལང་ལོང་ནར་བ་
མཁའ་འགྲོ་མ་དང་འབྱུང་པོ་རོ་ལངས་ཧ་ཧའི་ང་རོ་མཐོན་པོར་སྒྲོགས་ཤིང་སྒྲུབ་པ་པོ་ནི་དུ་མ་ཧཱུཾ་ཡིག་གིས་བསྡིགས་རྒྱུ་ཞིང་ཅེ་སྤྱང་ཕཊ་ཀྱི་རྣམ་པའི་ཀུ་ཅོ་འདོན་ཅིང་ལག་བཏེག་གར་བྱེད་ཀེང་རུས་ཕྲེང་བ་འཁྲིགས་པ་དཔའ་བོའི་བཏུང་བའི་སྤྲོ་བ་ལས་བྱུང་དགའ་བ་དང་བཅས་གླུ་སྙན་ལེན་ཅིང་གར་བྱེད་

གཡོ་ཞིང་རོལ་པ་རྣལ་འབྱོར་རྣལ་འབྱོར་མ་ཡི་དབང་ཕྱུག་ཚོགས་པ་བྱ་རྒོད་མཆུ་ཡིས་གནོན་ཅིང་བཅད་པའི་ལུས་ཀྱི་ཁྲག་གི་རྒྱུན་འཛག་མུན་ནག་ཅན་ནི་ཅེ་སྤྱང་གདོང་ལས་བྱུང་བའི་འབར་བ་དྲག་པོ་མེ་འབར་ཚོགས་ཅན་བདུད་སྡེའི་ཚོགས་མེད་ནག་པོ་དུས་ཆེན་འཁྲིགས་པའི་ལྷ་རྫས་དུར་ཁྲོད་བརྒྱད་དུ་གར་
མཛད་བླ་མ་ཧེ་རུ་ཀ་ལ་བདག་གིས་ངག་རྣམས་ཀྱིས་ནི་མངོན་པར་མཆོད་པའི་བསོད་ནམས་ནམ་མཁའི་ཁམས་ཀྱི་ཁོངས་ཁྱབ་རབ་སྐྱེས་འདི་ཡིས་སྐྱེ་བ་འདི་རྣམས་ཉོན་མོངས་དྲ་བ་མ་ལུས་སྤངས་ནས་མཉམ་མེད་བསོད་ནམས་ཕུང་པོ་བསགས་ནས་རབ་སྐྱེས་དྲི་མེད་ཡེ་ཤེས་ཚོགས་ནི་མངོན་གྱུར་རང་རིག་
ཡང་དག་གསལ་བ་དམ་པའི་འོད་ཀྱིས་གསལ་བྱས་སྣ་ཚོགས་དུ་མའི་གཏི་མུག་མུན་ནག་མཐའ་ཡས་ཀུན་ནས་བསལ་བའི་སྐད་ཅིག་ལ་ནི་རྡོ་རྗེ་མཁའ་འགྲོ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་བཞིན་ཀུན་ནས་རྟག་ཏུ་གྱུར།། །།དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ་རྟོག་གེ་བའི་
ཚོགས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་དཔལ་གྱི་མཐའ་ཅན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདིའི་གཞུང་ཚད་ནི་བླ་མའི་
ཕྱག་དཔེ་ལ་ཚིག་རྐང་པ་བཞིའི་རེ་རེ་ཞིང་ཡི་གེ་སུམ་ཅུ་རྩ་དྲུག་དུ་གནས་ཤིང་རྐང་པ་བཞི་ཀ་བསྡོམས་པས་ཡི་གེ་སྟོང་སུམ་བརྒྱ་བཞི་བཅུ་རྩ་བཞི་བཞུགས་སོ། །བོད་ཀྱི་དཔེ་ལ་ནི་ཚིག་རྐང་རེ་རེ་ལ་ཚེག་བར་ཉིས་བརྒྱ་དགུ་བཅུ་རྩ་ལྔ་ཡོད་ཅིང་། བསྡོམས་པས་ཚེག་བར་སྟོང་བརྒྱ་བརྒྱད་ཅུ་
ཡོད་དོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་ཤྲཱི་ཙཀྲ་སཾ་བ་ར་སྱ་སཱ་དྷ་ནཾ་རཏྣ་ཙཱུ་ཌ་མ་ཎི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོ་ཆེ་གཙུག་གི་ནོར་བུ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་
འཚལ་ལོ། །ཡི་དགས་གདན་ལ་གར་གྱིས་བཞུགས་ཤིང་ཞལ་བཞི་བཻ་ཌཱུར་པདྨ་རཱ་གསེར་མར་གད་སྤྱན་གསུམ་བྱི་རུ་བཅག་འདྲའི་ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་ཅང་ཏེའུ་བསྣམས་པའི་རྡོ་རྗེ་རྣལ་འབྱོར་མ། །ཞབས་གཉིས་མཉམ་འཁྲིལ་ཞལ་སྦྱར་སྐུ་ལ་རྩ་བའི་ཕྱག་གཉིས་དྲིལ་བུ་

རྡོ་རྗེ་ལ་སོགས་འཁྱུད་ཅིང་ཐ་མ་གཉིས་ཀྱིས་གླང་ཆེན་ཐལ་ཀར་ཀོ་རློན་མི་ལྤགས་ཁྲག་གི་ཀློང་འཁྱིལ་བརྒྱངས་པ་བསྣམས། །ལྷག་མ་གཡོན་པའི་ཕྱག་རྣམས་ཀྱིས་ནི་རིམ་པ་བཞིན་དུ་མཛེས་པའི་འཁར་གསིལ་ཐོད་པ་ཁྲག་བཀང་རྡོ་རྗེ་ཞགས་པ་ཚངས་པ་ཆེན་པོའི་མགོ་རྣམས་
འོད་ཟེར་རབ་ཏུ་འབར་པ་ལེགས་པར་བསྣམས། །དེ་བཞིན་གཡས་རྣམས་འཁོར་ལོ་རྩིབས་བཅུ་མདུང་རྩེ་གསུམ་པ་ལྕགས་ཀྱུ་ཅང་ཏེའུ་བསྣམས་པ་རྒྱལ་ཆེན་ཤྲཱི་ཧེ་རུ་ཀ་བདེ་མཆོག་འཁོར་ལོ་བཅོམ་ལྡན་རླབས་ཀྱིས་འགྲོ་ཀུན་རྟག་ཏུ་རྒྱལ་གྱུར་ཅིག །དཔལ་ལྡན་བླ་མ་རྗེ་བཙུན་དང་ནི་དེར་རྗེས་
བཅོམ་ལྡན་སྒྱུ་མ་དང་། །ཆུ་ཟླ་སོགས་མཚུངས་རྡོ་རྗེ་མཁའ་འགྲོ་མ་ལའང་གུས་པས་ཕྱག་འཚལ་ལོ། །བླ་མ་ཆེན་པོ་སློབ་མ་མཁས་པའི་གུས་པ་དྲིན་གསོལ་གདབ་པ་ཡིས། །དེ་ཡི་སྒྲུབ་ཐབས་མྱུར་དུ་དགའ་བ་རྒྱས་བྱེད་གསལ་བར་བཤད་པར་བྱ། །དེ་ལ་དང་པོ་རྣལ་འབྱོར་པ་དད་པ་དང་ཐོས་
པ་ལ་སོགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་ནམ་མཁའ་ལྟ་བུར་ཡོངས་སུ་ཤེས་པ། སྙིང་རྗེ་དང་ལྡན་པ། སྦྱིན་པ་དང་བྱམས་པ་ལ་སོགས་པ་གོམས་པར་བྱས་ལ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། བླ་མ་རྗེ་བཙུན་ཡང་དག་པར་མཉེས་པར་བྱ་བ་སྔོན་དུ་སོང་བས། དཔལ་བདེ་
མཆོག་གི་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་དཀྱིལ་འཁོར་དུ་ཞུགས་པ་རིམ་པ་བཞིན་དུ་དབང་བསྐུར་ཞིང་རྗེས་སུ་གནས་པ་དང་དམ་ཚིག་ཐོབ་པ། བླ་མ་དང་འདོད་པའི་ལྷ་ལ་ཐ་མི་དད་པར་འཛིན་པའི་བློ་ཅན། སྤྱོད་པ་དང་བརྟུལ་ཞུགས་དང་ལྡན་པས། དུར་ཁྲོད་ལ་སོགས་པ་ཡིད་དང་
རྗེས་སུ་མཐུན་པའི་གནས་སུ། སྣ་ཚོགས་རྡོ་རྗེའི་སྟན་ལ་ལེགས་པར་འདུག་པས་བདུད་རྩིའི་རི་ལུ་ལ་ཡི་གེ་གསུམ་བཟླས་པས་ཁ་དག་པ་ལ་སོགས་པ་བྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བདག་དཔལ་རྡོ་རྗེ་ཧེ་རུ་ཀ་ཉིད་དུ་གྱུར་པར་བྱའོ་སྙམ་པའི་བསམ་པ་བརྟན་
པས། རང་གི་སྙིང་གར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ལྷའི་ས་བོན་འོད་ཟེར་ཁ་དོག་རྣམ་པ་ལྔ་ཀུན་ནས་རབ་ཏུ་འཕྲོ་བ་བསམ་པར་བྱའོ། དེའི་འོད་ཟེར་གྱི་སྣང་བས་རང་གི་ལུས་ཀྱི་ནང་ནས་བ་སྤུའི་རྩེ་མོའི་བར་ཁྱབ་པར་བྱས་པས་བདག་ཉིད་འདོད་པའི་ལྷའི་ངོ་བོར་

གྱུར་པར་ང་རྒྱལ་བྱ་ཞིང་། དེ་ལས་འོད་ཟེར་གྱི་ཚོགས་བ་སྤུའི་བུ་ག་ནས་འཕྲོས་པས། དཔལ་བདེ་མཆོག་འཁོར་ལོ་རིགས་དྲུག་གང་འདོད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་བཅུ་བཞི་པའི་བདག་ཉིད་སྤྲོ་བ་དང་བསྡུ་བའི་སྐུ། རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་ཁང་པ་བརྩེགས་མ་དང་
བཅས་པ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ཤར་ཕྱོགས་ཀྱི་དུར་ཁྲོད་དབང་པོའི་མདུན་ན་བླ་མ་སེང་གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་སྟེང་ན་གསེར་གྱི་པདྨ་ཁ་བྱེ་བ་ལ་རྡོ་རྗེ་སེམས་དཔའ་ལྟར་འགྱིང་བག་ཏུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་པ་སྣང་བར་གྱུར་པ་གསལ་བར་བལྟས་
ལ། དེ་ནས་རང་གི་ལུས་དུ་མ་སྣ་ཚོགས་པར་སྤྲུལ་ལ། བདག་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །བདག་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་
ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ལུས་འདི་དག་དབུལ་བར་བགྱིའོ་ཞེས་བྱའོ། །དེ་ནས་དེ་དག་ལ་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་དང་། མ་ཏང་གི་ལ་སོགས་པ་བཞིའི་ཚོགས་ཀྱིས་ཕྱི་ནང་གསང་བའི་
མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། པི་ཝང་གླིང་བུ་རྫ་རྔ་རྔ་ཆེན་མ། །སྔོན་མོ་སེར་མོ་དམར་མོ་ལྗང་ཀུ་རྣམས། །དང་པོའི་ཕྱག་གཉིས་རང་རྟགས་ཕྱག་མཚན་ཅན། །དེ་དག་མཐའ་གཉིས་རྡོ་རྗེ་དྲིལ་བུ་འཛིན། །བཞད་མ་སྒེག་མོ་གླུ་མ་གར་མ་རྣམས། །དམར་སྐྱ་
སྔོན་མོ་སེར་མོ་ལྗང་གུ་སྟེ། །དང་པོའི་ཕྱག་གཉིས་རང་རང་རྟགས་མཚན་ལྡན། །གཡོན་མཐའ་ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་གཡས། །མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མ། །དཀར་མོ་མཐིང་དམར་དམར་སེར་དཀར་མོ་རྣམས། །གཡོན་གཉིས་ཐོད་པ་ཁ་ཊྭཱཾ་གཡས་དང་པོ། །རང་མིང་
རྗེས་མཐུན་གཉིས་པ་ཅང་ཏེའུ་འཛིན། །གཟུགས་མ་རོ་མ་རེག་མ་ཆོས་མ་རྣམས། །དཀར་མོ་དམར་མོ་ལྗང་གུ་དམར་མོ་སྟེ། །གཡོན་གཡས་མཐའ་འདི་རྣམས་ནི་གོང་དང་མཚུངས། །གཡས་ཀྱི་དང་པོ་རང་མིང་མཐུན་རྟགས་ཅན། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་མ་ལ་སྒེག །

ལང་ཚོ་གཞོན་པ་རོལ་ཅིང་འགྱིང་བག་ཅན། །རིན་ཆེན་རྒྱན་ལྡན་དར་གྱིས་རབ་ཏུ་མཛེས། །དཔག་མེད་རང་སྔགས་བརྗོད་ཅིང་མགོན་སོགས་རྗེ། །ཨོཾ་ཨཱཿབཛྲ་བཱི་ཎེ་ཧཱུཾ། ཨོཾ་ཨཱཿབཛྲ་བཾ་སེ་ཧཱུཾ། ཨོཾ་ཨཱཿབཛྲ་མུ་ར་ཛེ་ཧཱུཾ། ཨོཾ་ཨཱཿབཛྲ་མུ་ཀུན་དེ་ཧཱུཾ། ཨོཾ་ཨཱཿ
བཛྲ་ཧཱ་སྱེ་ཧཱུཾ། ཨོཾ་ཨཱཿབཛྲ་ལཱ་སྱེ་ཧཱུཾ། ཨོཾ་ཨཱཿབཛྲ་གཱི་ཏྱེ་ཧཱུཾ། ཨོཾ་ཨཱཿབཛྲ་ནིར་ཏེ་ཧཱུཾ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ། ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿབཛྲ་ཨཱ་དཪྴེ་ཧཱུཾ། ཨོཾ་ཨཱཿབཛྲ་རཱ་སྱེ་ཧཱུཾ། ཨོཾ་ཨཱཿབཛྲ་སྤཪྵེ་ཧཱུཾ། ཨོཾ་ཨཱཿབཛྲ་
དྷརྨེ་ཧཱུཾ་ཞེས་བྱའོ། །མ་ཏང་ཌོམ་བཱི་ར་ཛ་པུཀྐ་སི། །འོག་ནས་འཆད་བཞིན་རང་རང་ཞལ་སོགས་ལྡན། །རུས་པའི་རྒྱན་ཅན་ཐོད་པ་བདུད་རྩིས་བཀང་། །བརྗོད་པ་མེད་པར་འདྲེན་པ་འཁོར་བཅས་མཆོད། །རྗེ་བཙུན་ཉིད་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་མཆོག་ཏུ་དགའ་བ་དམ་
པའི་བདེ་བ་ཆེན་པོས་དགྱེས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡང་བྱའོ། །དེ་ནས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱ་སྟེ། བདག་གིས་སྡིག་པ་ཐམས་ཅད་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་སོ་སོར་བཤགས་ཤིང་སླན་
ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་སོ་སོའི་སྐྱེ་བོའི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བདག་གིས་དགེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །བདག་བྱང་ཆུབ་ཀྱི་བར་
དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་ངོ་བོ་དཔལ་འཁོར་ལོ་བདེ་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །དེས་བསྟན་པའི་གསང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ངོ་བོ་ཆོས་ལ་སྐྱབས་སུ་མཆིའོ། །དེའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་རྣལ་འབྱོར་མའི་ཚོགས་
དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་བ་ཐམས་ཅད་བསལ་བའི་ཕྱིར། ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །རྒྱལ་བ་མྱ་ངན་ལས་བདའ་བར་བཞེད་པ་རྣམས་འགྲོ་བ་ཀུན་ལ་ཕན་པ་དང་

བདེ་བའི་དོན་དུ་བསྐལ་པ་ཞིང་གི་རྡུལ་སྙེད་དུ་བཞུགས་པར་གསོལ་བ་འདེབས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་མཆོག་ཏུ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་སླད་དུ་བདག་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་སེམས་
བསྐྱེད་པར་བགྱིའོ། །བདག་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་རྡོ་རྗེའི་ཐེག་པ་ལ་བརྟེན་པར་བགྱིའོ་ཞེས་བྱ་བ་སྟེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བསམ་ཞིང་། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་
རཀ་ཏོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བརྗོད་དོ། །མི་སྣང་བར་གྱུར་པ་དང་། མཆོད་པ་བྱ་བ་དང་། མཆོད་པ་བྱེད་པ་དང་། མཆོད་པ་པོ་དབྱེར་མེད་
པར་བསམ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལྷའི་བདེ་བ་ལ་ཉེ་བར་སྦྱར་བའི་རྣམ་པ་བྱམས་པ་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ་བའི་རྣམ་པ་སྙིང་རྗེ་དང་། ལྷའི་བདེ་བ་དང་འཁོར་བ་ཇི་སྲིད་བར་མི་འབྲལ་བར་བྱ་བའི་རྣམ་པ་དགའ་བ་དང་། ཉོན་མོངས་པ་
དང་ཉེ་བའི་ཉོན་མོངས་པའི་གཉེན་པོ་ལམ་ལ་ཉེ་བར་སྦྱར་བར་བྱ་བའི་རྣམ་པ་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་སྒྱུ་མ་ལྟ་བུའོ་ཞེས་ངེས་པར་བྱས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་
བརྗོད་དོ། །ས་བོན་གྱིས་ནི་བརྟན་གཡོ་སྦྱངས། །ཐིག་ལེ་སྔགས་ཀྱིས་དམིགས་པ་མེད། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆོས་ཐམས་ཅད་ནི་རབ་ཏུ་གནས་པ་མེད་པ་རང་བཞིན་གྱིས་འོད་གསལ་བ་སྟོན་ཀའི་ཉི་མ་གུང་གི་ནམ་མཁའི་དྲི་མ་མེད་པ་ལྟ་བུ་སྣང་བ་མེད་པའོ།
དེ་ནས་སྟོང་པ་ཉིད་ཀྱི་རང་བཞིན་ལས་དེར་ཡི་གེ་ཨེ་ཡོངས་སུ་གྱུར་པ་ལ་ཆོས་འབྱུང་གི་གཟུགས་སྟོན་ཀའི་རི་བོང་ཅན་ལྟར་དཀར་བ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ། །སྣ་ཚོགས་པའི་ངོ་མཚར་ཆེ་བའི་འོད་ཟེར་གྱི་ཚོགས་མངོན་པར་འབྱུང་བ། མགོ་ཕྲ་བ་སྟེང་ཡངས་པ་ཟུར་གསུམ་པ། ནང་སྟོང་

པ། དེའི་དབུས་སུ་ཡི་གེ་ཧཱུཾ་གི་བདག་ཉིད་ཞལ་གཅིག་ཕྱག་གཉིས་པའི་ཧེ་རུ་ཀའི་གཟུགས་སུ་མངོན་པར་སྤྲུལ་ལ། ཤར་ཕྱོགས་ལུགས་དང་མི་མཐུན་དང་། །ལུགས་མཐུན་གཡོན་མཛུབ་སེ་གོལ་གཏོགས། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ།
ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཞེས་སྔགས་རྐང་པ་རེ་རེ་བརྗོད་པའི་ཚེ། སྔགས་དེ་དང་དེ་ཁ་དོག་དམར་པོ་འབར་བ་ཡིག་འབྲུ་ཆེ་བ་ཕྱོགས་དེ་དང་དེར་ཁ་ནས་འཕྲོས་པས། སྔགས་དེ་དང་དེ་ལས་འཕྲོས་པའི་ལྷ་མོ་ཁྭ་གདོང་མ་ལ་སོགས་པ་ཞལ་
གཅིག་ཕྱག་གཉིས་མ། ཁ་དོག་དམར་མོ་ཆེར་འབར་གཡས་བརྐྱང་གོམ་པས་ཉི་མའི་གདན། །ཕྱག་རྒྱ་ལྔས་བརྒྱན་གཏུམ་པ་རབ་ཏུ་ཆེ་ཞིང་གཟུགས་རགས་པ། །ཕྱག་གཡོན་ལྟེ་བ་མན་ཆད་ཟུར་གསུམ་སྟོང་ནི་རང་འདྲ་ཐོགས། །གཡས་པ་ཐོ་བ་ཅན་རྣམས་རང་རང་ཕྱོགས་སུ་སྤྲོ་བར་
བྱ། །དེ་དག་གིས་ནི་བགེགས་རྣམས་ཤིན་ཏུ་ཐག་རིང་བསྐྲད་པར་བསམ། །དེ་ནས་སྔགས་དེ་དག་ལས་གྲུབ་པའི་རྡོ་རྗེ་ར་བ་གྲུ་བཞི་པ་རབ་ཏུ་འབར་བ། རྒྱར་སྒྲུབ་པ་པོ་ཇི་ཙམ་མངོན་པར་འདོད་པ་བསམས་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །
དེ་ནས་རྡོ་རྗེ་ར་བ་ལས། འོད་ཟེར་རབ་ཏུ་འབར་བའི་ཚོགས། །འཕྲོས་པས་དབུས་སུ་ཡི་གེ་ཧཱུཾ། །ལས་གྲུབ་སྣ་ཚོགས་རྡོ་རྗེ་བསམ། །དེ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སར་བྱས་ལ། ཨོཾ་མེ་དི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ། ཞེས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ས་དང་ར་བ་ལས་
འོད་འཕྲོས་པར་གྱུར་ཏོ། །གུར་ལས་བླ་རེའོ། །བླ་རེ་ལས་མདའི་དྲ་བ་ཕྱི་རོལ་དུ་སྟེང་དང་ལོགས་ཀུན་དུ་ཁྱབ་པར་བསམ་ཞིང་དེ་དང་དེ་དག་ཏུ་ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་དཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །ཁྭ་གདོང་མ་ལ་སོགས་པ་
བརྒྱད་ནི་ཕྱི་རོལ་དུ། ཁ་བལྟས་འཁོད་པ་རྣམས་ཀྱི་མདུན་དུ་ཧཱུཾ། །ནག་པོ་བརྒྱད་བལྟས་དེ་དག་ཡོངས་གྱུར་ལས། །དང་པོ་ཁ་ཁྱེར་ཕན་ཚུན་ཕྲད་བརྒྱད་བསམ། །དེ་ནས་ཁྲ་གདོང་ལ་སོགས་པའི་འོད་ཟེར་འབར་བའི་ཚོགས་ཀྱིས་བགེགས་རྣམས་དོང་དུ་ཆུད་ཅིང་། དོང་གི་ཕ་རོལ་ནས་

ཀྱང་བགེགས་བྲོས་པ་རྣམས་འོད་ཟེར་འབར་བ་ལྕགས་ཀྱུའི་རྣམ་པས་དྲངས་ཤིང་དོང་དུ་བཅུག་པ་དང་། ཁྭ་གདོང་མ་ལ་སོགས་པ་དོང་གི་དྲུང་ན་འཁོད་པ་རྣམས་ལ་བདག་ཉིད་ཁྲོ་བོའི་ལྟ་བ་དང་བཅས་པས། ཨོཾ་གྷཿགྷཿགྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་
ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷ་ནཱན་ཀ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཞེས་བྱ་བ་བརྗོད་དེ་ཕུར་པ་ཚུགས་ཤིག་བར་བཀའ་བསྒོ་བས་བགེགས་རྣམས་ཀྱི་སྤྱི་བོར་ཕུར་པ་བཅུགས་པ་དང་། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་
བརྗོད་པས་དེ་དག་གི་རྡོ་རྗེ་ཐོ་བས་ཕུར་པ་བརྡུངས་ཏེ། བགེགས་རྣམས་ལ་ཕུར་པ་བཏབ་པས་བགེགས་རྣམས་ཀྱིས་བདེ་བ་ཐོབ་པར་བྱས་ནས། ཁྭ་གདོང་མ་ལ་སོགས་པ་འོད་ཟེར་འབར་བའི་ཚོགས་སུ་གྱུར་ཏེ་མདའི་དྲ་བ་ལ་ཐིམ་མ་ཐག་ཏུ་ཆུ་ལ་ཆུ་བརྡབས་པའི་ཚུལ་དུ་སླར་
ཕྱིར་འཕྲོས་པ་ལས། རྡོ་རྗེའི་ར་བ་ཟླུམ་པོར་གྱུར་པར་བསམས་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་དེ་ལས་འོད་འཕྲོས་པས་པདྨའི་ར་བ། དེ་ལས་འཁོར་ལོའི་ར་བ། དེ་ནས་རྡོ་རྗེ་མེ་འབར་བ་སྟེང་དང་ལོགས་ཀུན་དུ་ཁྱབ་པ་གཡོན་སྐོར་དུ་འཁྱིལ་
ཞིང་འབར་བར་བསམས་ཏེ། དེ་བཞིན་དུ་ཨོཾ་པདྨ་པྲ་ཀཱ་ར་ཧཱུཾ། ཨོཾ་ཙཀྲ་པྲཱ་ཀཱ་ར་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་བདག་ཉིད་སྐད་ཅིག་གིས་མི་སྣང་བར་གྱུར་པར་བསམ་མོ། །དེ་ལྟར་ཚངས་པ་སྟོང་གིས་ཀྱང་མི་ཚུགས་པའི་གནས་
དེར་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒྱུ་མ་ལྟ་བུར་བསམ་པར་བྱ་སྟེ། ཡི་གེ་ཡཾ་ལས་ཡང་དག་བྱུང་། །རླུང་གི་དཀྱིལ་འཁོར་གཞུར་སྣང་ངོ་། །འོད་ཟེར་སྔོན་པོ་འཁྲུག་ཅིང་འཁྲུག །བ་དན་གྱིས་མཚན་བསམ་པར་བྱ། །དེ་སྟེང་རཾ་ཡིག་ལས་བྱུང་བ། །མེ་ཡི་དཀྱིལ་འཁོར་ཁ་དོག་
དམར། །གྲུ་གསུམ་འབར་ཕྲེང་གིས་མཚན་པ། །འོད་ཟེར་དམར་པོ་འཁྲུག་ཅིང་འཁྲུག །དེ་སྟེང་བཾ་ཡིག་ལས་བྱུང་བ། །ཚུ་ཡི་དཀྱིལ་འཁོར་ཟླུམ་ཞིང་དཀར། །བུམ་པས་མཚན་པ་འོད་ཟེར་གྱི། །ཕྲེང་བ་དཀར་པོས་འཁྲུག་ཅིང་འཁྲུག །དེ་སྟེང་ལཾ་ཡིག་ལས་བྱུང་བ། །ས་ཡི་

དཀྱིལ་འཁོར་སེར་པོ་སྟེ། །གྲུ་བཞི་རྡོ་རྗེ་ཡིས་མཚན་པ། །འོད་ཟེར་སེར་པོ་འཁྲུག་ཅིང་འཁྲུག །དེ་སྟེང་སུཾ་ཡིག་ལས་བྱུང་བ། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །གྲ་བཞི་རྩེ་མོ་བརྒྱད་ཀྱིས་མཛེས། །གཟི་བརྗིད་བཟང་པོ་མཆོག་གི་མཆོག །
དེ་སྟིང་པཾ་ལས་པད་ཆེན་པོ། །སྣ་ཚོགས་འདབ་བརྒྱད་འོད་ཟེར་འབར། །དེ་སྟེང་ཧཱུཾ་ཡིག་ལས་སྣ་ཚོགས། །རྡོ་རྗེ་ཤར་ལྷོ་ནུབ་བྱང་དབུས། །དཀར་སེར་དམར་ལྗང་མཐིང་རྩེ་གསུམ། །འོད་ཟེར་སྣ་ཚོགས་འབར་ཞིང་འབར། །དེའི་སྟེགས་བུར་ཡི་གེ་བྷྲཱུཾ་དཀར་པོ་ལས་བྱུང་བའི་
ཁང་པ་བརྩེགས་མ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་བསྡུས་པའི་ངོ་བོ་ཐར་པ་ཆེན་པོའི་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་རང་བཞིན། རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཀ་བ་བརྒྱད་ཀྱིས་ཉེ་བར་
མཛེས། །རྩིག་པ་ལྔ་དང་ཡང་དག་ལྡན། །སྟེགས་བུ་བཞིས་བསྐོར་བརྒྱད་གཉིས་ཀྱིས། །མཆོད་པའི་ལྷ་མོ་མཆོད་འབྲེལ་འགྱིང་། །དོ་ཤལ་དོ་ཕྱེད་དར་མེ་ཏོག །ཉི་ཟླ་མེ་ལོང་རྔ་ཡབ་དང་། །རྡོ་རྗེ་སྲད་བུ་བླ་རེས་མཛེས། །འོད་ལས་སངས་རྒྱས་རྒྱ་མཚོ་འཕྲོ། །བ་དན་རྩེ་མོ་
གཡོ་བཀྲ་བའི། །དྲིལ་བུ་ཕྱོགས་ཀྱི་སྒོ་ནས་འཁྲོལ། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །རྡོ་རྗེ་ར་བ་འོད་ཆེན་འབར། །དེའི་དབུས་སུ་སྣ་ཚོགས་པའི་འདབ་མ་ཅན་གྱི་པདྨ་རབ་ཏུ་རྒྱས་པ་སྟེ། དེའི་ལྟེ་བ་ལ་འཇིགས་བྱེད་ཆེན་མོ་དང་དུས་མཚན་མོ་བརྩེགས་པའི་སྙིང་གར་ཉི་མའི་
དཀྱིལ་འཁོར། ཕྱོགས་ཀྱི་འདབ་མ་རྣམས་ལ་རོའི་སྙིང་གར་ཟླ་བའི་གདན་དང་ལྡན་པ། མཚམས་བཞིར་ཟླ་ལ་བུམ་སྟེང་དུ། །བདུད་རྩིས་བཀང་བའི་ཐོད་པ་བཞི། །ཕྱོགས་བྲལ་དང་སྒོ་རྣམས་སུ་ཡང་། །རོ་ཡི་སྙིང་གར་ཟླ་བའི་གདན། །དེ་ནས་དུས་མཚན་མོའི་སྙིང་
ཁའི་ཉི་མའི་དཀྱིལ་འཁོར་ལ་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཉིས་འགྱུར་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། །དེའི་སྟེང་དུ་ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ཌ་ཌྷ་ད་དྷ་ཡ་ལ་བསྣན་པ་བཞི་བཅུ་ཉིས་འགྱུར་ཡོངས་སུ་གྱུར་པ་ལས་ཉི་མའི་

དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེར་ཡི་གེ་ཧཱུཾ་དངུལ་ཆུ་ལྟ་བུ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རབ་ཏུ་འབར་བ་ལྟེ་བར་ཡི་གེ་ཧཱུཾ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། དེ་ལས་དེ་བཞིན་གཤེགས་པ་མཐའ་ཡས་པ་རྣལ་འབྱོར་མའི་ཚོགས་ཀྱི་རྣམ་པར་སྣང་བ་
འཕྲོས་པས་འགྲོ་བ་མ་ལུས་པའི་དོན་བྱས་ནས། དེ་དག་བསྡུ་བའི་སྦྱོར་བས་ས་བོན་ལ་བཅུག་པས་དེ་དག་ཐམས་ཅད་གཅིག་ཏུ་འགྱུར་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས་དེ་ལས་བདག་ཉིད་གཙོ་བོ་རང་གི་རིག་མ་དང་བཅས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པར་གྲུབ་པ་ནི་ཆོས་
ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་སྟེ། དེ་ཡང་འདི་ལྟར། སྔོ་ཞིང་དྲག་ཤུལ་རྣམ་འགྱུར་དྲག །འཇིགས་པ་དག་ཀྱང་འཇིགས་པར་མཛད། །མཆེ་བ་དག་ཀྱང་གཙིགས་པ་པོ། །གཙུག་ན་ཟླ་བ་ཕྱེད་པ་ལ། །སྣ་ཚོགས་རྡོ་རྗེ་རལ་པས་བརྒྱན། །ཐོད་པའི་ཕྲེང་བས་རྣམ་པར་བཀླུབས། །
རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །སྡད་བ་ཐམས་ཅད་འདུལ་མཛད་པ། །ཉི་མའི་དཀྱིལ་འཁོར་གདན་ལ་ནི། །ཕྱེད་ཀྲུང་བྱས་པས་ཤིན་ཏུ་གནས། །སྲེད་དང་རྨོངས་དང་ཕྲག་དོག་གྱུར། །ཀཱ་ལ་རཱ་ཏི་འོག་ཏུ་མནན། །སྤྱན་གསུམ་ཞལ་བཞི་མགྲིན་པ་བཞི། །མཁའ་ལྟར་
སྔོ་དང་སེར་དང་དམར། །སྟེང་གི་ཞལ་ནི་ལྗང་གུ་སྟེ། །ཕག་མོ་དང་ནི་གཉིས་མེད་དགའ། །དྲིལ་བུ་རྡོ་རྗེ་སྙོམས་འཇུག་ཅིང་། །འཁར་གསིལ་སྣོད་ཞགས་མགོ་བོ་དང་། །ཆོས་ཀྱི་འཁོར་ལོ་མདུང་རྩེ་གསུམ། །རྡོ་རྗེ་ལྕགས་ཀྱུ་རྔེའུ་ཆུང་སྟེ། །ཁྲག་གི་རྦ་ཀློང་འཁྱིལ་པ་ཡི། །གླང་
ཆེན་ཀོ་རློན་གོས་སུ་གྱོན། །ཕྱག་གཉིས་ན་ནི་ཆོས་གོས་སོ། །མི་ལྤགས་སྣམ་བུ་གཉིས་ཀྱིས་འཕྱར། །ལང་ཚོ་གཞོན་པ་འགྱིང་བག་ཅན། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །གར་དགུ་ཡི་ནི་ཉམས་དང་ལྡན། །སྟག་གི་པགས་
པའི་ན་བཟའ་མནབས། །ཕྱག་རྒྱ་དྲག་གིས་རབ་ཏུ་བརྒྱན། །མགོ་ཕྲེང་དོ་ཤལ་ཆེན་པོ་ཅན། །སྟེང་ན་གདུགས་དཀར་ལེགས་པར་འཛིན། །ཕག་མོ་མདོག་དམར་གཅེར་བུ་ལ། །སྤྱན་གསུམ་སྐྲ་ནི་གྲོལ་བའོ། །སྒེག་ཅིང་ནུ་མ་འབུར་ལ་མཁྲང་། །རྒྱན་རྣམས་ཐམས་ཅད་རབ་

འབར་བ། །གཡོན་པ་རོ་ཡི་ལྷུང་བཟེད་དེ། །གཡས་པ་རྔེའུ་ཆུང་ཆོས་དབྱངས་སྒྲོགས། །བྱིན་པ་གཉིས་ནི་མཉམ་འཁྱུད་ཅིང་། །སྙིང་རྗེས་དགའ་བའི་བདེ་བ་ཆེ། །ཐུགས་ཀར་ཤེས་རབ་རབ་གྱུར་ཉིད། །སྣ་ཚོགས་པདྨ་ཉི་རྡོར་ཧཱུཾ། །དེའི་རྗེས་ལ་མགོ་བོ་དང་
མགྲིན་པ་དང་སྙིང་གར་ཟླ་བ་དང་ཉི་མའི་སྟེང་དུ། ཨོཾ་ཨཱཿཧཱུཾ་དཀར་པོ་དང་དམར་པོ་དང་སྔོན་པོའི་འོད་འཕྲོ་བ་བསམས་ལ། དེ་ནས་ལྟེ་བར་སྤྲུལ་པའི་འཁོར་ལོའི་ནང་དུ་བརྒྱད། ཕྱི་རོལ་དུ་འདབ་མ་ལྔ་བཅུ་རྩ་དྲུག་པ་ཁ་དོག་སྣ་ཚོགས་པའི་ལྟེ་བ་ལ་ཡི་གེ་ཨཾ་ཁ་དོག་སྣ་ཚོགས་པ་མགོ་གྱེན་དུ་བསྟན་
པ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་ཁ་དོག་སྔོན་པོ་ལྟེ་བ་ལ་ཡི་གེ་ཧཱུཾ་ཁ་དོག་སྔོན་པོ་མགོ་བོ་ཐུར་དུ་བསྟན་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་དབུས་ན་བཞི་ཕྱི་རོལ་ན་བཅུ་གཉིས་པ་ཁ་དོག་དམར་པོ་ལྟེ་བའི་ཡི་གེ་ཨོཾ་དམར་པོ་མགོ་གྱེན་དུ་བསྟན་པ། སྤྱི་བོར་
བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་སྔོན་པོ་ལྟེ་བ་ལ་ཡི་གེ་ཧཾ་ཁ་དོག་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། འཁོར་ལོ་དེ་དག་ཐམས་ཅད་ཀྱང་ཡི་གེ་དང་བཅས་ཤིང་འོད་ཤིན་ཏུ་གསལ་བ་བསྒོམ་མོ། །ཤར་ལ་སོགས་པའི་འདབ་མ་ལ། །མ་ཏང་གི་དང་ཌོམྦི་ནི། །རཱ་
ཛ་ཀི་དང་པུཀྐ་སཱི། །སེར་དང་སྔོ་དང་དམར་དུད་ཁ། །འཁར་གསིལ་དང་ནི་ལྷུང་བཟེད་དང་། །རྔེའུ་ཆུང་དང་ནི་གྲི་གུག་འཛིན། །བ་དྷ་ཀི་ས་ཧ་ཙ་རི། །བྷུ་དྷི་ཙ་རི་ཤ་བ་རི། །སྐྱ་བོ་དང་ནི་དམར་བ་དང་། །ལྗང་གུ་དང་ནི་དཀར་མོ་སྟེ། །ཐོད་པ་དང་ནི་འཁར་གསིལ་དང་། །གྲི་གུག་དང་ནི་
རྔེའུ་ཆུང་འཛིན། །ལུགས་སུ་འབྱུང་དང་ལུགས་ལས་བཟློག །བཞད་དང་ཞི་དང་སྙིང་རྗེ་དང་། །སྒེག་དང་རྔམ་དང་མི་སྡུག་པ། །དྲག་ཤུལ་ཁྲོ་བོའི་ཉམས་དང་ལྡན། །སྒོ་བཞིར་ཁྲོ་མོ་དགོད་བྱ་བ། །ཧེ་རུ་ཀ་ཡི་འོད་མ་དང་། །རྡོ་རྗེ་གཏུམ་མོ་དང་རྡོ་རྗེ། །སྲིན་མོ་རྡོ་རྗེ་འཇིགས་བྱེད་
མ། །དྲག་ཅིང་གདུལ་དཀའ་ཀུན་གསོལ་མ། །ཐལ་ཀར་མདོག་དང་ལྗང་གུ་དང་། །དམར་དང་སྔོ་བ་དྲག་ཤུལ་འཇིགས། །ལང་ཚོ་གཞོན་པ་ནུ་མ་རྒྱས། །ལྷུང་བཟེད་ཁ་ཊྭཱཾ་འཁར་གསིལ་གཡོན། །ཆོས་ཀྱི་འཁོར་ལོ་རྔེ་ཆུང་གཡས། །ཕྲག་པའི་སྟེང་ན་ཆོས་གོས་ཏེ། །ཀུན་ཀྱང་ཞལ་

གཅིག་ཕྱག་བཞི་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །རོ་སྟེང་ཟླ་བའི་དཀྱིལ་འཁོར་ལ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །སྐྲ་གྲོལ་གཅེར་བུ་རྒྱན་ལྔ་འཆང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཐབས་དང་ཤེས་རབ་ངོ་བོ་ཉིད། །སྙིང་རྗེ་ཆེན་པོ་སྟོང་པ་ཉིད། །
ཐ་མི་དད་པའི་བདག་ཉིད་དོ། །བསོད་སྙོམས་པ་དང་ཆོས་གོས་གསུམ། །ཕྱིས་མི་ལེན་དང་ཅོག་པུ་པ། །སྟན་གཅིག་པ་དང་བླ་གབ་མེད། །ཤིང་དྲུང་པ་དང་བས་མཐར་གནས། །དུར་ཁྲོད་པ་དང་ཕྱག་དར་ཁྲོད། །ཕྱིང་བ་པ་དང་གཞི་ཇི་བཞིན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་
ཏེ། །དེ་རྣམས་རྣལ་འབྱོར་མ་རྣམས་དག །མདོ་ཡི་སྡེ་དང་དབྱངས་ཀྱིས་བསྙད། །ལུང་དུ་བསྟན་དང་ཚིགས་སུ་བཅད། །ཆེད་དུ་བརྗོད་དང་གླེང་གཞི་དང་། །རྟོག་པ་བརྗོད་དང་དེ་ལྟར་བྱུང་། །སྐྱེས་པ་རབས་དང་ཤིན་ཏུ་རྒྱས། །རྨད་དུ་བྱུང་དང་གཏན་ལ་ཕབ། །གསུང་རབ་ཡན་
ལག་བཅུ་གཉིས་ཀྱང་། །རྣལ་འབྱོར་མ་ཡི་ངོ་བོ་ཉིད། །དེ་ནས་ཧཱུཾ་གི་འོད་ཟེར་གྱིས་དམ་ཚིག་གི་འཁོར་ལོ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། དབང་བསྐུར་བའི་དེ་བཞིན་གཤེགས་པ་དང་། །ཕྱི་དང་གསང་བའི་མཆོད་པ་བྱེད་པའི་ལྷ་མོ་རྣམས་སྤྱན་དྲངས་ཏེ། དེ་དག་དང་ལྷན་ཅིག་
ཏུ་འོངས་པའི་བགེགས་ཞལ་རྣམས་ཀྱིས་ཧཱུཾ་ཞེས་བརྗོད་པས་བསྐྲད་ནས། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་ཡོན། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བས་ཕུལ་ལ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱས་ནས། དེ་བཞིན་གཤེགས་
པ་ཐམས་ཅད་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཁུ་བས་གང་བ་བསྣམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར་བ་དང་ཆུའི་ལྷག་མ་ལས་དབུ་ལ་རིགས་
ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱི་དབུ་ལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་རྣལ་འབྱོར་མ་ལ་མི་བསྐྱོད་པའོ། །མ་ཏང་གི་ལ་སོགས་པ་བཞི་ལ་རིམ་བཞིན་དུ། །རྟག་པ་དོན་གྲུབ་འོད་དཔག་མེད་དང་རིན་ཆེན་འབྱུང་། །བ་དྷ་ཀཱི་ལ་སོགས་པ་ལ་ནི་རྟག་པ་དང་། །

རིན་ཆེན་དབང་དང་འོད་དཔག་མེད་དང་དོན་ཡོད་གྲུབ། །ཧེ་རུ་ཀ་བྷ་ལ་སོགས་པ་ལ་ཡང་མ་ཏང་གི་ལ་སོགས་པ་ལ་རྟག་པ་ལ་སོགས་པ་བཞིན་ནོ། །དེ་ནས་པི་ཝང་མ་ལ་སོགས་པ་དང་། མ་ཏང་གི་ལ་སོགས་པ་ཤིན་ཏུ་མཛེས་ཤིང་ཡིད་འཕྲོག་པ་རྣམས་
ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ལྷ་མོ་དེ་དག་གིས་ལེགས་པར་བསྟོད་པ་བྱས་ནས། ལྷ་མོ་དེ་རྣམས་རང་རང་གི་གནས་སུ་ཡུད་ཀྱིས་གཤེགས་པར་བསམ་མོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་ལས་གསང་བའི་རྡོ་རྗེ་དཀར་པོ་བྱཱ་ལས་ནོར་བུ་དམར་པོ་བྱཱ་སེར་པོས་བུ་ག་བཀག་
པ། ཡི་གེ་ཨཱ་ལས་ཕྱག་རྒྱའི་པདྨ་དམར་པོ་འདབ་མ་གསུམ་པ་དྷྱཾ་ལས་ཟེའུ་འབྲུ་དཀར་པོ་དྷྱཾ་སེར་པོས་བུ་ག་བཀག་པར་བསམས་ལ། ལྟེ་བ་ལ་སོགས་པ་ལ་སྙིང་པོ་ལ་སོགས་པ་ཡང་བཀོད་ནས། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བས་དགའ་བ་ཙམ་ཞིག་
ལྷན་ཅིག་སྐྱེས་པའི་དགའ་བ་དམ་པའི་བདེ་བས་བདག་དང་དཀྱིལ་འཁོར་པར་བཅས་པ་རྗེས་སུ་མཉེས་པར་བྱའོ། །ཕྱི་རོལ་ཤིན་ཏུ་དགའ་བའི་བྱ་བ་ལའང་། །པདྨ་རྡོ་རྗེ་བྱིན་རླབས་འདི་དག་བྱ། །མདུན་དུ་ཡི་གེ་ཡཾ་ལས་རླུང་དཀྱིལ་འཁོར། །གཞུར་སྣང་སྔོན་པོ་མཐའ་གཉིས་བ་དན་
ལྡན། །དེ་སྟེང་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར། །ཟུར་གསུམ་ཉིད་ལ་དམར་པོ་འབར་བས་མཚན། །དེ་སྟེང་ཨ་ལས་པདྨའི་སྣོད། །དུམ་བུ་གཅིག་པ་ནང་དམར་པོ། །དེའི་ནང་དུ་ཤར་ནས་བརྩམས་ཏེ་དབུས་ཀྱི་བར་དུ་ཨོཾ་ཁཾ་ཨཱཾ་ཏྲཱཾ་ཧཱུཾ། དཀར་པོ་དང་ལྗང་གུ་དང་དམར་པོ་དང་སེར་
པོ་དང་མཐིང་ག་རྣམས་ལས་བྱུང་བའི་གསང་བའི་སྨན་དང་ཤ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་དང་རང་བྱུང་གི་མེ་ཏོག་དང་། རྡོ་རྗེའི་ཆུ་རྣམས་ལ་སླར་ཡི་གེ་དེ་དག་ཉིད་ཀྱིས་མཚན་པ་དང་། མེ་དང་བདེན་བྲལ་རླུང་དང་དབང་ལྡན་གྱི་ཕྱོགས་སུ་ལཱཾ་མཱཾ་པཱཾ་ཏཱཾ། །དཀར་དང་སྔོ་དང་དམར་དང་ལྗང་། །
བ་ལང་ཁྱི་དང་གླང་པོ་ཆེ་དང་རྟའི་སྒྲོན་མ་དང་། ས་བོན་དེ་དག་ཉིད་ཀྱིས་བྱིན་གྱིས་བརླབས་པའོ། །དེ་ནས་རླུང་གིས་མེ་སྦར་བས། །དེ་དག་ཐམས་ཅད་ཞུ་བར་གྱུར་པ། ཉི་མའི་དཀྱིལ་འཁོར་ལྟར་དམར་པོར་འབར་བ་སྣང་བ། དེའི་སྟེང་དུ་ཡི་གེ་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཁ་ཊྭཱཾ་ག་

དཀར་པོ་མགོ་ཐུར་དུ་བསྟན་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དེར་ལྷུང་བས། བདུད་རྩི་དེ་ཤིན་ཏུ་མདོག་དཀར་པོ་བསིལ་བའི་རྣམ་པར་གྱུར་པར་བལྟའོ། །དེ་ནས་ཨཱ་ལི་དང་ཀཱ་ལི་ཐོག་མར་ཨོཾ་དང་མཐའ་མར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པ་བརྗོད་པས། ཡི་གེ་དེ་དག་ཉིད་ཁ་དོག་སྣ་ཚོགས་པ་
བདུད་རྩིའི་སྟེང་དུ་གནས་པར་བལྟས་ལ། སླར་ཡང་ཡི་གེ་དེ་དག་ཉིད་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་དཀར་པོ་དང་དམར་པོ་དང་མཐིང་གའི་ཁ་དོག་ཅན་གོང་ནས་གོང་དུ་གནས་པར་གྱུར་པར་བལྟས་ཏེ། དེ་དག་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་
ནམ་མཁའི་མཐས་གཏུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་གྱི་ཆ་ལས། ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་བསྡུས་པ་དང་། ཡི་གེ་གསུམ་ཡང་རིམ་པ་བཞིན་དུ་བདུད་རྩིར་ལྷུང་བས། དེ་དག་རོ་གཅིག་ཏུ་གྱུར་པའི་བདུད་རྩིའི་མཆོག་
ཏུ་བལྟས་ནས། ཡི་གེ་གསུམ་གྱིས་ལན་གསུམ་བྱིན་གྱིས་བརླབས་ལ། བཅོམ་ལྡན་འདས་དང་རྣལ་འབྱོར་མ། །རྣམས་ཀྱི་ལྕེ་ལ་ཡི་གེ་ཧཱུཾ། །ལས་བྱུང་རྡོ་རྗེ་རྩེ་གསུམ་པ། །དཀར་པོ་ནས་འབྲུ་ཙམ་བཀོད་དེ། །དེ་ཡི་འོད་ཀྱིས་བུ་གུས་དྲངས། །བདུད་རྩི་གསོལ་བས་མཆོག་ཚིམ་
བལྟ། །རིག་སྔགས་བཟླས་བརྗོད་བྱས་པས་འགྲུབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་བཟླས་བརྗོད་བྱ་སྟེ། དེ་ནི་རྡོ་རྗེའི་བཟླས་པ་དང་། བཟླས་བརྗོད་བྱ་བའི་གསང་སྔགས་ཀྱི་ཡི་གེ་གང་དག་ཡིན་པ་རྣམས་རང་གི་ཐུགས་ཀའི་ས་བོན་ལས་འོག་ནས་བྱུང་བ་རང་གི་རྡོ་རྗེའི་རྩེ་མོ་
ནས་ཕྱག་རྒྱའི་བྷ་གར་བཏོན་ནས། ཡང་ལྷ་མོའི་ཞལ་ནས་རང་གི་ཞལ་དུ་ཞུགས་པ་རང་གི་ས་བོན་ལ་ཞུགས་པར་བལྟ་ཞིང་། ཞལ་ཐམས་ཅད་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཀྱང་སྔགས་ཟློས་པར་བསྒོམ་པར་བྱ་སྟེ། ཁྲོ་བོའི་བཟླས་པ་ཡང་བྱའོ། །རིམ་པ་འདིས་བཟླས་བརྗོད་
ཀྱི་ཉེས་པ་དང་བྲལ་བར་སེམས་མཉམ་པར་གཞག་པས་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ལ་བཟླས་བརྗོད་ཀྱི་སྔགས་ནི་འདི་དག་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ལྷའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སརྦ་

བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་མཱ་ཏཾ་གཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཌོམྦི་ནཱི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱ་ཛ་ཀཱི་ཧུཾ་ཧཱུཾ་ཕཊ། ཨོཾ་པུཀྐ་སཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བ་དྷ་ཀི་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་ཙ་རི་ཧུཾ་
ཧཱུཾ་ཕཊ། ཨོཾ་བུ་དྷི་ཙ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་ཤ་བ་རཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧེ་རུ་ཀ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜཱ་ལཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་རཀྵ་སཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་བི་ཧུཾ་ཧཱུཾ་ཕཊ། དཔའ་བོའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ། ཛ་ཊ་མ་ཀུཊོཏྐ་ཊཱ་ཡ།
དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ནི། བྱཱགྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷུམྦྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ། ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་
ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱན་ཏྲ་མཱ་ལཱ་བ་ལཾ་ནེ། གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་བ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ་ཕཊ། ཕྲེང་བའི་
སྔགས་སོ། །ཨོཾ་ཤྲཱི་ཙིཏྟ་ཌཱ་ཀ་དྷྲྀཀ་ཨ་ཁཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཤྲཱི་བཱཀ་ཌཱ་ཀ་ཨཱ་རོ་ལི་ཀ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཀཱ་ཡ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་རུ་ལུ་བྷྲཱུཾ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཡ་ཨོཾ་ཨཱཿཧཱུཾ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་
ཤྲཱི་ཀརྨ་ཌཱ་ཀ་ཨ་ཁཾ་ཧཱུཾ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཙོ་བོ་ལྔའི་སྔགས་སོ། །གང་ཚེ་བཟླས་པས་སྐྱོ་བར་གྱུར་པ་ན། །ས་བོན་འོད་ཀྱིས་ཤེས་རབ་བདག་པོ་དང་། །འཁོར་ལོ་པ་དང་ཁང་པ་བརྩེགས་མ་རྣམས། །སྣང་བར་བྱས་ཏེ་འོད་གྱུར་རིམ་བཞིན་བསྡུ། །ཧཱུཾ་དེ་
ཡོངས་སུ་གྱུར་ལས་བདག་ཉིད་ནི། །ཞལ་གཅིག་ཕྱག་གཉིས་གཡས་བརྐྱང་གོམ་པས་གནས། །ལང་ཚོ་གཞོན་པ་འགྱིང་བག་མཚན་དང་ལྡན། །ཕྱག་རྒྱ་དྲུག་ལྡན་དྲིལ་བུ་རྡོ་རྗེ་འཆང་། །དེ་ནས་ཡོངས་སུ་བསྔོ་བ་དང་སྨོན་ལམ་གདབ་པ་དང་། ཡི་གེ་བརྒྱ་པ་བརྗོད་པ་ཡང་བྱས་པ་

ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །གུང་དང་ཕྱི་དྲོའི་ཐུན་མཚམས་སུ། །བསམ་གཏན་ཁང་པར་སྟན་བདེར་འདུག །བདག་ཉིད་འོད་ཟེར་དུ་གྱུར་པ། །ཧཱུཾ་དུ་བྱས་ཏེ་ཡོངས་གྱུར་ལས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་གི། །དཀྱིལ་འཁོར་འཁོར་ལོ་ལྷ་བཅུ་བཞི། །ཁང་
བརྩེགས་རིན་ཆེན་ཚོགས་ལས་གྲུབ། །དུར་ཁྲོད་བརྒྱད་བསྐོར་གསལ་དམིགས་ནས། །དབང་བསྐུར་བ་ལ་སོགས་པ་ཆོ་ག་ཐམས་ཅད་བྱའོ། །ཐུན་ཐ་མ་ལ་ནི་སྔར་བསྟན་པའི་ཆོ་ག་ཐམས་ཅད་སྤྱད་ལ། བཟླས་བརྗོད་ཀྱི་རྗེས་ལ་ཧཱུཾ་གི་འོད་ཟེར་གྱིས་ཐམས་ཅད་འོད་དུ་གྱུར་པ་བདག་
ལ་བསྡུས་ལ། བདག་དང་ཕག་མོ་ཡང་འོད་དུ་གྱུར་པ་སྙིང་གའི་ཤེས་རབ་ཡབ་ཡུམ་ལ། དེ་ཡང་སྙིང་གའི་ཉི་མ་དང་བཅས་པའི་ཧཱུཾ་ལ་བསྡུ་ཞིང་། ཉི་མ་དང་ཨཱུ་དང་ཧ་དང་ཟླ་ཚེས་དང་། ཐིག་ལེ་དང་ནཱ་དའི་བར་དུ་བསྡུས་ལ་ནཱ་ད་ཡང་དམིགས་པ་མེད་པར་བྱས་ལ་ཉལ་ལོ། །ནངས་
པར་གྱི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་གླུས་བསྐུལ་བས་སད་པར་མོས་པར་བྱས་ལ། ཆོ་ག་ཐམས་ཅད་ཉི་མ་སྔ་མ་བཞིན་དུ་བྱའོ། །ཧཱུཾ་སྔོན་རྡོ་རྗེ་ལས་བྱུང་བ། །ཐུགས་ཀྱི་འཁོར་ལོ་བདེ་མཆོག་ནི། །དབང་བསྐུར་བདག་པོ་མི་བསྐྱོད་རྒྱ། །གཞན་མ་རྣམས་ནི་སྔར་བཞིན་དུ། །
ཨོཾ་དམར་པདྨ་ལས་བྱུང་བ། །གསུང་གི་འཁོར་ལོ་བདེ་མཆོག་ནི། །དམར་པོ་གཡོན་སྔོ་པདྨ་བསྣམས། །དབང་བདག་འོད་རྒྱ་གཞན་སྔར་བཞིན། །ཨོཾ་དཀར་འཁོར་ལོ་ལས་བྱུང་བ། །སྐུ་ཡི་འཁོར་ལོ་བདེ་མཆོག་ནི། །དཀར་པོ་གཡས་སྔོ་འཁོར་ལོ་བསྣམས། །དབང་བདག་
རྟགས་རྒྱ་གཞན་སྔར་བཞིན། །ཏྲཱཾ་སེར་རིན་ཆེན་ལས་བྱུང་བ། །ཡོན་ཏན་འཁོར་ལོ་བདེ་མཆོག་ནི། །སེར་པོ་གཡས་སྔོ་རིན་ཆེན་བསྣམས། །དབང་བདག་རིན་རྒྱ་གཞན་སྔར་བཞིན། །ཁཾ་ལྗང་སྣ་ཚོགས་རྡོར་བྱུང་བའི། །ཕྲིན་ལས་འཁོར་ལོ་བདེ་མཆོག་ནི། །ལྗང་གུ་སྟེང་
སྔོ་སྣ་ཚོགས་བསྣམས། །དབང་བདག་དོན་རྒྱ་གཞན་སྔར་བཞིན། །དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམས་པས་སེམས་བརྟན་པར་གྱུར་པ་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རྣལ་འབྱོར་ཆེན་པོ་ངལ་ས་ལ། །ཨཱ་ལི་ཀཱ་ལི་

མདུན་བསམས་ནས། །ཟླ་བའི་དཀྱིལ་འཁོར་ལས་རྫོགས་པ། །ལྟེ་བའི་དབུས་སུ་གནས་པར་བསྒོམ། །དེ་ཡི་དབུས་སུ་གནས་པ་ཡི། །ཡི་གེ་དམ་པའི་གནས་བསྒོམ་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །དེ་ནི་གཟུགས་
ལས་འདས་གྱུར་པ། །སེམས་ཉིད་དུ་ཡང་བསྒོམ་མི་བྱ། །བསམ་བྱ་མིན་པར་བསམ་དེ་ཡང་། །སེམས་ཉིད་དུ་ནི་མཚོན་པ་མིན། །དེ་ཡང་བསམ་བྱ་མིན་བསམ་བྱ། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཀའི་
རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་ཐོབ་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་པ་ཡིན། །ཤྲཱི་ནི་གཉིས་
མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་རྟོག་པ་དང་བྲལ་བ། །ཀ་ནི་གང་ནའང་མི་གནས་པའོ། །སེམས་ནི་ངལ་སོ་རྣལ་འབྱོར་པ། །མྱ་ངན་འདས་པ་བསྟན་པ་མིན། །རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་
ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །འཆི་བ་ཞེས་འདི་རྣམ་རྟོག་ཡིན། །དེ་ལྟར་རྗེ་བཙུན་ཧེ་རུ་ཀའི། །སྒྲུབ་ཐབས་གསལ་བར་བྱས་པ་ལས། །
དགེ་བ་ཐོབ་པ་གང་ཡིན་དེས། །འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག །བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས། རིན་པོ་ཆེ་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལ་བ་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་
དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལོ་པ་ཀ་རཏྣ་པྲ་དཱི་པོ་དྱོ་ཏ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་

པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྡང་དང་བདུད་རྣམས་ཚར་གཅད་ཆགས་ཅན་རྗེས་གཟུང་ཕྱིར། །མ་རུངས་འཇིགས་པའི་སྐུ་དང་ཕྱག་རྒྱ་ལ་འཁྱུད་པ། །ཐུགས་རྗེ་ཆེན་པོའི་རོལ་པས་གཞན་གྱི་དོན་འཇུག་པ། །བཅོམ་
ལྡན་འཁོར་ལོ་བདེ་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆོ་ག་ནི། །གསུངས་ཤིང་མཁས་པའི་མཛད་པ་ཡོད་མོད་ཀྱི། །སློབ་མ་གུས་པས་མང་དུ་གསོལ་བཏབ་པས། །ཚུལ་བཞིན་དེ་ཉིད་གསལ་བར་བཤད་པར་བྱ། །སློབ་དཔོན་བསྟན་བཅོས་ཀུན་
ཤེས་ཤིང་། །ཚུལ་ཁྲིམས་ལྡན་ཞིང་སྙིང་རྗེའི་བདག །དྲང་ཞིང་བཟོད་ལ་གཙང་སྦྲ་ཅན། །དད་དང་དྲན་ལྡན་སྙིང་སྟོབས་ཅན། །སྨྲ་མཁས་མི་འཇིགས་སྲན་ཐུབ་པ། །སྒྱུ་རྩལ་དག་ལ་མཁས་ཤིང་གསལ། །མཛེས་དང་ལྡན་པ་དེ་བཞིན་དུ། །གུས་ལྡན་དུལ་ལ་ཁོང་བཟོ་བ། །རྟག་
ཏུ་དམ་པའི་ཆོས་ལ་དགའ། །ཐེག་པ་ཆེ་ལ་མོས་པ་ཅན། །གསང་སྔགས་སྤྱོད་པ་ལ་བསླབས་ཤིང་། །དཀྱིལ་འཁོར་དག་གི་བྱེ་བྲག་ཤེས། །སློབ་མ་དག་གི་ཚུལ་ཤེས་ཤིང་། །དེ་བཞིན་སྔགས་དང་རྒྱུད་ཀྱང་འཛིན། །རྗེས་སུ་གནང་ཞིང་དབང་བསྐུར་ལ། །ཆོག་ཤེས་བཟླས་བརྗོད་
ལྷུར་ལེན་པ། །སློབ་དཔོན་རིག་ལ་བསྙེན་བཀུར་བྱས། །དཀྱིལ་འཁོར་ཐམས་ཅད་ཁོང་དུ་ཆུད། །གསང་སྔགས་ཀུན་དང་བླ་མ་དང་། །དེ་བཞིན་གློ་བུར་མགྲོན་མཆོད་བྱེད། །ཕྱག་རྒྱ་ལ་སོགས་བཅིང་བ་དང་། །དཀྱིལ་འཁོར་བྲི་བའི་ལས་རྣམས་དང་། །གསང་སྔགས་མཆོད་པའི་
སྤྱོད་པ་ལ། །སློབ་དཔོན་གྱིས་ནི་མཁས་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པས། བདག་ཉིད་དངོས་གྲུབ་ཀྱི་ཕྱེད་དུའམ། འཇམ་ཞིང་སྙན་པར་སྨྲ་བ་དང་། སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཐོས་དང་ཀློག་ལ་སོགས་ལ་
བརྩོན། །གསང་བའི་ཆོས་ལ་ལྷག་པར་དང་། །རྟག་པར་རྒྱུན་ཏུ་བླ་མ་གུས། །སློབ་མས་མེ་ཏོག་ཡོངས་སུ་གཟུང་། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་གཞན་གྱིས་ལན་གསུམ་དུ་གསོལ་བ་འདེབས་པ་དེ་རྗེས་སུ་གཟུང་བའི་ཕྱིར་ཡིད་དང་རྗེས་སུ་མཐུན་པའི་གནས་

གང་ཡང་རུང་བར་དཔལ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པས། འཁོར་ལོའི་བདག་པོའི་འབུམ་བཟླས་ཤིང་། །དཀྱིལ་འཁོར་པ་ཡི་དེ་བཞིན་ཁྲི། །ཞེས་ཇི་སྐད་གསུངས་པ་བཞིན་དུ་བཟླས་བརྗོད་བྱས་པས། ལྷའི་མཚན་མ་ཐོབ་པ་འམ། རང་གི་སེམས་
དག་ཅིང་བརྟན་པར་གྱུར་པར་བྱ་སྟེ། སྔོན་དུ་བསྙེན་པའོ། །དེ་ནས་བསྒྲུབ་པར་བྱ་སྟེ། དེ་ཡང་སའི་ཕྱོགས་ཀྱི་མཚན་ཉིད་ནི། །ས་གཞི་ཅི་འདྲ་བཟང་བ་དང་། །མི་བཟང་བ་དག་བསྒྲགས་པ་ནི། །རབ་ཏུ་བརྟགས་ཏེ་སྤང་དང་བླང་། །མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོའི་
དུམ་བུ་ཅན་དག་དང་། །ངམ་གྲོག་རུས་པ་སྡོང་དུམ་ཁུང་། །གྲོག་མཁར་ཐལ་བ་ཚ་སྒོ་ཅན། །གསེག་མ་རྡོ་དང་རྡུལ་དང་སྐྲ། །སྲིན་བུ་གྲོག་སྤུར་ལ་སོགས་མང་། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤང་། །མཐོ་དམའ་སྙོམས་ཤིང་གཙང་ལ་སྣུམ། །ཟུག་
རྔུའི་ཉེས་པ་རྣམ་པར་སྤངས། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །དཀྱིལ་འཁོར་ས་ནི་གང་དག་གི །ཉེ་འཁོར་དག་ཏུ་ཆུ་མོད་པ། །དེས་ནི་ཤིས་ཤིང་དངོས་གྲུབ་ཐོབ། །ཆུ་དཀོན་པ་ནི་མཁས་པས་སྨད། །ལྗོན་ཤིང་བཟང་པོས་བརྒྱན་པ་དང་། །
བདག་གི་མིག་ཡིད་མགུ་བ་དང་། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤེས་པ་སྟེ། །མི་ཡིས་དངོས་གྲུབ་ཀུན་འཐོབ་བྱེད། །དེ་བས་སྒྲུབ་པོ་དེར་གནས་བྱ། །བཅོམ་ལྡན་འཁོར་ལོ་བདེ་མཆོག་ལ། །མཆོད་པར་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་
དཔང་དུ་གྱུར། །ཕྱིས་འདིར་དཀྱིལ་འཁོར་བྲི་བར་བྱ། །དང་པོ་པུས་ནུབ་ཙམ་བརྐོས་ནས། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་པ་ནི། །དངོས་གྲུབ་དག་ནི་ཡོད་པར་བཤད། །དེ་ལས་བཟློག་པར་གྱུར་ན་ནི། །སྒྲུབ་པ་པོ་ཡིས་ལས་མི་བརྩམ། །བརྩམས་ན་
སྡུག་བསྔལ་མྱོང་འགྱུར་ཞིང་། །ལེགས་པ་དག་ཀྱང་མི་འཐོབ་བོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །སྦྱང་བ་ལེགས་པར་བྱས་པར་འགྱུར། །དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་

དང་། །ས་གཞི་གང་ན་འཐས་པ་དང་། །ཐོག་སྟེང་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་ཞིང་བརྟག་པ་དག་། །ནན་ཏན་དུ་ནི་བྱ་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམའ་ལ་སོགས་
སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་སྐྱེ་མི་དགོས། །རང་བཞིན་ཡོན་ཏན་ལྡན་པའི་ཕྱིར། །རང་བཞིན་གནས་པའི་ས་གཞི་ལ། །བྱི་དོར་ལེགས་པར་བྱས་ནས་སུ། །ལག་པས་རེག་ཅིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ནོ། །སྣང་པར་གྱུར་པའི་ལས་རྣམས་དང་། །
གདོན་རྣམས་ཚར་གཅོད་ལ་སོགས་དང་། །དྲག་ཤུལ་སྤྱོད་པ་དག་ལ་ཡང་། །ས་ནི་བརྟག་པར་བྱ་མི་དགོས། །སྟེགས་བུ་ནི་ཁྲུ་གང་ནས་བཅུ་དྲུག་གི་བར་དུ་སྟེ། ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱིས་དངོས་གྲུབ་འགྲུབ། །དབུས་སུ་མཐོ་བ་རྒྱལ་སྲིད་དམ། །རིག་
པ་འཛིན་པའི་གནས་ངག་ཐོབ། །བྱང་མཐོ་འཆི་འམ་ནོར་འཇོམས་འགྱུར། །ཤར་མཐོ་མྱུར་དུ་རིགས་རྣམས་འཛད། །དབུས་དམའ་སྒྲུབ་པོ་འཇིག་པར་བྱེད། །དེ་བས་དམ་ཚིག་རབ་ལྡན་བྱ། །ཞེས་བྱ་བ་ལ་སོགས་པ་ཡིད་དང་མཐུན་ཅིང་ཉམས་དགའ་བའི་གནས་སུ་དཀྱིལ་འཁོར་
གྱིས་ལེགས་པར་འདུས་བྱས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང་གྲོགས་དང་བཅས་པར་བདག་ཉིད་ཁྲུས་བྱས་ཤིང་དྲི་ཞིམ་པོས་བྱུགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་གཏོར་མ་བྱིན་ནས། འདོད་པའི་ལྷའི་རྣལ་འབྱོར་གྱིས་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ས་གཞི་ནམ་མཁའི་
རང་བཞིན་དུ་བྱས་ལ། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་བདག་ཉིད་ཀྱི་ནོར་འཛིན་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དྲི་ཞིམ་པོས་བྱུགས་པ་མེ་ཏོག་ཆལ་པར་བཀྲམ་པའི་དཀྱིལ་འཁོར་གྱི་སྟེང་དུ་འདུག་སྟེ། རྒྱལ་བ་རྣམས་ལ་གསོལ་བ་གདབ་པ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །
མགོན་པོ་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་མོ། །བདག་ནི་དཀྱིལ་འཁོར་འདྲི་བར་བྱེད། །བདག་གིས་བསྒྲུབ་བྱ་གྲུབ་བྱའི་ཕྱིར། །དཀྱིལ་འཁོར་བྱིན་གྱིས་བརླབ་དུ་གསོལ། །ཞེས་བརྗོད་དོ། །བདག་ཉིད་ངོ་བོ་ཉིད་དག་པའི་འཁོར་ལོ་བདེ་མཆོག་གི་གཟུགས་

རྡོ་རྗེ་དང་དྲིལ་བུས་ལག་པ་བྲེལ་ཅིང་འགྱིང་བ་ལ། རྣལ་འབྱོར་མ་ལོ་བཅུ་གཉིས་ལོན་པའི་ན་ཚོད་བཞི་ཕྱོགས་ཀྱི་ལྷ་མོ་བཞིར་ང་རྒྱལ་བྱས་ལ། རྣལ་འབྱོར་གྱི་བྱ་བ་གཅིག་ལ་གོམས་པའི་ལྷ་མོ་དེ་རྣམས་ཀྱིས་ཚིགས་སུ་བཅད་པ་རེ་རེས་གསོལ་བ་བཏབ་པར་བྱ་སྟེ།
དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །མཚན་ཉིད་དམ་པ་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་
དམ་པ་བསྟན་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་
མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །དེ་རྣམས་ཀྱིས་གསོལ་བ་འདེབས་པར་རིག་ནས། །དེ་ནས་རྡོ་རྗེ་དང་བཅས་པའི་སོར་མོ་ས་ལ་བསྣུན་པས། སའི་ལྷ་མོ་མདོག་སེར་བ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཀྱི་ཕྱེད་ཕྱུང་བ། གཡས་པ་དམ་འཆའ་བ་ཁས་ལེན་པ་ལྟ་
བུའི་ལག་པ། གཡོན་པ་བུམ་པ་འཛིན་པ་དེ་སྤྱན་དྲངས་ལ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་མཆོད་ནས་ལྷག་པར་གནས་པ་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་
ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །དེ་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་དག་ནི་ས་ལྷག་པར་གནས་པའོ། །དེའི་རྗེས་ལ་སེམས་ཅན་གྱི་ཁམས་མ་ལུས་པ་འདོད་ཆགས་ལ་སོགས་
པའི་ཉོན་མོངས་པས་རྣམ་པར་འཁྲུགས་པར་བལྟས་ལ། །ཉོན་མོངས་པ་རྣམས་ལ་ཁྲོས་ཏེ། །ཡི་གེ་མ་ལས་མིག་གཡོན་པར་ཟླ་བ། །ཊ་ལས་མིག་གཡས་པར་ཉི་མ་སྟེ། །ཕྱོགས་ཐམས་ཅད་འབར་བར་བྱེད་ཅིང་ཁམས་གསུམ་ལ་བལྟ་བའི་རྣལ་འབྱོར་པས་རྐང་པའི་འོག་ཏུ་རྡོ་རྗེ་འབར་བ་

བསྒོམ་ཞིང་། རྡོ་རྗེ་གསོར་བར་བརྩོན་པ་དྲིལ་བུ་དཀྲོལ་ཞིང་འགྱིང་པས། ཧཱུཾ་ཞེས་མགྲིན་པའི་སྒྲ་སྒྲོགས་ཤིང་བགེགས་ཀྱི་ཚོགས་དང་ལྷ་ལ་སོགས་པའི་སྡང་བ་མ་ལུས་པ་བསྐྲད་པར་བྱའོ། །ཨོཾ་ཨཱཿཧཱུཾ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་
དཔལ་ལྡན་རྡོ་རྗེ་འཆང་། །སྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་འབར་བའི་ལུས་ཀྱིས་ནི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ང་ལས་འགའ་འདས་ན། །དེ་དག་ཤིགས་བྱ་གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་། རལ་གྲི་ལ་
སོགས་པ་བཅུག་ལ་བརྗོད་པར་བྱའོ། །རྡོ་རྗེའི་གོམ་པས་གར་བྱེད་ཅིང་འཁོར་ལོས་ཡོངས་སུ་བསྐོར་རོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པ་ནས་བྱུང་ནས་གདུག་པ་རྣམས་བསྲེགས་ཏེ་ཕན་ཚུན་བྲོས་པར་བསམ་མོ། །མཐུན་པའི་སྟང་སྟབས་གཡས་གཡོན་བརྐྱང་། །ཟླུམ་པོ་ས་ག་གྱེན་
དུ་འདེགས། །ཐུར་དུ་བསྐྱོད་དང་ཐད་ལོགས་བསྐྱོད། །གོམ་བརྒྱད་གཡས་གཡོན་བསྐོར་གར་བྱའོ། །དེ་མ་ཐག་ཏུ་བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །དེ་ཡང་། ཤར་ཕྱོགས་ལུགས་དང་མི་མཐུན་དང་། །ལུགས་མཐུན་གཡོན་མཛུབ་སེ་གོལ་གཏོགས། །
ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་རྐང་པ་རེ་རེ་བརྗོད་པའི་ཚེ། སྔགས་དེ་དང་དེ་ཁ་དོག་དམར་པོ་འབར་བ་ཡིག་འབྲུ་ཆེ་བ་ཕྱོགས་དེ་དང་དེར་ཁ་ནས་འཕྲོས་བ། སྔགས་དེ་དང་དེར་འཕྲོས་
པའི་ལྷ་མོ་ཁྭ་གདོང་མ་ལ་སོགས་པ་ཞལ་གཅིག་ཕྱག་གཉིས་མ། ཁ་དོག་དམར་མོ་ཆེར་འབར་ཞབས་འོག་གི་ས་གཞི་ལ་གཞག །ཚངས་པའི་གནས་ལ་དབུ་ཐུག་རབ་ཏུ་ཆེ་ཞིང་གཟུགས་རགས་པ། །ཕྱག་གཡོན་ལྟེ་བ་མན་ཆད་ཟུར་གསུམ་སྟོད་ནི་རང་འདྲ་ཐོགས། །གཡས་པ་ཐོ་བ་ཅན་རྣམས་
རང་རང་ཕྱོགས་སུ་སྤྲོ་བར་བྱ། །དེ་དག་གིས་ནི་བགེགས་རྣམས་ཤིན་ཏུ་ཐག་རིང་བསྐྲད་པར་བསམ། །དེ་ནས་སྔགས་དེ་དང་དེ་དག་ལས་གྲུབ་པའི་རྡོ་རྗེའི་ར་བ་གྲུ་བཞི་པ་རབ་ཏུ་འབར་བ་རྒྱར་སྒྲུབ་པ་པོ་ཇི་ཙམ་འདོད་པ་བསམས་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་

བརླབ་བོ། །དེ་ནས་རྡོ་རྗེའི་ར་བ་ལས། །འོད་ཟེར་རབ་ཏུ་འབར་བའི་ཚོགས། །འཕྲོས་པས་དབུས་སུ་ཡི་གེ་ཧཱུཾ། །ལས་སྒྲུབ་སྣ་ཚོགས་རྡོ་རྗེར་བསམ། །དེ་ལས་རྡོ་རྗེའི་རང་བཞིན་གྱིས། །འོད་ཟེར་འབར་བ་འཕྲོས་པས་འོག་ཏུ་ས་འོག་གི་གཞི་ལ་ཐུག་པར་སྣ་ཚོགས་རྡོ་རྗེའི་རང་
བཞིན་གྱི་སར་བྱས་ལ། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བནྡྷ་ཧཱུཾ་ཞེས་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་ས་དང་ར་བ་ལས་འོད་འཕྲོས་པས་གུར་རོ། །གུར་ལས་བླ་རེའོ། །བླ་རེ་ལས་མདའི་དྲ་བ་ཞེས་བྱ་བ་ཕྱི་རོལ་དུ་སྟེང་དང་ལོགས་ཀུན་དུ་ཁྱབ་པར་བསམ་ཞིང་། དེ་དག་ཏུ་ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་
ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །ཁྭ་གདོང་མ་ལ་སོགས་པ་བརྒྱད་ནི་ཕྱི་རོལ་དུ། །ཁ་བལྟས་འཁོད་