Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
ར་བྱེད་དོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དྲུང་དུ་བསོད་ནམས་ཀྱི་ཚོགས་ཆེན་པོ་ཉེ་བར་སོག་པ་བྱེད་དོ། དེ་བཞིན་གཤེགས་པ་རེ་རེ་ཞིང་། བྱེ་བ་བརྒྱ་སྟོང་ཕྲག་གི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་དང་། དགེ་བའི་རྩ་བ་ཉེ་བར་སོགས་པར་བྱེད་དོ། །ཇི་ལྟར་རིག་སྔགས་འཆང་དེ་བཞིན་གཤེགས་པ་མཆོད་པའི་ཆོ་ག་བྱེད་བྱེད་པར་དེ་བཞིན་དུ། རྣམ་པ་དུ་མ་དེ་བཞིན་གཤེགས་པ་རེ་རེ་ཞིང་ གི་སྤྱན་སྔར་རབ་ཏུ་འབྱུང་བར་འགྱུར་རོ། །རིག་སྔགས་འཆང་ཉི་མ་བདུན་དུ་རབ་ཏུ་བརྩོན་པས། དེ་བཞིན་གཤེགས་པ་དང་། བླ་མ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་སྩོལ་བར་བྱེད་དོ། །དེ་རྣམས་ཐམས་ཅད་ཀྱི་དབུགས་ འབྱིན་པར་བྱེད་ལ་མཆོག་རབ་ཏུ་སྩོལ་བར་འགྱུར་རོ། །དོན་ཡོད་པའི་དངོས་གྲུབ་རྗེས་སུ་སྩོལ་བར་འགྱུར་རོ། །ཕྱིར་མི་ལྡོག་པ་ལ་རབ་ཏུ་གནས་པར་འགྱུར་རོ། །ས་བཅུ་ཡང་དག་པར་གནོན་ཏེ་མངོན་པར་ཤེས་པ་ལྔར་འགྱུར་རོ། །འཇིག་རྟེན་པའི་བདུག་པ་སྒྲུབ་པའི་ཆོ་ གའོ། །དེ་བཞིན་ཉིད་དུ་འཇིག་རྟེན་ལས་འདས་པ་ལ་འཆི་འཕོ་བ་ན་དེ་བཞིན་གཤེགས་པའི་སྤྱན་སྔའི་ཞབས་དྲུང་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་དྲན་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་བར་བྱེད་པ་དེ་ཐམས་ ཅད་དུ་ཡང་། དེ་བཞིན་གཤེགས་པས་རིག་སྔགས་འཆང་ལ་ལུང་སྟོན་པར་འགྱུར་རོ། །ཕྱིས་ཀྱང་སྐྱེ་བ་གཞན་དུ་སྐྱེ་བར་མི་འགྱུར་རོ། །ལུས་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ནས། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ སོང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །ཚེ་དཔག་ཏུ་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཇི་ལྟ་བ་དེ་བཞིན་དུ། འདིའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པའི་ཁྱད་པར་སོ་སོར་ཐོབ་བོ། །འདི་ནི་འཇིག་ རྟེན་ལས་འདས་པའི་བདུག་པ་སྒྲུབ་པའི་ཁྱད་པར་འགྱུར་རོ། །དེ་ནས་འཇིག་རྟེན་པའི་བདུག་པ་སྒྲུབ་པའི་ཆོ་ག་བརྒྱ་སྟོང་ཕྲག་དུ་མ་འགྲུབ་པར་བྱེད་དོ། །ཇི་ལྟ་ཇི་ལྟར་བདུག་པ་ཉིད་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་རོ། །ཀླུའི་གནས་སུ་ བདུགས་ན། བདུགས་པ་ཙམ་གྱི་མོད་ལ། ཀླུའི་རྒྱལ་པོས་ཆར་རྒྱུན་ཆེན་པོ་འབྱིན་པར་བྱེད་དོ། །རྒྱལ་པོའི་སྒོ་རུ་བདུགས་ན། རྒྱལ་པོ་དང་། བཙུན་མོའི་འཁོར་གཡོག་དང་བཅས་པ་དབང་དུ་གྱུར་ནས་གནས་སོ། །སྐྱེ་བོ་མང་པོའི་དབུས་སུ་བདུགས་ན། རིགས་བཞིའི་ འཇིག་རྟེན་དབང་དུ་གྱུར་ནས་གནས་སོ། །བདག་ཉིད་ལ་བདུགས་ན། ཐམས་ཅད་དུ་མཆོད་པའི་འོས་ཆེན་པོར་འགྱུར་རོ། །ནད་ཐམས་ཅད་ལ་བདུགས་ན། ནད་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ། །དུག་ལ་བདུགས་ན་དུག་མེད་པར་འགྱུར་རོ། །མཚམས་ཀྱི་ནང་ དུ་བདུགས་ན་མེ་ཏོག་དང་། འབྲས་བུ་ཐམས་ཅད་རོ་ཞིམ་པ་དང་། ལེགས་པར་བསྲུངས་པར་འགྱུར་རོ། །ལོ་ཐོག་ལ་བདུགས་ན། འབྲུའི་ཕུང་པོ་ཆེན་པོར་འགྱུར་རོ། །ཁྱིམ་མམ། གཙུག་ལག་ཁང་ངམ། གྲོང་ངམ། གྲོང་ཁྱེར་ལ་བདུགས་ན། དུག་དང་། སྦྱར་དུག་ དང་། དུག་དང་བཅས་པའི་སྲོག་ཆགས་ཐམས་ཅད་ནམ་ཡང་མི་འབྱུང་ངོ་། །གཡུལ་གྱི་དབུས་སུ་བདུགས་ན་ཆེར་རྒྱལ་བར་འགྱུར་རོ། །བདག་ཉིད་དམ། གཞན་རྣམས་སམ། དོན་མཐུན་པ་རྣམས་ལ་བདུགས་ན། ལམ་དུ་འགྲོ་བ་ན་ཆོམ་རྐུན་དང་། གཡོན་ཅན་དང་། རྐུན་མོ་དང་། གཅན་གཟན་གཏུམ་པོའི་འཇིགས་པ་ཐམས་ཅད་མི་སྣང་བར་འགྱུར་ཞིང་། བདེ་བ་དང་ལེགས་པས་རང་གི་ཁྱིམ་དུ་འོང་ངོ་། །དཔག་ཚད་སྟོང་དུ་འགྲོ་ཡང་ངལ་བ་མེད་ཅིང་། སླར་ཡང་འོང་བར་བྱེད་དོ། །དུང་ལ་བདུགས་ནས་མཐོན་པོར་བུས་ན་ཇི་སྲིད་ དུང་གི་སྒྲ་ཐོས་པ་དེ་སྲིད་དུ་གནོད་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། མཚོན་ཆ་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕྱིར་རྒོལ་བ་དང་། དགྲ་བོ་དང་། སྡང་བ་དང་། རབ་ཏུ་སྡང་བའི་སེམས་ཅན་ ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཡམས་ཐམས་ཅད་དང་། ཉེ་བར་འཚེ་བ་དང་། ནད་འགོ་བ་ཐམས་ཅད་དང་། འཁྲུགས་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །བདེ་བ་དང་། ལོ་ལེགས་པ་དང་། དགའ་བར་འོས་པར་འགྱུར་རོ། །དགེ་བའི་རྩ་ བ་ཐམས་ཅད་འདོད་པར་འགྱུར་རོ། །ནད་མེད་པ་དང་། གནོད་པ་མེད་པ་དང་། རིམས་མེད་པ་དང་། ཐང་ཆད་པ་མེད་པར་ཇི་སྲིད་འཚོའི་བར་དུ་གནས་སོ། །ཁང་པའི་སྟེང་མཐོན་པོར་ཕྱོགས་བཞིར་བདུགས་ན། རླུང་དང་། སད་དང་སྤྲིན་གྱི་སེར་བ་ཐམས་ཅད་བཅིང་ བར་འགྱུར་ཏེ། ཇི་སྲིད་ཡིད་ལ་བྱེད་པ་ནར་མར་ཡོད་པ་དེ་སྲིད་དུ་མཚམས་བཅིང་བར་བྱས་པར་འགྱུར་རོ། །ཁྱིམ་གྱི་ནང་དུ་བདུགས་ན། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་ཐམས་ཅད་དང་། ཇི་སྲིད་དུ་རྐང་གཉིས་པ་དང་། རྐང་ བཞི་པ་ཐམས་ཅད་བྱམས་པའི་ཡིད་དུ་འགྱུར་ཏེ་དབང་དུ་གྱུར་ནས་གནས་སོ། །ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱེད་དོ། །སླར་ཡང་ཡིད་གཞན་དུ་མི་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ། བདུགས་ན། དྲི་མནམས་པའི་མཐུ་དེས། སངས་རྒྱས་རྗེས་སུ་དྲན་པ་སྐྱེས་ཏེ། དེ་ བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བ་སོ་སོར་ཐོབ་སྟེ། ཕྱིར་ཀྱང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཡང་དག་པར་འཛིན་པར་འགྱུར་རོ། །འཆི་འཕོ་བ་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ ཁམས་སམ། མངོན་པར་དགའ་བར་སྐྱེས་ཏེ་འདི་ལ་དོགས་པ་དང་། ཡིད་གཉིས་བསྐྱེད་པར་མི་བྱ་ཞིང་། ཐེ་ཚོམ་བསྐྱེད་པར་མི་བྱའོ། །ཞེས་སོ། །མ་མོའི་དཀྱིལ་འཁོར་གྱི་ཁྱིམ་ལ་བདུགས་ན། ནག་པོ་ཆེན་པོ་ལ་སོགས་པ། མ་མོའི་ཚོགས་ཀྱིས་ ཡོངས་སུ་བསྐོར་བ། དབང་དུ་གྱུར་པར་འགྱུར་ཏེ། མདུན་དུ་ཉེ་བར་གནས་པར་བྱེད་དོ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། ནག་པོ་ཆེན་པོའི་གཟུགས་བརྙན་གྱི་སྤྱི་བོའི་གཙུག་ཏུ་འདུག་ན། བདུགས་པ་ཙམ་གྱི་མོད་ལ། ཁ་ནས་ཁྲག་སྐྱུག་གོ། ། རིག་སྔགས་འཆང་གིས་དེ་བླངས་ཏེ། ཐིག་ལེ་བྱས་ནས་ནམ་མཁའ་ལ་ལྡིང་བར་བྱེད་དོ། །མིག་ལ་བྱུགས་ན་མི་སྣང་བར་འགྱུར་ཏེ། བདེ་བླག་ཏུ་འབྱུང་པོའི་བདག་པོ་ཆེན་པོར་འགྱུར་རོ། །ལྟོ་བར་ཡོངས་སུ་བྱུགས་ན། གནོད་སྦྱིན་དང་སྲིན་པོའི་དཔོན་པོའོ། །ལུས་མཐའ་དག་ལ་ བྱུགས་ན། སྟོབས་དང་། བརྩོན་འགྲུས་དང་། རྩལ་ཆེན་པོ་ནག་པོ་ཆེན་པོ་དང་མཚུངས་པའི་ཤུགས་སུ་འགྱུར་ཏེ། དེ་ཉིད་ཀྱི་གཟུགས་སུ་འགྱུར་རོ། །འཁོར་གྱི་ཚོགས་ཆེན་པོར་ཡང་འགྱུར་རོ། །ཚངས་པ་ལ་བདུགས་ན། བདུགས་པ་ཙམ་གྱི་མོད་ལ། འོ་མ་འཛག་པ་བླང་བར་བྱ་ སྟེ། ལུས་ལ་བྱུག་པར་བྱའོ། །ཚངས་པ་དང་འདྲ་བའི་སྟོབས་དང་ཞུགས་སུ་འགྱུར་ཏེ་ནམ་མཁའ་ལ་འགྲོ་བར་བྱེད་དོ། །ཁྱབ་འཇུག་ལ་བདུགས་ན། བདུགས་པ་ཙམ་གྱི་མོད་ལ་ལུས་ལ་པ་ལཱ་ཤའི་ཁ་དོག་གི་དྲིའི་ཆུ་འཛག་སྟེ། རིག་སྔགས་འཆང་གི་ལུས་ལ་བྱུག་པར་བྱའོ། ། སྲེད་མེད་ཀྱི་བུའི་གཟུགས་དང་། སྟོབས་དང་། ཤུགས་འཆང་བར་འགྱུར་ཏེ། ལག་ན་འཁོར་ལོ་ཐོགས་པས་ནམ་མཁའ་ལ་འགྲོའོ། །དབང་ཕྱུག་ཆེན་པོ་ལ་བདུགས་ན། དབང་ཕྱུག་ཆེན་པོའི་ལུས་ལ་རྡུལ་འབྱུང་སྟེ། རིག་སྔགས་འཆང་གི་ལུས་ལ་བྱུག་པར་བྱའོ། །དབང་ ཕྱུག་ཆེན་པོའི་གཟུགས་སུ་འགྱུར་ཏེ། ལག་ན་མདུང་རྩེ་གསུམ་དང་། སྟོབས་དང་། བརྩོན་འགྲུས་དང་། རྩལ་གྱིས་འབྱུང་པོའི་བདག་པོ་ཆེན་པོར་འགྱུར་ཏེ་ནམ་མཁའ་ལ་འགྲོའོ། །ཐམས་ཅད་ལ་དོན་ཡོད་རྒྱལ་པོའི་བཟླས་བརྗོད་ལན་གསུམ་གསུམ་རྣམ་པར་སྦྱིན་པར་བྱའོ། ། སྙིང་པོ་ཡི་གེ་གཅིག་པས་སྤྱི་བོར་བཟླས་བརྗོད་ལན་བདུན་དུ་བཟླས་བརྗོད་སྦྱིན་པར་བྱའོ། །སྤྲ་ཚིལ་ལས་བྱུང་བའི་ཀླུ་མགོ་བོ་དགུ་པ་སོར་བཞི་པའི་ཚད་དུ་བྱ་སྟེ་གསེར་གྱིས་གཡོག་པར་བྱ་ཞིང་དྲིའི་དཀྱིལ་འཁོར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་གཞག་པར་བྱའོ། །དོན་ཡོད་པའི་རྒྱལ་ པོས་ལན་བརྒྱ་རྩ་བརྒྱད་དུ་བཟླས་སོ། །བདུག་པ་འདིས་བདུགས་པས་ཀླུ་ལྡང་བར་བྱེད་དོ། །རིག་སྔགས་འཆང་གིས་འཇིགས་པ་མེད་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོ་ཡུངས་ཀར་ལ་བཟླས་ཏེ། སྤྱི་བོའི་གཙུག་ཏུ་བརྡེགས་ན། ལྡིང་བར་བྱེད་དོ། །གང་དུ་འདོད་པ་དེར་གནས་ནས། ཀླུ་ཆེན་པོའི་མཚོ་དང་། གནས་དང་། གཞལ་མེད་ཁང་རབ་ཏུ་འབྱུང་ངོ་། །ཆུ་གང་ཡིན་པ་དེ་རྣམས་ཀྱང་འཐུང་བར་བྱེད་པ་དང་། ཁྲུས་བྱེད་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོའམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བས་འཐུང་བ་དང་ཁྲུས་བྱེད་པ་དེ་རྣམས་ ཐམས་ཅད་ཀྱང་ནད་རྣམས་དང་བྲལ་བར་འགྱུར་རོ། །སྡིག་པ་དང་། སྒྲིབ་པ་དང་བྲལ་བ་དང་། འཇིགས་པ་ཐམས་ཅད་དང་བྲལ་བར་ཡང་འགྱུར་རོ། །ཀླུ་རྣམས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ཆེན་པོ་འབྱིན་པར་བྱེད་ཅིང་། ཆར་འབེབས་པར་བྱེད་དོ། །དུས་དུས་སུ་མེ་ཏོག་དང་། འབྲས་བུ་དང་། ལོ་ཐོག་རྣམས་རྫོགས་པར་བྱེད་དེ། རོ་ཞིམ་པོའི་རོ་མྱོང་བར་འགྱུར་རོ། །ཕྱིར་ཞིང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །ཕུག་དང་ཁུང་བུའི་སྒོ་རུ་འཁྲུལ་འཁོར་གྱི་སྒོ་གླེགས་ལ་བདུགས་ན་བྱེ་ཞིང་གཅོག་པར་འགྱུར་རོ། །འཁྲུག་པའི་དུས་སུ་བདུགས་ན་ འཕམ་པར་འགྱུར་རོ། །ལག་མཐིལ་ལ་བདུགས་ན། གང་དང་གང་ལ་རེག་པ་ཐམས་ཅད་དུ་དབང་དུ་བྱེད་དོ། །བདུག་པའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་སྨན་གྱི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། དོན་ཡོད་པར་ཐམས་ཅད་དུ་གཞན་གྱིས་མི་ཐུབ་ པ་ནད་ཐམས་ཅད་སེལ་བར་གྲུབ་པ། ཐམས་ཅད་དུ་དུག་འཇོམས་པར་བྱེད་པ། ན་བ་ཐམས་ཅད་སེལ་བར་གྲུབ་པ། སྡང་བ་ཐམས་ཅད་ལྡོག་པར་བྱེད་པ། འབྱུང་པོ་ཐམས་ཅད་ལ་མི་འཇིགས་པ། མཚོན་དང་། མེ་དང་། ཆུ་དང་། དུག་རབ་ཏུ་འཇོམས་པ། རྟག་ཏུ་སྲུང་བ་ དང་བསྐྱབ་པ་དང་སྦ་བར་བྱེད་པ། དགྲ་རྣམས་དང་། གཞན་རྒྱལ་བ་ལྡོག་པར་བྱེད་པ། རྒྱལ་པོ་དང་། རྒྱལ་ཕྲན་ནམ། བཙུན་མོའི་འཁོར་དུ་སོང་བ་དང་གཙོ་བོ་རྟག་ཏུ་དབང་དུ་བྱེད་ཅིང་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་དང་ འཁྲུག་པ་དང་། གཡུལ་རྣམས་རྟག་ཏུ་རབ་ཏུ་འཇོམས་པར་བྱེད་པ། གང་གི་ཚེ་ཆོམ་རྐུན་གྱི་ནང་དུ་སོང་བ་ཉིད་དང་། དོན་མཐུན་གྱི་ནང་དང་། རྐུན་མོ་དང་། སེང་གེ་དང་། སྟག་གི་ནང་དུ་སོང་བ་དེའི་ཚེ། ཐམས་ཅད་དུ་སྨན་གྱི་རྒྱལ་བ་སྟེར་རོ། །ཚེ་རིང་པོར་འགྱུར་ཏེ། རྟག་ཏུ་ པདྨའི་ཕྱག་གི་མཆོག་སྦྱིན་པར་འགྱུར་རོ། །ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་དོ། །གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ཉིད་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཉིད་དང་། མི་མ་ཡིན་གདུག་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཉིན་ དང་མཚན་དུ་སྲུང་བའི་དོན་དུ་ཡང་དག་པར་སྒྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་དཔུང་དང་བཞོན་པ་དང་བཅས་པ་དང་། སྐབས་གསུམ་པའི་ལྷའི་དབང་ པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་དེ་རྣམས་ཐམས་ཅད་མཐུན་པས་རྟག་ཏུ་སྲུང་བར་བྱེད་དོ། །སངས་རྒྱས་ཀྱིས་རྣམ་པར་གཟིགས་ཤིང་། རྟག་ཏུ་ཡང་མཐོང་བ་སྩོལ་བར་མཛད་དོ། །གང་སྨན་ལག་ཏུ་ཕྱིན་པར་འགྱུར་བ་འདི། ཡང་ ནས་ཡང་དུ་རིག་སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་བོ། །བྱད་སྟེམས་འཕོ་བ་མེད་དོ། །དེ་ལ་དུག་མེད་ཅིང་སྡིག་པ་མེད་ལ། མི་བཟད་པའི་སྦྱོར་བ་དང་། ཕྱེ་མའི་སྦྱོར་བས་གནོན་པར་མི་འགྱུར་རོ། །སྔོན་གྱི་སྒྲིབ་པ་ཉམས་པར་བྱེད་དེ། དེ་བཞིན་དུ་ཡང་། སྡིག་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་གང་ཡིན་པ་དང་། གཞན་རྣམ་པ་སྣ་ཚོགས་པའི་སྡང་བ་ཉིད་དེ། དེ་རྣམས་ཐམས་ཅད་མྱུར་དུ་རྣམ་པར་ཉམས་པར་བྱེད་དོ། །སྨན་གང་དུ་གནས་པའི་དཔག་ཚད་ཁོར་ཡུག་ཏུ་སྲུང་བ་དང་། དེ་བཞིན་ཉིད་དུ་མཚམས་བཅིང་བར་བྱེད་དོ། ། བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་དང་། དེ་བཞིན་དུ། བདུད་དམ་སྡང་བ་དེ་རྣམས་ཐམས་ཅད་རབ་ཏུ་འབྲོས་པར་བྱེད་དོ། །སྨན་གང་དུ་གནས་པར་གདོན་རབ་ཏུ་འབྲོས་པར་བྱེད་དེ། །མཁའ་འགྲོ་མ་གང་ཡིན་པ་དང་། རྣལ་འབྱོར་མ་གང་ཡིན་པ་དང་། སྐེམ་ བྱེད་དང་། གཟའ་དང་བརྗེད་བྱེད་དང་། གྲིབ་གནོན་གང་ཡིན་པ་དང་། མི་བཟད་པ་དེ་རྣམས་ཐམས་ཅད་རབ་ཏུ་ཞི་བར་འགྲོ་བར་འགྱུར་རོ། །ལྷ་རྣམས་དེར་གནས་པར་བྱེད་ཅིང་། འཁྲུལ་འཁོར་ལ་སྨན་ཨ་ག་ད་དེ་མཆོག་གོ་ཞེས་སོ། །རྒྱལ་བས་དབུགས་འབྱིན་པར་མཛད་ ཅིང་། དངོས་གྲུབ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྩོལ་བར་མཛད་དོ། །རྟག་ཏུ་འཇིག་རྟེན་དབང་ཕྱུག་གི་མཆོག་སྩོལ་ཞིང་། རྟག་པའི་མཐར་མཐོང་བ་སྩོལ་བར་འགྱུར་རོ། །དོན་ཡོད་པའི་ཞགས་པ་མྱུར་དུ་འགྲུབ་སྟེ། སྨན་འཆང་བ་ལ། སྨན་གང་དུ་གནས་པར་གང་གིས་ཀྱང་ གླགས་མི་རྙེད་དོ། །དོན་ཡོད་པའི་མཆོག་སྦྱིན་པ་ཞེས་བྱ་བ་ཡིད་བཞིན་གྱི་ནོར་བུ་སྨན་གྱི་མཆོག་རབ་ཏུ་འབད་པས་བཅངས་པས་ལེགས་པར་བསྒྲུབ་པར་བྱ་བ་དངོས་གྲུབ་ཀྱི་མཆོག་ལས་ཐམས་ཅད་བྱེད་པ་དེ་ཉིད་དེའི་ཚེ་ཤི་བ་ཡང་དག་པར་འཚོ་བར་བྱེད་པ། ལོ་རྫོགས་པར་བསྟེན་ཏེ། སྔགས་དང་ཕྱག་རྒྱས་གསོ་བར་བྱའོ། །ལོ་སྟོང་ཕྲག་ཏུ་རྟག་ཏུ་བདེ་བ་དང་། དགའ་བར་བྱེད་དོ། །དབང་ཕྱུག་དང་། ནོར་ཐོབ་པ་དང་། འབྲུ་འཕེལ་བ་དང་། བླ་ན་མེད་པ་དང་། རྒྱལ་པོ་དགའ་བར་འགྱུར་ཏེ་རྟག་ཏུ་གནས་སོ། །འབངས་དང་། ཅི་བགྱི་དང་། མཆོད་པ་ཆེན་ པོ་རྙེད་དོ། །ཐམས་ཅད་དུ་དེ་རྟག་ཏུ་ཚིག་བཙུན་པའོ། །ཐོས་པས་དངོས་གྲུབ་མཆོག་གྱུར་པའི། །རྫས་ཀྱང་འདིར་ནི་བཤད་བྱ་སྟེ། །ཙནྡན་རྒྱ་སྤོས་རུ་རྟ་དང་། །སྤྲྀ་ཀ་ཤིང་ཚ་བཱ་ལ་ཀ། །བྲག་སྐྱེས་སྤང་སྤོས་སཱ་མ་ཀང་། །སུག་སྨེལ་གླ་སྒང་ན་ལ་ད། པདྨ་ཨུཏྤལ་པྲི་ ཡང་ཀུ། །ཤིང་ཀུན་འདབ་མ་ཚ་བ་གསུམ། །ཤི་རཱི་ཤ་ཡི་མེ་ཏོག་དང་། །དེ་བཞིན་པ་རི་པཻ་ལ་བ། །འདི་རྣམས་ཆ་ནི་མཉམ་པར་ལྡན། །ཐམས་ཅད་ལེགས་གཞལ་ལེགས་པར་སྦྱར། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། །ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཏེ། ། ཡི་གེ་གཅིག་པས་སྟོང་ཕྲག་བཅུར་བཟླས་སོ། །འདིར་སྨན་རྣམས་བགྲང་ཕྲེང་གི་ཚད་ཙམ་དུ་བསྒོངས་ནས་གྲིབ་མ་ལ་ཡོངས་སུ་བསྐམ་པར་བྱའོ། །གླ་རྩི་དང་། ག་བུར་གྱི་བླངས་ལ་ལེགས་པར་སྦྱོང་བའི་བྱ་བ་བྱས་པ་དང་། དཀྱིལ་འཁོར་དུ་འཇུག་པ་ནི། ཇི་ལྟ་བ་བཞིན་ དུ་དཀྱིལ་འཁོར་གྱི་བྱ་བ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། དམ་ཚིག་ལ་རབ་ཏུ་འཇུག་པ་ལ། ཤར་གྱི་སྒོ་རུ་ཕྱག་བྱས་ནས། དཀྱིལ་འཁོར་མཆོག་ལ་བསྐོར་པ་བྱ་སྟེ། སྒོ་དང་སྒོ་རུ་ཕྱག་བྱ་ཞིང་། ཤར་གྱི་སྒོ་རུ་འཇུག་པར་བྱའོ། །དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་ པོར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་དུ་ཕྱོགས་པར་པདྨའི་གེ་སར་ལ་འདུག་ནས། དོན་ཡོད་པའི་རྒྱལ་པོའི་བཟླས་བརྗོད་བརྒྱ་རྩ་བརྒྱད་དང་། ཁྲོ་བོའི་རྒྱལ་པོའི་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། མངོན་པར་དབང་བསྐུར་བར་བྱ་ཞིང་། ཕྱག་རྒྱ་དང་། གསང་ སྔགས་ལེགས་པར་སྒྲུབ་བོ། །དེ་ནས་མཆོད་པས་འཇིག་རྟེན་མགོན་པོའི་དངོས་གྲུབ་མཐོང་བར་བྱེད་ཅིང་རྟག་ཏུ་གཡོ་བར་བྱེད་ལ་འཇིག་རྟེན་མགོན་པོའི་འོད་ཟེར་གྱི་སྦྱིན་སྲེག་རབ་ཏུ་གྲོལ་ལོ། །དཀྱིལ་འཁོར་བཤད་པར་བྱ་སྟེ། གྲུ་བཞི་པོ་ཀོ་ལའི་ཚད་དུ་ཆ་ལེགས་པར་ཕྱེ་བ་གྲུ་བཞི་དང་། སྒོ་བཞི་ཡོད་པ། ཐེམ་སྐས་ཀྱི་རིམ་པ་ཅན་དུ་ཚོན་སྣ་ཚོགས་ཀྱི་སྐུད་པས་ཐིག་གདབ་ཅིང་དཀྱིལ་འཁོར་གྱི་སྙིང་པོ་མཛེས་པར་བྱ། དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོ་པདྨ་མཆོག་ཁ་ཕྱེ་བ་འདབ་མ་བརྒྱ་རྩ་བརྒྱད་པ། སྙིང་པོ་དང་། ཟེ་བ་ཤིན་ཏུ་མཛེས་པ། སྙིང་པོ་ལས་པདྨ་བྱུང་བ། ཁ་ ཕྱེད་བྱེ་བ་དང་། ལག་པ་གཉིས་བྱུང་བས་པདྨའི་འདབ་མ་འཛིན་པ་བྲིས་པར་དངུལ་གྱི་སྣོད་ཀྱི་ནང་དུ་སྨན་བཀང་སྟེ་དར་གྱིས་ཁ་གཡོགས་ནས་པདྨའི་འདབ་མའི་སྟེང་དུ་གཞག་པར་བྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་ཚངས་པའི་ཆ་བྱད་དུ་བཞུགས་པ། དར་གྱི་ཅོད་ པན་བཅིངས་ཤིང་བརྒྱན་པ་པདྨའི་སྟེང་དུ་བཞུགས་པར་བྱའོ། །དཀྱིལ་འཁོར་ཕྱི་རོལ་ཀུན་ཏུ་ཕྱག་རྒྱའི་རྟགས་རྣམས་གསལ་བར་བྲིའོ། །སྒོ་སྒོར་དོན་ཡོད་པའི་ཞགས་པ་པདྨའི་སྟེང་དུ་བཞག་པ་ཁ་དོག་དང་འོད་ཟེར་འབར་བ་བྲིའོ། །གྲྭ་གྲྭར་བུམ་པ་གང་བ་བྲིའོ། །དཀྱིལ་འཁོར་ ཀུན་དུ་འཕན་དང་། བུམ་པ་གང་བ་དང་། འབྲས་བུ་དང་། མེ་ཏོག་བསྲེས་པ་མཛེས་པས་བརྒྱན་པར་བྱའོ། །གཏོར་མ་རྣམ་པ་སྣ་ཚོགས་གཞག་པར་བྱའོ། །མཆོད་ཡོན་གྱི་ཆུ་དབུལ་བར་བྱ། ཙནྡན་དང་། ཨ་ག་རུའི་བདུག་སྤོས་དང་། སྤོས་སྣ་ཚོགས་དབུལ་བར་བྱ། དཀྱིལ་ འཁོར་ཀུན་ཏུ་མར་མེའི་ཕྲེང་བ་དང་། མེ་ཏོག་ཕྲེང་བ་དགོད་ཅིང་ཀུན་དུ་འབྲས་ཡོས་དང་། ཡུངས་ཀར་དགྲམ་པར་བྱའོ། །རིག་སྔགས་འཆང་གཙང་མར་གྱུར་པས་ལེགས་པར་ཁྲུས་བྱ་ཞིང་། གོས་གཙང་མ་བགོས་པ་འཇིགས་པ་མེད་པས་ཟླ་བ་ཡར་གྱི་ངོ་ཉ་ལ་བསྒྲུབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་ཅིང་བྱམས་པའི་སེམས་དང་། སྙིང་རྗེའི་བདག་ཉིད་ཅན་གྱིས་བསྒྲུབ་པར་བྱའོ། །གང་གིས་ལག་གིས་གཟུང་བ་ཙམ་དང་། རེག་པ་ཙམ་གྱི་མོད་ལ་དེ་དགའ་བ་འཐོབ་ཅིང་སྡིག་པ་ཐམས་ཅད་འཇིག་པར་འགྱུར། སྔོན་གྱི་སྒྲིབ་པ་རྣམས་འཇིག་ པར་འགྱུར། མཚམས་མེད་པ་བྱེད་པ་རྣམས་ལས་གྲོལ་བར་འགྱུར། མོད་ལ་ནད་ཐམས་ཅད་འབྱང་ཞིང་ངན་འགྲོ་ཐམས་ཅད་འཇིག་པར་བྱེད་པ་བསོད་ནམས་ཆེན་པོའི་སྟོབས་ཀྱི་དངོས་གྲུབ་སྨན་གྱི་དེ་ཁོ་ན་ཉིད་མཐོང་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་ཅིང་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ། འདྲེན་པ་འཇིག་རྟེན་དབང་ཕྱུག་གིས་སྤྲུལ་པ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་བསྔགས་པ། རིག་སྔགས་འཆང་གི་དབང་པོ་ཐམས་ཅད་ཀྱིས་ཕྱག་བྱས་པ། ལྷ་ཐམས་ ཅད་ཀྱིས་བསྲུང་བ། ཀླུའི་དབང་པོ་ཐམས་ཅད་རྗེས་སུ་འབྲང་བ། སུམ་ཅུ་རྩ་གསུམ་གྱི་ལྷའི་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། ཉི་མ་དང་། ཟླ་བས་མཆོད་པ། དེ་བཞིན་དུ་རྒྱུ་སྐར་གྱི་ ཚོགས་དང་། གཟའ་ཀུན་དང་། མཇུག་རིངས་དང་། དེ་བཞིན་དུ་གཟའི་ཁྱིམ་དང་། ཐམས་ཅད་དུ་བཀྲ་ཤིས་ཀྱིས་མཆོད་པ། ཆོ་ག་ཞིབ་མོ་ཐམས་ཅད་དང་། དེ་བཞིན་དུ་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། བཟླས་བརྗོད་ཐམས་ཅད་དང་། གསང་སྔགས་ཐམས་ཅད་ཀྱི་ རྗེས་སུ་ཞུགས་པ། རིགས་སྤྱིའི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨན་གྱི་མཆོག་དབང་བསྐུར་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་པ། ཡིད་ བཞིན་གྱི་ནོར་བུ་ཐམས་ཅད་དང་མཐུན་པའི་སྨན་གྱི་རྫས་བཀྲ་ཤིས་པ་བྱེ་བ་ཁྲག་ཁྲིག་གམ། ལྷག་པར་གྱུར་པ་གཞན་གང་ཡང་མེད་དོ། །སྨན་དེ་ལྟ་བུ་ནི་རྟག་ཏུ་མཆོག་གཙོ་བོ་འབྱིན་པ། འཇིག་རྟེན་དབང་ཕྱུག་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་སྨན་འཆང་བར་འདོད་པས་གནས་ གང་ཡང་རུང་བར་སྦྱར་བར་བྱ་སྟེ། གཙང་མ་ལེགས་པར་ཁྲུས་བྱས་པ་དེས་སྦྱང་བར་བྱའོ། །ཇི་ལྟ་ཇི་ལྟར་བཀྲ་ཤིས་ཀྱི་བསམ་པ་ཡིད་ལ་བྱེད་པ་ད་ལྟ་དེ་ལྟར་བསམ་པ་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། སྦྱར་བ་ཙམ་གྱི་མེད་ལ་ཐམས་ཅད་འགྲུབ་པར་འགྱུར། འདོད་པ་ ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་འཆང་གཙང་མར་གྱུར་པ། གོས་གཙང་མ་བགོས་པ་སྤོས་ཆུས་ལེགས་པར་ཁྲུས་བྱས་ལ་ཉིད་རེ་སྨན་རེ་རེ་དོན་ཡོད་པའི་རྒྱལ་པོས་བཟླས་བརྗོད་བྱས་ཏེ་ཟོས་ན། ཟོས་པ་ཙམ་གྱི་མོད་ལ་དེ་བཞིན་གཤེགས་པ་ ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགོངས་ཤིང་སྣང་བ་རྣམ་པར་དག་པ་འཐོབ་པར་འགྱུར། ཉིན་ཞག་གསུམ་དུ་སྦྱར་ན་ངག་རྣམ་པར་དག་པ་འཐོབ་བོ། །ཉིན་ཞག་ལྔར་སྦྱར་ན་དྲན་ པ་རྣམ་པར་དག་པ་འཐོབ་བོ། །ཉིན་ཞག་བདུན་དུ་སྦྱར་ན་རིག་སྔགས་ཆེན་པོའི་ཆོ་ག་ཞིབ་མོ་རྣམ་པར་དག་པ་འཐོབ་བོ། །ཉིན་ཞག་བཅུ་བཞིར་སྦྱར་ན་དོན་ཡོད་པའི་ཞགས་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཆེན་པོ་འཐོབ་བོ། །ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ་སྦྱར་ན་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཆེན་པོའི་དམ་ཚིག་གི་དངོས་གྲུབ་འཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་དངོས་གྲུབ་འཐོབ་བོ། །ཟླ་བ་གཅིག་གི་བར་དུ་སྦྱར་ན་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གི་དངོས་གྲུབ་སྒྱུ་མ་ལྟ་བུས་བརྒྱན་པ་ཐོབ་ཅིང་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །ཟླ་བ་གསུམ་དུ་སྦྱར་ན་ལུས་ཡོངས་སུ་དག་པ་དང་། མདོག་ཡོངས་སུ་དག་པ་འཐོབ་བོ། །ལོ་གཅིག་ཚང་བར་སྦྱར་ན་དོན་ཡོད་པའི་དངོས་གྲུབ་རིག་སྔགས་འཆང་འཁོར་ལོས་ སྒྱུར་བར་འགྱུར་ཏེ། མིག་མཐོན་མཐིང་མདོག་བུང་བ་ལྟ་བུ་སྐྲ་རལ་བུ་འཁྱིལ་བར་འགྱུར། ཚེ་ལོ་བདུན་པ་ལྟ་བུའི་གཟུགས་དང་མཐུན་པར་འགྱུར་ལ། ཚེ་བསྐལ་བ་འབུམ་ཐུབ་པར་འགྱུར་རོ། །བདར་ནས་བདག་ཉིད་ལ་བྱུགས་ན། གང་དྲི་མནམས་པ་ཙམ་གྱིས་བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། གྲིབ་གནོན་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུག་པ་ཐམས་ཅད་དང་། དགྲ་ཐམས་ཅད་དཔག་ཚད་སྟོང་དུ་འབྲོས་སོ། །གལ་ ཏེ་མྱུར་དུ་མི་འབྲོས་ན་ནི་སྤྱི་བོ་དུམ་བུ་འབུམ་དུ་འགས་ཤིང་ཡན་ལག་དང་། ཡན་ལག་རྣམས་ཞིག་པར་འགྱུར་ལ། བུ་དང་ཆུང་མར་བཅས་པ་འཇིགས་པར་འགྱུར། སྔོན་གྱི་སྡིག་པ་དང་སྒྲིབ་པ་རྣམས་ཀྱིས་མི་ཚུགས་པར་འགྱུར། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་མཚམས་ མེད་པ་ལྔ་དག་འཇིག་པར་འགྱུར། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མི་ཤིས་པ་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་འཇིག་པར་འགྱུར། སྤོས་བསྣམས་པ་ཙམ་གྱིས་རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། རྒྱལ་རིགས་ དང་། རྗེའུ་རིགས་དང་། དམངས་རིགས་ཅི་བགྱི་ཞེས་བྱ་བ་བྱེད་ལ་དབང་དུ་གྱུར་ནས་འཁོད་དོ། །བྱམས་པ་ཙམ་གྱིས་འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། མེ་དཔལ་དང་། རྐང་ཤུ་དང་། གཡན་པ་དང་། མཛེ་དང་། ཁྱི་རྡོ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོ་དང་། རྨ་དང་། ཁོང་གི་རྨ་ཡོངས་སུ་སོས་པར་འགྱུར། དུག་ཐམས་ཅད་དང་། ཟོས་པ་དང་། དུག་མྱོས་དང་། སྦྱར་དུག་དྲག་པོ་དང་། དུག་སྦྱར་མ་དང་། སྦྱར་དུག་ཕྱེ་མ་དང་། བྱད་རྣམས་ལ་བསྐུས་པ་ཙམ་དང་། ཆུ་དྲོན་པོ་འཐུངས་པ་ཙམ་གྱིས་དུག་མེད་པར་འགྱུར་རོ། །དྲི་ཙམ་གྱིས་ ཀླུའི་རྒྱལ་པོ་འཇོག་པོའི་དུག་ཀྱང་མེད་པར་འགྱུར་རོ། །རིམས་ཉིན་བཞི་པས་ཐེབས་པ་ལ་དཔྲལ་བར་བསྐུས་ན་ཀུ་ཅོ་འདོད་ཅིང་འབྲོས་སོ། །རིམས་ཐམས་ཅད་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། ལྤ་བ་དང་། ཕོ་བའི་ནད་དང་། མཆིན་པ་ན་བ་དང་། ལྟོ་ན་བ་དང་། སྐྲན་དང་། གཅིན་སྲི་བ་དང་། སྙིང་ན་བ་དང་། རྩིབ་ལོགས་ན་བ་དང་། མགུལ་པ་ན་བ་དང་། ཁ་ན་བ་དང་། འཁྱིལ་ཞིང་ན་བ་དང་། ཚང་ པ་དང་། མདོམས་ན་བ་དང་། ཡན་ལག་དང་ཉིང་ལག་ན་བ་ཆུ་དྲོན་པོ་འཐུངས་བ་ཙམ་གྱིས་ཡོངས་སུ་སོས་པར་འགྱུར་རོ། །གཞོགས་ཕྱེད་ན་བ་དང་། མགོ་ན་བ་དང་། མིག་ན་བ་དང་། རྣ་བ་ན་བ་ལ་བསྐུས་པ་ཙམ་གྱིས་སོས་པར་འགྱུར་རོ། །ཐིག་ལེ་བྱས་ན་ཆོམ་རྐུན་དང་། གནོད་ བྱེད་དང་། མེ་དང་། ཆུ་དང་། བྱི་བ་ཟ་བས་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་ལས་ཐར་བར་འགྱུར་ཞིང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཉེས་པར་བྱས་པ་ཐམས་ཅད་ཡོངས་སུ་ཐར་བར་འགྱུར་རོ། །ལག་པ་གདེངས་པའི་ འཇིགས་པ་འབྱུང་བར་མི་འགྱུར། མི་མ་ཡིན་པ་གང་གིས་ཀྱང་མདངས་འཕྲོག་པར་མི་ནུས་ཤིང་བར་ཆད་བྱ་བར་མི་ནུས་སོ། །མཁའ་འགྲོ་མ་ཐམས་ཅད་མཐོང་བ་ཙམ་གྱིས་དབང་དུ་གྱུར་ནས་འཁོད་དོ། །རྒྱལ་པོ་བཙུན་མོ་དང་། འཁོར་དང་བཅས་པའི་མཆོད་གནས་ཆེན་པོར་འགྱུར་ རོ། །གཞན་ཡང་གང་དང་གང་དུ་སྦྱར་བ་རང་གི་བློས་བྱེ་བ་ཕྲག་འབུམ་སྦྱར་ན་ལས་གྲུབ་པར་བྱད་དེ། སྨན་གྱི་མཆོག་ཤིན་ཏུ་འབད་པས་བསྒྲུབ་པར་བྱའོ། །སྨན་གྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་དེའི་ཕྱིར་གསེར་གྱི་རིལ་བུའི་དཀྱིལ་འཁོར་བཤད་པར་བྱ་སྟེ། འཇིག་རྟེན་དབང་ཕྱུག་གི་དོན་ཡོད་པའི་སྙིང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་རྣམ་པར་གཟིགས་པ། དེ་བཞིན་གཤེགས་པ་པདྨ་གཙུག་ཏོར་གྱི་རྒྱལ་པོ་ཞེས་བྱ་བས་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་ གཤེགས་པ་རིན་ཆེན་སྙིང་པོས་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ཀྱིས་བཀའ་སྩལ་པ། གཞན་ཡང་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཤིང་བསྔགས་པ། བྱིན་ གྱིས་བརླབས་པ། དབང་བསྐུར་བ། རྗེས་སུ་ཐུགས་རངས་པར་མཛད་པ། ལུང་བསྟན་པ། མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཙུག་ཏོར་གྱི་ནོར་བུ་ཅོད་པན་འཆང་བ། རྒྱལ་པོ་འོད་དཔག་མེད་ཀྱི་གཙུག་ཏོར་གྱི་མཚན་ཉིད་ཀྱི་ཐིག་ལེ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་ གྱི་ནོར་བུ་ཆེན་པོའི་རྒྱལ་པོ་མཆོག་ཏུ་གྲུབ་པ། རིག་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་སྤྱི། སྐུའི་སྙིང་པོ་གང་གིས་མཐོང་བ་ཙམ་ལ་སོགས་པ་འདིས་ཚད་བསྟན་པར་ ལྟ་སུ་ཞིག་གིས་ནུས་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྫོགས་པར་མངོན་སུམ་དུ་མཐོང་བ་དང་འདྲ་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་དེ་དག་ཉིད་མངོན་སུམ་དུ་མཆོད་པར་གཟུང་བ་དང་ ལུང་སྟོན་པ་འཐོབ་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་གི་མངོན་སུམ་དུ་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །ནོར་བུ་གསེར་གྱི་ཁ་དོག་ཏུ་བསྟན་པའི་རིལ་བུ་འདི་གང་གིས་མཐོང་ཞིང་འཆང་བ་ནི་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ བསྐྱེད་བསྐྱེད་པར་འགྱུར། ནོར་བུ་རིལ་བུ་འདི་མཐོང་བ་ཙམ་གྱིས་སྒྲིབ་པ་དང་། སྡིག་པ་དང་། གདུག་པ་དང་། མཚམས་མེད་པ་ལྔ་དང་། མནར་མེད་པར་གཞོལ་པ་དང་། དམ་པའི་ཆོས་སྤྲོད་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། སྔོན་གྱི་ཚེ་རབས་ནས་བསགས་ པའི་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་ཅིང་སྤངས་པར་འགྱུར། རིམས་དང་། ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། གང་གི་ལག་ན་སྨན་འདི་ཡོད་པར་གྱུར་པའི་སེམས་ཅན་དེ་ནི་ལུང་བསྟན་པར་འགྱུར་རོ། །རིལ་བུ་གང་ལ་ཡོད་པ་ནི། །ཕྱིར་མི་ལྡོག་པར་ལུང་ བསྟན་ཅིང་། །མགོན་པོ་ས་བཅུད་དག་ལ་གནས། །རྟག་ཏུ་མཆོད་རྟེན་གྱུར་པ་སྟེ། །སྐུ་གདུང་སྙིང་པོའི་བདག་ཉིད་ཅན། །རྟག་ཏུ་སངས་རྒྱས་བདག་ཉིད་འགྱུར། །དུས་གསུམ་དག་ལ་ཞུགས་པ་ཡི། །སངས་རྒྱས་དེ་བཞིན་གཤེགས་པ་གང་། །སངས་ རྒྱས་དཔའ་བོ་དེ་ཀུན་གྱི། །སྲས་གཅིག་ཏུ་ནི་བརྗོད་པ་ཡིན། །འདི་ནི་དེ་བཞིན་གཤེགས་པའི་སྲས། །ཐུགས་ལས་སྐྱེས་དང་ཞལ་ལས་སྐྱེས། །ཆོས་ཀྱི་དབྱིངས་སྤྲུལ་ཆོས་ལས་སྐྱེས། །འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་མགོན། །རྟག་ཏུ་རྗེས་སུ་འབྲང་བར་འགྱུར། ། ཕྱག་གཡས་རྟག་ཏུ་སྤྱི་བོར་ནི། །འཇོག་མཛད་འདི་ནི་ཐེ་ཙོམ་མེད། །རིལ་བུ་མཐོང་བ་ཙམ་གྱིས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །སྡིག་པ་ཐམས་ཅད་རྣམ་པར་འཚེད། །སྒྲིབ་པ་ཐམས་ཅད་རྣམ་པར་འདག །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཕྱིར་ཞིང་ གནས་མཆོག་ཞི་བ་འཐོབ། །འཇིག་རྟེན་འདྲེན་པ་འོད་དཔག་མེད། །མགོན་པོ་རྟག་ཏུ་མངོན་སུམ་མཐོང་། །བདེ་བ་ཅན་དུ་འཇུག་པར་བྱེད། །གང་ན་དེ་ཡི་མངོན་དགའ་བ། །དེ་བཞིན་གཤེགས་པ་མི་འཁྲུགས་པ། །རྟག་ཏུ་མི་འཁྲུགས་པར་འགྱུར་ཞིང་། ། དེ་བཞིན་མི་གཡོ་མི་འགུལ་ཏེ། །སེམས་དཔའ་རི་རབ་ཆེ་དང་མཉམ། །གཟུང་དུ་མེད་པས་མཆོ་དང་འདྲ། །དེ་ལ་བགེགས་དང་ལོག་འདྲེན་དག །ནམས་ཀྱང་འཇུག་པར་མི་འགྱུར་ལ། །སེམས་དཔའ་ཕྱག་བྱའི་གནས་སུ་འགྱུར། །གང་ལ་ནོར་རྒྱལ་འདི་ཡོད་ ལ། །རྒྱལ་པོ་ཆེན་པོ་བཞི་པོ་དག །དཔུང་དང་བཅས་པ་བཀོལ་དང་བཅས། །རྟག་ཏུ་བསྲུང་ཕྱིར་གནས་བྱེད་དེ། །འདིར་ནི་ཉིན་མཚན་དེ་བཞིན་ནོ། །ལྷ་ཚོགས་ཐམས་ཅད་བསྲུང་བར་ནི། །ཐེ་ཚོམ་མེད་པར་བྱེད་པར་འགྱུར། །གཟི་བརྗིད་དཔལ་ཡང་རབ་ཏུ་འཕེལ། ། དེ་ལ་ལེགས་པར་འཇུག་པར་འགྱུར། །འཇིགས་མེད་རྟག་ཏུ་རྨི་ལམ་ནི། །དངོས་པོ་ཆེན་པོ་སྣ་ཚོགས་མཐོང་། །གྲུ་འཛིན་རི་ལ་གཞལ་མེད་ཁང་། །ཚལ་དང་བཅས་ཤིང་རིན་ཆེན་བཅས། །གནས་དང་བཅས་པ་མཐོང་བར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། ། དྲི་ཟ་ལྷ་མིན་གསང་བ་པ། །མ་མཁའ་ལྡིང་དག་མི་འམ་ཅི། །དེ་བཞིན་ལྟོ་འཕྱེ་འཁོར་དང་བཅས། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ནི། །ཀུན་ནས་བསྐོར་བ་མཐོང་བར་འགྱུར། །རིན་ཆེན་ལྷ་ཡི་སེང་གེའི་གདན། །ཁང་པ་བརྩེགས་པ་རིན་ཆེན་དང་། །ནོར་ བུ་ཆེན་པོས་བརྒྱན་པ་དང་། །འཇིག་རྟེན་དབང་ཕྱུག་ཐུབ་པའི་གཙོ། །པདྨའི་སྙིང་པོ་ལ་ཞུགས་ནས། །དོན་ཡོད་ཞགས་པའི་ཕྱག་རྒྱ་དང་། །དཀྱིལ་འཁོར་བཅས་པའི་ཆོས་སྟོན་ཏོ། །གསུང་ཀུན་ཐོབ་པར་གྱུར་ནས་ནི། །ཐུབ་པ་རང་གི་ངོ་བོ་མཐོང་། །དེ་ལྟར་རྨི་ ལམ་བཟང་རྨི་བ། །ཉིན་གཅིག་བཞིན་དུ་མཐོང་བར་འགྱུར། །ནོར་བུ་རྒྱལ་པོའི་མཐུ་ནི་དེ་འདྲ་བས། །དེ་བས་མི་ཡིས་འབད་པ་ཆེན་པོས་ཟུང་། །དགེ་སྦྱོང་བྲམ་ཟེ་ཉིད་དང་རྒྱལ་རིགས་དང་། །དམངས་རིགས་ཉིད་དམ་ཡང་ན་རྒྱལ་པོ་འམ། །བཙུན་མོ་སླས་སམ་དཔུང་གི་ གཙོ་བོ་འམ། །སྐྱེས་པ་འམ་བུད་མེད་ཁྱེའུ་དང་བུ་མོ་དག །ནོར་བུའི་རྒྱལ་པོ་རྟག་ཏུ་འཆང་བྱེད་པ། །དེ་ནི་སྟོན་པ་ཉིད་དང་འདྲ་བར་འགྱུར། །ཆོམ་རྐུན་གྱིས་ནི་མི་སླུས་ཤིང་། །གནོད་བྱེད་ཀྱིས་ནི་འཇིགས་མི་འགྱུར། །འཇིག་པ་མི་བཟད་བརྒྱད་ལས་ཐར། །དེ་ལ་དུག་ དང་སྦྱར་བའི་དུག །སྦྱར་དུག་དྲག་པོས་མི་ཚུགས་ཤིང་། །དེ་ལ་བྱད་ཀྱིས་ཚུགས་མི་འགྱུར། །གང་ལ་ནོར་བུའི་རྒྱལ་པོ་ཡོད། །དེ་ལ་ནད་ཀྱིས་མི་ཚུགས་ཤིང་། །ན་བས་མ་ཡིན་སྡིག་པས་མིན། །པདྨ་ཆུ་ཡིས་མི་ཆགས་ལྟར། །རྟག་ཏུ་ཆགས་པ་མེད་པར་གནས། ། གཡུལ་འགྱེད་པ་ཡི་ནད་ན་འམ། །འཐབ་བམ་འགྱེད་པའམ་རྩོད་པ་ན། །ལན་ཐེབས་རྟག་ཏུ་རྒྱལ་བར་ནི། །ཐོབ་པར་འགྱུར་ཏེ་ཐེ་ཙོམ་མེད། །དེ་ནས་རྫས་ནི་བཤད་བྱ་སྟེ། །སྨན་ནི་བཀྲ་ཤིས་དང་ལྡན་པ། །གྲུབ་པའི་མཐའ་སྟེ་མཆོག་ཏུ་གཙང་། །འཇིག་རྟེན་མགོན་ དང་མཉམ་པར་གསུངས། ཨ་ག་རུ་དང་། ཙནྡན་དང་། པདྨ་དང་། ཨུཏྤལ་དང་། ཤི་རི་ཤའི་མེ་ཏོག་དང་། ཨ་བཱ་མརྒ་དང་། མེ་རུ་དང་། ན་ལ་ད་དང་། ཆུ་སྲིན་གྱི་སེན་མོ་དང་། ཀ་ན་ཀའི་འབྲས་བུ་དང་། ཙནྡན་གྱི་འབྲས་བུ་དང་། །པདྨའི་འབྲས་བུ་དང་། རྡོ་དྲེག་དང་། མེད་དང་། བཙོད་དང་། སཱུ་ཀ་རི་དང་། མ་ཀ་ཊཱི་དང་། ཛཱ་ཡ་དང་། བི་ཛཱ་ཡ་དང་། པ་རི་པེ་ལ་པ་དང་། ར་ས་དང་། བཱི་རཱ་དང་། དྷྱ་མ་ཀ་དང་། རྒྱ་སྤོས་དང་། བུ་སཱ་དང་། ཨ་པར་ཏ་ཀ་དང་། རུ་རྟ་དང་། བྱ་གྲན་ཁ་དང་། པད་ཏྲ་ དང་། ཏྲ་ཙ་དང་། ཀ་དམར་རཱ་དང་། པྲི་ཡང་ཀུ་དང་། གིའུ་ཝང་དང་། སྤྲྀ་ཀ་དང་། སྨྱིག་རྐང་དང་། ཡུངས་ཀར་དང་། ནཱ་ག་པུཥྤ་དང་། ཨེ་ལཱ་དང་། ལྡོང་རོས་དང་། གུར་གུམ་དང་། ག་པུར་དང་། གླ་རྩི་དང་། སྤང་སྤོས་དང་། ན་ལེ་ཤམ་དཀར་པོ་དང་། སུ་མ་དང་། ཉེའུ་ཤིང་དང་། ཤུ་ཏི་དང་། སྦྲང་རྩི་དང་། ཙམ་པ་ཀ་སྟེ། དེ་བཞིན་རྫས་ནི་དེ་དག་ཀུན། །སུ་བར་ཎ་ནི་དཀར་པོས་སྦྱར། །རིལ་བུ་ནམ་གཅིག་ཙམ་དུ་ནི། །སྐྱེས་བུ་མཁས་པས་བྱ་བ་ཡིན། །སུ་བར་ཎས་ནི་བཀབ་ནས་སུ། །རྫས་རྣམས་བསྲེས་ནས་སྦྱར་བར་བྱ། །ཆ་ རྣམས་འཕེལ་བར་བྱ་བ་སྟེ། །གླ་རྩི་ཡིས་ནི་དྲི་བསྐྱེད་དོ། །ཕྱེ་མ་ཞིབ་མོར་བཏགས་ནས་སུ། །ཙནྡན་དཀར་པོའི་ཆུ་སྦྱར་ནས། །གྲིབ་མ་ལ་ནི་བསྐམ་པར་བྱ། །ཚེས་བརྒྱད་ནས་ནི་བརྩམས་ནས་སུ། །ཚེས་ནི་བཅྭ་ལྔ་ཉ་ཡི་བར། །ཉིན་གཅིག་བཞིན་དུ་དོན་ཡོད་པའི། །རྒྱལ་ པོས་བརྒྱ་རྩ་བརྒྱད་དུ་བཟླས་སོ། །ཁྲོ་བོའི་རྒྱལ་པོ་ཉིན་གཅིག་བཞིན། །ལན་བདུན་བར་དུ་དབང་བསྐུར་རོ། །ཕྱག་རྒྱས་དབང་བསྐུར་བར་ཡང་བྱ། །དེ་ནས་ཚེས་ནི་བཅྭ་ལྔ་སྟེ། །ཉ་ལ་ཆུ་དང་ཡུངས་ཀར་དག །དཀྱིལ་འཁོར་དུ་ནི་གཞག་པར་བྱ། །དེ་ནས་ནོར་བུའི་རྒྱལ་པོ་དང་། ། གཞག་པའི་དཀྱིལ་འཁོར་བཤད་པར་བྱ། །ཆ་རྣམས་མ་ནོར་ལེགས་པར་དབྱེ། །རྒྱར་ནི་ཀོ་ལའི་ཚད་དུ་བྱ། །ཤིན་ཏུ་འཇམ་ལ་ཕྱི་བདར་ལེགས། །ཚོན་རྩི་སྣ་ཚོགས་མཛེས་པ་དང་། །དཀྱིལ་འཁོར་མཆོག་ནི་ཐིག་གདབ་བོ། །སྒོ་བཞི་གདོད་ཅིང་གྲྭ་བཞི་གདོད། །ཀུན་ ནས་ཤིན་ཏུ་ཆ་ཕྱེ་ཞིང་། །དཀྱིལ་འཁོར་སྙིང་པོ་ཆ་ཕྱེ་བ། །ཚད་དང་ཤིན་ཏུ་ལྡན་པར་བྱ། །པདྨ་ཆེན་པོ་བཞི་དག་དང་། །དེ་བཞིན་ཕྱག་དང་སྤྱན་དུ་བཅས། དོན་ཡོད་དངོས་གྲུབ་བྲི་བར་བྱ། །ནོར་བུ་རྒྱལ་པོ་འཆང་བ་ཡིས། །ཕྱག་རྒྱར་བཅས་པ་བྲི་བར་བྱ། །ཆུ་ཡི་རྒྱ་ མཚོའི་ནང་དུ་ནི། །ལས་ཀྱིས་རྡོ་རྗེ་ལེགས་པར་བྲི། །དཀྱིལ་འཁོར་སྙིང་པོ་དམ་པ་ལ། །ཀུན་ནས་ཁ་ཁྱེར་རྣམ་པ་དང་། །མེ་ཏོག་སྣ་ཚོགས་པ་དག་བྲི། །དཀྱིལ་འཁོར་ཕྱི་རོལ་ཀུན་དུ་ནི། །ནོར་བུ་པདྨ་ལེགས་པར་བྲི། །སྒོ་བཞི་ཡི་ནི་གནས་རྣམས་སུ། །པདྨ་ཞགས་པ་ མདུང་རྩེ་གསུམ། །རྡོ་རྗེའི་ཚུལ་མཆོག་ལེགས་པར་བྲི། །གྲྭ་བཞི་ཡི་ནི་གནས་རྣམས་སུ། །ལག་ན་ནོར་བུ་ཡོད་པ་བྲི། །པདྨའི་སྟེང་ན་རབ་ཏུ་གནས། །དཀྱིལ་འཁོར་བཟང་པོ་ཕན་ཕྲན་དང་། །བུམ་པ་བཀང་དང་མེ་ཏོག་དང་། །བདུག་པ་འབྲས་བུ་རྣམས་ཀྱིས་བརྒྱན། ། གཏོར་མ་རྣམ་པ་སྣ་ཚོགས་དག །ཅི་བདོག་བུངས་ཆེར་གཞག་པར་བྱ། །ཀུན་དུ་མར་མེ་ཕྲེང་བ་དང་། །མཆོད་ཡོན་ཆུ་དང་ཨ་ག་རུ། །ཙནྡན་བདུག་སྤོས་དབུལ་བར་བྱ། །ནོར་བུ་རྒྱལ་པོ་འཇིགས་མེད་པ། །སྣོད་བཟང་ལེགས་པར་བཀང་ནས་སུ། །རྒྱ་དར་ལ་ཡིས་ ཁ་གཡོགས་ཏེ། །དཀྱིལ་འཁོར་དེ་ཉིད་རིག་པས་གཞག །དཀྱིལ་འཁོར་སྙིང་པོར་འཇིག་རྟེན་དབང་། །གཞག་སྟེ་དེ་ནས་ལས་རྡོ་རྗེ། །སྣོད་ཀྱི་སྟེང་དུ་བཞག་པ་ནི། །ནོར་བུ་དཀྱིལ་འཁོར་བྱ་བ་ཡིན། དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་རྒྱལ་པོ་ ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ལན་བདུན་དབང་བསྐུར་བར་བྱ། དེ་ནས་གསང་སྔགས་ཡི་གེ་གཅིག་པོ་འབུམ་ཚང་བར་བཟླས་བརྗོད་བྱ་སྟེ། འབུམ་བཟླས་བརྗོད་བྱས་ན་ནོར་བུའི་རྒྱལ་པོ་འབར་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་ལག ། གཡས་དང་ལྡན་པས་བཟུང་ནས་ནི། །ཆང་པ་དམ་དུ་བསྡམ་པར་བྱ། །བསྡམས་པ་ཙམ་གྱི་མོད་དག་ལ། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ནོར་བུ་དྲི་མ་མེད་པ་དོན་ཡོད་པའི་རྣམ་པར་འཕྲུལ་པ་བཀོད་པ་ཞེས་བྱ་བ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་འཐོབ་ལ་ འཁོར་རིག་སྔགས་འཆང་འཁོར་ལོས་སྒྱུར་བ་བྱེ་བ་ཕྲག་འབུམ་ཡོད་པར་འགྱུར། ཁུང་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཕྱེ་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་ རྒྱ་དག་ཁ་ཏོན་དུ་ལོབས་པར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་དང་། འདུད་པ་དག་གིས་གསོང་པོར་སྨྲ་བར་བྱེད། ཐམས་ཅད་དུ་ཡང་དོན་ཡོད་པའི་དཀྱིལ་འཁོར་རྣམ་པར་ ཐར་བའི་དཀྱིལ་འཁོར་རྣམ་པར་ཕྱེ་བ་ཐོབ་པར་འགྱུར། ཚེ་བསྐལ་པ་འབུམ་ཕྲག་བདུན་ཅུ་རྩ་གཉིས་སུ་རིང་བར་འགྱུར། དོན་ཡོད་པའི་པདྨའི་འཁོར་ལོ་བདུན་ནས་འགྲོ་བར་འགྱུར་རོ། །གལ་ཏེ་འབར་བར་མ་གྱུར་ན་སྔར་བསྟན་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ཐོབ་པར་འགྱུར་ ལ། མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་དང་འདྲ་བའི་ནོར་བུ་རྒྱལ་པོའི་རིལ་བུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་རྣམས་སྒྲུབ་པ་ཡིན་ནོ། །ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ལ། གང་དང་གང་དུ་སྐྱེ་བའི་ཚེ་རབས་ཐམས་ ཅད་དུ་ཚེ་རབས་དྲན་པར་འགྱུར། ནོར་བུའི་རིལ་བུ་འདི་མཐོང་བ་ཙམ་གྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་བལྟ་བར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་མཐོང་ཞིང་རྟག་ཏུ་བལྟ་བར་འགྱུར། རིལ་བུ་རང་གི་ལུས་ ལ་ཡོད་པ་དེ་ཡང་ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་མཆོད་རྟེན་དང་མཉམ་པ་ཞེས་བྱ་བ་སྟེ། འདི་ལ་སོམ་ཉི་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །མཐོང་བ་དང་རེག་པ་ཙམ་གྱི་མོད་ལ་སྔོན་གྱི་ལས་ཀྱི་སྒྲིབ་པ་གྲངས་དང་བགྲང་ བའི་ཚུལ་གྱིས་བསྐལ་པ་འབུམ་དུ་བསགས་པ། མནར་མེད་པའི་གནས་སུ་འགྲོ་བར་འགྱུར་བ། མཚམས་མེད་པ་ལྔ་བྱེད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་སྤོང་བ་དེ་དག་ཐམས་ཅད་དུས་གསུམ་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཐུ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ནོར་བུའི་རྒྱལ་པོའི་མཐུས་ཐམས་ཅད་ཟད་པར་འགྱུར། སེམས་ཅན་དམྱལ་བའི་འགྲོ་བདག་ལས་ཡོངས་སུ་ཐར་བར་འགྱུར། བདེ་འགྲོའི་ལམ་ལ་གཞོལ་ བར་འགྱུར། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་ལེགས་པར་སྒྲུབ་པ་མཐར་ཐུག་པར་བྱ་ཞིང་བསྒྲུབ་པར་བྱ། མཐུ་སྟོབས་ཀྱིས་སྦྱར་བར་བྱ། ཤིན་ཏུ་གསལ་ཞིང་རབ་ཏུ་གསལ་བའི་བསམ་པ་འབད་པས་སྦྱར་བར་བྱ། རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་ནས་བཙལ་བར་བྱ་ཞིང་ཆོ་ག་ཞིབ་མོའི་རྒྱལ་པོ་ཡོངས་སུ་བཙལ་བར་བྱ་བ་ཡིན་ན་ཕྱི་རོལ་གྱི་དངོས་པོ་ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། དངུལ་དང་། གོས་དང་། རྒྱན་རྣམས་ཡོངས་སུ་བཏང་ནས་ཡོངས་སུ་བཙལ་ བར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲོག་གཏང་བར་བྱའི་དེ་གཏང་བར་མི་བྱའོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་བའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྒྲུབ་པ་འདི་བཙལ་བར་བྱ་ཞིང་བསྒྲུབ་པར་བྱའོ། །འདིའི་དུས་ཕྱི་མའི་ཚེ་ན་སེམས་ཅན་ཐམས་ཅད་ལ་སངས་ རྒྱས་ཀྱི་མཛད་པ་བྱེད་པར་འགྱུར། སེམས་ཅན་ཐམས་ཅད་ཡང་དག་པ་ཉིད་ཀྱི་དད་པས་སངས་རྒྱས་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ཕྱིར་མི་ལྡོག་པར་འགྱུར་ཞིང་ནམས་ཀྱང་ངན་འགྲོ་ལོག་པར་འགྲོ་བར་མི་འགྱུར་རོ། །ནོར་བུའི་རིལ་བུ་སྒྲུབ་པའི་དཀྱིལ་ འཁོར་གྱི་ཆོ་གའོ།། །།དེ་ནས་དེའི་ཕྱིར་དོན་ཡོད་པ་ཡངས་པའི་དཀྱིལ་འཁོར་ཆེན་པོ་དོན་ཡོད་པ་ཆེན་པོའི་རྣམ་པར་འཕྲུལ་པའི་དངོས་གྲུབ་ཀྱི་སྨན་ནོར་བུ་དང་། གསང་སྔགས་རྣམས་བཤད་པར་བྱ་སྟེ། སྨན་ནོར་བུ་དང་། གསང་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱའི་མཐུ་དེས་ཕྱི་མའི་དུས་ཕྱི་མའི་ཚེ་ན་རིག་སྔགས་འཆང་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་སྤྱིའི་གསང་བའི་དཀྱིལ་འཁོར་རྣམ་པ་སྣ་ཚོགས་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་བསྟན་པ་ཡང་དག་པར་སྟོན་པར་མཛད། བཀླགས་པས་གྲུབ་པ། རིགས་ཀྱི་དམ་ཚིག་སྤྱིའི་གསང་བ་ཐམས་ཅད་དུ་ཉེ་བར་སྟོན་པར་མཛད་དོ། །རིག་སྔགས་འཆང་རྣམས་ཀྱི་ངལ་བ་འབྲས་བུ་མེད་པ་གཞན་དུ་འགྱུར་བ་མེད་དོ། །ངལ་བ་དང་། དུབ་པ་དང་། འབད་པའི་བཟླས་བརྗོད་ཀྱི་ཆོ་ག་འབྲས་བུ་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་རང་གི་ སེམས་ཀྱི་རྒྱུད་དད་པ་དང་། གུས་པ་དང་། གསང་ཆེན་དང་། གསང་བར་བྱ་བ་གཞན་ལ་བསྟན་པར་མི་བྱ་སྟེ། དངོས་གྲུབ་མེད་པར་མི་འགྱུར་རོ། །དེ་ལྟ་བས་ན་གསང་སྔགས་སྒྲུབ་པ་ནི་ཤིན་ཏུ་གསང་བར་བྱ་ཞིང་ལེགས་པར་སྨྱུང་བ་བྱས་ལ་འབད་པར་བྱ། །ཁ་ ཟས་ངན་པ་སྤང་བར་བྱ། གོས་ངན་པ་དང་། སེམས་ངན་པ་ཡང་ཡོངས་སུ་སྤང་བར་བྱ། མི་སྲུན་པ་དང་། མི་བདེན་པ་དང་། ཕྲ་མ་དང་། སེམས་ཅན་སུན་འབྱིན་པར་བྱེད་པ་དང་། གསང་སྔགས་རྐུ་བ་དང་། ཆོ་ག་ཞིབ་མོ་རྐུ་བར་བྱེད་པ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་རྐུ་བར་ བྱེད་པ་དེ་དག་གི་རྟོགས་པ་ནི་གང་ན་ཡང་མེད་དེ། དུས་གསུམ་གྱི་མགོན་པོས་སྨད་ཅིང་བྱང་ཆུབ་སེམས་དཔས་ཀྱང་སྨད་ལ། མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་སྨད་པ་ཡིན་ནོ། །སེམས་ཅན་སྡོང་དུམ་བསྲེགས་པ་འདི། །གསང་བ་སུན་འབྱིན་མ་རུངས་ པ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །རྟག་ཏུ་སྨད་པར་བྱ་བ་ཡིན། །ལྷ་རྣམས་ཀྱིས་ནི་ཡོངས་སུ་བཏང་། །མ་རུངས་པས་ནི་བདུད་ཀྱིས་ཟོས། །མ་རུངས་པས་ནི་བགེགས་ཀྱིས་ཟོས། །བསླབ་གཞི་ཚུལ་ཁྲིམས་ཉམས་པ་དང་། །མགོན་པོའི་བསྟན་པ་སུན་འབྱིན་པ། །དེ་ལ་ དངོས་གྲུབ་ཇི་ལྟར་འབྱུང་། །དེ་ལ་སྐྱོབ་པ་གང་ཡང་མེད། །མགོན་མེད་ཀུན་ཏུ་སྨད་པ་ཡིན། །དེ་བས་དེ་ལ་དངོས་གྲུབ་ནི། །ཆུང་ངུའང་མེད་ལ་ཉེས་པ་ཡིས། །གསང་སྔགས་དང་ནི་སྨན་མི་འགྲུབ། །ཉེས་པ་དེ་དག་རང་གིས་བྱས། །གཞན་ཡང་མ་རུངས་བྱེད་པ་ཡིན། །དེ་བས་ སེམས་ཅན་མཁས་ལ་སྦྱིན། །སློབ་པ་འདོད་ཅིང་ཡོན་ཏན་དགའ། །སྙིང་རྗེའི་བདག་ཉིད་བྱམས་ལ་གནས། །སེམས་ཅན་ཀུན་ལ་བརྩེ་བའི་མཆོག །དེ་ཡི་ལག་ཏུ་སྦྱིན་བྱ་སྟེ། །དེ་ཡི་དངོས་གྲུབ་བླ་ན་མེད། །གསང་བ་འདི་ནི་ཤིན་ཏུ་གསང་བ་ཡིན་ཏེ། འཇིག་རྟེན་དབང་ཕྱུག་གི་ སྙིང་པོ་གསང་བ་དེ་ཡང་རིག་སྔགས་འཆང་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་སྒྲུབ་སླ་སྟེ། བཀླགས་པས་འགྲུབ་པ་དེ་བཞིན་དུ་སྨན་ནོར་བུ་འདི་ལ་རྟག་ཏུ་འཇུག་ཅིང་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །རིག་སྔགས་ འཆང་ནི་བདག་ཉིད་ཀྱིས། །མཆོག་ཏུ་གསང་བ་བསྒྲུབ་བྱ་བ། །རིག་སྔགས་འཆང་ནི་གཙང་མ་ཡིས། །ཁྲུས་བྱས་གོས་གཙང་གྱོན་བྱེད་ལ། །འདིར་ནི་ཉིན་ཞག་སྨྱུང་བ་དང་། །དད་དང་གུས་པས་མཆོད་པ་བྱ། །དོན་ཡོད་འཁོར་ལོ་སྒྲུབ་བྱེད་པས། །དངོས་གྲུབ་དཀྱིལ་ འཁོར་དམ་པ་བསྒྲུབ། །སྨན་སྤྲྀ་ཀ་དང་། ཙནྡན་གྱི་ཕྱེ་མ་དང་། ཨ་ག་རུ་དང་། པདྨ་གེ་སར་དང་། པདྨ་དང་། པདྨའི་ལྡུམ་བུ་དང་། པདྨའི་འདབ་མ་དང་། དེ་བཞིན་དུ་གིའུ་ཝང་དང་། ལྡོང་རོས་དང་། ཙམ་པ་ཀ་དང་། སུ་མ་ན་སྟེ། དེ་བཞིན་ཆ་ནི་མཉམ་སྦྱར་ཏེ། །ཕྱེ་མ་ དག་ཏུ་བྱས་ནས་ནི། །དེ་ནས་དོན་ཡོད་རྒྱལ་པོ་ཡིས། །ཚེས་བརྒྱད་ནས་ནི་བཅྭ་ལྔའི་བར། །བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་བྱ། །ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད། །བཟླས་བརྗོད་བྱས་ནས་དབང་བསྐུར་རོ། །དེའི་འོག་ཏུ་ཆ་ལྔར་བྱ་སྟེ། མིག་བསྐུ་བ་དང་། རིལ་བུ་དང་། ཕྱེ་མ་དང་། ཏིལ་མར་ཚོས་པ་དང་ཁ་གདོང་བཀྲུ་ཞིང་ཁྲུས་བྱའོ། །མིག་སྨན་ནི་སོའུ་བྱི་རེ་དང་ལྷན་ཅིག་སྦྲུས་ལ་དོན་ཡོད་པའི་རྒྱལ་པོས་བརྒྱ་སྟོང་བཟླས་བརྗོད་བྱའོ། །རིལ་བུ་ནི་སྦྲང་རྩི་དཀར་པོ་དང་ལྷན་ཅིག་སྦྲུའོ། །ཕྱེ་མ་ནི་འཇིག་རྟེན་དབང་ཕྱུག་ལ་ཕུལ་བའི་མེ་ཏོག་དང་ལྷན་ ཅིག་སྦྲུའོ། །ཏིལ་མར་བཙོས་པ་ནི་བྲཏྤ་ཏི་ལ་སྟེ། ཤིང་པ་ལ་ཤའི་མར་དང་ལྷན་ཅིག་སྦྲུའོ། །ཁ་གདོང་བཀྲུ་བ་ནི་ཙནྡན་དཀར་པོའི་ཆུ་དང་ལྷན་ཅིག་སྦྲུ་ཞིང་སུ་མ་ན་དང་། གུར་གུམ་དང་། སྤོས་ཆུས་ལྷན་ཅིག་སྦྲུས་ལ་སོ་སོར་བརྒྱ་རྩ་བརྒྱད་ཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ཉི་ཤུ་ རྩ་གཅིག་བཟླས་བརྗོད་བྱས་ནས་དབང་བསྐུར་བར་བྱའོ། །དེ་ནས་རིག་སྔགས་འཆང་ཉིན་ཞག་གཅིག་སྨྱུང་བ་བྱས་པས་གཅིག་ཏུ་སྦྲུས་ཏེ། །དངུལ་གྱི་སྣོད་ཀྱི་ནང་དུ་བཅུག་ལ་སོ་སོར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཤར་ཕྱོགས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་གཞག་པར་ བྱ་སྟེ། དཀྱིལ་འཁོར་མཆོག་ལ་ཕྱག་དང་བསྐོར་བ་བྱས་ལ་དེ་ནས་སོ་སོར་དར་གྱིས་ཁ་བཅད་དེ། དཀྱིལ་འཁོར་གྱི་སྙིང་པོར་བཞག་ལ་དོན་ཡོད་པའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་དབང་བསྐུར་བར་བྱ། དབང་བསྐུར་བར་བྱས་ནས་ཀྱང་རིག་སྔགས་འཆང་གིས་དབང་བསྐུར་བར་བྱ། དེ་ནས་དཀྱིལ་འཁོར་སྙིང་པོར་ནི། །འཇིག་རྟེན་དབང་ཕྱུག་མཆོད་བྱ་སྟེ། །བདུག་སྤོས་ལྔ་དག་དབུལ་བྱ་བ། །ཨ་ག་རུ་དང་ཙནྡན་དང་། །སྤྲྀ་ཀ་གུ་གུལ་དུ་རུ་སྐ། །མཆོད་ཡོན་སྣོད་ ནི་ལྔ་དབུལ་ཞིང་། །གཏོར་མ་ལྔ་ནི་དགང་བྱ་སྟེ། །རོ་ལྡན་སྣ་ཚོགས་དག་གིས་དགང་། །རོ་ལྡན་འབྲས་བུ་སྣ་ཚོགས་པའི། །གཏོར་མ་ཆ་ལྔ་དབུལ་བར་བྱ། །ཀུན་ཏུ་ཕྲེང་བ་ཉི་ཤུ་དང་། །མར་མེ་ཉི་ཤུ་ལྔ་དག་དང་། །སྤོས་ཀྱི་ཕྱི་མ་ལྔ་དག་དང་། །སྤོས་ཀྱི་ཆ་ལྔར་ཕྱེ་བས་ བྱུག །འཕན་ཕྲན་ཉི་ཤུ་རྩ་ལྔ་གདགས། །ཚོན་རྩི་ལྔ་ཡིས་མཛེས་པར་བྱ། །གསེར་དང་དངུལ་གྱིས་གཡོགས་པ་ཡི། །བུམ་པ་གང་བ་ཉི་ཤུ་ལྔ། །རིན་པོ་ཆེ་ནི་ལྔ་གཞུག་གོ། །སྒོ་བཞི་གྲྭ་བཞིར་བུམ་པ་བརྒྱད། །བརྒྱ་དང་ཉི་ཤུ་རྩ་ལྔ་ཉིད། །དཀྱིལ་འཁོར་མེ་ཏོག་འབྲས་ ཡོས་དང་། །ཡུངས་ཀར་ཉིད་ཀྱིས་མངོན་པར་དགྲམ། །སློབ་དཔོན་བླ་མ་མཆོད་པ་ནི། །གོས་དང་སྣོད་དང་ཡོན་གྱིས་སོ། །ཐུབ་པ་འཇིག་རྟེན་དབང་ཕྱུག་ལྟར། །སྟོན་པའི་འདུ་ཤེས་བསྐྱེད་ནས་སུ། །དཀྱིལ་འཁོར་སློབ་དཔོན་མཆོད་བྱས་ནས། །དེ་ནས་དཀྱིལ་འཁོར་ གཤེགས་པར་གསོལ། །དེ་ནས་ལས་རྣམས་བྱ་བ་ནི། །ཇི་ལྟར་ཡིད་ལ་སྣ་ཚོགས་བྱ། །དོན་ཡོད་ཆེན་པོའི་གཞལ་མེད་ཁང་། །རིག་སྔགས་འཆང་གིས་རྟག་ཏུ་གསང་། །དེ་ཉིད་དངོས་གྲུབ་བསྒྲུབ་སླ་བ། །དེ་བཞིན་ནོར་བུ་སྨན་སྔགས་སོ། །དོན་འདི་ཤིན་ཏུ་བཀྲ་ཤིས་ ཏེ། །མཁས་པ་མི་ཡིས་བྱ་བ་ཡིན། །ཕྲ་མའི་ཚིག་ཀྱང་མི་བསྟེན་ཏེ། །བརྫུན་ནི་ནམ་ཡང་སྨ་མི་བྱ། །འདི་ནི་བསྒྲུབ་པའི་དེ་ཉིད་དེ། །དེ་ལ་འགྲུབ་པ་ཐེ་ཙོམ་མེད། །འདིར་ནི་དཀྱིལ་འཁོར་བཤད་པར་བྱ། །ཀུན་ནས་གྲུ་བཞི་ལྷམ་པ་སྟེ། །གྲྭ་བཞི་ཆ་ནི་ལེགས་པར་དབྱེ། ། ཀོ་ལའི་ཚད་དེ་ལེགས་པ་དང་། །སྣ་ཚོགས་ཚོན་གྱི་ཐིག་སྐུད་ཀྱིས། །དཀྱིལ་འཁོར་དམ་པ་ཐིག་གདབ་བོ། །དཀྱིལ་འཁོར་དབུས་ཀྱི་སྙིང་པོར་ནི། །འཁོར་ལོ་བཟང་པོ་བྲི་བར་བྱ། །དབུས་ཀྱི་ལྟེ་བར་པདྨ་ཡིས། །འཁོར་ལོ་གསལ་བ་བྲི་བར་བྱ། །པདྨའི་སྙིང་པོ་ གསེར་དང་ནི། །དངུལ་ལམ་ཙནྡན་ལས་བྱས་པ། །འབར་བར་འཇིག་རྟེན་དབང་ཕྱུག་བཞུགས། །འཁོར་ལོ་ཀུན་ཏུ་རྩིབས་དང་ནི། །མུ་ཁྱུད་དག་གིས་ཆ་དབྱེའོ། །དཀྱིལ་འཁོར་སྙིང་པོའི་གྲྭ་རྣམས་དེར། །ལྷ་ཡི་དབང་པོ་ཚངས་པ་དང་། །ཁྱབ་འཇུག་དབང་ཕྱུག་ ཆེན་པོ་བྲི། །ཀུན་ཏུ་ཁ་ཁྱེར་རྣམ་པ་དང་། །པདྨས་ཕྲེང་བ་རྣམས་བྱའོ། །དཀྱིལ་འཁོར་ཕྱི་རོལ་ཀུན་ཏུ་ནི། །རྟགས་དང་ཕྱག་རྒྱ་རྣམས་བྲི་སྟེ། །རྡོ་རྗེ་དགྲ་སྟ་མདུང་རྩེ་གསུམ། །རལ་གྲི་ཞགས་པ་ཐོ་བ་དང་། །གཤིན་རྗེ་བེ་ཅོན་པདྨ་གདུགས། །དབྱུག་ཏོ་མདའ་པོ་ ཆེ་རྣམས་སོ། །གྲྭ་རྣམས་ཀུན་ཏུ་ཕྲེང་བ་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དགྲམ། །སྒོ་སྒོ་དེར་ནི་དཀྱིལ་འཁོར་གྱི། །ལྷ་སྟེ་གཤིན་རྗེ་ཆུ་ལྷ་དང་། །ལུས་ངན་དང་ནི་གཞོན་ནུ་བྲི། །དཀྱིལ་འཁོར་གྲྭ་བཞི་རྣམས་སུ་ནི། །རྒྱལ་པོ་ཆེན་པོ་བཞི་པོ་དག །གོ་ཆ་ལེགས་པར་ བགོས་པ་དང་། །ཁྲོ་བར་ལྟ་བ་འཇིགས་བྱེད་བྲི། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ཏེ། །དཀྱིལ་འཁོར་གྱི་ནི་དགོས་པ་རྣམས། །ལེགས་པར་ཡོངས་སུ་རྫོགས་པར་ནི། །རིག་སྔགས་ཇི་བཞིན་བསྟན་པ་ཡིན། །དེ་ནས་ལེགས་པར་ཁྲུས་བྱས་ལ། །གོས་གཙང་བགོས་ པ་འཇིགས་མེད་པས། །སྨན་མཆོག་བཟུང་སྟེ་ལས་བྱའོ། །རྨོངས་པའི་དྲ་བ་སྣ་ཚོགས་དང་། །སྒྱུ་མ་ལྟ་བུའི་རྣམ་སྤྲུལ་པ། །གང་གིས་ངན་འགྲོ་ཐར་འགྱུར་བ། །སེམས་ཅན་ཀུན་ལ་བསྟན་པར་བྱ། །རྟག་ཏུ་དགའ་དང་དད་པ་དང་། །གུས་པ་དེ་ཉིད་ཐོབ་པར་འགྱུར། ། རིག་སྔགས་འཆང་གིས་བསྒྲུབ་པའི་མཆོག །དངོས་གྲུབ་དེ་ཉིད་ཐོབ་པར་འགྱུར། །རིག་སྔགས་འཆང་གིས་སྔར་ཁྲུས་བྱས་ལ་རྫས་ཀྱི་དྲི་ཆབ་གཙང་མ་དོན་ཡོད་པའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཙནྡན་གྱི་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྐྲ་ཡན་ ཆད་ཙམ་བྱུགས་ལ་ཚོད་ཟིན་པར་བསྐུས་ནས་ཁ་གདོང་བཀྲུ་བར་བྱའོ། །མིག་སྨན་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་བསྐུས་ན་མིག་བཟང་བར་འགྱུར་རོ། །བརྒྱ་རྩ་བརྒྱད་ཚང་བར་བཟླས་བརྗོད་བྱས་ནས་བདག་ཉིད་དང་ཕྱོགས་བཅུར་གཏོར་རོ། །དེ་བཞིན་དུ་ཏིལ་མར་ བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྐྲ་ཡན་ཆད་བསྐུ་བ་དང་། ཚོད་ཟིན་བར་བསྐུ་བ་དང་། ལུས་རྐང་མཐིལ་ཡན་ཆད་བསྐུའོ། །ཡི་གེ་གཅིག་པོ་ཡིད་ལ་བྱ་བ་ལ་སེམས་བྱམས་པ་ཉིད་ལ་གནས་ནས་རྒྱལ་པོ་དང་། བཙུན་མོའི་སྒོ་འམ། སྐྱེ་བོའི་ནང་ངམ། འདུས་ པ་ཆེན་པོའམ། དགེ་འདུན་གྱི་ནང་ངམ། ཚོགས་དང་ཕྲད་པའམ། དེ་བཞིན་དུ་གཞན་དག་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མགོན་པོའི་གཟུགས་དང་ཁ་དོག་ཏུ་མཐོང་ཞིག་སའི་སྟེང་ནས་རྐང་པ་ཁྲུ་གང་ཙམ་གྱིས་སྤགས་ཏེ་འདུག་ལ། ཇི་ལྟ་ཇི་ལྟར་འདུལ་བ་རྣམས་ཀྱི་ དད་པ་དེ་ལྟ་དེ་ལྟར་གཟུགས་རྣམས་སྟོན་པར་བྱེད་དེ། རྒྱལ་པོའམ། འཁོར་ལོས་སྒྱུར་བའམ། མིའི་སེང་གེའམ། ཕག་གམ། སྲེད་མེད་ཀྱི་བུར་སྟོན་པའམ། ཚངས་པའམ། སུམ་ཅུ་རྩ་གསུམ་གྱི་དབང་པོའམ། དབང་ཕྱུག་ཆེན་པོ་མིག་གསུམ་པའམ། གཞོན་ནུ་འམ། ཆུ་ལྷའམ། གཤིན་རྗེའམ། རྣམ་ཐོས་ཀྱི་བུའམ། དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞིའམ། ནག་པོ་ཆེན་པོའམ། དག་འབྱེད་དབང་ཕྱུག་གམ། སེར་སྐྱའམ། གསང་བ་པའམ། ལག་ན་རྡོ་རྗེ་སྟོབས་པོ་ཆེའམ། ནོར་བུ་བཟང་པོའི་བུའམ། གང་བ་བཟང་པོའམ། སྟོབས་ཀྱི་ལྷའམ། གར་མཁན་མཆོག་གམ། རླུང་ལྷའམ། དྲང་སྲོང་ཉིད་དེ་ཇི་ལྟར་གཟུགས་རྣམ་པ་སྣ་ཚོགས་ཡིད་ལ་བྱས་པ་ཐམས་ཅད་སྟོན་པར་བྱེད་དོ། །མེ་ཏོག་དང་། འབྲས་བུ་སྣ་ཚོགས་པ་ཉིད་འབྱུང་བར་བྱེད་དོ། །དེ་བཞིན་དུ་དགེ་འདུན་གྱི་ནང་དུ་ཞུགས་ན་དེ་ སངས་རྒྱས་ཀྱི་གཟུགས་དང་། གཟུགས་སྣ་ཚོགས་སུ་སྣང་ཞིང་གཞལ་མེད་ཁང་གི་རྣམ་པ་དག་ཀྱང་སྟོན་པར་བྱེད་དོ། །ཇི་ལྟར་འདོད་པར་འགྱུར་བ་ཡིད་ལ་བྱས་པ་དེ་ལྟར་གཟུགས་རྣམས་སྟོན་པར་བྱེད་དོ། །འཁོར་ཚོགས་པའམ། དགོན་པའམ། འཆག་ས་དག་ཀྱང་ སྨན་ནོར་བུ་དང་། གསང་སྔགས་ཀྱི་མཐུས་གཟུགས་སྣ་ཚོགས་སུ་སྟོན་པར་བྱེད་དོ། །འགྲོན་པོ་འབྲོག་གི་ནང་དུ་ཕྱིན་པ་ཉམ་ཐག་པ། འཇིགས་པ་མི་བཟད་པ། ཆུ་མེད་པ། དགོན་པར་མགོན་མེད་པ། སྡུག་བསྔལ་དྲག་པོ་དེ་ལྟ་བུའི་ན་འདུ་ཆུད་པའི་སྐྱེ་བོ་སྡུག་པར་ གྱུར་པ། སྐྱབས་མེད་པ། མགོན་མེད་པར་གྱུར་པ། སྐྱོབ་པ་མེད་པ། དཔུང་གཉེན་མེད་པར་གྱུར་པ་ན་དེ་ལ་རིག་སྔགས་འཆང་གིས་ཕྱེ་མ་འདིས་ཕྱོགས་བཞིར་མཚམས་གཅད་པར་བྱ། ཕྱེ་མས་དཀྱིལ་འཁོར་གྱི་ཚུལ་དུ་རི་མོ་བྲིས་ལ་རིལ་བུ་ལྔ་དཀྱིལ་འཁོར་གྱི་དབུས་སུ་ གཞག་གོ། །ཡུངས་ཀར་ལ་ཏིལ་མར་གྱི་རྒྱལ་པོས་བསྐུས་ལ་དོན་ཡོད་པའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་དབང་བསྐུར་ནས་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཞེས་བྱ་བས་ཕྱག་རྒྱ་བཅིངས་ལ་ས་ལ་བསྣུན་ཅིང་ཕྱོགས་བཞིར་གཏོར་བར་ བྱ་བ་ཕྱག་རྒྱ་དང་ལྡན་པར་བྱས་པ་ཙམ་གྱིས་ཆུ་བཟང་པོ་རྣམ་པ་སྣ་ཚོགས་འབབ་ཅིང་རྫིང་འབྱུང་བར་འགྱུར། ཚལ་དང་། ཉེ་བའི་ཚལ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་ལྡན་པའི་གཞལ་མེད་ཁང་འབྱུང་བར་འགྱུར། ཕྱེ་མའི་དཀྱིལ་འཁོར་དེ་ལས་གྲོང་ཁྱེར་དང་། ཁང་བཟངས་ འབྱུང་བར་འགྱུར། ཁྱིམ་གྱི་གནས་ལྔ་སྟོང་འབྱུང་བར་འགྱུར་ཞིང་བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འབྱུང་བར་འགྱུར། ཉོ་ཚོང་དང་། བ་ལང་དང་། མ་ཧེ་དང་། རྟ་དང་། གླང་པོའི་གནས་དག་འབྱུང་བར་འགྱུར། དགེ་ སྦྱོང་དང་། བྲམ་ཟེ་དང་། ཚོང་པ་དང་། ཁྱིམ་དང་། ཁང་པ་བཟང་པོ་དག་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་བསམས་པ་དེ་སྲིད་དུ་འདུག་གོ། །ཆུ་དང་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཕྱོགས་བཞིར་གཏོར་ན་མི་སྣང་བར་འགྱུར་རོ། །ཡུངས་ཀར་དེ་གཡུལ་འགྱེད་པའི་ནང་ དུ་གཏོར་ན་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པར་འབྱུང་བར་འགྱུར་ཏེ། དེས་ཕ་རོལ་གྱི་དམག་ཚོགས་དང་། དགྲ་འཇིགས་ཤིང་འཇོམས་པར་བྱེད་པ་ལས་རྒྱལ་བར་འགྱུར་རོ། །གྲོང་ཁྱེར་གྱི་ཕྱོགས་བཞི་ཀུན་ཏུ་གཏོར་ན་གཏོར་བ་ཙམ་གྱི་མོད་ལ་འོབས་བཅད་ ཅང་རབ་ཁ་ཁྱེར་གྱིས་བསྐོར་ལ་གྲོང་ཁྱེར་ཀུན་ཏུ་སྐྱེས་བུ་གོ་ཆ་བགོས་པ་དག་སྣང་བས་གྲོང་ཁྱེར་མནན་པའམ། གཙེ་བར་སུས་ཀྱང་མི་ནུས་སོ། །མཚན་མོའི་དྲིའི་ཏིལ་མར་དེ་ཉིད་ཡུངས་ཀར་ལ་བསྐུས་ཏེ། བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཆད་པ་གང་མེའི་ནང་དུ་ གཏོར། །ཆང་པ་གང་ཕྱོགས་བཞི་ཀུན་ཏུ་གཏོར་ན་ཀུན་ནས་མར་མེ་ཕྲེང་བ་འབྱུང་བར་འགྱུར་ལ། །ཇི་སྲིད་དགོས་པ་དེ་སྲིད་དུ་འབར་རོ། །གཙུག་ལག་ཁང་ངམ། དགོན་པའམ། རིའམ། ཕུག་གམ། འཆག་སའི་གནས་སམ། ཁྱིམ་དུ་གཏོར་ན་མར་མེའི་ཕྲེང་ བ་འབྱུང་བར་འགྱུར་ལ། ཆུ་དང་ཡུངས་ཀར་གྱིས་མི་སྣང་བར་འགྱུར། གྲོང་ཁྱེར་གྱི་སྒོར་ཡུངས་ཀར་གཏོར་ན་གཏོར་བ་ཙམ་གྱི་མོད་ལ་དགྲ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་གྲོང་ཁྱེར་མི་སྣང་བར་འགྱུར་རོ། །གང་ན་ཕྱིར་རྒོལ་བ་དང་། ཕ་རོལ་གྱི་དམག་ཚོགས་ གནས་པའི་གྲོང་ངམ། གྲོང་ཁྱེར་རམ། ཚལ་གྱི་ནང་ངམ། དགོན་པའི་གནས་སུ་གཏོར་ན་འབྲོག་དགོན་པ་འབྱུང་བར་འགྱུར་ལ། ཐམས་ཅད་ཕན་ཚུན་ངོ་མི་ཤེས་ནས་འཇིགས་ཤིང་སྐྲག་པ་ཆེན་པོས་རབ་ཏུ་འབྲོས་པར་བྱེད་དོ། །དགྲའི་ཚོགས་ཀྱི་ནང་དུ་གཏོར་ན་མཚོན་ཆ་ཐམས་ཅད་ དང་། འགྱེད་པའི་གོ་ཆ་ཐམས་ཅད་མི་སྣང་ཞིང་གཅེར་བུར་འགྱུར་རོ། །ཞལ་ཆེ་འགྱེད་པའི་ནང་དུ་གཏོར་ན་འགྱེད་ཟླ་གཙོ་བོ་དེ་གཅེར་བུར་འགྱུར་རོ། །དགྲའི་སྟེང་དུ་གཏོར་ན་མེ་འབར་བ་འབྱུང་བར་འགྱུར་ཏེ། དེ་དག་ལ་སོགས་པ་ཡིད་ལ་ཇི་ལྟར་བྱས་པའི་ལས་འབུམ་སྙེད་བྱེད་དོ། ། དེ་ནས་ལས་རྒྱ་ཆེན་པོ་བྱེད་པར་འདོད་པའི་རིག་སྔགས་འཆང་གཙང་མ་ལེགས་པར་ཁྲུས་བྱས་པ་སྤོས་ཀྱིས་ལུས་བསྐུས་པ་དེས། ཡུངས་ཀར་དང་། ཏིལ་མར་གྱི་རྒྱལ་པོས་བསྐུས་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ ལ་གཏོར་བར་བྱ། ཁྲོ་བོའི་རྒྱལ་པོས་ལན་བདུན་དབང་བསྐུར་ནས་ཕྱག་རྒྱ་བཅས་པའི་ལག་པས་རིལ་བུ་སྤྱི་བོར་བཞག་ལ་ཕྱེ་མས་གདབ་པར་བྱ། ཏིལ་མར་གྱི་རྒྱལ་པོས་རྐང་པ་ལ་བྱུག་པར་བྱ། དོན་ཡོད་པའི་རྒྱལ་པོ་ལན་ཅིག་དྲན་པར་བྱ་སྟེ། ཡོངས་སུ་སྦྱང་བའི་ལས་ལྷན་ཅིག་ བྱ་བ་ལེགས་པར་བྱས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་གཡོ་སྟེ་གར་དགའ་བར་འགྲོ་ལ། གཟུགས་བརྙན་གང་དུ་འགྲོ་བ་དེ་ཉིད་དུ་རང་འགྲོའོ། །ལྷའི་སྟེང་དུ་གཏོར་ན་ལྷ་ལྷའི་གནས་ནས་འཕོ་ཞིང་གར་དགའ་བ་དེར་འགྲོའོ། །ཕྱེ་མས་ལྷའི་ སྟེང་དུ་གཏོར་ལ་ཁྲོ་བོའི་རྒྱལ་པོ་ཧཱུཾ་ཞེས་བྱ་བ་མི་སྣང་བར་འགྱུར་རོ། །ཏིལ་མར་གྱི་རྒྱལ་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་བདག་ཉིད་ཀྱི་པུས་མོ་དང་། བྱིན་པ་ལ་བསྐུས་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རྐང་མཐིལ་ལ་བསྐུས་ན་སའི་སྟེང་ན་རྐང་པ་སོར་བཞི་ ཙམ་མི་རེག་གོ། །རྡོའི་སྟེང་དུ་རྐང་པ་བཞག་པ་དང་། རྐང་རྗེས་བྱུང་བའི་སྟེང་དུ་རྫ་མ་དང་། བུམ་པ་དང་། བུམ་བུ་བཞག་པའི་རྐུབ་ལ་བསྐུས་ན་སོར་བཞི་ཙམ་གྱི་ཚད་དུ་ནམ་མཁའ་ལ་འདུག་གོ། །ཡུངས་ཀར་ལ་བཟླས་བརྗོད་བྱས་ནས་མེས་སྦྱིན་སྲེག་བྱས་པའི་ཐལ་བ་དེ་བླངས་ནས་ ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཏིལ་མར་གྱིས་སྦྲུས་པ་ལ་ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད་དབང་བསྐུར་ནས་མིག་ལ་བསྐུས་ན་མིག་གསུམ་སྟོན་ཅིང་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་པར་བྱེད་དོ། །ཐལ་བས་ལུས་ལ་བྱུགས་ན་ཚངས་པའི་གཟུགས་སུ་སྟོན་ཏོ། །ཤིང་པ་ ལ་ཤ་དང་པརྣ་ཤ་བསྲེས་པས་ལུས་བྱུགས་ན་སྲེད་མེད་ཀྱི་བུའི་སྟོབས་དང་། ཤུགས་དང་། གཟུགས་སུ་སྟོན་ཏོ། །ཏིལ་མར་ཆེན་པོས་ཁར་བསྐུས་ལ་ཐལ་བས་དཔྲལ་བར་ཐིག་ལེ་བྱས་ན་གཞོན་ནུའི་གཟུགས་སུ་སྟོན་ཏོ། །ཡུངས་ཀར་གྱི་འབྲུ་ཁ་དོག་སྣ་ཚོགས་ཅན་ལ་ཏིལ་མར་ ཆེན་པོ་བྱུགས་པས་བསྐུས་ལ་དོན་ཡོད་པའི་རྒྱལ་པོས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། ཕྱག་རྒྱས་བརྒྱ་རྩ་བརྒྱད་དབང་བསྐུར་ཅིང་ཁྲོ་བོའི་རྒྱལ་པོས་བརྒྱ་རྩ་བརྒྱད་དབང་བསྐུར་ལ། དེ་ནས་དངུལ་གྱི་སྣོད་ཀྱི་ནང་དུ་གཞག །དེ་ནས་ལས་ཐམས་ཅད་བྱེད་དེ་ནམ་མཁའ་ལ་གཏོར་ན་ ནོར་བུ་དང་རིན་པོ་ཆེའི་ཆར་འབབ་པར་སྟོན་ཏོ། །དེ་བཞིན་གཤེགས་པ་མཆོད་པའི་ཚེ་ནམ་མཁའ་ལ་གཏོར་ན་མེ་ཏོག་གི་ཆར་སྣ་ཚོགས་འབབ་པར་འགྱུར། འདུས་པའི་ནང་དུ་ནམ་མཁའ་ལ་གཏོར་ན་འབྲས་བུ་དང་ནོར་གྱི་རྒྱུན་སྣ་ཚོགས་པ་སྟོན་ཏོ། །ཚལ་གྱི་ནང་དུ་གཏོར་ན་མེ་ཏོག་ དང་འབྲས་བུ་སྣ་ཚོགས་པ་སྟོན་ཏོ། །རི་ཕུག་ཏུ་གཏོར་ན་རྫས་དང་སྨན་སྣ་ཚོགས་སྟོན་ཏོ། །མཆོད་རྟེན་རྙིང་པའམ། གཙུག་ལག་ཁང་ངམ། ལྷའི་གནས་སུ་གཏོར་ན་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་གང་ཞིང་རྫོགས་པ་ཁང་པ་བཟང་པོ་ཡངས་པ་གནས་ཀྱི་མཆོག་ སྟོན་ཏོ། །གྲོང་ཁྱེར་སྟོང་བར་གཏོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་ཤིང་ཡོངས་སུ་རྫོགས་པ་དང་། ཡུལ་གྱི་རྒྱལ་པོ་དང་། སླས་དང་། བཀྲབས་པ་དང་། མདུན་ན་འདོན་པ་དང་། བློན་པོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་སྟོན་ཏོ། །ཡང་ཁྲོ་བོའི་རྒྱལ་པོའི་ཧཱུྃ་ཞེས་བྱ་བས་གཏོར་ན་དཔུང་གི་ཚོགས་ཡན་ལག་བཞི་པ་སྟོན་ཏོ། །དུར་ཁྲོད་ཀྱི་ནང་དུ་གཏོར་ན་ཤི་བའི་རུས་པ་གང་དང་གང་ལ་བབ་པ་དེ་དང་དེ་གང་དུ་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་ མ་ཡིན་ནམ། ནམ་མཁའ་ལྡིང་ངམ། དྲི་ཟའམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། བྱའམ། ཉའམ། རུ་སྦལ་གྱི་རིགས་སུ་སྐྱེས་པའམ། ལྷའི་འཇིག་རྟེན་ནམ། སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་དེའི་རུས་པའམ། ཐོད་པ་ལ་ཚིག་འབྱུང་བར་འགྱུར་ལ་གང་དུ་སྐྱེས་པ་དེའི་ གཏམ་ཡང་སྨྲའོ། །གང་དང་གང་གི་སྐྱེ་གནས་སུ་སྐྱེས་པ་དེ་ཐམས་ཅད་སྨྲ་ལ་ཐབས་ཇི་ལྟར་བྱ་བ་དེ་སྨྲའོ། །ཡུངས་ཀར་དེས་ཀྱང་རུས་གོང་འབྲེལ་པའམ། ཤི་བའི་རོའམ། རུས་པ་འཐོར་བ་ལ་བབ་ན་བབ་པ་ཙམ་གྱི་མོད་ལ་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་ནས་ འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཟོང་བཀྲམ་པའི་ནང་དུ་གཏོར་ན་ཐམས་ཅད་མི་མངོན་པར་འགྱུར་རོ། །ནམ་མཁའ་ལ་གཏོར་ན་སྐར་མ་རྣམས་མི་མཐོང་བར་འགྱུར་རོ། །སྐྱེ་བོ་མང་པོའི་ནང་དུ་གཏོར་ན་ཐམས་ཅད་གཅེར་བུར་འགྱུར་རོ། །འདུས་པའི་ནང་དུ་ གཏོར་ན་ཐམས་ཅད་བྲོ་རྡུང་བར་བྱེད་དོ། །དགེ་འདུན་གྱི་ནང་དུ་གཏོར་ན་དགེ་སློང་ཐམས་ཅད་བསམ་གཏན་ཐོབ་པར་འགྱུར་རོ། །ཚོགས་ཀྱི་གཙོ་བོ་ལ་གཏོར་ན་རྣལ་འབྱོར་སྤྱོད་པར་འགྱུར་རོ། །མཁའ་འགྲོ་མའི་ཚོགས་ཀྱི་ནང་དུ་གཏོར་ན་ཐམས་ཅད་བོང་བུ་དང་། ཝ་དང་། ཁྱིའི་གཟུགས་ཅན་དུ་འགྱུར་རོ། །སྦྱོར་མའི་སྒོར་གཏོར་ན་སྦྱོར་མ་ཐམས་ཅད་འབར་ལ་མ་ཧེའི་གཟུགས་ཅན་དུ་སྣང་ངོ་། །ཤི་བའི་སྟེང་དུ་གཏོར་ན་བྲོ་རྡུང་བར་བྱེད་དོ། །ཐོད་པའི་སྟེང་དུ་གཏོར་ན་བྲོ་རྡུང་བར་བྱེད་ཅིང་རྒྱུག་ལ་ཕན་ཚུན་རྒྱུག་པར་བྱེད་དོ། །ལམ་གྱི་བཞི། མདོར་གཏོར་ན་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་ཉེ་བར་འཁོད་ལ་ཇི་སྲིད་འཚོའི་དབང་དུ་གྱུར་ནས་འཁོད་དོ། །ཉིན་གཅིག་བཞིན་བདག་ཉིད་ལ་གཏོར་ན་མཆོད་པ་ཆེན་པོའི་གནས་སུ་འགྱུར་ཏེ། གཞན་ཡང་རང་གི་བློ་རྣམས་ཀྱིས་ལས་ འབུམ་སྙེད་བྱེད་དོ། །དོན་ཡོད་པ་ཆེན་པོ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་སྒྱུ་མ་ལྟ་བུའི་ཆོ་གའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅྭ་བརྒྱད་པ། དེ་ནས་དེའི་ཕྱིར་འགུགས་པ་ཆེན་པོ་དང་། ལག་ན་རྡོ་རྗེའི་གཟུགས་བསྟན་ པའི་ཆོ་ག་བཤད་པར་བྱ་སྟེ། གང་གིས་ལྷ་རྣམས་མྱུར་དུ་འོང་བ་དང་། ཕྱག་ན་རྡོ་རྗེའི་གཟུགས་མྱུར་དུ་སྟོན་ཏོ། །རྡོ་རྗེའི་སྐུ་དང་སྟོབས་པོ་ཆེ། །རྟ་མགྲིན་དང་ནི་མགུལ་སྔོན་དང་། །དེ་བཞིན་རྟ་ནི་རྒོད་མའི་ཁ། །བདུད་རྩི་འཁྱིལ་ལྡན་གཟུགས་པོ་ཆེ། །ལོག་འདྲེན་རྣམས་ནི་རབ་ འཇོམས་དང་། །ཁྲོ་རྒྱལ་དེ་བཞིན་འཇིགས་བྱེད་སྤྱན། །ཀི་ལི་ཀི་ལིའི་རྒྱལ་པོ་ཆེ། །ཁྲོ་བོ་ཆོལ་པ་སྟོབས་པོ་ཆེ། །དེ་བཞིན་རྡོ་རྗེས་འོག་གཟུགས། །རྡོ་རྗེ་རྩེ་མོ་དེ་ཉིད་དང་། །ཀླུ་ཆེན་རབ་འཇོམས་སྤྱན་ཡངས་དང་། །སོག་མ་མེད་ནི་འདུལ་བ་དང་། །དེ་བཞིན་ཐིགས་ ཁྲོ་ཁྲོས་ཆེན་དང་། །དེ་བཞིན་མཆེ་བ་གཙིགས་མཛད་དང་། །རྒྱལ་པོ་ཆེན་པོ་རྡོ་རྗེའི་སྒྲོག །ཀླུ་ཡི་དབང་པོ་སྟོབས་ཀྱིས་གནོན། །མགོན་པོ་གོས་སྔོན་གྱོན་པ་དང་། །དབྱུག་སྔོན་དགྲ་ལས་རྒྱལ་བ་དང་། །འཇིག་རྟེན་དབང་ཕྱུག་པདྨའི་ལྟེ། །ཕྱག་ན་པདྨ་པདྨ་ ཕྱུག །དེ་བཞིན་འཇིགས་པ་བརྒྱད་སེལ་དང་། །དེ་བཞིན་མཆོད་རྟེན་འཇིག་རྟེན་བླ། །སྣ་ཚོགས་གཟུགས་ཏེ་བཟང་པོ་དང་། །སྲེད་མེད་བུ་དང་ཚངས་པ་དང་། །དྲག་པོ་དང་ནི་དབང་ཕྱུག་དང་། །ནག་པོ་ཆེན་པོ་གཞོན་ནུ་དང་། །གཤིན་རྗེ་དང་ནི་ཆུ་ལྷ་ཉིད། ། ཉི་མ་དང་ནི་ཟླ་བ་དང་། །རྒྱུ་སྐར་སྒྲ་གཅན་མཇུག་རིངས་དང་། །དེ་བཞིན་གཟའ་དང་ལྷ་མ་ཡིན། །ནམ་མཁའ་ལྡིང་དང་མི་འམ་ཅི། །གནོད་སྦྱིན་སྲིན་པོ་ལྟོ་འཕྱེ་ཆེ། །འབྱུང་པོ་དཔལ་ལྡན་རྣམ་ཐོས་བུ། །དེ་བཞིན་ཡུལ་སྐྱོང་མིག་མི་བཟང་། །འཕགས་སྐྱེས་དེ་ ཉིད་མཐོང་བ་དང་། །མིའུ་ཐུང་དང་ནི་དྲང་སྲོང་གཟུགས། །ནོར་བུ་བཟང་སྲས་གང་བ་དང་། །སྣ་ཚོགས་གཟུགས་ཅན་སྟོན་པ་དང་། །རྒྱལ་པོ་དང་ནི་དེད་དཔོན་དང་། །ཚོང་དཔོན་དེ་བཞིན་ཁྱིམ་བདག་དང་། །བྲམ་ཟེ་དང་ནི་རྒྱལ་རིགས་དང་། །དགེ་ སྦྱོང་སྟག་དང་སེང་གེ་དང་། །ཁྱུ་མཆོག་དེ་བཞིན་ནགས་ཀྱི་ལྷ། །ཤིང་ལྷ་དེ་བཞིན་ལོ་ཏོག་ལྷ། །གང་གཱ་སི་ཏཱ་ཡ་མུ་ནཱ། །ཟླ་བ་སྐལ་ལྡན་རུ་སྦལ་ཉ། །ལག་འགྲོ་དང་ནི་ཐོད་པ་ཅན། །སྐལ་ཡོད་དེ་བཞིན་འབྲས་བུ་དང་། །མེ་ཏོག་རྒྱལ་རླབས་ཆེན་པོ་དང་། །སྣ་ཚོགས་གཟུགས་ དང་རྣམ་སྣ་ཚོགས། །དེ་ལྟར་དགུག་པ་བསྟན་པ་དང་། །དེ་ལྟར་སླར་གཤེགས་གསོལ་བ་ཉིད། །སྦྱིན་སྲེག་དྲ་བ་འདི་ཉིད་ནི། །སྒྱུ་འཕྲུལ་རྨད་བྱུང་གསང་སྔགས་གྲུབ། །རྫས་གྲུབ་ནོར་བུ་ཏིལ་མར་གྲུབ། །དོན་ཡོད་ཞགས་པ་བསྒྲུབ་པའི་ཕྱིར། །དེ་ཉིད་དངོས་གྲུབ་རབ་སྟོན་ པ། །མཆོད་རྟེན་དགོན་པ་གཙུག་ལག་ཁང་། །ལྷ་ཡི་གནས་དང་དེ་བཞིན་གྲོང་། །གྲོང་ཁྱེར་ཉིད་དང་འབབ་ཆུའི་དངོ་། །མཚེའུ་དང་ལྟེང་ཀ་ཆུ་བོ་དང་། །རྫིང་དང་དེ་བཞིན་ཆར་འབབ་དང་། །འབྲུག་སྒྲོགས་དང་ནི་གློག་འགྱུ་དང་། །གཞན་ཡང་མེ་ནི་འབར་བ་དང་། །དུད་ པའི་ཕུང་པོ་བདེ་འགྱེད་དང་། །སྐྱེས་བུ་གོ་ཆ་གྱོན་པ་དང་། །དེ་བཞིན་མཚོན་ཆ་སྣ་ཚོགས་མཐོང་། །ཁྱུ་མཐོང་གྲུབ་པ་མཐོང་བ་དང་། །དེ་ཉིད་རྨད་དུ་བྱུང་བ་སྟེ། །རྫས་ཉུང་སྦྱར་བ་ཉུང་གྱུར་ཀྱང་། །དེ་ཉིད་དངོས་གྲུབ་བླ་ན་མེད། །སེམས་ཅན་རྣམས་ལ་ཕན་འཚལ་ནས། ། བཅོམ་ལྡན་དེ་ཉིད་བདག་གིས་བཤད། །རིག་སྔགས་འཆང་རྣམས་བཀླགས་པས་འགྲུབ། །དབུལ་པོ་རྣམས་ནི་ནོར་འཐོབ་ཅིང་། །སྡང་བ་རྣམས་ནི་བྱམས་པར་བགྱིད། །མུ་སྟེགས་གཞན་རྣམས་དད་པར་བགྱིད། །མཁས་པ་རྣམས་ནི་དགའ་བར་བགྱིད། །གདུལ་ དཀའ་རྣམས་ནི་ཐར་བར་འཚལ། །དགེ་སློང་རྣམས་ནི་བསམ་གཏན་ཐོབ། །ཏིང་འཛིན་བླ་ན་མེད་པ་ཐོབ། །ཆོས་འདོད་རྣམས་ནི་སངས་རྒྱས་མཐོང་། །སྡིག་པ་བྱེད་རྣམས་སྡིག་པ་འཇིག །མི་རིགས་བྱས་རྣམས་ཐར་པ་འཐོབ། །མཚམས་མེད་ལྔ་རྣམས་རྣམ་དག་ དོན། །དབུགས་མ་ཕྱིན་རྣམས་དབུགས་འབྱིན་མཆོག །མ་དུལ་བ་རྣམས་དེ་བཞིན་འདུལ། །མ་བརྒལ་བ་རྣམས་སྒྲོལ་བའི་གྲུ། །ཐར་པའི་ལམ་དུ་འགྲོ་བར་གནས། །མ་གྲོལ་ངན་འགྲོ་ཀུན་ལས་འགྲོལ། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ལུང་མ་བསྟན་ པ་ལུང་སྟོན་བྱེད། །སྐྱོན་དང་དྲི་མ་སྡིག་པ་རྣམས། །ཐམས་ཅད་མོད་ལ་སྤོང་བགྱིད་དེ། །དེ་ལ་སོགས་པའི་ལས་རྣམས་ནི། །བཀླགས་པས་གྲུབ་པ་བགྱིད་པ་ལགས། །འཇིག་རྟེན་པ་དང་འཇིག་རྟེན་འདས། །དོན་གྱི་དངོས་གྲུབ་བླ་ན་མེད། །གང་དང་གང་དུ་སྦྱོར་བ་བགྱིད། ། དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །ཡིད་ལ་བསམས་པ་འགྲུབ་པར་འགྱུར། །འདིར་ནི་ཡིད་ཀྱིས་རྣམ་བསམས་པ། །ཇི་ལྟར་ཡིད་ལ་འདོད་པ་དང་། །ཇི་ལྟར་ངོ་བོ་ཀུན་བསམས་པ། །དེ་ལྟར་རྣམ་འཕྲུལ་སྟོན་པར་བགྱི། །ཚེས་གྲངས་རྒྱུ་སྐར་སྦྱར་མི་འཚལ། །སྨྱུང་བ་ བགྱི་བ་མི་འཚལ་ཏེ། །ཆོ་ག་ཇི་བཞིན་དུས་ཅི་བཞིན། །ཆོ་ག་རིག་སྔགས་རྒྱལ་པོ་བཟླས། །རིག་སྔགས་འཆང་བ་གཙང་གྱུར་ཅིང་། །ལེགས་པར་ཁྲུས་བགྱིས་གོས་གཙང་དག །བགོས་པ་བདེན་པར་སྨྲ་བ་དང་། །བླ་མ་ལ་ནི་གུས་བྱེད་པ། །རྟག་ཏུ་བྱམས་པའི་སེམས་ལ་ གནས། །སེམས་ཅན་ཀུན་ལ་བརྩེ་བའི་མཆོག །སྡོམ་ལ་གནས་ཤིང་ཚངས་པར་སྤྱོད། །ཆོས་མ་ཡིན་པ་སྤོང་བྱེད་པ། །གལ་ཏེ་དེ་ཉིད་གྲུབ་འདོད་ན། །ཆང་དང་ཤ་དང་ཀུན་དོང་དང་། །འདྲེས་དང་ཟ་འཕྲོ་སྦགས་པ་སྤང་། །སེམས་ཅན་ངན་པ་སུན་འབྱིན་པ། །རིག་ སྔགས་རྐུ་དང་ཆོ་ག་རྐུ། །ཆོས་རྐུ་གསང་སྔགས་རྐུ་བ་དང་། །དེ་བཞིན་རྐུན་མོ་ཆོམ་རྐུན་དང་། །སེར་སྣ་རྟག་ཏུ་སྤང་བར་གྱིས། །དེ་དག་ལ་ནི་དངོས་གྲུབ་མེད། །མ་རུངས་པ་ཡིས་དམ་ཚིག་ཉམས། །ཡིད་གཅུགས་པ་ནི་མེད་པར་བྱེད། །སྡིག་པའི་ཆོས་ནི་ཀུན་དུ་སྤྱོད། ། དེ་བཞིན་གཤེགས་པ་ཀུན་གྱིས་སྨད། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨད། །རྟག་ཏུ་ཆོས་ཀྱི་སྡོང་དུམ་འགྱུར། །ཤི་ནས་སེམས་ཅན་དམྱལ་བར་གཞོལ། །རྟག་ཏུ་སྨད་པའི་གནས་སུ་འགྱུར། །དབུལ་པོ་ལུས་ནི་སྐམས་པ་དང་། །མཛེ་དང་ཁྱི་རྔོས་འདེབས་པ་ དང་། །སྡུག་བསྔལ་རྐུན་མ་ཆོས་སུན་འབྱིན། །ཆོས་རྐུ་བ་ཡི་ལུས་ཅན་ནི། །འཇིག་རྟེན་འདིར་ནི་བདེར་མི་འགྱུར། །འཇིག་རྟེན་ཕ་རོལ་ག་ལ་བདེ། །སེམས་ཅན་དམྱལ་བར་གཞོལ་བ་ཡིན། །དེ་ལྟ་བས་ན་ཆེན་པོ་འདོད་པས་ནི་རྟག་ཏུ་དམ་པའི་ཆོས་ཀྱི་རྗེས་ སུ་འབྲང་བར་བྱ་ཞིང་རྟག་ཏུ་དཀོན་མཆོག་གསུམ་དང་། །ཕ་དང་མ་དང་བླ་མ་དང་། སྟོན་པ་ནི་སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་མཛད་པ། སྟོན་པ། མཆོག་སྦྱིན་པ། དངོས་གྲུབ་དང་། མི་འཇིགས་པ་སྦྱིན་པ། རྒ་ཤི་ལས་ཐར་བར་བྱེད་པ། དབང་ཕྱུག་སྦྱིན་པ། ནོར་སྦྱིན་པ། ལོངས་སྤྱོད་སྦྱིན་པ། དང་བ་མཆོག་བསྐྱེད་པ་དེ་ཉིད་འཇིག་རྟེན་གྱི་བླ་མ། མགོན་པོ་འཇིག་རྟེན་དབང་ཕྱུག་ཆེན་པོ་དབང་ཕྱུག་མགོན་པོ། མཆོག་སྦྱིན་པར་མཛད་པ། གཟུགས་སྣ་ཚོགས་སྟོན་པར་མཛད་པ། དངོས་གྲུབ་སྣ་ཚོགས་སྦྱིན་པར་བགྱིད་པ། མགོན་པོ་སྡུག་བསྔལ་སྣ་ཚོགས་ ལས་ཡོངས་སུ་ཐར་བར་བགྱིད་པ། ནད་སྣ་ཚོགས་སྦྱོང་བར་གྲུབ་པ། རིན་པོ་སྣ་ཚོགས་རབ་ཏུ་སྦྱིན་པར་བགྱིད་པ། འཇིག་རྟེན་སྡིག་པ་སྣ་ཚོགས་སེལ་བར་བགྱིད་པ། བླ་མ་ལ་གུས་པ་སྣ་ཚོགས་བགྱིད་པ་ལགས་ཏེ། དེ་ལྟ་བས་ན་རྟག་ཏུ་འབད་པས་དགོས་པ་ཐམས་ ཅད་རབ་ཏུ་སྦྱིན་པར་བགྱིད་པ། རྟག་ཏུ་འབད་པས་ཤིན་ཏུ་གུས་པར་བགྱིས་པ་ལགས་སོ། །དེ་ནས་རྫས་ཀྱི་སྨན་གྲུབ་པ་དང་། བཟླས་བརྗོད་ཀྱི་ཆོ་ག་བཤད་པར་བགྱི་སྟེ། སེང་གེའི་ལྕེ་དང་། སྙིང་དང་། མིག་དང་། དེ་བཞིན་དུ་ཉ་ཕྱིས་ཀྱི་ཕྱེ་དང་། ལྡོང་རོས་དང་། བྲཧྨའི་འོ་མ་དང་། གུ་གུལ་དང་། པདྨ་དང་། པདྨའི་ཟེ་བ་དང་། ཨུཏྤལ་སྔོན་པོ་དང་། ནཱ་ག་པུས་པ་དང་། ལི་ཤི་དང་། རྒྱ་སྤོས་དང་། དེ་བཞིན་དུ་གིའུ་ཝང་དང་། གླ་རྩི་དང་། ག་བུར་དང་། གུར་གུམ་དང་། ཙནྡན་དཀར་པོ་དང་། སྤྲྀ་ཀ་དང་། ཏེ་ཛ་བ་ཏི་སྟེ་དེ་ལྟར་ཆ་མཉམ་ པར་བྱས་པ་དེ་དག་ཐམས་ཅད་ཕྱེ་མ་ཞིབ་མོར་བྱས་ལ་དངུལ་གྱི་སྣོད་བཀང་སྟེ་དར་གྱིས་གཡོགས། དོན་ཡོད་པའི་རྒྱལ་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་དུས་གསུམ་དུ་ཁྲི་བཟླས་བརྗོད་བྱའོ། །དུས་གསུམ་དུ་ཁྲོ་བོའི་རྒྱལ་པོས་ལན་ཉི་ཤུ་རྩ་གཅིག་བཟླས་ བརྗོད་བྱས་པས་དབང་བསྐུར་ཞིང་ཕྱག་རྒྱས་ཀྱང་ཉི་ཤུ་རྩ་གཅིག་ཏུ་དབང་བསྐུར་རོ། །ཁྲི་ཚང་ནས་ཆ་ལྔ་བྱས་ཏེ་ཕྱེ་མ་དང་། ཏིལ་མར་དང་། ནོར་བུ་དང་། མིག་བསྐུ་བ་དང་། ཏིལ་མར་ཚོས་པ་དང་ཆ་ལྔའོ། །ཕྱེ་མའི་པདྨ་མུ་རུ་ཀའི་ཕྱེ་མ་དང་སྦྱར་ལ་བཟླས་བརྗོད་བྱའོ། ། ཁྲོ་བོའི་རྒྱལ་པོས་ནི་ལྔ་སྟོང་ངོ་། །ཏིལ་མར་ནི་མ་ཧཱ་རུ་དྷི་རས་འགྲུབ་སྟེ་བརྒྱ་སྟོང་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་པོས་བཞི་སྟོང་ངོ་། །ནོར་བུ་ནི་སྦྲུལ་གྱི་ཁྲག་གིས་སྦྲུས་ཏེ་ཁྲི་ཆིག་སྟོང་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་པོས་ལྔ་སྟོང་ལྔ་བརྒྱའོ། །མིག་སྨན་ནི་རྨ་བྱའི་མིག་ཆུ་ དང་། འུག་པའི་མིག་དང་། ཀླད་པ་དང་སྦྱར་ལ་ཁྲི་ཆིག་སྟོང་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་དོ། །བྲཧྨ་ཏཻ་ལ་སྲང་ཉི་ཤུ། གན་དྷ་ར་བ་ཏཻ་ལ་སྲང་བརྒྱད། ཡུངས་མར་ལ་སྲང་བཅུ་དྲུག །འོ་མ་ལ་སྲང་བརྒྱ། བ་སེར་མོ་གྲུབ་པའི་འོ་མ་དང་། བའི་ ལྕི་བ་དང་། བ་གཅིན་སྲང་བདུན། དུ་རུ་སྐའི་མར་ཁུ་སྲང་གཉིས་ཏེ་རྫས་འདི་རྣམས་ཆུ་དང་བསྲེས་ནས་པདྨའི་སྡོང་བུས་དཀྲུག་ཅིང་ཟངས་སྣོད་དུ་བཙོའོ། །མཉམ་པར་གཞག་པས་གསང་སྔགས་བཟླས། །ཆོ་ག་དག་གིས་བསྲུང་བར་བྱ། །ཆོ་ག་བཞིན་དུ་གཏོར་མ་སྦྱར། ། མེ་ཏོག་བདུག་སྤོས་དག་གིས་བདུག །ཏིལ་མར་མཆོག་ནི་བསྒྲུབ་པར་བྱ། །ཆུང་ངུར་མེ་བུད་གྲུབ་པ་མཆོག །སྤོས་ཀྱི་ཤིང་གིས་བུད་པ་བཟང་། །འདི་ལྟར་གྲུབ་པར་ཤེས་པ་དང་། །ཁྲོ་བོའི་རྒྱལ་པོས་དབང་བསྐུར་བ། །ཉི་ཤུ་གཅིག་ཏུ་དབང་བསྐུར་རོ། །ཏིལ་ མར་དེ་ནི་སྣོད་གཙང་མ། །ཟངས་སྣོད་ཡང་ན་དངུལ་སྣོད་བཟང་། །སྨྱིག་མའི་སྣོད་དུ་གཞག་པར་བྱ། །དེ་ནས་རིག་སྔགས་བརྒྱད་སྟོང་དང་། །ཁྲོ་བོའི་རྒྱལ་པོ་བརྒྱད་སྟོང་ཉིད། །སོ་སོ་དག་ཏུ་བཟླས་བརྗོད་བྱ། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེར་གཞག་པར་ བྱ་བ་ནི་ཇི་ལྟར་དཀྱིལ་འཁོར་གྱི་ཆོ་གར་བྱ་བ་དེ་ལྟར་བྱས་ནས་གཞག་ཅིང་སློབ་དཔོན་གྱི་ལས་ཀྱང་བྱ་སྟེ། ཇི་ལྟར་དཀྱིལ་འཁོར་བསྒྲུབ་པ་དང་། འཇུག་པ་དང་། དམ་ཚིག་དང་། ཕྱག་རྒྱ་དང་། དབང་བསྐུར་བ་དང་། མཆོད་པ་དང་། དཀྱིལ་འཁོར་བསྐོར་བ་དང་། ཕྱག་བྱ་བ་དང་། སྤྱིའུ་གཙུག་བཅིང་བ་དང་། ཕྱག་རྒྱ་བཅིང་བ་དང་། སྲུང་བའི་ཆོ་ག་དང་། ཉེ་རེག་བྱ་བ་དང་། གོས་བགོ་བ་དང་། མཆོད་ཕྱིར་ཐོགས་པ་སྡེ་དཀྱིལ་འཁོར་གྱི་སློབ་དཔོན