Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
སོ་སོར་འཇོག་པ། ཕྱིར་མི་ལྡོག་པའི་གནས་ལ་རྗེས་སུ་འཇུག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་། བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། དོན་ཡོད་པའི་མཆོག་ཕུན་སུམ་ཚོགས་པ་ཐོབ་པར་མཛད་པ། དོན་ཡོད་པའི་རྣམ་པར་འཕྲུལ་བའི་ རྣམ་པར་སྤྲུལ་པ། དོན་ཡོད་པར་སེམས་རྒྱ་མཚོ་སྙེད་ཡང་དག་པར་འཛིན་པ། དོན་ཡོད་པར་སེམས་ཅན་ས་བོན་ལ་སོ་སོར་འཇོག་པ། དོན་ཡོད་པར་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ལ་འཇུག་པ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་ སུ་སྒྲོགས་པ། དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། བསྙེན་བཀུར་གྱི་སྤྲིན་རབ་ཏུ་བྱེད་པ། དོན་ཡོད་པར་སེམས་ཅན་ཐམས་ཅད་མི་འཇིགས་པའི་ཁྱིམ་དུ་འཛུད་པ། དོན་ཡོད་པར་སྦྱིན་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། དོན་ཡོད་ པར་ལྷ་རྫས་ཀྱི་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རྒྱན་དང་། ཆོས་གོས་སྣ་ཚོགས་དང་། རིན་པོ་ཆེ་བདུན་གྱི་ཆར་འབེབས་པ། དོན་ཡོད་པའི་ ཚེ་ཡོངས་སུ་བརྗེས་ཏེ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བརྒྱན་པ་སྣ་ཚོགས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་ལྟ་བ། དོན་ཡོད་པར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་རབ་ཏུ་རྫོགས་པ། དོན་ཡོད་པར་དགེ་བའི་རྩ་བ་ཆེན་པོ་སྐྱེད་པ། དོན་ཡོད་པར་དེ་བཞིན་གཤེགས་པ་ ཐམས་ཅད་ཡང་དག་པར་མཐོང་བ་དང་། གྲུབ་པ་དང་། ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟོན་པ། དོན་ཡོད་པར་དབང་ཕྱུག་སྒྲུབ་པ། དོན་ཡོད་པར་རིག་སྔགས་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ཡང་དག་པར་སྟོན་པ། དོན་ཡོད་པར་གྲུབ་པ་མཐོང་བ། དོན་ཡོད་པར་ཆོ་ག་མཐོང་བ། དོན་ཡོད་པར་ཚེ་རབ་ཏུ་འཕེལ་བ། དོན་ཡོད་པར་སྙན་པར་གྲགས་པ་རབ་ཏུ་སྟོན་པ། དོན་ཡོད་པར་འཁོར་བ་ལས་རབ་ཏུ་སྒྲོལ་བ། དོན་ཡོད་པར་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལས་ཡོངས་སུ་སྒྲོལ་བ། དོན་ཡོད་ པར་མཆོག་རབ་ཏུ་སྦྱིན་པ། དོན་ཡོད་པར་བཟླས་བརྗོད་དང་ཆོ་ག་རབ་ཏུ་རྫོགས་པ། དོན་ཡོད་པར་དྲན་པའི་དགེ་བའི་རྩ་བ་རབ་ཏུ་རྫོགས་པ། དོན་ཡོད་པར་རིག་འཛིན་འཁོར་ལོས་སྒྱུར་བ་ཐོབ་པ་ཡང་དག་པར་སྟོན་པ། དོན་ཡོད་པར་ལྷའི་གནས་དང་། གཞལ་མེད་ཁང་སུམ་ཅུ་རྩ་གཉིས་ ཀྱི་ལྷའི་གནས་སུ་འཇུག་བ། དོན་ཡོད་པར་འོག་མིན་གྱི་གནས་ཀྱི་བར་དུ་འཇུག་པ། དོན་ཡོད་པར་སུམ་ཅུ་རྩ་གསུམ་གྱི་གནས་སུ་བརྒྱ་བྱིན་ལྷའི་རྒྱལ་པོར་འཇུག་པ། དོན་ཡོད་པར་རི་རབ་ཆེན་པོ་ལག་པ་གཅིག་གིས་སྒུལ་བ། དོན་ཡོད་པར་ རྫུ་འཕྲུལ་གྱི་སྟོབས་སྟོན་པ། དོན་ཡོད་པར་མི་སྣང་བ་སྟོན་པ། དོན་ཡོད་པར་སྟོབས་འཕེལ་བ། དོན་ཡོད་པར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བ་སོ་སོར་འཐོབ་པ་སྟོན་པ། དོན་ཡོད་པར་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ། དོན་ཡོད་པར་འབྲུའི་ ཆར་འབེབས་པ། དོན་ཡོད་པར་གོས་ཀྱི་ཆར་འབེབས་པ། དོན་ཡོད་པར་རྒྱན་དང་། ཆོས་གོས་དང་། མུ་ཏིག་གི་ཆུན་འཕྱང་དང་། གདུབ་ཀོར་དང་། གསེར་གྱི་ཙོང་ཙོང་དང་། གདུ་བུ་དང་། དཔུང་རྒྱན་སྣ་ཚོགས་ཀྱི་ཆར་འབེབས་པ་ཡང་དག་པར་སྟོན་པ། དོན་ཡོད་པར་རོ་ རྣམ་པ་སྣ་ཚོགས་རོའི་མཆོག་རོ་བརྒྱའི་ཁ་ཟས་ཀྱི་ཆར་འབེབས་པ། དོན་ཡོད་པར་སེམས་ཅན་སྣ་ཚོགས་གྲོལ་བ་སྟོན་པ། དོན་ཡོད་པར་བསྟན་བཅོས་དང་། ཚིག་ལེའུར་བྱས་པ་དང་། ཚུལ་དང་འདུལ་བ་དང་། མདོ་སྡེ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་མན་ངག་སྣ་ཚོགས་དང་། ཆོས་མངོན་པ་དང་། ཚོགས་ཀྱི་གཏམ་ཡང་དག་པར་སྟོན་པ་དང་། དོན་ཡོད་པར་ཐེག་པ་ཆེན་པོ་རྣམ་པ་སྣ་ཚོགས་ རྒྱ་མཚོ་ལ་འཇུག་པ་དང་རབ་ཏུ་སྟོན་པ། དོན་ཡོད་པར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། བརྗེད་བྱེད་དང་། བགེགས་དང་། ལོག་འདྲེན་སྣ་ཚོགས་ཉེས་པ་དང་། གསོད་པ་དང་ཤིན་ཏུ་སེལ་བ་ ཡང་དག་པར་སྟོན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ལྟར་ན་ཡོན་ཏན་ཆེན་པོ་ཅན་གྱི་གཟུངས་ངན་སོང་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ། ཐམས་ཅད་དུ་མི་འཇིགས་པའི་གནས་རབ་ཏུ་སྟོན་པ། འཇིག་རྟེན་ལས་འདས་པའི་ལམ་ལེགས་པའི་ལམ་རབ་ཏུ་སྟོན་པ། མྱ་ངན་ལས་ འདས་པའི་ལམ་རབ་ཏུ་སྟོན་པ། ཕྱིར་མི་ལྡོག་པའི་གནས་དང་། སངས་རྒྱས་ཉིད་སྦྱིན་པར་མཛད་པ་ལགས་ཏེ། བཅོམ་ལྡན་འདས་དོན་ཡོད་པར་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོའི་གཟུངས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡོན་ཏན་ཁྱད་པར་ཡོངས་ སུ་བསྒྲགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་ལ་རབ་ཏུ་གནས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སེམས་དཔའ་ཆེན་པོ་མཆོག་ཏུ་དཀོན་པའི་གཟུངས་འདིའི་སྙིང་པོ་འཇིག་རྟེན་ལས་འདས་པ་རྣམ་པར་འཕྲུལ་པ་བཤད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་རྫུ་འཕྲུལ་རྣམ་པར་འཕྲུལ་བ། གསང་བའི་སྙིང་པོ་ཡོངས་སུ་ བསྒྲགས་པ་ལེགས་སོ་ལེགས་སོ། །དེ་དག་ནི་སེམས་ཅན་ཐམས་ཅད་ལ་ལམ་མཆོག་ཤིན་ཏུ་མཆོག་ཏུ་གྱུར་པ། གྱ་ནོམ་པ། བླ་མ། བླ་ན་མེད་པ། མཆོག་ཏུ་དཀོན་པའི་གཟུངས་ཀྱི་སྙིང་པོ་གསང་བ་ཡོངས་སུ་བསྒྲགས་པ་སྟེ། གང་གི་འཁོར་བའི་རྒྱ་མཚོའི་ཆུ་བོ་ཆེན་པོ་དང་། སྲིད་པའི་རྒྱ་མཚོ་ལས་སེམས་ཅན་ཕ་རོལ་ཏུ་སྒྲོལ་བ་ཡིན་ནོ། །སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོའམ། དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་གང་ལ་ལ་ཞིག་གམ། སེམས་ཅན་གཞན་གང་ཡང་རུང་བས་དོན་ཡོད་པར་རྣམ་པར་ལྟ་བའི་སྙིང་པོ་འདི་དང་། རྨད་དུ་བྱུང་བ་རྣམ་པར་ལྟ་བ་དོན་ཡོད་པའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དེ་བཞིན་ གཤེགས་པ་ཐམས་ཅད་རྨད་དུ་བྱུང་བའི་དེ་ཁོ་ན་ཉིད་རྣམ་པར་འཕྲུལ་པ། རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་པ། དམ་ཚིག་ཆེན་པོ་དཀྱིལ་འཁོར་གྱི་མིང་འཛིན་པ་ཙམ་གྱིས་ཀྱང་དགེ་བའི་རྩ་བ་ཆེན་པོ་སོགས་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་ཡོངས་ སུ་འཛིན་པར་ཡང་འགྱུར་རོ། །གང་གཱའི་ཀླུང་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ཀྱི་བྱེ་མའི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་མཐོང་བ་དང་། མངོན་དུ་ཆོས་ཐོས་པ་དང་། མངོན་དུ་དབྱངས་ ཐོས་པ་དང་། མངོན་དུ་ལུང་བསྟན་པ་ཐོས་པར་འགྱུར་བའི་སེམས་ཅན་ཆེན་པོ་དེ་དག་གིས་ནི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་ཆེ་བ་དང་། དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར་རོ། །སེམས་ཅན་དེ་གཟུངས་གང་ཡིན་པ་དང་། དཀྱིལ་འཁོར་དང་། ཆོ་ག་དང་། མིང་ སྣ་ཚོགས་ད་ལྟར་ཐོས་པ་དང་། ཡང་ན་ཀློག་པ་དང་། ཡང་ན་ལྟ་བ་ཙམ་མཐོང་བ་ནི་དེ་དང་མཉམ་པ་ཡིན་ཏེ། རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་བ་ཡང་དེ་དང་མཉམ་པ་ཡིན་ན། དཀའ་བ་བྱེད་པ་ལྟ་ སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་ཐོས་པ་དང་མཐོང་བར་འགྱུར་རོ། །གང་དག་གཟུངས་འདིའི་དཀྱིལ་འཁོར་འབད་དེ་སྟོབས་དང་བརྩོན་འགྲུས་ཕ་རོལ་གནོན་པར་བྱེད་པ་དང་། ཚོལ་བ་དང་། འདྲི་བ་དང་། ཀློག་པ་དང་། བཟླས་བརྗོད་ཀྱི་ཆོ་ག་བྱེད་པ་ དང་། དཀྱིལ་འཁོར་གྱི་ཆོ་གས་སྒྲུབ་པར་བྱེད་པ་དང་། འབད་པར་བྱེད་པ་དེ་ནི་དཀའ་བ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། དེ་དང་མཉམ་པ་ཡིན་ནོ། །དཀའ་བ་གང་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་པ་གསུམ་དུ་ དཀའ་བ་ལ་ཞུགས་པ་དང་། སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་ཡིན་ནོ། །རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོའམ། དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ་དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་ རིགས་སམ། རྗེའུ་རིགས་དང་། དམངས་རིགས་གང་ཡིན་པའམ། སེམས་ཅན་གཞན་གང་ཡང་རུང་བས་གཟུངས་འདིའི་དཀྱིལ་འཁོར་དང་། ཆོ་ག་སྟོབས་ཆེན་པོ་དང་། ཕ་རོལ་གནོན་པའི་བརྩོན་འགྲུས་ཀྱིས་སྒྲུབ་པར་བྱེད་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོ་ག་ འཚོལ་བ་ཡིན་ནོ། །འདི་ལྟ་སྟེ། འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། བཟླས་བརྗོད་དང་། ཆོ་ག་དང་། དཀྱིལ་འཁོར་ལྟ་བ་དང་། འཇུག་པ་དང་། དམ་ཚིག་དང་། ཕྱག་རྒྱ་བཅིངས་ཏེ་སྒྲུབ་པ་དང་། འདི་ལྟ་སྟེ། ཐོས་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སེམས་པ་དང་། དུས་གསུམ་དུ་ལན་གསུམ་དོན་ཡོད་པའི་ཞགས་པའི་སྙིང་པོ་དྲན་པ་དང་། ཁྲོ་བོའི་རྒྱལ་པོས་དབང་བསྐུར་བ་དང་། གཟུངས་འདི་ཡང་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་བརྗོད་དང་། ཆོ་ག་དྲན་ པ་དང་། བྱམས་པ་དང་། སྙིང་རྗེ་དང་། བྱམས་པས་སྙིང་བརླན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ལྷུར་བྱེད་པ་དེ་ནི་དཀའ་བ་སྤྱོད་པ་ཆེན་པོ་ལ་ཞུགས་པ་ཡིན་ནོ། །བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱོད་པ་ལ་ཞུགས་པ་དང་འདྲ་བའམ། ལྷག་པ་ཡིན་ནོ། ། དེའི་ཚེ་འདི་ཉིད་ལ་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་བ་དང་། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་དང་། སངས་རྒྱས་ཉིད་དུ་སོ་སོར་གནས་པ་ཡིན་ནོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་གསུམ་པ། བསོད་ ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་བསགས་པར་འགྱུར་རོ། །རྟག་ཏུ་འཇིག་རྟེན་དབང་ཕྱུག་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་ཕྱག་གཡས་པ་བྱང་ཆུབ་སེམས་དཔའ་དེའི་སྤྱི་བོ་ལ་འཇོག་པར་འགྱུར་རོ། །རྟག་ཏུ་མཆོག་སྦྱིན་པ་མཛད་པར་འགྱུར་རོ། །རྟག་ཏུ་ཞལ་ མཐོང་བར་འགྱུར་རོ། །དེ་ལྟར་ན་ཡོན་ཏན་ཆེན་པོ་བརྗོད་པའི་གཟུངས་དང་། དཀྱིལ་འཁོར་དང་ཕྱག་རྒྱ་དང་། ཆོ་ག་འདི་ནི་མཆོག་ཏུ་དཀོན་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཆོ་ག་འདི་ཐོས་པ་ཙམ་དང་། རྣ་བའི་བུ་གར་འདིའི་སྒྲ་ལན་བདུན་ངེས་པར་ལྷུང་ན། དེ་འཆི་འཕོ་བ་ ཙམ་དང་བསམས་པ་ཙམ་གྱིས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། འོད་དཔག་མེད་ཀྱི་སྤྱན་སྔར་ཞབས་ཀྱི་དྲུང་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་མདོ་སྡེ་ དང་། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རྣམས་ཁ་ཏོན་དུ་ཀུན་དུ་གནས་ཤིང་ཚེ་རབས་དྲན་པར་ཡང་འགྱུར་རོ། །དབང་པོ་དྲུག་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་ལྔ་ཡང་སོ་སོར་ཐོབ་བོ། །ཙམ་ལ་རབ་ཏུ་སྐྱེ་བར་འགྱུར་རོ། །ལྷའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་ཡོངས་སུ་དག་པ་དེའི་ཕྱིར་སྟོབས་དང་བརྩོན་འགྲུས་ཀྱིས་སེམས་ཅན་ཐམས་ཅད་སྣ་ཚོགས་འཛིན་པ་དང་། མཉན་པར་བགྱི། བཀླག་པར་བགྱི། ཁ་ཏོན་དུ་བགྱི། སེར་སྣའི་དྲི་མ་དང་བྲལ་བ་དང་། ཕྲག་དོག་དང་བྲལ་བར་བགྱི། སེམས་ ཅན་ཐམས་ཅད་བྱམས་པ་དང་། སྙིང་རྗེ་ལ་སོགས་པ་མཆོག་དང་ཡང་དག་པར་ལྡན་པས་བགྱིའོ། །གཟུངས་དང་། དཀྱིལ་འཁོར་གྱི་ཆོ་ག་འདི་མཉན་པར་བགྱི། བལྟ་བར་བགྱི། འཇུག་པར་བགྱིའོ། །ཕྱི་མའི་དུས་དང་། ཕྱི་མའི་ཚེ་མ་ཡིན་པར་ཕུལ་དུ་བྱུང་བའི་དོན་ལ་བརྩོན་ པར་བགྱིའོ་ཞེས་པའོ། །འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་ཀྱི་ཆོ་ག་འདི་ནི་བླ་ན་མེད་པ་ཞེས་བགྱིའོ། །མང་དུ་སྨོས་ཅི་འཚལ་ཏེ། དེ་ལ་འགྲན་སེམས་ཀྱིས་ཀྱང་མཉན་པར་བགྱིའོ་ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གིས་གཟུངས་འདི་གསུངས་པའི་དེ་མ་ཐག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་པོ་ཊ་ལའི་རི་བོ་འདི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་གྱུར་ཏོ། །མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་གང་ཡིན་པ་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་པ་ བརྩེགས་པར་རབ་ཏུ་གྱུར་ཏོ། །གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རྣམས་འབུམ་ཕྲག་བྱེ་བ་དགུ་བཅུ་རྩ་དགུའི་རྡུལ་ཕྲ་རབ་དང་མཉམ་པར་རབ་ཏུ་གྱུར་ཏོ། །ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུ་རྣམ་པར་བཀྲ་བ་རྣམ་པ་སྣ་ཚོགས་པ་རྣམས་ཕམ་པར་བྱས་ པའི་རྒྱན་རྣམ་པར་བཀྲ་བས་རྣམ་པར་བཀྲ་ཞིང་། དྲིལ་བུ་གཡེར་ཀའི་དྲ་བ་དང་། གསེར་གྱི་དྲིལ་བུ་འཁྲོལ་བའི་བླ་རེས་དཔྱངས་པ་རྣམས་དང་། ལྷ་རྫས་ཀྱི་སེང་གེའི་ཁྲི་ཡོངས་སུ་བཤམས་པ་རྣམས་ཀྱང་རེ་རེ་ཞིང་ཁང་པ་བརྩེགས་པའི་དབུས་ན། སེང་གེའི་ཁྲི་བཤམས་ པ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་རབ་ཏུ་བྱུང་བར་གྱུར་ཏེ། སེང་གེའི་ཁྲི་ཐམས་ཅད་ལ་ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་ཡང་དག་པར་བྱོན་ཏེ་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོའི་གཙུག་ཏུ་ཕྱག་འཇོག་པར་མཛད་ཅིང་། ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པར་མཛད་དོ། །སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ་མཆོག་ཏུ་ཁྱད་པར་དུ་འཕགས་པའི་འཇིག་རྟེན་ལས་འདས་པའི་ལམ་ཆེན་ པོར་རབ་ཏུ་བསྟན་པས། སེམས་ཅན་ཐམས་ཅད་ཕ་རོལ་ཏུ་འགྲོ་བར་བྱེད་པ་དང་། གང་གིས་ཐོས་པ་ཙམ་གྱིས་འཇིག་རྟེན་ལས་འདས་པ་སོ་སོར་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཉིད་ཀྱི་ལམ་ཚོལ་བ་ལ་རྗེས་སུ་འགྲོའོ། །འོན་ཀྱང་བཟླས་པ་དང་། འདྲི་བ་དང་། ཀློག་པ་དང་། དཀྱིལ་འཁོར་མཐོང་བ་དང་། འཇུག་པ་ཆེས་མང་པོའི་དབང་དུ་བྱས་པའི་སེམས་ཅན་རྣམས་དམ་ཚིག་ལ་རྗེས་སུ་འཇུག་པར་འགྱུར་བ་དེ། སྐྱེ་བ་འདི་ཉིད་ལ་དེ་བཞིན་གཤེགས་པའི་ལུས་སུ་རིག་པར་བྱའོ། །དེ་ནས་པོ་ཊ་ལའི་གནས་ཀྱི་རི་བོ་དང་། རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་དེ་རྣམས་ཐམས་ཅད་ལ་མི་གང་ཙམ་དུ་མཐོ་བ་ཉིད་དང་། ཤིང་རྟའི་འཁོར་ལོའི་ཚད་ཙམ་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་གྱི་པདྨ་རྣམས་རབ་ཏུ་བྱུང་སྟེ། འདབ་མ་ཁ་དོག་སྣ་ཚོགས་པ་དང་། སྡོང་བུ་བཻ་ཌཱུརྱ་དང་། འཛམ་བུ་ཆུ་བོའི་གསེར་གྱི་ཁ་ དོག་ལྟར་དམར་བའི་མུ་ཏིག་གི་ཟེའུ་འབྲུ་དང་། ལྷ་རྫས་ཀྱི་མུ་ཏིག་གི་གེ་སར་གྱིས་ཁོར་ཡུག་ཏུ་བསྐོར་བ་གང་ཡིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་ཀྱང་ཆོས་ལ་གུས་པས་ཐམས་ཅད་པུས་མོ་བཙུགས་ཏེ། གཟུངས་འདིའི་དཀྱིལ་འཁོར་དང་ཕྱག་རྒྱ་མཐོང་བའི་དོན་དུ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རིབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་པར་བཀབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རང་ བཞིན་དུ་བྱིན་གྱིས་བརླབས་པ་འདི་ཡང་ཆེས་ཆེར་གཡོས་པར་གྱུར་ཏོ། །ལྷའི་མེ་ཏོག་གི་ཆར་ཆེན་པོ་མང་པོ་རབ་ཏུ་ཕབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དོན་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའི་དོན་དང་། གཟུངས་འདིའི་དཀྱིལ་འཁོར་དམ་ པ་ལ་མཆོད་པའི་དོན་དུ་ཆར་རབ་ཏུ་ཕབ་བོ། །དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཞིན་འཛུམ་ཞིང་རྡོ་རྗེ་བསྐོར་བཞིན་དུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་སྟེ། འདི་ལྟ་བུའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ནི་དེ་བཞིན་གཤེགས་པ་བསྐྱེད་པ་བལྟ་བར་བགྱི། ཆོས་ ཀྱི་འཁོར་ལོ་བསྐོར་བར་བལྟ་བར་བགྱི། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་བལྟ་བར་བགྱིའོ། །བཅོམ་ལྡན་འདས་མཐུ་ཆེན་པོ་འདི་འཛམ་བུའི་གླིང་ན་མཆོག་ཏུ་དཀོན་པར་བལྟ་བར་བགྱི་སྟེ། འདི་ནི་ཕྱི་མའི་དུས་ཕྱི་མའི་ཚེ་ན། དེ་བཞིན་གཤེགས་པའི་མཛད་པ་དང་། སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །གང་གིས་ཐོས་པ་ཙམ་གྱིས་འདི་ལྟ་བུའི་ཡོན་ཏན་དང་ཕན་ཡོན་སོ་སོར་ཐོབ་བོ། །ཀུན་ཏུ་སྣང་བར་བྱེད་པར་འགྱུར་བ་འདི་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མ་གཏོགས་ པར་སེམས་ཅན་ཐམས་ཅད་ཀྱི་ནང་ན་གཞན་སུ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །ལག་ན་རྡོ་རྗེ་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་མདང་ཕར་གྱུར་པ་འདི་གཟུངས་ཀྱི་དཀྱིལ་འཁོར་འདི་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་བ་དང་། སྐྱོབ་པ་དང་། སྐྱབས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔུང་གཉེན་བྱེད་པ་ནས། ཇི་སྲིད་བུད་མེད་དང་། སྐྱེས་ པ་དང་། ཁྱེའུ་དང་། བུ་མོ་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཀྱི་བདག་ཉིད་ཀྱི་བར་ལ་རབ་ཏུ་འགོད་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པས་ སྔོན་སེམས་ཅན་རྣམས་ལ་ཕན་པའི་དོན་དུ་ཞུགས་པ་ཡིན་ནོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ། ཉི་མའི་འོད་ཟེར་གྱི་སྙིང་པོ་དྲི་མ་མེད་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གང་ན་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཡང་མངོན་པར་དགབ་པར་ཕུལ་ལོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ པས་གཅལ་དུ་བཀྲམ་པ། མཆོད་པའི་དོན་དུ་རབ་ཏུ་བཀོད་ནས་རང་གི་སྟན་ལ་འདུག་གོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དོན་ཡོད་པ་དྲི་མ་མེད་ཅིང་རྣམ་པར་དག་པ་རབ་ཏུ་གསལ་བའི་འོད་ཟེར་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གང་གིས་སྤྱི་བོའི་གཙུག་ཏུ་གདུགས་ཀྱི་རྣམ་པའི་ཁང་པ་བརྩེགས་པ་ཀུན་ཏུ་གནས་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེ་ལས་ཀྱང་འོད་ཟེར་རྣམ་པ་སྣ་ཚོགས་པ་ བྱུང་ངོ་། །འོད་ཟེར་སྣ་ཚོགས་པའི་སྣང་བ་དེས་ཀྱང་ནམ་མཁའི་མཐིལ་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ཏོ། །འོད་ཟེར་གྱི་སྣང་བ་རེ་རེས་ཀྱང་དེ་བཞིན་གཤེགས་པའི་སྐུ་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ དགུ་བཅུ་རྩ་དགུ་རབ་ཏུ་བསྟན་ནོ། །དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་ཆེན་པོ་མཆོག་ཏུ་རྙེད་པར་དཀའ་བའི་གཟུངས་ ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་འདི་བཤད་པ་འདི་ལེགས་སོ་ལེགས་སོ། །འཇིག་རྟེན་ལས་འདས་པ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱེད་པའི་ལམ། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པའི་ལམ། ཆོས་ཀྱི་རྣམ་འཕྲུལ་འབར་བར་ བྱེད་པ། ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད་པ། ཆོས་ཀྱི་དུང་འབུད་པར་བྱེད་པ། བདུད་བཞིའི་དཀྱིལ་འཁོར་ལས་རྣམ་པར་རྒྱལ་བར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་བཅུས་གནོན་པར་བྱེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རབ་ཏུ་རྫོགས་ པར་བྱེད་པ། མི་འཇིགས་པ་བཞིས་གནོན་པར་བྱེད་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཕ་རོལ་གནོན་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་བཅུ་རབ་ཏུ་རྫོགས་པར་བྱེད་པའོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་པའོ། །འདི་ནི་ལམ་ རབ་ཏུ་ཉམས་པ་རྣམས་ཀྱི་ལམ་དུ་འཆགས་པར་བྱེད་པ། བསམ་པ་རབ་ཏུ་ཉམས་པ་རྣམས་ཀྱི་བསམ་པ་ཡོངས་སུ་དག་པ། ངན་སོང་དུ་འགྲོ་བར་རྒྱུ་བ་རྣམས་ཀྱི་བདེ་འགྲོའི་ལམ་དུ་འགྲོ་བར་བྱེད་པ། འདི་ནི་བྱང་ཆུབ་ཆེན་པོའི་ས་བོན་དང་། འབྲས་བུ་རབ་ཏུ་སྟོན་པར་ བྱེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་དག་པ་འཇིག་རྟེན་ལས་འདས་པ་ཁྱད་པར་དུ་འཕགས་པ་རྣམ་པར་ཐར་ བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་རྣམ་པར་འཕྲུལ་པ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ཉེ་བར་སྤྱོད་པའི་ཆོ་ག་ཤོད་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ ཀྱི་སྤྱན་སྔ་ནས་བསྐུལ་བ་ཐོབ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར། འཇིག་རྟེན་ལས་འདས་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་ཉེ་བར་སྤྱོད་པའི་ཆོ་ག་དང་། སྒྲུབ་ཐབས་གསུངས་སོ། །གནས་བཟང་ས་གཞི་དགེ་བ་དང་། །ས་གཞི་གཙང་ཞིང་ནེའུ་གསིང་ལ། །ལྗོན་ཤིང་ མེ་ཏོག་འབྲས་བུས་ཁྱབ། །མེ་ཏོག་འཁྲི་ཤིང་འགྲམ་དང་ནི། །ས་གཞི་མཉེན་ལ་དག་པ་དང་། །གང་དུ་ཆུ་བོ་འབབ་པ་དང་། །གཟི་བརྗིད་ལྡན་ཞིང་ཡིད་དགའ་བ། །ས་གཞི་སེམས་ནི་དགའ་བར་འོས། །ཡིད་ཀྱི་ཤིང་རྟ་རྒྱས་བྱེད་ཅིང་། །གོ་སྐབས་ལེགས་པར་ གནས་པ་དང་། །ཤིན་ཏུ་དག་ཅིང་ཐུན་ཚགས་བྲལ། །རུས་པ་གསེག་མ་གྱོ་མོ་དང་། །ཕུབ་མ་སོལ་བ་ཡོངས་སུ་སྤངས། །གཙང་ཞིང་གཙང་ལ་ལེགས་དག་པའི། །ས་གཞི་ཡོངས་སུ་ཟླུམ་པ་དེར། །མཁས་པས་རྒྱར་ནི་གཟིངས་ཚད་དུ། །གཞལ་ནས་ཤིན་ཏུ་རྣམ་འབྱེས་ ཤིང་། །གཙང་ཞིང་མཉེན་ལ་འཇམ་པར་ཕྱེ། །གནས་དེར་དཀྱིལ་འཁོར་ལེགས་པར་བསྒྲུབས། །སངས་རྒྱས་བྱང་ཆུབ་བླ་ན་མེད། །འཇིག་རྟེན་ལས་འདས་ཁྱད་འཕགས་པར། །དེ་བཞིན་གཤེགས་ཀུན་གྱིས་བྱིན་བརླབས། །ས་ཡི་ཆ་ལས་དཔངས་སུ་ནི། །མི་གང་ ཚད་དུ་བརྐོ་བར་བྱ། །གཟུངས་དང་དཀྱིལ་འཁོར་དམར་པོའམ། །ཡང་ན་གུར་གུམ་ཁ་དོག་དང་། །ས་རྡུལ་དཀར་པོ་སྣུམ་པ་ནི། །མར་སར་འདྲ་བ་འཇམ་པ་ཡིན། །ས་ཡི་ཁྱད་པར་དབྱེ་བ་དེ། །དེ་བཞིན་གཤེགས་པ་ཀུན་གྱིས་བསྔགས། །བྱང་ཆུབ་སྙིང་པོ་ས་དེར་ མཚུངས། །རིང་བསྲེལ་བཞུགས་པའི་མཆོད་རྟེན་དང་། །དེ་ནི་མཚུངས་པར་གྱུར་པ་ཡིན། །བརྐོས་པའི་ནང་དུ་མཁས་པ་ཡིས། །སླར་ཡང་ས་དེ་དགང་བར་བྱ། །ཇི་སྲིད་དོང་བུ་མཉམ་པར་གང་། །དེ་ནི་དཀྱིལ་འཁོར་ཡང་དག་པའོ། །ཉུང་དང་ལྷག་པ་བསྔགས་པ་ མིན། །འདིར་ནི་འགྲུབ་པ་མེད་པར་བསྟན། །ཁྲུ་ནི་སུམ་ཅུ་རྩ་གཉིས་ཚད། །མཁས་པས་དཀྱིལ་འཁོར་ཐིག་དག་གདབ། །ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཡང་ན་ཁྲུ་ནི་བཅོ་ལྔར་བྱ། །མཉམ་ཞིང་གྲྭ་བཞིར་ལེགས་པར་དབྱེ། །བ་ཡི་ལྕི་བ་དག་དང་ནི། །ས་དང་བསྲེས་ ཏེ་བསྐུ་བྱ་བ། །ཤིན་ཏུ་ཞེན་པར་བསྡིག་པ་དང་། །འཇམ་ཞིང་མཉེན་པར་བྱ་བ་ཡིན། །དེ་ལ་དཀྱིལ་འཁོར་ཐིག་གདབ་པ། །སྣ་ཚོགས་ཚོན་གྱིས་ཀུན་ཏུ་དབྱེ། །སྒོ་བཞི་རྣམ་པར་འབྱེས་པ་དང་། །རྟ་བབས་བཞི་དང་ལྡན་པར་བྱ། །དཀྱིལ་འཁོར་དབུས་ཀྱི་སྙིང་པོ་ནི། ། རྣམ་པར་ཕྱེ་སྟེ་གྲུ་བཞི་ཚད། །ཁྲུ་གསུམ་ཡང་ན་ཁྲུ་བཞི་ནི། །ཐིག་སྐུད་ཚོན་གྱིས་རྣམ་པར་དབྱེ། །ནང་གི་ཐིག་ནི་ཚད་དག་ཏུ། །མདུང་རྩེ་གསུམ་པ་དག་དང་ནི། །ནོར་བུ་རིན་ཆེན་སྣ་ཚོགས་བྱ། །བར་གྱི་ཐིག་གི་ཚད་དག་ཏུ། །པདྨ་དང་ནི་རྡོ་རྗེ་དག །ཀུན་ཏུ་བྲི་བར་ བྱ་བ་ཡིན། །ཕྱི་ཡི་ཐིག་གི་ཚད་དག་ཏུ། །རྡོ་རྗེ་རྣམ་པའི་སྟེགས་བུ་དང་། །རིན་ཆེན་སྣ་ཚོགས་གཞལ་མེད་ཁང་། །སྟེགས་བུ་དག་ཀྱང་བྲི་བར་བྱ། །པདྨའི་དབུས་སུ་གཞལ་མེད་ཁང་། །གཞལ་ཡས་ཁང་པ་གནས་པར་བྱ། །དཀྱིལ་འཁོར་དབུས་ཀྱི་པདྨ་ལ། ། རྣམ་པར་སྣང་མཛད་ཐུབ་པ་བྱ། །གཡོན་དུ་འོང་ནི་དཔག་མེད་པ། །གཡས་ཕྱོགས་སུ་ནི་དེ་བཞིན་གཤེགས། །ཤཱཀྱའི་རྒྱལ་པོ་དག་དང་ནི། །དོན་ཡོད་རྒྱལ་པོ་འཇིག་རྟེན་གྱི། །དབང་ཕྱུག་མགོན་ལ་མངོན་སུམ་དུ། །བཏུད་དེ་ཐལ་མོ་སྦྱོར་བ་ནི། །ཕྱག་བཞི་པར་ནི་ བྱ་བ་ཡིན། །ཕྱག་གཉིས་ཀྱིས་ནི་སྣ་ཚོགས་པའི། །མེ་ཏོག་རྣམས་ནི་འཆང་བ་དང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྱ། །འོད་དཔག་མེད་པའི་མདུན་དུ་ནི། །ཁྲོ་བོའི་རྒྱལ་བོ་ཕྱག་བཞི་བ། །བཏུད་དེ་ཐལ་མོ་སྦྱོར་བ་དང་། །ལྷ་རྫས་མེ་ཏོག་སྣ་ཚོགས་པ། །ལག་པ་ གཉིས་ན་ཐོགས་པ་དང་། །སྣ་ཚོགས་རྒྱན་གྱིས་བརྒྱན་པར་བྱ། །དབུས་ཀྱི་དཀྱིལ་འཁོར་ལེགས་བརྒྱན་པ། །སྣ་ཚོགས་དར་གྱིས་མཛེས་པར་བྱ། །དོན་ཡོད་ཞགས་པའི་ཕྱག་རྒྱ་ཆེ། །པདྨ་གདན་དང་རྣམ་རྒྱན་པ། །འབར་བའི་ནང་ན་ཡོད་པར་བྱ། །གྲྭ་བཞིར་དག་ནི་ བྱས་ན་ནི། །གཉིས་ཀྱི་བར་གྱི་ཆ་བཞི་སྟེ། །དབུས་ཀྱི་གནས་སུ་འཇིགས་མེད་པ། །ཤར་གྱི་གནས་སུ་གནས་པ་ནི། །ལྷ་མོ་སྒྲོལ་མ་རྣམ་པར་བརྒྱན། །གཡས་ཀྱི་གནས་སུ་གནས་པ་ནི། །གོས་དཀར་མོ་ནི་རྣམ་པར་བརྒྱན། །ནུབ་ཀྱི་གནས་ན་གནས་པ་ནི། ། ལྷ་མོ་དཀར་མོ་རྣམ་པར་བརྒྱན། །བྱང་གི་གནས་ན་གནས་པ་ནི། །ལྷ་མོ་པདྨ་མཛེས་དགའ་བརྒྱན། །དཀྱིལ་འཁོར་ཕྱི་རིམ་གྲྭ་རྣམས་སུ། །རྒྱལ་ཆེན་བཞི་ནི་གཞག་པར་བྱ། །བར་གྱི་གནས་སུ་གཞག་པ་ནི། །རལ་པ་གཅིག་པ་གཏུམ་མོ་ཤར། །ནུབ་ཏུ་ཕོ་ཉ་བཞིན་སྒྱུར་ མ། །གཡས་ཕྱོགས་སུ་ནི་བཞིན་སྒྱུར་མ། །རྡོ་རྗེ་ལྕགས་སྒྲོག་བྱ་བ་ཡིན། །བྱང་དུ་སྲིན་མོ་ཁྲོ་གཉེར་གདོང་། །ཀུན་ཀྱང་མེ་དབུས་འཇིགས་པ་མེད། །དཀྱིལ་འཁོར་དབུས་སུ་དགོད་པ་བཞིན། །ཕྱི་རོལ་ཐིག་ལེ་པདྨོའི་ཕྲེང་། །རྡོ་རྗེ་རྩེ་གསུམ་གཞག་པ་ནི། །ཀུན་ཏུ་འབར་ བ་ཕྲེང་བར་བཅས། །ཕྱི་རོལ་དཀྱིལ་འཁོར་ཀུན་ཏུ་ནི། །བྲི་བྱ་རྟག་དང་ཕྱག་རྒྱ་དང་། །ལྷ་ནི་དབང་ཕྱུག་དབང་ཕྱུག་ཆེ། །ཚངས་པ་ཁྱབ་འཇུག་གཤིན་རྗེ་དང་། །ཆུ་ལྷ་དབང་པོ་ལུས་ངན་པོ། །དབང་སྒྱུར་དགའ་ལྡན་གནས་དག་གི། །ལྷ་ནས་འོག་མིན་གནས་ཀྱི་བར། ། ལྷ་རྣམས་བྲི་བར་བྱ་བ་ཡིན། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །རྟགས་ནི་རྣམ་པ་སྣ་ཚོགས་དང་། །ཀུན་ཀྱང་པདྨོའི་གདན་ལ་གནས། །དེ་བཞིན་ཆོས་ཀྱི་འཁོར་ལོ་དང་། །རྡོ་རྗེ་རྩེ་ལྔ་རྡོ་རྗེ་དང་། །ཞགས་པ་དང་ནི་དགྲ་སྟ་དང་། །ལེགས་མཐོང་འཁོར་ལོ་དེ་བཞིན་ནོ། །མདུང་ རྩེ་གསུམ་དང་པཊྚི་ས། །ངོས་ལ་དབྱུག་པ་ཐོ་བ་དང་། །རྡོ་རྗེ་དཀྱིལ་འཁོར་པདྨའི་ཕྲེང་། །འཁོར་ལོ་དུང་དང་ག་དཱ་དང་། །རལ་གྲི་དང་ནི་ཏོ་མ་རཾ། །བུམ་པ་གང་བ་དག་དང་ནི། །མི་སྣང་བ་ཡི་འབག་ཤ་དང་། །པདྨ་དང་ནི་ཨུཏྤ་ལ། །རྒྱལ་མཚན་གདུགས་དང་ནོར་བུ་ དང་། །དབྱུག་པ་དང་ནི་རྡོ་རྗེ་དང་། །གྲ་བཞིར་རྡོ་རྗེས་མཚན་པ་ཡིན། །ནོར་བུ་རྡོ་རྗེ་དག་དང་ནི། །དགྲ་སྟ་རྡོ་རྗེ་དག་དང་ནི། །ཕྱག་རྒྱ་བཞི་དང་དགའ་བ་འཁྱིལ། །བྱ་མ་བུམ་དང་ཀུན་དི་དང་། །རིལ་བ་བྷྲྀང་ག་རི་དང་ནི། །རི་དགས་ཨེ་ནའི་པགས་པ་དང་། །མཆོད་ཕྱིར་ ཐོགས་པའི་སྣམ་བུ་དང་། །སྟེང་དུ་རྒྱུ་སྐར་བཅས་པ་ཡི། །ཟླ་བ་ཉི་མ་དེ་བཞིན་ནོ། །ཀུན་ཀྱང་འབར་བའི་ནང་དུ་འདུག །སོ་སོར་ཆ་ནི་དབྱེ་བར་བྱ། །མཁས་པས་ཤར་གྱི་སྒོར་བྲི་བ། །འགྱིང་བག་མཐོང་ན་འཇིགས་སུ་རུང་། །ལག་ན་རྡོ་རྗེ་འཇིགས་པ་མེད། །རྡོ་རྗེ་འཆང་བ་འབར་ བའི་ནང་། །ཀི་ལི་ཀི་ལ་གཏུམ་པོ་ཆེ། །ལྷོ་ཕྱོགས་ཀྱི་ནི་སྒོ་རུ་གཞག །ནུབ་ཏུ་རྡོ་རྗེ་པིང་ག་ལ། །མཐོང་ན་འཇིགས་སུ་རུང་བ་ཡི། །བྱང་དུ་ངེས་པར་གནོད་མཛེས་བྱ། །ཕྱི་རོལ་དཀྱིལ་འཁོར་ཀུན་ཏུ་ནི། །པདྨའི་ཕྲེང་དང་ཨུཏྤལ་ཕྲེང་། །གྲྭ་དག་དང་ནི་གྲྭ་རྣམས་སུ། །ཀླུ་ཡི་ རྒྱལ་པོ་བཞི་རྣམས་བྲི། །སྒོ་སྲུང་བ་དག་བྲི་བ་ནི། །ནོར་བུ་བཟང་དང་གང་བ་བཟང་། །སྟོབས་ཀྱི་ལྷ་དང་ལྔས་རྩེན་ཡིན། །སྒོ་ཡི་གནས་ཀྱི་བར་དག་ཏུ། །ཆུ་བོ་བཞི་ནི་བྲི་བྱ་བ། །གང་གཱ་དང་ནི་སི་ཏ་དང་། །པཀྵུ་དང་ནི་སིནྡུ་ཡིན། །ཕྲེང་བའི་ནང་རོལ་ཐོག་དག་ཏུ། ། དཔལ་གྱི་ལྷ་མོ་བ་སན་ཏཱི། །དཔེ་མེད་མ་དང་ས་ཡི་ལྷ། །ལོ་ཏོག་སྨན་གྱི་ལྷ་མོ་དང་། །སྒྲ་དབྱངས་མ་དང་འཇིགས་ལྡན་མ། །དེ་བཞིན་མི་ཡི་ལྷ་དག་དང་། །འཕྲོག་མ་དང་ནི་དུང་ཅན་མ། །གཏུམ་མོ་དང་ནི་མེ་ཏོག་སོ། །དེ་དག་བྲི་བར་བྱ་བ་ཡིན། །ཁྲུས་བྱས་འདྲི་མཁན་གཙང་ མ་ཡིས། །གཙང་མའི་སྣོད་དུ་ཚོན་རྣམས་ནི། །ལྷག་མ་མིན་པས་ཀུན་ཏུ་བྲི། །ཟས་ནི་དཀར་གསུམ་གྲུབ་པར་བྱ། །ཁྱད་པར་འདོད་པས་ཟས་ངན་པ། །སྤང་བར་བྱ་བ་ཉ་དང་ཤ། །བཙོང་དང་སྒོག་སྐྱ་ཀེའུ་རྣམས་དང་། །འདྲེས་པ་སྤང་བར་བྱ་བ་ནི། །ལོག་འདྲེན་གླགས་ཚོལ་ སྤང་ཕྱིར་རོ། །ཁྲུས་བྱས་གོས་ནི་སར་པ་བགོས། །གཙང་མས་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཀུན་ཏུ་བརྒྱན་བར་བྱ་བ་ནི། །བ་དན་རྣམ་པ་སྣ་ཚོགས་དང་། །རྣམ་པ་སྣ་ཚོགས་མདའ་དང་ནི། །ལྷ་རྫས་དར་ནི་དཔྱང་བ་དང་། །བ་དན་ཡང་ ནི་དཔྱང་བར་བྱ། །ཚོན་སྐུད་སྣ་ལྔའི་སྲད་བུ་ཡིས། །ཀུན་ཏུ་ཡོངས་སུ་བསྐོར་བར་བྱ། །ཟངས་ལས་བྱས་པའི་པདྨའི་ཚད། །སོར་བཞི་འདབ་མ་བྱེ་བ་དེ། །མཛེས་པ་གྲྭ་བཞིར་གཟུགས་པར་བྱ། །སྙིང་པོ་དཀྱིལ་འཁོར་གྲྭ་རྣམས་སུ། །པདྨ་བརྒྱད་ནི་གཞལ་བ་དག །གསེར་ ལས་བྱས་པ་བཞི་གཞག་ཅིང་། །དེ་བཞིན་དངུལ་ལས་བྱས་པ་བཞི། །ཀུན་ཏུ་བྱི་རུའི་ཕྲེང་བ་དང་། །མུ་ཏིག་ཕྲེང་བ་དེ་བཞིན་ནོ། །ཀུན་ཏུ་གསེར་གྱི་སྲང་བུ་དང་། །རིན་ཆེན་སྣ་ཚོགས་གཞག་པར་བྱ། །སྙིང་པོའི་དཀྱིལ་འཁོར་ཐིག་བར་དུ། །གསེར་གྱི་སྣོད་ནི་ བཞི་དག་དང་། །དངུལ་གྱི་སྣོད་ནི་བཞི་གཞག་གོ། །དངུལ་གྱི་བུམ་པ་གང་བ་བཞི་ལ་དངུལ་དང་། གསེར་དང་། ཟངས་ལས་བྱས་པའི་མེ་ཏོག་སྤྲས་པའི་མགོ་ལྕོགས་ཀྱིས་སྤྲས་པ་གཞག་པར་བྱའོ། །གསེར་གྱི་བུམ་པ་བཞི་གཞག་པ་ལ་མུ་ཏིག་དང་། བྱི་རུ་དང་། པདྨ་ རཱ་ག་དང་། མ་རྒད་དང་། ཨིནྡྲ་ནཱི་ལ་དང་། དངུལ་དང་། གསེར་དང་། མེ་ཏོག་གིས་སྤྲས་པའི་མགོ་ལྕོགས་གཞག་པར་བྱའོ། །གླ་རྩི་དང་། ག་པུར་དང་། གུར་གུམ་དང་། ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་མས་གསེར་གྱི་སྣོད་བཀང་བ་དང་། དངུལ་གྱི་སྣོད་ཀྱི་ནང་དུ་གསེར་ གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཟངས་ཀྱི་མེ་ཏོག་མུ་ཏིག་གིས་བརྒྱན་ཅིང་རིན་པོ་ཆེ་རྣམ་པ་སྣ་ཚོགས་སྤྲས་པ་གཞག་པར་བྱ། ཅོད་པན་གྱི་རྒྱལ་མཚན་བཞི་གཞག་པར་བྱ། རིན་པོ་ཆེའི་རྒྱལ་མཚན་བཞི་གཞག་པར་བྱ། ཚོན་སྣ་ཚོགས་ཅན་དང་། དར་དམར་པོ་ དཔྱང་བར་བྱ། དངུལ་གྱི་པོག་པོར་བཞི་གཞག་སྟེ། ཙནྡན་དང་། གླ་རྩི་དང་། ག་བུར་དང་། གུར་གུམ་གྱི་བདུག་པས་བདུག་པར་བྱ། ས་ལས་བྱས་པའི་བུམ་པ་གསེར་གྱིས་གཡོགས་པའི་ནང་དུ་དྲི་ཆབ་རྣམ་པ་སྣ་ཚོགས་ཀྱིས་བཀང་སྟེ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་ བགྱིས་ལ་བཀང་བ་ལ་དར་གྱིས་བཅིངས་ལ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་སྟེང་དུ་ཟངས་ལས་བྱས་པའི་མེ་ཏོག་བཞག་ནས་སྙིང་པོའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་སྟེང་དུ་གཞག་པར་བྱའོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ཐོག་ཐག་ཏུ་དྲི་དང་། ཕྱེ་མ་དང་། བྱུག་པ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་རྣམ་པ་སྣ་ཚོགས་དང་། མཆོད་ཡོན་གྱི་ཆབ་ཀྱིས་དངུལ་གྱི་སྣོད་དང་། ཟངས་ཀྱི་སྣོད་བཀང་བ་དྲུག་ཅུ་རྩ་བཞི་གཞག་པར་བྱའོ། །ལྕགས་ཀྱི་སྣོད་བུམ་པ་གང་བ་དྲུག་ཅུ་རྩ་བཞི་གཞག་པར་བྱའོ། །མེ་ཏོག་དང་། མགོ་ལྕོགས་དང་། པོར་ཕོག་བཀང་བ་དྲུག་ཅུ་རྩ་བཞི་གཞག་པར་བྱའོ། །གཞག་པར་བྱ་སྟེ་བདུག་པ་སྣ་ཚོགས་ཀྱིས་བདུག་པར་བྱའོ། །སྒོ་བཞིར་དྲི་ཆབ་ཀྱི་བུམ་པ་དར་གྱིས་བརྒྱན་ཅིང་སྤུད་པ་གཞག་པར་བྱའོ། །སྣ་མའི་མེ་ཏོག་གི་གདུ་བུའི་སྟེང་དུ་མདའ་ལ་བ་དན་བཏགས་པ་དྲུག་ཅུ་རྩ་བཞི་བཅུགས་ ཏེ། ཚོན་སྣ་ཚོགས་ཀྱིས་བཀྲ་བར་བྱས་པའི་མདའ་དང་། ནོར་བུའི་ཕྲེང་བ་རྣམ་པ་སྣ་ཚོགས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱའོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ཐོག་ཐག་ཏུ་ས་དང་བསྲེས་པའི་བའི་ལྕི་བས་དཀྱིལ་འཁོར་བྱས་ལ་དྲི་ཆབ་ཀྱིས་བསྐུས་ཏེ། ཚོན་སྣ་ལྔའི་སྲད་བུས་ ཐིག་བཏབ་ལ་སྒོ་བཞི་རྣམ་པར་ཕྱེ་སྟེ། སེང་ལྡེང་གི་ཕུར་བུ་ཚད་སོར་བཅུ་གཉིས་པ་དྲུག་ཅུ་རྩ་བཞི་གདབ་བོ། །ཚོན་སྣ་ལྔའི་སྲད་བུས་དཀྱིལ་འཁོར་ཀུན་དུ་བསྐོར་བར་བྱའོ། །བུམ་བུ་དང་། བུམ་པ་དང་། བྱམ་བུམ་དྲུག་ཅུ་རྩ་བཞི་གཏོར་མ་སྣ་ཚོགས་ཀྱིས་བཀང་པ་གཞག་གོ། ། ཁོམ་ཕོར་ཟླུམ་པོ་དྲུག་ཅུ་རྩ་བཞི་གཏོར་མ་སྣ་ཚོགས་ཀྱིས་བཀང་པ་གཞག་གོ། །གཏོར་མ་ཚུལ་སྣ་ཚོགས་པ་དྲུག་ཅུ་རྩ་བཞི་སོ་སོར་གཞག་གོ། །སྣོད་ཚོན་སྣ་ལྔ་པ་དྲུག་ཅུ་རྩ་བཞི་ཁ་ཟས་རྣམ་པ་སྣ་ཚོགས་ཀྱིས་བཀང་པ་དང་། བཅའ་བ་རྣམ་པ་སྣ་ཚོགས་བླུགས་པ་དང་། གཏོར་མ་ དཀར་པོ་རྣམ་པ་སྣ་ཚོགས་གཞག་གོ། །ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། རོ་རྣམ་པ་སྣ་ཚོགས་ཀྱི་གཏོར་མ་གཞག་གོ། །འབྲས་བུ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དགྲམ་མོ། །ཕྲེང་བ་བརྒྱ་ཉི་ཤུ་རྩ་གཅིག་དཀྱིལ་འཁོར་དུ་དཔྱང་བར་བྱ་སྟེ། བྱང་ཕྱོགས་ཀྱི་དཀྱིལ་ འཁོར་ལ་དྲུག་ཅུ་རྩ་བཞི་སྙིང་པོའི་དཀྱིལ་འཁོར་ལ་སུམ་ཅུ་རྩ་གཉིས་གདགས་སོ། །མེ་མར་གྱི་སྡོང་བུ་བཞི་བུད་བར་བྱའོ། །གཏོར་མ་བརྒྱ་དྲུག་ཅུ་རྩ་བཞི་དང་དཀྱིལ་འཁོར་ཐོག་ཐག་ཏུ་མར་མེ་བུད་པར་བྱའོ། །ཆང་དང་ཤ་དང་། བེག་བཙོང་དང་། སྒོག་སྐྱ་དང་། ཀེའུ་དང་། ཚོད་སྔོན་དང་། ལ་ ཕུག་སྤངས་པའི་གཏོར་མ་གཞན་རྣམ་པ་སྣ་ཚོགས་གཞག་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྲྭ་བཞིར་དོན་ཡོད་པའི་ཞགས་པའི་མདོ་སྡེ་བཀླག་པར་བྱའོ། །སྒོ་རེ་རེར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། །ཆོས་ཀློག་པ་ལེགས་པར་ཁྲུས་ བྱས་ཏེ། ལྷ་རྫས་ཀྱི་གོས་ཀྱིས་དཀྲིས་ཏེ། གཙང་མ་ལ་དྲི་རྣམ་པ་སྣ་ཚོགས་ཀྱིས་བསྒོས་པའི་གོས་གཙང་མ་སར་པ་བགོས་ཏེ། ཆོས་ཀྱི་སྟན་ཤིན་ཏུ་བརྒྱན་པ་ལྷ་རྫས་ཀྱི་སྟན་ལ་འདུག་ནས་ཚིག་འཇམ་པོ་ཚིག་མཉེན་པོས་བཀླག་པར་བྱའོ། །ནུབ་ཀྱི་ཕྱོགས་ཆ་ ལ་དཀྱིལ་འཁོར་མཐོན་པོ་ལ་བདེ་བ་ཅན་གྱི་བཀོད་པ་བྲིས་པ་འོད་དཔག་མེད་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། མཐུ་ཆེན་ཐོབ་པའི་གཟུགས་བྲི་བའི་རས་ཀྱི་སྐུ་གཟུགས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་པར་བྱའོ། །ཤར་གྱི་ཕྱོགས་ཆ་ལ་དཀྱིལ་འཁོར་ གྲྭ་བཞི་མཐོན་པོ་བྱས་ལ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ལ་ཤཱཀྱ་ཐུབ་པ་དང་། འཕགས་པ་རྡོ་རྗེ་འཆང་བ་དང་། དོན་ཡོད་པའི་ཞགས་པའི་ཁྲོ་བོའི་གཟུགས་བྲིས་པ་རས་ཀྱི་སྐུ་གཟུགས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་གོ། །ལྷོའི་ཕྱོགས་ཆ་ལ་རི་འདྲ་བའི་གནས་ མཐོན་པོ་བྱས་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། དོན་ཡོད་པའི་ཞགས་པ་རས་ལ་བྲིས་པའི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་གོ། །བྱང་གི་ཕྱོགས་ཆ་ལ་ཁྲོ་བོའི་རྒྱལ་ པོ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། བྱམས་པ་དང་། སའི་སྙིང་པོ་བྲིས་པའི་རས་ཀྱི་སྐུ་གཟུགས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་གཞག་གོ། །སྟེགས་བུའི་རྣམ་པར་མཐོན་པོར་བྱས་པ་ཐམས་ཅད་ལེགས་པར་བརྒྱན་པར་བྱའོ། །དར་གྱི་ཕྲེང་བས་ བརྒྱན་པར་བྱའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། བུམ་པ་གང་བ་གཞག་པ་དང་། དྲིས་དཀྱིལ་འཁོར་བྱ་བ་དང་། རོའི་མཆོག་རྣམ་པ་སྣ་ཚོགས་བཟའ་བའི་ངོ་བོ་རྣམ་པ་དུ་མའི་ཁ་ཟས་ཀྱི་རོ་འབུལ་བ་དང་། འབྲས་བུ་རྣམ་པ་སྣ་ཚོགས་དང་ལྡན་པའི་བསོད་སྙོམས་ གཞག་པ་དང་། ཙནྡན་དང་། ཨ་ག་རུ་དང་། དུ་རུསྐ་དང་། ག་བུར་དང་། གླ་རྩི་དང་། གུར་གུམ་དང་བསྲེས་པའི་བདུག་པ་རས་ཀྱི་སྐུ་གཟུགས་ལ་དབུལ་བར་བྱའོ། །དེ་ནས་རིག་སྔགས་འཆང་བས་དུས་གསུམ་དུ་ཁྲུས་བྱ་ཞིང་། གོས་ལན་གསུམ་བརྗེས་ཏེ། དུས་ གསུམ་དུ་བཟླས་བརྗོད་དང་ཆོ་ག་བྱའོ། །ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔ་ཚང་གི་བར་དུ་དོན་ཡོད་པའི་ཞགས་པ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་ཉི་ཤུ་རྩ་གཅིག་ དང་། དོན་ཡོད་པ་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་དང་འཇིག་རྟེན་ལས་འདས་པ་རྣམ་པར་འཕྲུལ་པ་ལན་ཉི་ཤུ་རྩ་གཅིག་དང་། རྣམ་པར་གྲོལ་བའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་སྟོང་རྩ་བརྒྱད་བཟླས་བརྗོད་བྱ་བ་དང་། རྣམ་པར་གྲོལ་བའི་ དཀྱིལ་འཁོར་གྱི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། །ཟླ་བ་ཉ་ལ་ཐུག་གི་བར་དུ་ཟས་དཀར་གསུམ་བཟའ་བར་བྱའོ། །ཚེས་བཅོ་ལྔའི་ཉིན་མཚན་ཐོག་ཐག་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་དཔག་ཏུ་མེད་པར་བཟླས་བརྗོད་བྱའོ། །མཚན་ཐོག་ཐག་བཟླས་ བརྗོད་བྱས་ཀྱང་ངལ་བ་མེད་པ་དང་། ལུས་སྙོམ་པ་དང་བྲལ་བས་བཟླས་བརྗོད་བྱའོ། །བྱམས་པ་དང་། སྙིང་རྗེའི་ལྷག་པའི་བསམ་པའི་སེམས་སུ་བྱའོ་བཟླས་བརྗོད་ཀྱི་ཆོ་ག་ཟིན་ནས་དཀྱིལ་འཁོར་གྱི་བྱ་བ་མཚམས་བཅད་པ་དང་། ཕྱོགས་བཅིང་བ་དང་། བདག་སྲུང་བ་དང་། གཞན་སྲུང་བ་དང་དཀྱིལ་འཁོར་བསྡམ་པ་བྱས་ནས། དེ་ནས་འཁོར་རྣམས་དཀྱིལ་འཁོར་དུ་དམ་ཚིག་ལ་གཞུག་པར་བྱའོ། །དཀྱིལ་འཁོར་དུ་གཞུག་པ་དང་། དཀྱིལ་འཁོར་གྱི་ལས་ཟིན་ནས་མཆོད་པ་བརྩམ་མོ། །མཆོད་པའི་ཆོ་ག་ཟིན་པ་དང་། དེ་ནས་བཟླས་བརྗོད་བརྩམ་ པར་བྱ་སྟེ། དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་གྱི་སྤྱན་སྔར་འདུག་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱས་ལ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་ཀྱིས་དབང་བསྐུར་རོ། །བཟླས་བརྗོད་ལན་ཉི་ཤུ་རྩ་གཅིག་དང་། དབང་བསྐུར་མ་ཐག་ཏུ་རས་ཀྱི་སྐུ་གཟུགས་ དང་། དཀྱིལ་འཁོར་ཐམས་ཅད་ཀུན་ཏུ་འབར་ཞིང་འོད་ཟེར་སྣ་ཚོགས་འབྱིན་ཅིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་རོ། །རིག་སྔགས་འཆང་བའི་སྙིང་དགའ་ཞིང་ལུས་འབར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་འབར་ཞིང་འོད་འཕྲོ་བ་ཉི་ མ་སྟོང་བས་ལྷག་པའི་འོད་ཟེར་ཅན་དོན་ཡོད་པའི་ཞགས་པ་ཚངས་པའི་ཆ་བྱད་འཆང་བ་དཀྱིལ་འཁོར་གྱི་དབུས་ཀྱི་ནང་ནས་མངོན་དུ་གཤེགས་ཏེ། ཕྱོགས་བཅུའི་དཀྱིལ་འཁོར་ཀུན་ལ་རྣམ་པར་གཟིགས་ཤིང་རིག་སྔགས་འཆང་བ་ལེགས་སོ་ཞེས་བྱ་བའི་ སྒྲ་ཕྱུང་སྟེ། ཕྱག་གཡས་པ་བརྐྱང་སྟེ་རིག་སྔགས་འཆང་བའི་སྤྱི་བོ་ལ་བཞག་སྟེ། དཀྱིལ་འཁོར་གྱི་མཆོག་ཤིན་ཏུ་བརྒྱན་ཅིང་སྤྲས་པ་འདི་ནི་ཤིན་ཏུ་བཟང་བ་ཡིན་ཏེ། ལེགས་སོ་ལེགས་སོ། །འདི་རྣམ་པར་གྲོལ་བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པ་རྣམ་ པར་འཕྲུལ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་རྣམས་ཀྱི་དམ་ཚིག་གི་དཀྱིལ་འཁོར་བདུད་ཐམས་ཅད་ཕམ་པར་བྱེད་པའི་དཀྱིལ་འཁོར་བགེགས་དང་། རྣམ་པར་ལོག་འདྲེན་ཐམས་ཅད་འཇོམས་པ། བུད་མེད་དང་། སྐྱེས་ པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྗེའུའི་རིགས་དང་། དམངས་རིགས་དང་། ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་བྱའང་རུང་སྟེ། སེམས་ཅན་ཐམས་ཅད་འཁོར་བའི་གཅོང་རོང་ལས་སྒྲོལ་བ་ཡིན་ནོ། །འདི་ནི་སྡིག་པ་དང་། སྒྲིབ་ པ་ཐམས་ཅད་དང་། དམྱལ་བ་དང་། སྡུག་བསྔལ་དང་། ནད་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་ལས་ཡོངས་སུ་ཐར་བར་བྱེད་ཅིང་འཇིགས་པ་མེད་པའི་ཁྱིམ་དུ་འཇུག་པར་བྱེད་པ་ཡིན་ནོ། །འདི་ནི་རྣམ་པར་ཐར་པར་བྱེད་པ་དཀྱིལ་འཁོར་ཆེན་པོ་སྙིང་པོ་དང་། གསང་སྔགས་ སུ་བཅས་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་འདི་རིག་སྔགས་འཆང་བ་དེ་དང་དེས་མིང་བརྗོད་པ་དང་། གང་དྲན་པ་ཙམ་ལ་སོགས་པ་དང་། ལྟ་བ་དང་། ཉན་པ་དང་། མིང་འཛིན་པ་ཡང་འཁོར་བའི་ཕ་རོལ་ཏུ་རྒལ་ བར་འགྱུར་རོ། །ཕྱིར་མི་ལྡོག་པ་ཉིད་དུ་ས་བཅུ་བགྲོད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། །དེ་གང་ཞེ་ན། གང་ཞིག་དཀྱིལ་འཁོར་ཆེན་པོ་འདི་འདྲ་བ་མངོན་དུ་མཐོང་བ་དང་། རྣམ་པར་གྲོལ་བའི་གཟུངས་འཇིག་ རྟེན་ལས་འདས་པའི་གསང་སྔགས་ཀྱི་ཚིག་བཟླས་བརྗོད་བྱེད་པ་དང་། ཀློག་པ་དང་། དྲན་པ་དང་། འཆད་པ་དང་། ལན་འགའ་སྨྱུར་བས་མཐོང་བ་དང་། ཐང་ཅིག་དང་། སྐད་ཅིག་དང་། ཡུད་ཙམ་གྱིས་མཐོང་བ་ནི་ང་དང་མཉམ་པ་དང་། མི་མཉམ་པ་ཡིན་ནོ་ཞེས་སྨྲའོ། ། བདག་ནི་སེམས་ཅན་དེ་ལ་དེ་བཞིན་གཤེགས་པ་ཡིན་པར་ཡང་འཛིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་པས་སྤྱི་བོས་དབང་བསྐུར་བར་བགྱིའོ། །རིག་སྔགས་འཆང་བས་ཟུང་ཤིག་དང་། མཆོག་ཇི་ལྟར་འདོད་པ་དང་། ཇི་ལྟར་ཡིད་ལ་རེ་བ་དང་། བསམ་ པ་ཐམས་ཅད་རྗེས་སུ་གཟུང་ཞིང་སྦྱིན་པར་མཛད་དོ། །དེའི་ཚེ་རིག་སྔགས་འཆང་བས་ཡིད་ལ་ཇི་ལྟར་བསམས་པའི་མཆོག་སྨྲས་ན། དེ་ཐམས་ཅད་སྦྱིན་པར་མཛད་ཅིང་དོན་ཡོད་པའི་ཡེ་ཤེས་བཀོད་པ་རྣམ་པར་གྲོལ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གཞན་ ཡང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཁྲག་ཁྲིག་སྟོང་ཕྲག་བཅུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དཀྱིལ་འཁོར་དེའི་དམ་ཚིག་ཏུ་ཞུགས་པ་ནི་དམ་ཚིག་ཤེས་པའི་རྗེས་སུ་ཞུགས་པ་ཡིན་ཏེ། དེ་དག་ཐམས་ཅད་ས་བཅུ་ལ་ རབ་ཏུ་གནས་པ་ཡིན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་བ་ཡིན། ལུང་བསྟན་པ་དང་བྱིན་གྱིས་བརླབས་པར་འགྱུར་བ་ཡིན། དེ་ནི་མངལ་ན་གནས་པར་སྐྱེ་བའི་ཐ་མ་སྟེ། ཕྱིས་མང་ལན་ གནས་པའི་དྲི་མས་གོས་པར་མི་འགྱུར་རོ། །ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །དེ་པདྨོའི་ནང་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་རྫུས་ཏེ་སྐྱེས་པར་འགྱུར་རོ། །ཚེ་རབས་ཀུན་ཏུ་ཚེ་རབས་དྲན་པར་འགྱུར་རོ། །དོན་ཡོད་པའི་རྒྱལ་པོའི་ཕུན་སུམ་ ཚོགས་པ་ཆོ་ག་ཞིབ་མོའི་རྒྱལ་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ། དམ་ཚིག་ཆེན་པོ་འདི་ཁ་ཏོན་བྱེད་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ལེགས་སོ་ཞེས་བྱ་བ་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་སྐྱེ་བ་བླངས་པ་ལེགས་པར་སྐྱེ་བ་ཡིན་པས་ལེགས་སོ་ལེགས་སོ། །ཕྱིར་མི་ལྡོག་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པ་ཡིན་ནོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་འོད་ཟེར་འབུམ་ཕྲག་བྱེ་བས་མཛེས་པར་གྱུར་ཅིང་བསོད་ནམས་ཀྱིས་བརྒྱན་པའི་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་སྤྱི་བོར་ ཕྱག་འཇོག་ཅིང་དབུགས་འབྱིན་པར་ཡང་མཛད་དོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཆོས་འབེལ་བའི་གཏམ་མངོན་སུམ་དུ་སྒྲོགས་པར་མཛད་དོ། །ཐ་ན་དཀྱིལ་འཁོར་ཆེན་པོ་རོལ་མོའི་སྒྲ་རྔ་བོ་ཆེ་དང་། རྔ་བྲན་དང་། དུང་དང་། རྫ་རྔ་དང་། རོལ་མོའི་སྒྲ་གང་དག་གྲག་ པ་ལ་སེམས་ཅན་གང་དག་གིས་སྒྲ་དེ་ཐོས་ནས་རྣ་བའི་བུ་ག་ཙམ་དུ་སོང་བ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པར་འགྱུར་རོ། །ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པར་བྱའི་རྣ་བར་སྒྲ་ཐོས་པ་དེ་དག་ཐམས་ཅད་ ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ལྟར་ན་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཆེན་པོ་དང་ལྡན་པ་རྣམ་པར་ཐར་བའི་དཀྱིལ་འཁོར་གྱི་ཆོ་ག་མཐུ་ཆེན་པོ་རྣམ་པར་འཕྲུལ་པ་ཡིན་ནོ། །རིགས་ཀྱི་བུ་པོའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ ནམ། དགེ་བསྙེན་མའམ། སེམས་ཅན་གཞན་གང་ཡང་རུང་བ་དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུའི་རིགས་སམ། དམངས་རིགས་སམ། འགའ་ཞིག་གིས་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོ་ག་འདི་འཁོར་མང་པོའི་ནང་དུ་ཀློག་པ་དང་ སེམས་ཅན་གང་གིས་སྒྲ་དེ་ཐོས་ནས་སྒྲ་དབྱངས་དེ་དང་མིང་ཐོས་པ་རྣ་བའི་བུ་གར་སོང་བར་གྱུར་པ་དེ་དག་ཐམས་ཅད་སྒྲིབ་པ་དང་། སྡིག་པ་མི་ཟད་པ་ལས་བྲལ་བར་འགྱུར་རོ། །སྔོན་གྱི་སྒྲིབ་པ་དང་། སྡིག་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཕྱིར་མི་ལྡོག་པར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་སུ་རིག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་ཀྱི་ཐུ་བོ་ཡིན་ནོ། །རྟག་པར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གྲོགས་མཛད་ཅིང་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་དབུགས་འབྱིན་པ་མཛད་ པར་འགྱུར་རོ། །མཐར་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་རྟག་ཏུ་རྗེས་སུ་སྲུང་བར་མཛད་དོ། །སེམས་ཅན་གང་ཞིག་དཀྱིལ་འཁོར་དེའི་ས་ཕྱོགས་སུ་སོང་སྟེ། ས་གཞི་སྣང་བ་ཙམ་མཐོང་བ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་ བསྲེགས་ཤིང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེའི་ས་རྡུལ་རླུང་གིས་བདས་ཏེ་ལུས་ལ་ཕོག་པ་གང་ཡིན་པ་དེ་དང་། ཐ་ན་སེམས་ཅན་ངན་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་བའི་གནས་ལ་རབ་ཏུ་གནས་པར་འགྱུར་རོ། །སྡིག་ པ་ཐམས་ཅད་ལས་ཡོངས་སུ་གྲོལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཐོང་བ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་ཕྱུང་བར་འགྱུར་རོ། །ལྷ་ ཐམས་ཅད་ཀྱིས་བསྲུང་བར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར་རོ། །དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ལྟར་ན་སྒྲ་ཐོས་པ་ཙམ་དང་། མིང་འཛིན་པ་ཙམ་གྱིས་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ནས་རྣམ་པར་གྲོལ་ བའི་དཀྱིལ་འཁོར་གྱི་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། སྡིག་པ་དང་། སྒྲིབ་པ་ཐམས་ཅད་སྲེག་ཅིང་སྡུག་བསྔལ་དྲག་པོ་ལས་རྣམ་པར་གྲོལ་བར་འགྱུར་བ་དང་། ཉོན་མོངས་པ་དྲག་པོའི་རྒྱ་མཚོ་དང་། འཁོར་བ་ལས་སྒྲོལ་བ་འགྲུབ་པ་ཕྱིར་མི་ལྡོག་པའི་གནས་བླ་ན་ མེད་པར་དབུགས་འབྱིན་པར་མཛད་པ། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ལམ་སྟོན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྟོན་པ། ལྷའི་སྟེགས་ སྦྱིན་སྲེག་བྱས་པ་ཙམ་གྱི་མོད་ལ་ཐེ་ཚོམ་མེད་པར་མེ་ལྷ་དང་། དབང་པོ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་རྣམས་སྦྱིན་སྲེག་བྱས་པ་འདི་ཙམ་གྱི་མོད་ལ་ཐམས་ཅད་འོང་བར་ འགྱུར་རོ། །ཐེ་ཚོམ་མེད་པར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཤ་ཟ་དང་། གྲུལ་བུམ་ཐམས་ཅད་འོང་བར་འགྱུར་ཞིང་། དེའི་མོད་ལ་རིག་སྔགས་འཆང་ བའི་རྐང་པ་གཉིས་ལ་རྟག་ཏུ་འདུད་པར་བྱེད་དོ། །དེ་བཞིན་དུ་ཉིན་མཚན་དུ་ཀུན་ཏུ་སྲུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དང་། ཕྱག་ན་རྡོ་རྗེ་བདག་ཉིད་ཆེན་པོ་དང་། གནོད་སྦྱིན་གྱི་དབང་པོ་ཆེན་པོ་བཅུ་ཡང་ཕྱོགས་བཅུར་སྲུང་བར་བྱེད་དེ། མི་སྲུན་པ་མ་རུངས་པ་སེལ་ཅིང་ དམྱལ་བ་དང་། འཇིགས་པ་མི་བཟད་པ་དང་། དུག་དྲག་པོ་དང་། སེམས་ཅན་མ་རུངས་པ་རྣམས་སེལ་བར་བྱེད་དོ། །དེ་མ་ཐག་ཏུ་བསོད་ནམས་ཆེན་པོའི་ལྷུན་པོ་དང་། བསོད་ནམས་ཆེན་པོའི་ཕུང་པོ་བླ་ན་མེད་པ་སྐྱེ་བར་འགྱུར་རོ། །ཙནྡན་སྲང་ཉི་ཤུ་དང་། ཨ་ག་རུ་སྲང་ལྔ་དང་། དུ་རུ་སྐ་སྲང་བདུན་དང་། ག་བུར་དང་། གླ་རྩི་སྲང་གཅིག་གི་བཞི་ཆ་རེ་རེ་དང་། གུར་གུམ་སྲང་གཅིག་དང་། ལྕེ་བོག་ཀུན་དུ་ར་སྲང་ལྔ་དང་། གུ་གུལ་སྲང་བདུན་དང་འདི་རྣམས་གཅིག་ཏུ་བསྲེས་ཏེ། ཕྱེ་མར་བྱས་ལ་ཁར་དཀར་པོ་དང་། སྦྲང་རྩིས་རིལ་བུ་ཞོ་རེའི་ཚད་ཙམ་ དུ་བྱས་པ་སྟོང་རྩ་བརྒྱད་དང་། ཡུངས་ཀར་དང་། འབྲས་ཡོས་བསྲེས་ཏེ། རིལ་བུ་དང་བསྲེས་ནས་མར་གྱི་ནང་དུ་སྨྱུགས་ཏེ་སྦྱིན་སྲེག་བྱའོ། །ཤིང་སྲུར་བྷི་དང་། ཤིང་ཨརྐ་དང་། ཤིང་ཤ་མྱའི་ཡམ་སྲེག་ཤིང་གི་མེ་སྦར་ཏེ་སྦྱིན་སྲེག་གི་ཆོ་ག་བྱའོ། །གང་དང་གང་གི་ཚེ་སྟོང་རྩ་ བརྒྱད་སྦྱིན་སྲེག་བྱས་ན་དེ་དང་དེའི་ཚེ་སྡིག་པ་དང་། སྒྲིབ་པ་དྲག་པོ་ཐམས་ཅད་སྲེག་པར་འགྱུར་རོ། །དེ་དང་དེའི་ཚེ་དེ་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེ་དང་དེའི་ཚེ་གཅོད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེ་དང་དེའི་ཚེ་འཛམ་བུའི་གླིང་གི་སེམས་ ཅན་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལ་སོགས་པ་ཐམས་ཅད་ཀྱི་སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །སྡིག་པ་ཐམས་ཅད་དང་། བྱུར་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། འཁྲུག་པ་ཐམས་ཅད་དང་། འཐབ་པ་དང་། རྩོད་པ་དང་། གཡུལ་འགྱེད་པ་དང་། ཤགས་འགྱེད་པ་ཐམས་ཅད་དང་། རང་གི་འཁོར་དང་། གཞན་གྱི་འཁོར་གྱི་འཇིགས་པ་ཐམས་ཅད་དང་། ཕྱིར་རྒོལ་བའི་དགྲས་འཇིགས་པ་ཐམས་ཅད་ དང་། སེམས་ཅན་མ་རུངས་པ་ཐམས་ཅད་དང་། རྐུན་པོ་དང་། ཟོལ་བ་དང་། མི་རྒོད་པ་དང་། གཅན་གཟན་གཏུམ་པོའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་འཇིགས་པ་མེད་པར་འགྱུར་རོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་གང་དག་གིས་དེའི་དྲི་ཚོར་བ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གནས་པར་འགྱུར་ རོ། །ཚེ་བརྗེས་ནས་ཐམས་ཅད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་ཞིང་། པདྨོའི་ནང་ནས་རྫུས་ཏེ་སྐྱེ་བར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རྐང་གཉིས་པ་དང་། རྐང་བཞི་པ་རྣམས་ཀྱིས་དེའི་དྲི་ཚོར་བ་ཙམ་གྱིས་ཐམས་ཅད་ངེས་པར་ཕྱིར་མི་ལྡོག་ པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མངོན་པར་རྫོགས་པར་འཚང་རྒྱའོ། །རིག་སྔགས་འཆང་བ་དེ་ཇི་ལྟ་ཇི་ལྟར་སྦྱིན་སྲེག་བྱེད་པ་དེ་ལྟ་དེ་ལྟར་ངེའི་ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ། །སྟོང་རྩ་ བརྒྱད་ཚང་ན་རིག་སྔགས་འཆང་བའི་ལུས་འབར་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་མང་པོའི་སྐུ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་རིག་སྔགས་འཆང་བ་ལ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་ཏེ། རིག་སྔགས་འཆང་བ་ ལེགས་སོ་ལེགས་སོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོག །རྣམ་པར་གྲོལ་བའི་དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ཆོ་ག་ཡིན་ནོ། །འདི་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའི་སྦྱིན་སྲེག་ཆེན་པོའི་ཆོ་ག་ཡིན་ནོ། །འདི་ནི་གནོད་ སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། བགེགས་དང་། ལོག་འདྲེན་ཚར་གཅོད་པའི་སྦྱིན་སྲེག་ཆེན་པོའི་ཆོ་ག་ཡིན་ནོ། །འདི་ནི་བྱང་ཆུབ་ཀྱི་སྙིང་པོར་སོང་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྦྱིན་སྲེག་ཆེན་པོའི་ཆོ་ག་ཡིན་ནོ། །འདི་ནི་བྱང་ཆུབ་ཀྱི་ལམ་བླ་ན་ མེད་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་སྟེ། རིག་སྔགས་འཆང་བའི་མགོའི་སྤྱི་བོ་ལ་ཕྱག་འཇོག་པར་མཛད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་གི་ངོ་བོ་ཉིད་ཀྱི་རྒྱན་ཐམས་ཅད་ ཀྱིས་བརྒྱན་པ། དོན་ཡོད་པའི་ཞགས་པ་དང་། ཚངས་པའི་ཆ་བྱད་འཆང་བ། དབུ་ལྕང་ལོ་ཅོད་པན་གྱིས་བརྒྱན་པ། པདྨ་དང་། མདུང་རྩེ་གསུམ་པ་དང་། ཞགས་པ་ཐོགས་པ། རིག་སྔགས་འཆང་བའི་མདུན་ན་བཞུགས་ཏེ་བཀའ་སྩོལ་པ། རིག་སྔགས་འཆང་བ་ཁྱོད་ཀྱིས་ དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ཆོ་ག་ཆེན་པོ་གྲུབ་པ་ལེགས་སོ་ལེགས་སོ། །ཟུང་ཤིག་དང་། མཆོག་ཇི་ལྟ་བ་དང་། ཇི་ལྟར་འདོད་པ་དེ་ཐམས་ཅད་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་བས་ཇི་ལྟར་ འདོད་པའི་མཆོག་སྨྲས་ན་དེ་ཐམས་ཅད་ཐོབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་ཕྱག་བརྐྱང་སྟེ། རིག་སྔགས་འཆང་བའི་མགོའི་སྤྱི་བོ་ལ་ཕྱག་བཞག་པ་དང་། ཕྱག་བཞག་མ་ཐག་ཏུ་རིག་སྔགས་འཆང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་ཐོབ་པར་འགྱུར་རོ། །ཕྱིར་མི་ལྡོག་པ་དང་། ཕྱིར་མི་ལྡོག་པའི་གནས་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་དབང་བསྐུར་བ་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཞིང་ལ་བསྙེན་བཀུར་བྱས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཆོས་འཆད་པ། བྱང་ཆུབ་ ཀྱི་སྙིང་པོ་ལ་ཐུག་གི་བར་དུ་མངོན་སུམ་དུ་ཐོབ་པར་འགྱུར་རོ། །དེ་ནས་ཧོ་མ་ཁུང་བཤད་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་གནས་བླ་ན་མེད་པའི་པདྨ་ཁ་བྱེ་བ་འདྲ་བར་བྱས་པ། ཟླུམ་པོ་ཁྲུ་གསུམ་པ་ས་དང་བའི་ལྕི་བ་བསྲེས་པ་དང་ལྡན་པར་བྱས་ཏེ། པདྨའི་སྙིང་ པོ་ལ་ཧོ་མ་ཁུང་ཟ་བས་སུ་བརྐོ་བ་དང་། ཐབ་ཀ་ཀུན་ཏུ་ཁྲུ་གང་བ་བརྐོ་བར་བྱའོ། །ནང་དུ་པདྨ་བཅུ་དྲུག་པ་འབུར་དུ་བྱས་པ་བཞག་ལ། ཚོན་སྣ་ཚོགས་ཀྱིས་པདྨ་དེ་བརྒྱན་པར་བྱའོ། །པདྨའི་ཕྱི་འཁོར་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ་དྲི་སྣ་ཚོགས་ཀྱིས་གཏོར་བ་དང་བརྒྱན་པར་བྱའོ། ། དཀྱིལ་འཁོར་ཀུན་ཏུ་བུམ་པ་གང་བ་བཞི་དང་། དངུལ་གྱི་སྣོད་གང་བ་བཞི་དང་། མཆོད་ཡོན་གྱི་ཆུས་བཀང་པ་གསེར་གྱི་སྣོད་བཞི་དང་། རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པ་ནི་གཏོར་མ་དཀར་གསུམ་རྣམ་པ་སྣ་ཚོགས་དང་འབྲས་བུ་རྣམ་པ་སྣ་ཚོགས་གཞག་པ་དང་། དྲི་དང་མེ་ ཏོག་སྣ་ཚོགས་ཀྱིས་གཏོར་ཏེ། ཕྲེང་བ་རྣམ་པ་སྣ་ཚོགས་དཔྱངས་ལ། དཀྱིལ་འཁོར་ཀུན་དུ་ཚོན་སྣ་ལྔའི་བ་དན་གྱིས་མདའ་ལ་བརྒྱན་ཏེ་གཟུགས་པ་དང་། སྒོ་བཞི་ཆ་དབྱེ་བ་དང་། བུམ་པ་གཞག་པ་ནི་ལེགས་པར་བརྒྱན་ཅིང་དྲི་ཆུས་ཡོངས་སུ་བཀང་བར་བྱའོ། །སྒོ་བཞིར་ཆོས་སྨྲ་ བ་ཤིན་ཏུ་བརྒྱན་པའི་སྟན་ལ་འདུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། །གྲྭ་བཞིར་ཆོ་ག་སྨྲ་བ་ཆོས་ཀྱི་སྟན་ལེགས་པར་བརྒྱན་པ་ལ་འདུག་ནས་དོན་ཡོད་པའི་ཞགས་པའི་མདོ་སྡེ་བཀླག་པར་བྱའོ། །གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཟངས་ཀྱི་ མེ་ཏོག་དང་། རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་བྱའོ། །དེ་ནས་རིག་སྔགས་འཆང་བས་ཁྲུས་བྱས་གོས་གཙང་མ་བགོས་དྲི་ཞིམ་པོས་བགོས་ཏེ། གཙང་མར་བྱས་པ་ལ་རིལ་བུ་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་ པོ་བརྒྱ་རྩ་བརྒྱད་ཀྱིས་དབང་བསྐུར་རོ། །དོན་ཡོད་པ་རྣམ་པར་ལྟ་བའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་དོན་ཡོད་པ་རྣམ་པར་ལྟ་བའི་འབར་བ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཞགས་པའི་སྙིང་པོས་སྟོང་རྩ་བརྒྱད་སྦྱིན་སྲེག་བྱ་བ་ནི་མི་སྨྲ་བར་བྱམས་པའི་སེམས་དང་། སྙིང་ཐག་པ་ནས་བརྩེ་བ་དང་། སྙིང་རྗེ་བར་བྱ་བ་ནི་ལས་བླ་ན་མེད་པ་ཡིན་ནོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་པདྨ་ པཱ་ཎི། ཙ་ར་ཙ་ར་པདྨ་བྷུ་ཛེ། ཛྭ་ལ་ཛྭ་ལ་ཧཱུ་ཏཱ་ཤ་ནེ། བྷུ་རུ་བྷུ་རུ། བི་མོ་ཀྵ་བྷུ་ཛེ། ད་ཧ་ད་ཧ། སརྦ་མ་ལཱ་ན། ཨ་མོ་གྷ་པཱ་ནི་བ་ར་དེ། ཧཱུཾ་ཧཱུཾ་ནིར་ད་ཧ། པཱ་པཾ། ཤ་མ་ཤ་ནི། ལོ་ཀོཏྟཱ་ར་ཎི། ས་མནྟ་རཥྨི་བ་ར་དེ། རུ་ཏུ་རུ་ཏུ། པྲ་བ་རེ། ཨ་མོ་གྷ་སིད་དྷི། ཨོཾ་བྷུརྦྷུ་པ། ན་ མོ་སྟུ་ཏེ་སྭཱ་ཧཱ། དེ་ནི་རྣམ་པར་གྲོལ་བའི་དཀྱིལ་འཁོར་འབར་བ་ཞགས་པ་ཆེན་པོའི་སྙིང་པོ་དང་། གཟུངས་ཀྱི་སྦྱིན་སྲེག་གི་ཆོ་ག་འཇིག་རྟེན་ལས་འདས་པ་བླ་ན་མེད་པ་ཡིན་ནོ། །དེ་ནས་རིག་སྔགས་འཆང་བས་ཐལ་བ་དེས་རྨད་དུ་བྱུང་བ་ཆེན་པོའི་བྱ་བ་ཐམས་ཅད་བྱའོ། །ཐལ་བ་དེས་ གང་གི་ལུས་ལ་བྱུགས་པ་དེ་ནི་སྒྲིབ་པ་དང་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དཔྲལ་བར་ཐིག་ལེ་བྱས་ན་དེ་མ་ཐག་ཏུ་ཞག་བཞི་པའི་རིམས་ལས་ཐར་བར་འགྱུར་རོ། །ཞག་གཉིས་པ་དང་། ཞག་གསུམ་པ་དང་། མཚན་མོ་པ་དང་། ཉིན་པར་པ་དང་། ནམ་ཕྱེད་པ་དང་། ཉིན་ ཕྱེད་པ་དང་། ལོ་གཅིག་པ་དང་། ཟླ་བ་གཅིག་པ་དང་། ཞག་བདུན་པ་དང་། རྟག་པའི་རིམས་ལན་འགའ་ཡང་གནས་ཤིང་ཕྱིར་འོང་བར་མི་འགྱུར་རོ། །དཔག་ཚད་བརྒྱ་འདས་ཏེ་འབྲོས་པར་འགྱུར་རོ། །མཚོག་མར་ཐིག་ལེ་བྱས་ན་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་ཐར་ བར་འགྱུར་རོ། །ཐམས་ཅད་ཀྱང་ཕྱོགས་བཅུར་དཔག་ཚད་སྟོང་དུ་འབྲོས་པར་འགྱུར་རོ། །ཐལ་བའི་རྡུལ་བྱ་རོག་གི་མཆུ་ལ་གོས་པ་ཕྱོགས་ཀྱི་གནས་གང་དུ་ལྷུང་བ་དེར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། གྲུལ་བུམ་དང་། བརྗེད་ བྱེད་དང་། བགེགས་དང་། ལོག་འདྲེན་ཕྱིར་གནས་པར་མི་འགྱུར་རོ། །ཐམས་ཅད་འབྲོས་སོ། །ཕྱོགས་ཀྱི་གནས་དེར་ལྷུང་ན་སླར་འོང་བར་མི་འགྱུར་རོ། །སྙིང་གར་ཐིག་ལེ་བྱས་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལྟེ་བའི་གནས་སུ་ཐིག་ལེ་བྱས་ན་ལྟོ་བའི་ནང་གི་ནད་ ཐམས་ཅད་མོད་ལ་སོས་པར་འགྱུར་རོ། །གདུག་པས་ཟིན་པ་ལ་བསྐུས་ན་དུག་མེད་པར་འགྱུར་རོ། །དུག་གིས་མྱོས་པ་ལ་བྱིན་ན་དུག་མེད་པར་འགྱུར་རོ། །ཐལ་བས་ཁྲུས་བྱས་ན་བྱད་དང་། གཡེངས་བྱེད་དང་། སྔགས་དང་། དུག་ཐམས་ཅད་རྣམ་པར་ཞིག་པར་འགྱུར་རོ། །ཤ་ བཀྲ་དང་། མཛེ་དང་། འབྲས་དང་། ཤུ་ཕྲན་མཆེད་པ་དང་། འབྲུམ་བུ་དང་། ལྷོག་པ་དང་། མེ་དབལ་དང་། འབྲུམ་ཕྲན་རྣམས་བྱུང་ན་ཆུ་དྲོན་པོ་དང་སྦྱར་ཏེ་བསྐུས་ལ་མར་ལ་ལན་བདུན་བཟླས་བརྗོད་བྱས་པས་བསྐུས་ན་མོད་ལ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ རོ། །སྤྲིན་ལོགས་སུ་གཏོར་ན་སད་དང་། སེར་བ་ཐམས་ཅད་མི་འབབ་བོ། །རླུང་ལྡང་བའི་ལོགས་སུ་གཏོར་ན་རླུང་བསྡམས་པར་འགྱུར་རོ། །ཕྱོགས་བཞིར་གཏོར་ན་མཚམས་ཆེན་པོ་བཅད་པར་འགྱུར་རོ། །ཡུལ་འཁོར་ཀུན་ཏུ་གཏོར་ན་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ དང་། མེ་ཏོག་གི་ལྗོན་ཤིང་དང་། ཤིང་གི་ཡ་ལ་ག་དང་། ལྡུམ་ར་དང་། ཀུན་དཀར་ར་བ་དང་། རི་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ལེགས་པར་བསྲུངས་བར་འགྱུར་རོ། །ཡུལ་འཁོར་ལ་དཔག་ཚད་བརྒྱ་ཚུན་ཅད་ཀུན་ཏུ་མཚམས་ཆེན་ པོ་གཅད་པ་བྱས་པར་འགྱུར་རོ། །གྲོང་ཁྱེར་གྱི་སྒོ་བཞིར་གཏོར་ན་དེར་འཇུག་པ་དང་། ཕྱིར་འབྱུང་བའི་སེམས་ཅན་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བྱོལ་ སོང་གི་སྐྱེ་གནས་སུ་གཏོགས་པ་རྐང་གཉིས་པ་དང་། རྐང་བཞི་པ་དང་། རི་དགས་དང་། བྱ་དེ་དག་ཐམས་ཅད་སྒྲིབ་པ་དང་། སྡིག་པ་དང་བྲལ་བར་འགྱུར་རོ། །དགོངས་པ་ཙམ་གྱིས་ནད་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ནད་ཐམས་ ཅད་དང་བྲལ་བར་འགྱུར་རོ། །ཚེ་ཡོངས་སུ་བརྗེས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་། སངས་རྒྱས་ཉིད་དུ་གནས་ཀྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་བའི་གནས་ཐོབ་པར་འགྱུར་རོ། །དུར་ཁྲོད་དམ། ར་བསྲེགས་པའི་སྟེང་དུ་ཐལ་བས་གཏོར་ན། དམྱལ་བར་སྐྱེས་ པའི་སེམས་ཅན་དེ་དག་ཐམས་ཅད་མོད་ལ་དམྱལ་བ་ནས་ཐར་ཏེ། མངོན་པར་དགའ་བའམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། ལྷའི་གནས་སམ། གྲོང་ངམ། ཁྱིམ་མམ། དགོན་པའི་གནས་སམ། ཡུལ་འཁོར་ཀུན་ཏུ་གཏོར་ན་ མཚམས་ཆེན་པོ་བཅད་ཅིང་ཞི་བ་ཆེན་པོར་འགྱུར་རོ། །རྒྱལ་པོའི་ཕོ་བྲང་གི་སྒོར་གཏོར་ན་རྒྱལ་པོ་དང་བཙུན་མོའི་འཁོར་དགྲ་ཐམས་ཅད་ལས་ལེགས་པར་བསྲུངས་པར་འགྱུར་རོ། །སྐྱེ་བོ་མང་པོའི་ནང་དུ་གཏོར་ན་སྐྱེ་བོ་མང་པོ་དེ་དག་ཐམས་ཅད་སྒྲིབ་པ་དང་། སྡིག་པ་ཐམས་ཅད་དང་ བྲལ་བར་འགྱུར་རོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །གཞན་ཡང་བྱེ་བ་སྟོང་ཕྲག་བརྒྱ་བྱེད་པས་རང་འདོད་པ་ལ་རང་གི་བློས་ཐམས་ཅད་དུ་སྦྱར་བར་བྱའོ། །དེ་ནས་རྣམ་པར་གྲོལ་བའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་འཇིག་རྟེན་ལས་འདས་པའི་སྐུ་གཟུགས་ རས་ལ་བྲི་བ་བཤད་པར་བྱའོ། །དར་རམ་རས་གཙང་མ་ལེགས་པར་བཏགས་པ་ཚད་ཁྲུ་དོའམ། ཁྲུ་གསུམ་མམ། ཁྲུ་བཞི་པ་དེའི་དབུས་སུ་དོན་ཡོད་པའི་ཞགས་པ། འཇིག་རྟེན་དབང་ཕྱུག །ཚངས་པའི་ཆ་བྱད་འཆང་བ། དབུ་ལྕང་ལོ་ཅོད་པན་གྱིས་བརྒྱན་པ། ཅོད་པན་ རྒྱལ་བ་འོད་དཔག་མེད་དང་གཡས་སུ་ཟླ་བ་ཚེས་པ་ཅན་གྱིས་བརྒྱན་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་བྲི་བ་ནི་རི་བོ་པོ་ཊ་ལ་ལྕུག་མ་མེ་ཏོག་ཅན་སྣ་ཚོགས་ཀྱིས་གང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ལྕུག་མས་གང་བ་བྱའོ། །དེའི་ སྟེང་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེང་གེའི་ཁྲི་བྱའོ། །སེང་གེའི་ཁྲིའི་སྟེང་དུ་པདྨའི་གདན་བྱའོ། །དེའི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་པར་བྱ་སྟེ། པདྨ་དང་། མདུང་རྩེ་གསུམ་པ་དང་། ཞགས་པ་ཐོགས་ཤིང་གཟུགས་དེ་ཕྱག་དབུགས་ འབྱིན་པ་བྱའོ། །དབུའི་གོང་མན་ཚད་གཞལ་མེད་ཁང་ཆེན་པོ་ལྷ་རྫས་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། དབུས་སུ་མཐོ་བ་དང་བཅས་པ་བྱའོ། །དབུས་མཐོ་བའི་སྟེང་དུ་དེ་བཞིན་གཤེགས་པ་བདུན་ཚད་དང་མཐུན་པར་པདྨའི་གདན་ལ་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། དེ་བཞིན་གཤེགས་པ་དེའི་གོང་གི་དབུས་སུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་འོད་དང་། དེ་བཞིན་གཤེགས་པ་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་བཅས་ཏེ་གཞལ་མེད་ཁང་གི་ནང་ན་བཞུགས་ པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོད་འདོམ་གང་ལ་འཁོར་བར་དེ་བཞིན་གཤེགས་པ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བྱ། དེ་བཞིན་གཤེགས་པའི་ཉེ་འཁོར་ཀུན་ཏུ་འོད་ཟེར་འབར་བ་སྣ་ཚོགས་དང་། མདུང་རྩེ་གསུམ་པའི་ཕྲེང་བ་བྱའོ། །དེ་ཉིད་ཀྱི་ཉེ་ འཁོར་དུ་ལྷ་སུམ་ཅུ་རྩ་གཉིས་བྱའོ། །གོང་གི་དབུས་སུ་རྡོ་རྗེ་འཆང་བ་ཁྲོ་གཉེར་ཅན་རྡོ་རྗེ་གསོར་བར་བྱའོ། །དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་དབང་ཕྱུག་ཆེན་པོ་དང་། སུམ་ཅུ་རྩ་གསུམ་གྱི་དབང་པོ་དང་། འོག་མིན་གནས་ ཀྱི་ལྷའི་བུ་དང་། དགའ་ལྡན་གྱི་ལྷའི་བུ་དང་། འཕྲུལ་དགའི་ལྷའི་བུ་དང་། ཟླ་བ་དང་། ཉི་མའི་ལྷའི་བུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། མེ་ལྷ་དང་། ནག་པོ་ཆེན་པོ་དང་། དགའ་བའི་དབང་ཕྱུག་དང་། དགའ་བོ་དང་། ཉེ་དགའ་ བོ་དང་། སྟོབས་ལྷ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། གནས་གཙང་མའི་རིགས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་མེ་ཏོག་སྣ་ཚོགས་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ལག་པ་ནས་འཕྲུལ་པ་དང་། མཚོན་ཆ་སྣ་ཚོགས་ཐོགས་པར་བྱ།། །།འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་བཞི་པ། ལྷ་རྣམས་ཀྱི་ཕྱི་རོལ་ཐོག་ཐག་ཏུ་པདྨའི་ཕྲེང་བ་རྡོ་རྗེ་དང་། མདུང་རྩེ་གསུམ་པས་སྤྲས་པའི་པདྨའི་ཕྲེང་བས་ཀུན་ཏུ་འཁོར་བར་བྱ། གཡས་ཕྱོགས་སུ་འཕགས་མ་སྒྲོལ་མ་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། ཨུཏྤ་ལ་དང་། ནོར་བུ་རིན་པོ་ཆེ་ཕྱག་ན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་དུ་བལྟ་བར་བྱའོ། །དེའི་རྒྱབ་བུ་ཁྲོ་གཉེར་མ་མེ་ཏོག་སྣ་ ཚོགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱའོ། །གཡོན་དུ་དཀར་མོ་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། ཀུ་མུ་ད་དང་། ནོར་བུ་རིན་པོ་ཆེ་ལག་ན་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་བར་བྱའོ། ། དཀར་མོ་དེའི་རྒྱབ་ཏུ་པདྨ་མཛེས་དགའ་མ་མེ་ཏོག་སྣ་ཚོགས་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱའོ། །ལྷ་མོ་སྒྲོལ་མ་དང་། དཀར་མོའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་བཅུའི་ལྷ་མོ་ཐམས་ཅད་ཀྱང་དབུ་ཡིད་ཙམ་འདུད་པ། ན་བཟའ་དཀར་པོ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ པ་བཞེངས་པ་བྱའོ། །གཡས་ཕྱོགས་སུ་སྲིན་མོ་རལ་པ་གཅིག་མ་གཏུམ་མོ་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། ཕྱག་བཞི་ལ་ཞགས་པ་དང་། དགྲ་སྟ་དང་། རལ་གྲི་དང་། རྡོ་རྗེ་ལག་ན་ཐོགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་བར་བྱའོ། །གཡོན་དུ་ཕོ་ཉ་ མོ་ཞལ་མཆེ་བ་གཙིགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་བཞི་ལ་རྡོ་རྗེ་དང་། དགྲ་སྟ་དང་། ཞགས་པ་དང་། མདུང་རྩེ་གསུམ་པ་ཕྱག་ན་ཐོགས་པ། སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ་བཞུགས་པ། འབར་བའི་ནང་ན་འཇིག་རྟེན་དབང་ཕྱུག་ལ་བལྟ་བར་བྱའོ། །རི་བོ་པོ་ཊ་ལའི་ངོས་ ཀྱི་གསེབ་ཏུ་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དང་། ཀླུའི་བུ་མོ་ཀླུའི་གནས་དང་བཅས་པ་བྱ་སྟེ། མེ་ཏོག་སྣ་ཚོགས་ཐོགས་ཤིང་། གོང་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་འཐོར་བར་བྱའོ། །རིའི་སྨད་དུ་ལྷ་མོ་དཔེ་མེད་མ་དང་། ལྷ་མོ་བས་ན་ཏི་དང་། སའི་ལྷ་མོ་ དང་། དཔལ་ལྷ་མོ་དང་། ལྷ་མོ་འཇིགས་བྱེད་མ་དང་། སྒྲ་དབྱངས་མ་དང་། ལྕགས་སྒྲོག་མ་དང་། དུང་ཅན་མ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་དང་། ནོར་བུ་རིན་པོ་ཆེ་ཐོགས་པ་བྱའོ། །གཞལ་མེད་ཁང་གི་གོང་དུ་མཆོད་རྟེན་ཆེན་པོ་བརྒྱད་ཕྲེང་བ་ སྦྲེངས་ལ་མཆོད་རྟེན་གྱི་རྒྱན་ཇི་ལྟ་བར་བརྒྱན་པར་བྱའོ། །མཆོད་རྟེན་གྱི་འོག་གཡས་རོལ་དུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ལ་འཇིག་རྟེན་དབང་ཕྱུག་མངོན་དུ་མཆོད་པ་མཛད་པ་བྱའོ། །འཕགས་པ་རྡོ་རྗེ་འཆང་བ་ཕྱག་ན་རྔ་ཡབ་ཐོགས་པ་བྱའོ། །དེའི་འོག་ཏུ་དྲང་ སྲོང་དང་། ལྷའི་བུ་མེ་ཏོག་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱའོ། །གཡོན་ཕྱོགས་སུ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱ་སྟེ། ཀུན་དགའ་བོ་དང་། རྡོ་རྗེ་འཆང་བ་ལག་ན་རྔ་ཡབ་ཀྱིས་བཅོམ་ལྡན་འདས་ལ་མངོན་དུ་གཡོབ་པར་བྱའོ། །གཡས་ ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ། །གཡོན་ཕྱོགས་སུ་ཁྲོ་བོའི་རྒྱལ་པོ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ། །དེའི་འོག་ཏུ་དྲང་སྲོང་དང་། ལྷའི་ཚོགས་བཅོམ་ལྡན་འདས་ལ་མཆོད་པ་ བྱེད་པ་བྱའོ། །རས་ཀྱི་སྐུ་གཟུགས་ཀྱི་གཡོན་དང་གཡས་ཀྱི་ཕྱི་རོལ་ཐོག་བྲག་ཏུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱ་རྩ་བརྒྱད་པདྨོའི་གདན་ལ་ཚད་ཇི་བཞིན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གི་སེང་གེའི་གདན་གྱི་ཞབས་དྲུང་དུ་རིག་སྔགས་འཆང་བ་པུས་མོ་བཙུགས་ཏེ། མེ་ཏོག་དང་། པོག་ཕོར་དང་། བགྲང་ཕྲེང་ལག་ན་ཐོགས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་དུ་བལྟ་བར་བྱའོ། །རི་མོ་མཁན་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ ཏེ། གཙང་བར་བྱས་ལ་རོ་སྣ་ཚོགས་པའི་ཟས་དཀར་གསུམ་བཟའ་བར་བྱའོ། །སྣོད་སར་པ་གཙང་མའི་ནང་ནས་ཚོན་ལྷག་མ་མ་ཡིན་པས་བྲི་བར་བྱའོ། །འདིའང་ཁ་ཟས་མི་གཙང་བ་སྣ་ཚོགས་དང་། གོས་ངན་པ་མི་གཙང་བ་ཡོངས་སུ་སྤང་བར་བྱའོ། །ཚིག་ངན་པ་དང་། སེམས་ ངན་པ་ཡོངས་སུ་སྤང་བར་བྱའོ། །ཆང་དང་། ཤ་དང་། བེག་བཙོང་དང་། སྒོག་སྐྱ་དང་། ཀེའུ་དང་འདྲེས་པ་ཡོངས་སུ་སྤང་བར་བྱའོ། །ཉི་མ་རེ་རེ་ཞིང་བའི་རྣམ་ལྔ་ལ་རེག་པར་བྱའོ། །དྲི་མ་དང་བྲལ་ཞིང་སེར་སྣ་དང་། ཕྲག་དོག་དང་བྲལ་བར་བྱའོ། །བྱམས་ པ་དང་། སྙིང་རྗེའི་ལྷག་པའི་བསམ་པ་དང་། དཀོན་མཆོག་གསུམ་ལ་དང་བ་ལྷག་པར་བྱ་སྟེ་རས་ཀྱི་སྐུ་གཟུགས་བྲི་བར་བྱའོ། །ག་པུར་དང་། གླ་རྩིས་བསྒོས་པའི་ཚོན་སྣ་ཚོགས་ཀྱིས་བྲི་བར་བྱའོ། །དབེན་ཞིང་འདུ་འཛི་ཡོངས་སུ་སྤང་བར་བྱའོ། །རྨུགས་པ་དང་། གཉིད་ ཡོངས་སུ་སྤང་བར་བྱའོ། །དེ་ལྟར་རི་མོ་བྲི་བ་ནི་ལས་ལེགས་པར་བྱས་པ་ཡིན་ནོ། །ཟླ་བ་ཡར་གྱི་ངོ་ལ་བྲི་བར་བྱའོ། །རྒྱུ་སྐར་ཤིན་ཏུ་བཀྲ་ཤིས་པ་དང་། ཚེས་གྲངས་དང་ཉི་མ་ཤིན་ཏུ་བཀྲ་ཤིས་པ་ལ་བརྩམ་པར་བྱའོ། །རྒྱུ་སྐར་རྒྱལ་ནི་བཀྲ་ཤིས་པ་ཡིན་ཏེ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བསྔགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། ལྷ་ཐམས་ཅད་ཀྱིས་རྗེས་སུ་བཟུང་བ་ཡིན་ནོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སྦྱོང་ དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་ལ་ལ་ཞིག་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། དེ་བཞིན་གཤེགས་པ་ཐམས་ཅད