Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 3 / 20 (50.000 ký tự/trang)
ིའོ། །
དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་འཁོར་ལོའི་ཞགས་པ་མདུན་དུ་བཅིང་བར་བགྱི་སྟེ། མཐོང་བཅོམ་གྱི་མོད་ལ་དེའི་སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་ཉམས་པར་འགྱུར་རོ། །མཐུ་ཆུང་བར་འགྱུར་རོ། །དེ་ནས་བུད་མེད་དེ་རྒོད་པ་དང་། ཨོཾ་ཞེས་བགྱི་
བས་གནོན་པར་བྱའོ། །ཁྲོ་བོའི་རྒྱལ་པོ་བཟླས་པར་བགྱིས་ཏེ། ཁ་བུབ་ཏུ་སྒྱེལ་ནས་ཆབ་འབྱུང་བར་འགྱུར་ཏེ་ཆབ་དེ་ལ་རེག་པར་མི་བགྱིའོ། །དོན་ཡོད་རྒྱལ་པོ་བཟླས་པར་བགྱི་སྟེ། དེ་ནས་མིག་ཚུགས་ཀྱིས་བལྟ་བར་བགྱིད་ན། རིག་སྔགས་འཆང་གིས་ཞགས་པས་
བཞུ་བར་བགྱིའོ། །དེའི་འོག་ཏུ་བདུད་རྩིའི་ཆབ་འབྱུང་སྟེ་བླང་བར་བགྱི་བྱུག་པར་བགྱིའོ། །ཀུན་ཏུ་བྱུགས་པ་ཙམ་གྱིས་ནམ་མཁའ་ལ་མཆི་བར་འགྱུར་ཏེ། ཐོག་མར་རླུང་གི་ཕུང་པོ་ནས་འཛེགས་པར་འགྱུར་རོ། །མིག་ལ་བྱུགས་ན་ཕྱོགས་བཅུ་ཐམས་ཅད་དུ་གཏོགས་པའི་དེ་བཞིན་གཤེགས་
པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་དང་བཅས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་དེའི་གཞལ་མེད་ཁང་དང་། གནས་རྣམ་པར་འཕྲུལ་པ་དང་། གང་དག་བཞུགས་ཤིང་གཞེས་ལ་འཚོ་བ་དག་ཅི་ལྟར་ལག་མཐིལ་ན་མཆིས་པ་དེ་བཞིན་དུ་མཐོང་བར་འགྱུར་རོ། །

གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་དག་ད་ལྟར་བྱུང་བ་དང་། སངས་རྒྱས་པ་རྣམས་དང་། གང་དག་རིང་བསྲེལ་སྙིང་པོའི་མཆོད་རྟེན་ཆེན་པོའི་སྲོག་ཤིང་གི་ཚོགས་ཅན་དག་དང་། དེ་
བཞིན་དུ་ཅི་ལྟར་འཁོར་གྱི་དཀྱིལ་འཁོར་གྱི་ཁང་པ་དེ་དག་ཐམས་ཅད་མཐོང་བར་འགྱུར་རོ། །བདག་ཉིད་ལ་ཀུན་ནས་བྱུགས་ཏེ། དེས་བྱུགས་པ་ཙམ་གྱིས་པགས་པའི་མདོག་ལྷའི་གསེར་དང་འདྲ་བར་འགྱུར་རོ། །སྐྲ་སྔོ་ལ་ཅུང་ཟད་འཁྱིལ་བར་འགྱུར་རོ། །མིག་ལྷའི་ཨུཏྤལ་སྔོན་པོ་
མཆོག་འདྲ་བར་འགྱུར་རོ། །ཚེ་ལྷའི་བསྐལ་པ་བརྒྱ་སྟོང་དུ་འགྱུར་རོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་འབུམ་ཕྲག་བརྒྱ་སྟོང་ཕྲག་བཅྭ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ལྷའི་བུ་མོ་བརྒྱ་བཞི་བཅུ་དང་། མིའམ་ཅིའི་བུ་མོ་དང་། རིག་སྔགས་འཆང་གི་བུ་
མོ་གང་གཱའི་ཀླུང་གི་བྱེ་མ་བརྒྱ་སྟོང་ཕྲག་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ཅི་ལྟར་ཡིད་ལ་བསམས་པ་དང་། ཡིད་ལ་བརྣག་པ་ཙམ་གྱིས་ལྷའི་ཟས་ཀྱི་མཆོག་རོ་བརྒྱ་དང་ལྡན་པ་དག་མདུན་དུ་འབྱུང་བར་འགྱུར་རོ། །ལྷའི་བཏུང་བ་ཆེན་པོ་བདུད་རྩིའི་རོ་བྲོ་བདག་
འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ལེགས་མཐོང་མདུན་ནས་རྒྱུག་པར་བྱེད་དོ། །དགྲ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་བཅོམ་པ་དང་། ཉམས་པ་དང་། གཏུགས་པ་དང་། གཤེགས་
པ་དང་། བཙལ་བ་དང་། གྱེས་པ་དང་། ཕྱེ་མར་བགྱིས་པར་འགྱུར་རོ། །ཡང་ན་སྨན་གྱི་བུད་མེད་དེའི་སྐྲ་ཀུན་བཏོན་ཏེ། སྐ་རགས་སུ་བགྱིས་ནས་བཅིང་བར་བགྱིའོ། །གང་དུ་བཅིངས་པ་དེ་ཡང་རིན་པོ་ཆེ་སྣ་བདུན་དུ་འགྱུར་རོ། །གང་དུ་ཞུགས་པ་ཐམས་ཅད་མི་སྣང་བར་འགྱུར་
རོ། །དེ་ལ་ལྷ་ཐམས་ཅད་གནས་འཆའ་བར་འགྱུར་རོ། །ཀླུ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། མི་འམ་ཅི་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་དེའི་དབང་དུ་མཆི་བར་འགྱུར་རོ། །འཁོར་དེ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་དེའི་ཕྱི་བཞིན་

རྗེས་སུ་འབྲང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གནས་སུ་འཇུག་པར་འཚལ་ཞིང་སླར་ཡང་ལྡོག་པར་འཚལ་ན་སྨན་གྱི་བུད་མེད་དེ་དང་གཏམ་མི་བགྱི། རེག་པར་མི་བགྱི་བར་ལག་པའི་ཕྱག་རྒྱས་གནས་མཆོག་ཏུ་འཇུག་པར་བགྱིའོ། །དེ་ནས་གནས་ཐམས་ཅད་ན་གནས་པའི་
བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཕྱིར་བྱུང་ནས་མདུན་ན་སྡོད་པར་འགྱུར་ཏེ། ཁ་ཅིག་གི་ལག་ན་ནི་བུམ་པ་གང་བའོ། །ཁ་ཅིག་གི་ལག་ན་ནི་གདུགས་སོ། །ཁ་ཅིག་གི་ལག་ན་ནི་ལྷའི་གོས་ཐོགས་སོ། །ཁ་ཅིག་ནི་ལྷའི་ནོར་བུ་རིན་པོ་ཆེ་ཐོགས་པའོ། །
ཁ་ཅིག་ནི་དྲི་དག་གོ། །ཁ་ཅིག་ནི་མེ་ཏོག་དག་གོ། །ཁ་ཅིག་ནི་ཕྲེང་བ་དག་གོ། །ཁ་ཅིག་ནི་རྒྱན་དང་ལྷབ་ལྷུབ་སྣ་ཚོགས་ཐོགས་སོ། །ཁ་ཅིག་ནི་བྱུག་པ་དག་གོ། །ཁ་ཅིག་ནི་དྲིའི་ཕྱེ་མ་དག་གོ། །ཁ་ཅིག་ནི་སྤོས་ཆུས་རིན་པོ་ཆེ་སྣ་བདུན་གྱི་སྣོད་བཀང་བ་དག་གོ། །ཁ་ཅིག་ནི་
ལྷའི་འབྲས་བུ་སྣ་ཚོགས་པ་དག་གོ། །ཁ་ཅིག་ནི་ལྷའི་མེ་ཏོག་སྣ་ཚོགས་ཐོགས་ཏེ། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མན་དཱ་ར་བ་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། ཨ་
ཏི་མུག་ཏ་ཀཱ་དང་། ཙམ་པ་ཀ་དང་། བར་ཤི་ཀ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཀཱ་དམ་པ་དང་། སྣ་མ་དང་། ཡུ་ཏི་ཀ་དང་། ཀླུའི་མེ་ཏོག་དང་། ཀོན་ཏ་དང་། གྷན་དྷ་བར་ཤི་ཀའི་མེ་ཏོག་དག་ཐོགས་སོ། །ཁ་ཅིག་ནི་ལྷའི་ཙན་དན་གོ་ཤིརྵ་དང་། སྦྲུལ་གྱི་
སྙིང་པོའི་བདུག་པ་དང་། ཨ་ག་རུ་དང་། དུ་རུ་སྐ་དང་། ཏམ་ལའི་ལོ་མའི་བདུག་པ་ཐོགས་པའོ། །ཁ་ཅིག་གི་ལག་པ་ན་ནི་རྨ་བྱའི་བསིལ་ཡབ་ཐོགས་སོ། །ཁ་ཅིག་གི་ལག་པ་ན་ནི་རལ་གྲིའོ། །ཁ་ཅིག་གི་ལག་པ་ན་ནི་མདུང་ཐུང་ངོ་། །ཁ་ཅིག་གི་ལག་པ་ན་ནི་རྡོ་རྗེ་དང་།
དགྲ་སྟ་དང་། མདའ་བོ་ཆེ་དང་། མདུང་དང་། གཏུན་ཤིང་དང་། མདུང་རྩེ་གསུམ་པ་དང་། གཟོང་ཁ་གཉིས་པ་དག་གོ། །ཁ་ཅིག་ནི་གོ་ཆ་དང་། ཡ་ལད་བགོས་ནས་བསྲུང་བའི་ཕྱིར་ཀུན་ནས་འདུ་ཞིང་མཆི་བར་འགྱུར་རོ། །ཁ་ཅིག་ནི་རིན་པོ་ཆེ་སྣ་ཚོགས་པའི་སྣོད་དང་།

གསེར་གྱི་སྣོད་དང་། དངུལ་གྱི་སྣོད་དག་ཐོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་གིས་བཀང་ནས་ཐོགས་ཏེ། དེ་དག་ཐམས་ཅད་རིག་སྔགས་འཆང་ལ་དབུལ་བར་བགྱིད་དོ། །རིག་སྔགས་འཆང་གིས་
བྱམས་པ་དང་། སྙིང་རྗེ་ཆེན་པོ་ཡིད་ལ་བགྱིད་པ་དང་། སངས་རྒྱས་ཡིད་ལ་བྱེད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་ཆ་ལུགས་འཆང་བ་ཡིད་ལ་བགྱིའོ། །མཆོག་ཏུ་བརྩེ་བའི་ཡིད་ལ་བགྱིད་པས་ཚིག་གཞན་མི་སྨྲ་བར་དབུགས་དབྱུང་བར་
བགྱི་ཞིང་ལམ་དྲང་བོ་ནས་འཇུག་པར་བགྱི་སྟེ། སེང་གེའི་ཁྲི་ལ་མངོན་དུ་མཆིས་ནས། དོན་ཡོད་པའི་འཁོར་ལོའི་ཞགས་པ་ཐོག་མར་སེང་གེའི་ཁྲིའི་སྟེང་དུ་གཞག་པར་བགྱིའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་བོ། བམ་པོ་བཞི་པ། དེའི་
འོག་ཏུ་རིག་སྔགས་འཆང་རང་ཉིད་མཆིས་ནས། སྟེང་དུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བགྱི་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་ལ་ཡང་ཕྱག་བགྱིའོ། །དེས་དགྲ་ཐམས་ཅད་ཕམ་པར་བགྱིས་པར་འགྱུར་རོ། །གལ་ཏེ་འོག་
ཏུ་ཕྱོགས་ནས་ཕྱག་བགྱིས་ན་དེ་ནས་འཁོར་ལོས་རིག་སྔགས་འཆང་གི་ཕྱིར་རྒོལ་བ་རྣམས་མགོ་གཅད་པར་འགྱུར་རོ། །རིག་སྔགས་འཆང་མཆིས་མ་ཐག་ཏུ་གནས་རྣམ་པ་དྲུག་ཏུ་གཡོས་ནས་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། །ཅ་ཅོའི་སྒྲ་ཆེན་པོ་འབྱུང་བར་འགྱུར་རོ། །ལྷའི་རོལ་མོའི་
ཆ་བྱད་ཡན་ལག་ལྔ་དང་ལྡན་པ་དག་འབུད་པར་འགྱུར་རོ། །ནམ་མཁའི་ལྷ་རྣམས་ཀྱིས་ཀྱང་གཞལ་མེད་ཁང་ཆེན་པོ་ནས་དབུ་རྒྱན་དང་། ཅོད་པན་གྱིས་རིག་སྔགས་འཆང་གི་མགོ་བོ་ལ་དབང་བསྐུར་བར་བགྱིད་དོ། །དབང་བསྐུར་བ་ཙམ་གྱི་མོད་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་
པར་འགྱུར་རོ། །གསེར་གྱི་ཆར་དང་གོས་ཀྱི་ཆར་འབབ་པར་འགྱུར་རོ། །གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ལྷའི་མེ་ཏོག་བཀྲ་བ་སྣ་ཚོགས་ཀྱི་ཆར་དང་། ལྷའི་རྒྱན་གྱི་ཆར་འབབ་པར་འགྱུར་རོ། །དེ་ནས་ལྷའི་བུ་མོས་རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བདུད་རྩིའི་

བཅུད་འཚལ་ཏེ། མཆིས་ནས་འབུལ་བར་བགྱིད་དོ། །རིག་སྔགས་འཆང་གིས་བླངས་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་རེག་པར་བགྱིའོ། །རིག་སྔགས་འཆང་གིས་རེག་པ་ཙམ་གྱི་མོད་ལ་ལྷའི་ལུས་རྣམ་པར་
དག་པ་ཐོབ་ནས། པགས་པའི་མདོག་གསེར་འདྲ་བར་འགྱུར་རོ། །སྐྲ་ལྷག་པར་སྔོ་བ་དང་། མིག་ཨུཏྤལ་སྔོན་པོ་ལྟར་ལྷའི་མིག་ཡོངས་སུ་དག་པར་འགྱུར་རོ། །ཚེའི་ཚད་ལྷའི་བསྐལ་པ་འབུམ་ཕྲག་བརྒྱ་སྟོང་དུ་འགྱུར་རོ། །གལ་ཏེ་ཕྱིར་མི་ལྡོག་པར་འཚལ་ན། དེའི་བཅུད་
ཀྱིས་ལེན་མཆོག་ལས་ཅི་ཙམ་འཚལ་བ་བླངས་ཏེ། ལྷའི་ཆབ་ཙན་དན་གྱི་དྲི་དང་ལྡན་པའི་ནང་དུ་ཞུགས་ནས་ཁྲུས་བགྱིའོ། །ཁྲུས་བགྱིས་པ་ཙམ་གྱི་མོད་ལ་ཕུག་གི་སྒོ་རང་འབྱེ་བར་འགྱུར་ཞིང་། ཅི་ལྟར་དབང་ཕྱུག་ཆེན་པོའི་གཟུགས་འདྲ་བར་མཐོང་ན་ནི་འཇིག་རྟེན་ཐམས་ཅད་ཀྱི་
མཆོད་གནས་ཀྱི་གཙོ་བོ་གཅིག་པུར་འགྱུར་རོ། །ཅི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞིན་དུ་རིག་སྔགས་འཆང་འདི་ཡང་མཆོད་པ་དང་། བཀུར་སྟི་དང་བླ་མས་བླ་མར་བགྱི་བ་དེ་ལྟ་བུར་འགྱུར་རོ། །གང་དུ་བཅུད་ཀྱིས་ལེན་མཆོག་འདིས་རེག་ན་འཛམ་བུ་ཆུ་བོའི་
གསེར་ཡོངས་སུ་དག་པར་འགྱུར་རོ། །རྩིག་པའམ། རི་འམ། ཀ་བའམ། ལྗོན་ཤིང་ངམ། སྣོད་དམ། བུམ་པའམ། རྫ་བོ་འམ། གོས་སམ། བོང་བ་ལ་རེག་ན་དེ་དག་ཐམས་ཅད་འཛམ་བུའི་ཆུ་བོའི་གསེར་ཡོངས་སུ་དག་པར་འགྱུར་བ་ནས། དགོས་པའི་བར་དུ་
འགྱུར་རོ། །དེ་ནས་རིག་སྔགས་འཆང་ཀླུ་མོ་འམ། ལྷ་མོ་འམ། མི་འམ་ཅི་མོ་འཚལ་ན། རིག་སྔགས་འཆང་དེ་གོས་གཙང་མ་བགོས་ནས། ལེགས་པར་ཁྲུས་བགྱིའོ། །ཚེས་བརྒྱད་དམ། བཅུ་བཞི་འམ། བཅྭ་ལྔ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་
རི་མོའི་གཟུགས་ལ་མཆོད་པ་བགྱིས་ནས། ཉིན་ཞག་གཅིག་གནས་པར་བགྱིའོ། །འཁོར་ལོའི་ཞགས་པ་ཆེན་པོ་འདི་ཆོས་ཀྱི་སྟན་ལེགས་པར་བརྒྱན་པའི་སྟན་བཟང་པོའི་སྟེང་དུ་གཞག་པར་བགྱི་ཞིང་མཆོད་པ་ཆེན་པོ་བགྱི་སྟེ། དེ་ཉིད་ཀྱི་མདུན་དུ་ཚིག་གཞན་མི་སྨྲ་བར།

ལན་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་རེ་རེ་ནས་བཟླས་བརྗོད་བགྱིས་པ་ཞགས་པའི་སྟེང་དུ་གཏོར་བར་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་ནས་ཞགས་པ་དེ་ཡང་སྦྲུལ་བཞིན་དུ་ཡོངས་སུ་འཁྱིལ་ལ་འཁོར་ལོའི་གདེངས་ཀའི་ཚུལ་དུ་མཆིས་པར་འགྱུར་རོ། །དེ་
ནས་རིག་སྔགས་འཆང་གིས་ཞགས་པ་བླངས་ཏེ། ཀླུ་གནས་པའི་མཚོ་འམ། མིའམ་ཅི་གནས་པའི་མཚོ་འམ། ལྷ་མོ་གནས་པའི་མཚོ་འགྲམ་དུ་མཆིས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་ཏེ། གནས་ཀྱི་ནང་དུ་ཞགས་པ་འཕང་བར་བགྱིའོ། །འཕངས་མ་
ཐག་ཏུ་སླར་ཡང་ཁོ་ནར་དྲང་བར་བགྱི་སྟེ། ཅི་ལྟ་བུའི་དོན་ཡིད་ལ་བསམས་པའི་དོན་དེ་ཞགས་པས་བཅིངས་ནས། ཅི་ལྟར་བསམས་པ་དེ་བཞིན་དུ་བགྱི་བར་འགྱུར་རོ། །གཞན་ཡང་ཇི་ལྟར་ཡིད་ལ་བསམས་པའི་ནོར་རམ། དབྱིག་ག། གསེར་རམ། ནོར་བུ་འམ། མུ་
ཏིག་གམ། བཻ་ཌཱུརྱའམ། ཤང་ཀ་ཤི་ལའམ། བྱི་རུའམ། ས་ལེ་སྦྲམ་མམ། དངུལ་ལམ། གོས་སམ། ཆས་སམ། རྒྱན་ནམ། གཞན་ཡང་གཞལ་མེད་ཁང་ཇི་ལྟ་བུར་འབྱོར་པ་ཅན་དག་དོན་དུ་གཉེར་ན་ཞགས་པ་འཕང་བར་བགྱི་སྟེ། དེ་ཐམས་ཅད་འདྲེན་
པར་བགྱིད་དོ། །གང་དང་གང་དུ་འཕངས་པ་དེ་དང་དེར་ཇི་ལྟར་ཡིད་ལ་བསམས་པ་དེ་ཉིད་ཤིན་ཏུ་གསལ་བར་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་གཞན་དུ་མི་འགྱུར་རོ། །རྒྱལ་པོའི་རིགས་སམ། བྲམ་ཟེའི་རིགས་སམ། ཁྱིམ་བདག་གི་རིགས་སམ། རྗེའུ་
རིགས་ཀྱིས་ཅི་དང་ཅི་བསམས་པ་འགྲུབ་པར་བགྱིད་དོ། །སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོའི་མིང་ནས་བརྗོད་དེ་ཞགས་པ་འཕངས་པ་ཙམ་གྱི་མོད་ལ་ཞགས་པས་བཅིངས་ནས་འདྲེན་པར་འགྱུར་རོ། །ཐ་ན་རི་དགས་དང་། བྱ་དང་། སེང་གེ་དང་། སྟག་དང་།
གླང་པོ་ཆེ་དང་། མ་ཧེ་ཡང་འདྲེན་པར་བགྱིད་དོ། །གང་གི་མིང་ནས་བརྗོད་དེ་གཡུལ་འགྱེད་པའི་ནང་དུ་འཕངས་ན། དེ་ཡང་ཞགས་པས་བཅིངས་ནས་མདུན་དུ་མཆིས་ཏེ། ཅི་ལྟར་ཡིད་ལ་བསམས་པ་དེ་བཞིན་དུ་ཐམས་ཅད་འགྲུབ་པར་བགྱིད་དོ། །ཟླ་བ་དང་ཉི་མ་དབབ་པར་

འཚལ་ན་ཡང་། ཟླ་བ་དང་ཉི་མའི་མདུན་དུ་མཆིས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་ཏེ། ཟླ་བ་དང་ཉི་མའི་མངོན་སུམ་དུ་ཞགས་པ་འཕངས་ནས་སླར་ཡང་དྲང་བར་བགྱི་སྟེ། ཟླ་བ་དང་ཉི་མ་ཞགས་པས་བཅིངས་ནས་དྲང་བར་འགྱུར་རོ། །ནམ་མཁའ་ལས་
བབས་ནས་རིག་སྔགས་འཆང་གི་མདུན་དུ་མཆིས་ཏེ། ཅི་ལྟར་ཡིད་ལ་བསམས་པ་བཞིན་དགོས་པ་ཐམས་ཅད་སྒྲུབ་པར་བགྱིད་དོ། །འོན་ཏེ་ཟླ་བ་དང་ཉི་མའི་གནས་སུ་མཆི་བར་འཚལ་ན། ཞགས་པའི་ཕྱག་རྒྱ་བཅིངས་པ་ལག་པས་བླངས་ཏེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་
བཟླས་པ་དང་། རིག་སྔགས་འཆང་ནམ་མཁའ་ལ་འཕུར་ན། ཉི་མ་དང་ཟླ་བའི་སྟན་ལ་ཅི་སྲིད་དུ་འཚལ་བར་ལོངས་སྤྱོད་པར་འགྱུར་ཞིང་། སླར་བདེ་བ་དང་། མ་སྣད་པ་དང་། མ་རྨས་པ་དང་། ལེགས་པར་འབབ་པར་འགྱུར་རོ། །ནགས་ཁུང་དུ་འགྲོ་བར་འཚལ་ན།
གཙང་མ་ལེགས་པར་ཁྲུས་བགྱིས་པས། གོས་གཙང་མ་བགོ་བར་བགྱི་ཞིང་ནགས་ཁུང་གི་སྒོར་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱི་སྟེ། ཞགས་པ་འཕང་བར་བགྱིའོ། །ལག་པས་ཞགས་པ་འཕངས་པ་ཙམ་གྱིས་ནགས་ཁུང་གི་གནས་ཀྱི་གཞལ་མེད་ཁང་གི་ཀླུ་ཐམས་
ཅད་བཅིངས་ནས་ཐམས་ཅད་རིག་སྔགས་འཆང་གི་མདུན་དུ་མཆིས་པར་འགྱུར་ཞིང་རིག་སྔགས་འཆང་ལ་ཕྱག་བགྱིས་ནས། རིག་སྔགས་འཆང་ཁྱོད་གནས་ཆེན་པོ་མཆོག་ཏུ་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་རྒྱལ་པོའི་སྙིང་
པོ་བཟླས་ཏེ། ལག་པ་ཞགས་པའི་ཕྱག་རྒྱས་ནགས་ཁུང་དུ་འཇུག་པར་བགྱིའོ། །ཞུགས་པ་ཙམ་ཁོ་ནས་ནགས་ཀྱི་གནས་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་ཞིང་། དབུས་ཀྱི་ནགས་ཀྱི་མཐའ་ན་རིན་པོ་ཆེ་སྣ་བདུན་གྱི་རྫིང་ལྷའི་ཆབ་དང་ས་ཤིང་རྙོག་པ་མ་མཆིས་པ་ཤིན་ཏུ་གསལ་
བ་ལྷའི་ཙན་དན་གྱི་དྲི་དང་ལྡན་པ་ཧ་ཅང་མི་གྲང་བ་ཧ་ཅང་མི་དྲོ་བ་རེག་ན་བདེ་བ་རོ་དང་ལྡན་པ། བདུད་རྩིའི་བཅུད་ཅན་མཆིས་ཏེ། དེ་ལྟར་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་རྫིང་གི་དབུས་སུ་ཞགས་པ་འཕང་བར་བགྱིའོ། །

འཕངས་པ་ཙམ་གྱི་མོད་ལ་བུད་མེད་རིན་པོ་ཆེའི་གཟུགས་འདྲ་བ་ལྷའི་བུ་མོའི་ལུས་ཕྱེད་བྱུང་ནས། ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་། རིན་པོ་ཆེ་སྣ་བདུན་གྱི་བུམ་པ་གང་བ་ཐོགས་ཏེ། རིག་སྔགས་འཆང་ལ་དབུལ་ཞིང་སྤྱི་བོ་སྨད་དེ་འཛུམ་པ་
དང་བཅས་པས་རིག་སྔགས་འཆང་ལ་སྨྲས་པ། རྗེ་བཙུན་རིག་སྔགས་འཆང་ཁྱོད་མ་བཞེངས་པར་གནས་སུ་ཞུགས་ཤིག །རིག་སྔགས་འཆང་གིས་གྲུབ་པའི་ཚིག་གསུམ་བརྗོད་པར་བགྱི་སྟེ། འཇིག་རྟེན་ཕ་རོལ་གྱི་དོན་དང་། རིག་སྔགས་འཆང་ཉིད་དང་། འཇིག་རྟེན་
པའི་དངོས་གྲུབ་གྲུབ་སྟེ། བདག་ཉིད་ཀྱི་མ་དང་། སྲིང་མོ་དང་། མངག་གཞུག་མ་ཞེས་གར་བདེ་བར་བརྗོད་ལ་དེའི་འོག་ཏུ་རིག་སྔགས་འཆང་གིས་སྨྲ་བར་བགྱི་སྟེ། སྲིང་མོ་ཁོ་བོ་ལ་འཇིག་རྟེན་ཕ་རོལ་གྱི་དོན་བྱིན་ཅིག་ཅེས་འཇུག་པར་བགྱིའོ། །དེ་ཡང་རིག་སྔགས་འཆང་ཁྱོད་
རང་གི་གནས་སུ་སྣོམས་ཏེ་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ལག་པ་ཞགས་པའི་ཕྱག་རྒྱས་འཇུག་པར་བགྱི་ཞིང་། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་སོ། །དེ་ནས་གནས་ཆེན་པོ་མཆོག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ལྷའི་དྲིལ་
བུ་གཡེར་ཁའི་དྲ་བ་དང་། གསེར་དང་། གོས་དཔྱངས་པ་དར་གྱི་ཆུན་འཕྱང་རབ་ཏུ་དཔྱངས་པར་གདའ་བ་ནས་བུ་མོ་དེ་ཡང་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་ཏེ། རིག་སྔགས་འཆང་འཇིག་རྟེན་ཕ་རོལ་གྱི་དོན་དུ་རིན་པོ་ཆེ་ཆེན་པོ་བཞེས་ཤིག་ཅེས་འབུལ་བར་བགྱིད་དོ། །དེ་ནས་རིག་
སྔགས་འཆང་གིས་སྟན་བཤམས་པའི་སྟེང་དུ་ཞགས་པ་ལེགས་པར་ཡོངས་སུ་བསྐྱིལ་ཏེ། སྟན་དུ་བཏིང་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཞགས་པའི་སྟེང་དུ་གཞག་ཅིང་མེ་ཏོག་དང་བདུག་པ་དབུལ་བར་བགྱིའོ། །དོན་ཡོད་རྒྱལ་པོའི་སྙིང་པོ་བཟླས་པར་བགྱིའོ། །བཟླས་པ་ཙམ་གྱི་
མོད་ལ་ཞགས་པ་ནོར་བུ་རིན་པོ་ཆེ་དང་བཅས་ཏེ་འབར་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལས་ཀྱང་འོ་མའི་ཆབ་འབྱུང་བར་འགྱུར་རོ། །རིག་སྔགས་འཆང་གིས་འོ་མའི་ཆབ་དེ་ལས་བླངས་ལ་སྐྱོར་ཆུ་ལན་བདུན་དུ་རེག་པར་བགྱིའོ། །འོ་མའི་ཆབ་ཀྱིས་རེག་པ་ཙམ་གྱི་མོད་

ལ་ལུས་ཐམས་ཅད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་འགྱུར་རོ། །དོན་ཡོད་སྣང་བ་ནོར་བུ་གཞལ་མེད་ཀྱི་དཀྱིལ་འཁོར་གྱི་འོད་ཟེར་གྱི་དྲ་བ་འོད་ཟེར་ཞེས་བགྱི་བ་ཐོབ་ནས་ས་བཅུ་ལ་གནས་ཏེ་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་རོ། །
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་སྒྱུ་མ་ལྟ་བུར་རྣམ་པར་འཕྲུལ་པ་ཐོབ་པར་འགྱུར་ཞིང་། ཤིན་ཏུ་ཡོངས་སུ་དག་པའི་བདག་ཉིད་ཀྱི་རང་བཞིན་གྱིས་དོན་ཡོད་པའི་ཞགས་པའི་ཆ་ལུགས་འཆང་བ་རིག་སྔགས་འཆང་གི་མདུན་དུ་མཆིས་ནས། ལག་པ་
གཡས་པ་སྤྱི་བོར་བཞག་སྟེང་འི་རིག་སྔགས་འཆང་གི་བུ་ཐུ་བོ་ཁྱོད་ཀྱིས་གྲོལ་བ་ཆེན་པོའི་དཀྱིལ་འཁོར་སངས་རྒྱས་ཀྱི་སྐུ་ཡོངས་སུ་དག་པ་འཐོབ་བོ། །ཞེས་དབུགས་འབྱིན་པར་འགྱུར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མཐོང་ནས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བའི་
སྒྲ་འབྱིན་པར་འགྱུར་ཏེ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །ཁྱོད་ནི་བྱང་ཆུབ་ལམ་དུ་ཞུགས། །ཁྱོད་ཀྱིས་སངས་རྒྱས་ཉིད་འཐོབ་སྟེ། །གྲོལ་བའི་ལམ་ཞེས་བྱ་བ་བསྒྲུབས། །འོན་ཏེ་རིག་སྔགས་འཆང་ཉིད་དོན་དུ་གཉེར་ན་དེའི་ཚེ་གསེར་གྱི་མེ་ཏོག་སྩོལ་བར་འགྱུར་ཏེ། བླངས་
ལ་བུ་མོ་དེ་ཉིད་ཀྱི་སྤྱི་བོར་བཞག་ནས། ཨོཾ་ཞེས་བགྱི་བས་མནན་པར་བགྱིའོ། །ཨོཾ་ཞེས་བགྱི་བའི་སྒྲ་བརྗོད་ནས་སྤྱི་བོར་བཞག་པ་ཙམ་གྱི་མོད་ལ་བུ་མོ་དེའི་མིག་མཆོག་གཉིས་ནས་མཆི་མ་འཛག་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་བླངས་ཏེ་ཉེ་རེག་བགྱིའོ། །ཉེ་རེག་
བགྱིས་པ་ཙམ་གྱི་མོད་ལ་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་ཞིང་ལག་པ་ན་འཁོར་ལོའི་ཞགས་པ་ཐོགས་ཏེ་ནམ་མཁའ་ལ་མཆི་བར་འགྱུར་རོ། །རིག་སྔགས་འཆང་བྱེ་བ་འབུམ་ཕྲག་བཅྭ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ཚེ་ལོ་དྲུག་
ཁྲི་ཉིས་སྟོང་དུ་འགྱུར་ཞིང་སྐྱེ་བར་བདུན་སྟོང་རྗེས་སུ་དྲན་པར་འགྱུར་རོ། །འོན་ཏེ་གསང་སྔགས་འཆང་འཇིག་རྟེན་པའི་དངོས་གྲུབ་ཀྱི་ཆོ་ག་སློང་ན་དེའི་ཚེ་འདི་ལྟ་བུར་འགྱུར་ཏེ། རིག་སྔགས་འཆང་གིས་བདག་གི་སྐྲ་འདི་སྡོམས་ཤིག་ཅེས་དེའི་ཚེ་བུད་མེད་དེས་སྐྲའི་རལ་པ་བཏོན་ནས། རིག་

སྔགས་འཆང་ལ་འབུལ་བ་ན། སྐྲ་ཐམས་ཅད་བླངས་ཏེ་དུམ་བུ་གསུམ་དུ་བཀུག་ནས་སྲད་བུ་ལ་མདུང་པ་ཉི་ཤུ་རྩ་གཅིག་བགྱི་སྟེ། གཅིག་བཀལ་ཏེ། མགོ་ལ་བཏགས་པས་ནི་ཇི་ལྟར་ཡིད་ལ་བསམས་པ་དེ་བཞིན་དུ་མིག་འཕྲུལ་སྟོན་པར་འགྱུར། འབྲས་བུ་
དང་མེ་ཏོག་འཚལ་བ་ཐམས་ཅད་སྟོན་པར་འགྱུར། བདེན་པ་ཇི་ལྟར་འཚལ་བ་བཞིན་སྟོན་པར་འགྱུར་རོ། །མགུལ་དུ་བཏགས་པས་ནི་མི་གདའ་བར་གྱུར་ནས། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་དང་། མི་མ་
ཡིན་པ་རྣམས་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །དཔྲལ་བ་ལ་བཏགས་པས་ནི་ལྷ་དང་ཀླུ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །དཔུང་པ་གཡས་པ་ལ་བཏགས་པས་ནི་གླང་པོ་ཆེ་བཅུའི་སྟོབས་དང་ལྡན་པར་འགྱུར་ཏེ། ཕས་ཀྱི་དགྲ་བོ་དང་མི་མཛའ་བ་དང་།
གདུག་པ་ཐམས་ཅད་ཀྱིས་མི་ཚུགས་པས་སྟོབས་ཀྱིས་འཁོར་ལོས་སྒྱུར་བར་འགྱུར་རོ། །དཔུང་པ་གཡོན་པ་ལ་བཏགས་པས་ནི་རིགས་བཞིའི་འཇིག་རྟེན་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ལག་པ་གཡོན་པ་ལ་བཏགས་པས་ནི་གང་ལ་རེག་པ་དེ་དབང་དུ་འགྱུར་ཞིང་། བདག་
གི་ནོར་དུ་འགྱུར་རོ། །ལག་པ་གཡས་པ་ལ་བཏགས་པས་ནི་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་རྒྱལ་པོའི་སྒོ་ལ་ཐལ་མོ་ལན་གསུམ་བརྡབས་ན་རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། བུད་མེད་དང་། སྐྱེས་པ་
དང་། ཁྱེའུ་དང་། བུ་མོ་དང་བཅས་པ་བདག་ཉིད་དམ། ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པར་བྱ་དང་། གཅན་གཟན་དང་། རི་དགས་དང་། གདུག་པ་དང་། གཞན་ཡང་གདུག་པ་དང་བཅས་པའི་སྲོག་ཆགས་རྣམས་
དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །བརླ་གཡས་པ་ལ་བཏགས་པས་ནི་ཚལ་ལམ། སེར་གའམ། རི་འོར་རམ། ཕུག་གམ། དགོན་པའམ། བསྟི་གནས་གང་དུ་ཞུགས་ཏེ། ཞུགས་པ་ཙམ་གྱི་མོད་ལ་ནོར་ཐམས་ཅད་དང་། སྨན་ཐམས་ཅད་དང་། ལྷ་ཐམས་

ཅད་རང་གི་གཟུགས་སུ་མདུན་དུ་མཆིས་པར་འགྱུར་རོ། །བྱིན་པ་གཡས་པ་དང་། རྐང་པ་གཡས་པ་ལ་བཏགས་པས་ནི། རྒྱ་མཚོ་ཆེན་པོའི་ཕ་མཐར་ཡང་རྒལ་བར་འགྱུར་ན་ཆུ་ཀླུང་ཆེན་པོའི་ཆབ་ཀྱིས་བྱིན་པ་ནུབ་ཙམ་དུ་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། བྱིན་པ་གཡོན་པ་
ལ་བཏགས་པས་ནི། ཉི་མ་རེ་རེ་བཞིན་དཔག་ཚད་བརྒྱར་ཕྱིན་ནས། དུབ་པ་མ་མཆིས་པར་སླར་ཡང་ལྡོག་པར་འགྱུར་རོ། །བརླ་གཡོན་པ་ལ་བཏགས་ནས་དུར་ཁྲོད་ཆེན་པོར་ཞུགས་ན་དུར་ཁྲོད་ཐམས་ཅད་ན་གནས་པའི་གཅེར་བུ་པ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་
འགྱུར་རོ། །དེ་ནས་རིག་སྔགས་འཆང་གནས་དེ་ཉིད་ན་སྤྱོད་ན་རིག་སྔགས་འཆང་དེས་ལག་པ་གཡོན་པས་བུམ་པ་གང་བ་བཟུང་ཞིང་། ལག་པ་གཡས་པས་བུད་མེད་དེ་བཟུང་ནས། གནས་ཆེན་པོའི་མཆོག་ཏུ་འཇུག་པར་བགྱིའོ། །གནས་མཆོག་དེའི་དབུས་ན་རྫིང་མེ་
ཏོག་གི་ཚལ་པར་བཀྲམ་པར་བགྱི་སྟེ། རྫིང་དེར་གཉིས་ཀ་ཁྲུས་བགྱི་ཞིང་ཆབ་ཀྱིས་ཉེ་རེག་བགྱིའོ། །བཀྲུས་ཤིང་རེག་པ་ཙམ་ཁོ་ནས། འཁོར་ལོའི་རིག་སྔགས་འཆང་ཞགས་པ་དང་། འཁོར་ལོས་སྒྱུར་བའི་རིག་སྔགས་འཆང་དུ་འགྱུར་རོ། །རིག་སྔགས་འཆང་འབུམ་
ཕྲག་བདུན་སྟོང་གིས་ཡོངས་སུ་བསྐོར་ཅིང་ཚེ་བསྐལ་པ་ཁྲིར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་པར་ཡང་འགྱུར་རོ། །ནགས་ཀྱི་གནས་ཀྱི་གཞལ་མེད་ཁང་བདུན་ཅུ་རྩ་གཉིས་ཀྱི་དཔོན་པོ་རྒྱལ་པོར་འགྱུར་རོ། །གལ་ཏེ་མ་ཞེས་བགྱི་བས་དོན་དུ་གཉེར་ན་ནི་བུ་གཅིག་པ་བཞིན་ཡོངས་སུ་
སྐྱོང་བར་འགྱུར་རོ། །འབྲས་དང་། འབྲུ་དང་། གོས་དང་། ཆས་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་དང་། གསེར་དང་། དངུལ་ཡོངས་སུ་འགྲུབ་པར་བགྱིད་དོ། །སྲིང་མོ་ཞེས་བགྱི་བས་ནི་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་སྟོབས་པར་འགྱུར་ཞིང་ཡན་ལག་སྤོང་
བར་བགྱིད་དོ། །ཉི་མ་རེ་རེ་ཞིང་རྒྱན་ཐམས་ཅད་ཀྱིས་བཀླུབས་པའི་ལྷའི་བུ་མོ་ཁྲིད་ནས་མཆི་བར་འགྱུར། ལྷའི་གཞལ་མེད་ཁང་འབྱོར་པ་སྟོབས་པར་བགྱིད། ལྷའི་ཁྱིམ་དང་། གཞལ་མེད་ཁང་སྟོབས་པར་བགྱིད་དོ། །མངག་གཞུག་མ་ཞེས་བགྱི་བ་ནི། གང་དང་གང་དུ་

མངག་པ་དེ་དང་དེར་མཆི་བར་འགྱུར་ཏེ། ལྷའི་གནས་སམ། ཀླུའི་གནས་སམ། གནོད་སྦྱིན་གྱི་གནས་སམ། སྲིན་པོའི་གནས་སམ། འབྱུང་པོའི་གནས་སམ། གཞན་ཡང་མངག་གཞུག་པའི་སྒྲུབ་པ་རྣམ་པ་སྣ་ཚོགས་ཡིད་ལ་བསམས་པ་བཞིན་
བགྱིད་དོ། །ནགས་སྒྲུབ་པའི་ཆོ་གའོ།། །།དེ་ནས་རིག་སྔགས་འཆང་ཐང་ལ་རྒྱུ་བར་འཚལ་ན། གཙང་མ་ཁྲུས་བགྱིས་པས་གོས་གཙང་མ་བགོ་བར་བགྱི། གནས་དབེན་པ་གཙང་མའི་ས་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞིར་བྲིས་ལ། དྲི་སྣ་ཚོགས་ཀྱིས་བྱུག །རོ་
སྣ་ཚོགས་དང་ལྡན་པའི་གཏོར་མ་བཤམས་ལ། ཨ་ག་རུའི་བདུག་པ་བསྲེགས་ཏེ་ནུབ་གསུམ་དུ་མཆིས་ནས་འཁོར་ལོ་ཞགས་པའི་ལག་པའི་ཕྱག་རྒྱས་དོན་ཡོད་རྒྱལ་པོའི་སྙིང་པོའི་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་ཏེ། ལན་སྟོང་རྩ་བརྒྱད་ཚང་བ་དང་། དཀྱིལ་འཁོར་
གྱི་དབུས་ནས་དུ་བ་འབྱུང་བར་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་པར་བགྱིའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ནས་སྐྱེས་པ་ནག་པོ་ཆེན་པོའི་ཚུལ་མི་སྡུག་པ། མཆེ་བ་གཙིགས་པ། སྐྲ་གྱེན་དུ་བསྒྲེང་བ། མགོ་འབར་བ། མིག་དམར་བ། མཆུ་དང་ལྕེ་དམར་བ།
སེན་མོ་དམར་བ། སྐྲ་སྔོ་བ། དཔུང་པ་མཁྲང་ཞིང་བརྟན་པ། གསུས་པ་འཕྱངས་པོ་མཆོད་ཕྱིར་ཐོགས་པ་དང་ལྡན་པ། མགོ་ལྔ་པ་སྦྲུལ་ལྟར་ལྕེ་བསྒྱུར་བ། སྟག་གི་ཤམ་ཐབས་བགོས་པ། ལག་པ་ན་དགྲ་སྟ་དང་། དྲིལ་བུ་ཐོགས་པ་ཞིག་ལུས་ཕྱེད་ཙམ་ཕྱུང་ནས་ཕྱོགས་
བཅུར་ལྟ་བར་བྱེད་དོ། །དེ་ནས་རིག་སྔགས་འཆང་གིས་སྐྲག་པར་མི་བགྱི་སྟེ། བརྟན་པར་བགྱིས་ལ། ཁྲོ་བོའི་རྒྱལ་པོ་བཟླས་ནས། འཁོར་ལོའི་ཞགས་པ་འཕངས་ཏེ་མགོ་བཅད་ལ་ཁྲག་མང་དུ་བྱུང་བ་དང་། རིག་སྔགས་འཆང་གིས་ཁྲག་དེས་ལུས་ཐམས་ཅད་བྱུག་པར་བགྱིའོ། །
བྱུགས་པ་ཙམ་གྱི་མོད་ལ་བདག་ཉིད་ཀྱི་ལུས་མི་ཆོད་པ་དང་། མི་ཤིགས་པས་རྡོ་རྗེར་བྱིན་གྱིས་བརླབས་པར་འགྱུར་རོ། །མིག་གཉིས་ཕྱུང་ལ་རང་གི་མིག་ཕྱིས་ནས་མིག་ལ་བསྐུས་ན་ལྷའི་མིག་ཏུ་འགྱུར་རོ། །རྐང་བྲུས་ཏེ་བྱུགས་ན་ཚེ་བསྐལ་པ་བཅུར་འགྱུར་ཞིང་ཐོས་པ་བསགས་པའི་

རྒྱ་མཚོར་འགྱུར། བསྐལ་པ་བརྒྱ་སྟོང་གི་སྐྱེ་བའི་སྐྱེ་བ་དང་། ཚེ་རབས་དྲན་པར་འགྱུར་རོ། །སྙིང་ཕྱུང་སྟེ་འཚལ་ན་ནམ་མཁའ་ལ་མཆིའོ། །ཁྲག་གིས་སྙིང་གར་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར་རོ། །ལྕེ་བཅད་ན་རལ་གྲིར་གྱུར་ནས་དགྲ་ཐམས་ཅད་བརླག་པར་བགྱིད་དོ། །
གལ་ཏེ་ཐང་ལ་རྒྱུ་བར་འཚལ་ན། དེའི་ཚེ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་ཞགས་པ་དང་འཁོར་ལོ་ལ་བཟླས་བརྗོད་བགྱིའི། །འཁོར་ལོ་ཞགས་པ་གསང་བའི་ཕྱག་རྒྱའི་ཚུལ་གྱིས་ཐལ་མོ་ས་ལ་བརྡབ་པར་བགྱི་སྟེ། ལན་གསུམ་དུ་ཐལ་མོ་བརྡབས་པ་དང་། དེའི་འོག་ཏུ་
ཐང་གི་སྒོ་དབྱེ་བར་འགྱུར་རོ། །ཅི་ལྟར་རང་གི་ཁྱིམ་བཞིན་དུ་འཇུག་པར་བགྱི་སྟེ། ཞུགས་ནས་སླར་ཡང་མཆི་ཞིང་དགོས་པ་གཞན་ཐམས་ཅད་བགྱིད་པ་དང་ཐད་ཐམས་ཅད་ལ་གནས་པ་ཐམས་ཅད་དབང་དུ་གྱུར་ནས་གནས་པར་འགྱུར་རོ། །འོན་ཏེ་ནམ་མཁའ་ལ་མཆི་བར་འཚལ་ན་
གྱེན་དུ་བལྟས་ནས། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཡུངས་མར་ལ་ལན་སྟོང་རྩ་བརྒྱད་བཟླས་ཏེ། ལན་སྟོང་རྩ་བརྒྱད་བཟླས་ནས། བདག་ཉིད་ལ་བྱུགས་ཏེ། ལག་པའི་ཞགས་པའི་ཕྱག་རྒྱས་ནམ་མཁའ་ལ་མཆི་བར་འགྱུར་ཞིང་ནམ་མཁའི་གོ་འབྱེད་པར་འགྱུར་རོ། །ལྷའི་གནས་
སུ་མཆི་བར་འཚལ་ན། ལྷའི་ཁྱིམ་དུ་མཆིས་ནས་ཞགས་པས་ལྷའི་མགུལ་ནས་བཅིང་བར་བགྱི་ཞིང་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་ནས། ལྷ་བཅིངས་པ་གང་ཡིན་པ་དེའི་མིང་ནས་བརྗོད་ན་ལྷ་དེ་བབས་ནས་རིག་སྔགས་འཆང་གི་མདུན་ན་མཆིས་པར་འགྱུར་རོ། །
ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རིག་སྔགས་འཆང་ལ་རིག་སྔགས་འཆང་ཅི་ཞིག་དོན་དུ་གཉེར་བ་དེ་སྣོམས་ཤིག་ཅེས་སྨྲ་བར་འགྱུར་རོ། །རིག་སྔགས་འཆང་གིས་ལྷའི་གནས་སུ་འགྲོའོ་ཞེས་བརྗོད་པར་བགྱིའོ། །གལ་ཏེ་གཞན་བསམས་པ་ཞིག་མཆིས་ན་
མཆོག་ཐམས་ཅད་སྩོལ་བར་བགྱིད་དོ། །དེ་ནས་ལྷའི་གནས་ནས་མཆི་བ་ན། ལྷའི་གནས་ལྷའི་རྫུ་འཕྲུལ་གྱིས་ལག་པ་ན་ཐོགས་ཏེ། ནམ་མཁའ་ལ་མཆི་བར་འགྱུར་རོ། །ཅི་སྲིད་འཚལ་བར་ལྷའི་གཞལ་མེད་ཁང་ཆེན་པོར་ལོངས་སྤྱོད་པར་འགྱུར་ཞིང་། འོན་ཏེ་མི་འཚལ་ན་ལྷའི་

གནས་ནས་སླར་ཡང་འབབ་པར་འགྱུར་རོ། །གཞན་ཅི་ལྟར་རང་གི་བློ་གྲོས་དང་། ཡིད་ལ་བསམས་པའི་དགོས་པ་ཐམས་ཅད་བགྱིད་པར་འགྱུར་ཞིང་ཐམས་ཅད་དུ་གྲུབ་པར་འགྱུར་ཏེ། དེ་ལ་སོམ་ཉི་དང་ཡིད་གཉིས་བསྐྱེད་པར་མི་བགྱིའོ། །འཁོར་ལོའི་ཞགས་
པ་སྒྲུབ་པའི་ཆོ་གའོ།། །།དེ་ནས་རིག་སྔགས་འཆང་པདྨའི་ཞགས་པ་སྒྲུབ་པར་འཚལ་བས། རིག་སྔགས་འཆང་དེ་གཙང་མ་ལེགས་པར་བཀྲུས་ཏེ་གོས་གཙང་མ་བགོ་བར་བགྱིའོ། །ནུབ་གསུམ་མཆིས་སམ། ནུབ་ལྔ་མཆིས་སམ། ནུབ་གཅིག་མཆིས་ནས་རིག་
སྔགས་འཆང་གིས་ཞགས་པའི་སྐུད་པ་བསྒྲུབ་པར་བགྱི་སྟེ། རས་ཀྱི་སྐུད་པའམ་པདྨའི་སྐུད་པ་བཻ་ཌཱུརྱའི་ཁ་དོག་ལྟ་བུར་ཚོན་གྱིས་ཁ་བསྒྱུར་བར་བགྱི་ཞིང་ཁྲུ་ཉི་ཤུ་རྩ་གཅིག་བཀལ་ཏེ། དེ་ལ་ཡང་པདྨ་བགྱིས་ཏེ། རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཁ་ཕྱེ་བ་སོར་བཞི་བའི་ཚད་ཀྱིས་པདྨ་གསེར་
གྱི་འདབ་མ་དང་། དངུལ་གྱི་འདབ་མ་དང་། བཻ་ཌཱུརྱ་དང་། ཨིན་དྲ་ནཱི་ལ་དང་། རིན་པོ་ཆེ་ཀ་ཏི་ཀ་ལས་བགྱི་ཞིང་མུ་ཏིག་གིས་བསྐོར་བ་བགྱི་སྟེ། དེ་ནས་ཞགས་པ་ལ་བཏགས་པར་བགྱིའོ། །ཞགས་པའི་ཐོར་ཏོ་གཅིག་ལ་ནི་པདྨའི་ཕྱག་རྒྱ་གདགས་པར་བགྱིའོ། །དེ་ནས་ལེགས་པར་
བརྒྱན་པའི་ཆོས་ཀྱི་སྟན་བཟང་པོ་བཤམ་པར་བགྱིའོ། །བའི་ལྕི་བས་དཀྱིལ་འཁོར་བགྱིས་ལ་དཀྱིལ་འཁོར་གྱི་སྟེང་དུ་དྲིའི་པདྨ་བསམས་པར་བགྱི་ཞིང་། དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཀྱི་སྟན་བཤམས་ལ། བུམ་པ་གང་བས་བརྒྱན་པར་བགྱིའོ། །མེ་ཏོག་གི་སིལ་མ་བཀྲམ་ཞིང་
ཨ་ག་རུ་དང་། ཙན་དན་དང་། དུ་རུ་སྐའི་བདུག་པ་དབུལ་བར་བགྱིའོ། །མཆོད་ཡོན་དང་ཞབས་བསིལ་གྱི་སྣོད་ཀྱང་གཞག་པར་བགྱིའོ། །པདྨའི་ཞགས་པ་དེ་ཡང་ཆོས་ཀྱི་སྟན་གྱི་སྟེང་དུ་གཞག་པར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་རིག་སྔགས་འཆང་
གིས་སྐྱིལ་མོ་ཀྲུང་བཅས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཁྲི་བཟླས་ཏེ། བཟླས་པའི་ཡུངས་ཀར་རེ་རེ་ནས་དེའི་སྟེང་དུ་གཏོར་བར་བགྱིའོ། །ལན་ཁྲི་རྫོགས་ནས་དེ་ནས་ཚེས་བཅྭ་ལྔའི་ཟླ་བ་ཉ་བའི་ནུབ་མོ་མཆིས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་

པ་བགྱིའོ། །ཞགས་པ་དེ་ལ་ཡང་མཆོད་པར་བགྱིའོ། །དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ནས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཉིན་མཚན་གསུམ་དུས་གསུམ་དུ་བཟླས་བརྗོད་དང་མཆོད་པ་
བགྱིའོ། །དེ་ནས་པདྨའི་ཞགས་པ་འབར་ཞིང་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འབྱུང་བར་འགྱུར་རོ། །ལེགས་སོ་ལེགས་སོ་ཞེས་བགྱི་བའི་ཚིག་འབྱིན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་ལ་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འབྱུང་བར་འགྱུར་རོ། །དེ་
ནས་རིག་སྔགས་འཆང་ཕྱག་རྒྱའི་སྐྱིལ་མོ་ཀྲུང་གིས་མཆིས་ནས་མིག་མི་འཛུམས་ཤིང་བཞིན་འཛུམ་པས་སྙིང་རྗེ་ཆེན་པོ་ཡིད་ལ་བསྒོམ་པར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདོང་དུ་བལྟ་སྟེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སུམ་སྟོང་བཟླས་པར་བགྱིའོ། །
དེའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་ལྷའི་རང་བཞིན་མདུན་དུ་མཆིས་ནས། ལག་པ་གཡས་པ་བརྐྱང་སྟེ་རིག་སྔགས་འཆང་གི་སྤྱི་བོར་བཞག་ནས་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་ཞིང་། འདི་སྐད་ཅེས་ཀྱང་དབུགས་འབྱིན་པར་འགྱུར་རོ། །
རིག་སྔགས་འཆང་ངའི་བུ་སྙིང་ལས་སྐྱེས་པའི་ཐུ་བོ། བཟླས་བརྗོད་ཀྱི་ཆོ་ག་ཆེན་པོ་དང་། མཆོད་པའི་ཆོ་ག་ཆེན་པོ་འདིས་ང་ལ་མཆོད་པའི་མཆོག་བྱས་པ་དང་། བཟླས་བརྗོད་ཀྱི་མཆོད་དང་གྲུབ་པའི་མཆོག་སྟེ། ཁྱོད་ཀྱིས་དོན་ཡོད་རྒྱལ་པོའི་སྙིང་པོ་གྲུབ་ཅིང་། ཁྱོད་ཀྱིས་པདྨའི་ཞགས་
པ་ཆེན་པོ་གྲུབ་ཀྱིས། ཅི་ལྟར་ཡིད་ལ་བསམས་པ་བཞིན་དུ་མཆོག་ཁྱེར་ཅིག །ཁྱོད་ཀྱིས་ཡིད་ཀྱི་བརྣག་པ་ཐམས་ཅད་ནི་ཡོངས་སུ་རྫོགས་པར་བྱས། ཁྱོད་འཁོར་བའི་འཇིགས་པ་རྒྱུ་བ་ལས་ནི་གྲོལ། ཁྱོད་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མྱ་ངན་མི་བཟད་པའི་
འཇིགས་པ་ལས་ཐར་ན། ཁྱོད་དམྱལ་བ་ཆེན་པོ་མི་བཟད་པ་བཅུ་དྲུག་ལས་ནི་ཡོངས་སུ་གྲོལ། འཇིགས་པ་ཆེན་པོ་མི་བཟད་པའི་སྡུག་བསྔལ་གྱི་ཚོར་བ་བརྒྱད་ལས་ནི་ཡོངས་སུ་ཐར། འདི་ནས་ཕྱི་མའི་སྐྱེ་བའི་མངལ་དུ་གནས་ནས་སྡུག་བསྔལ་མི་བཟད་པ་ལས་ཤི་འཕོས་ཏེ། རིག་

སྔགས་འཆང་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཁྱོད་ཀྱི་གང་གཱའི་ཀླུང་འབུམ་ཕྲག་སྟོང་བརྒྱད་ཅུ་རྩ་བཞི་སྙེད་ཀྱི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་ཆེར་
བསྐྱེད་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ནི་ལྡན། རིག་སྔགས་འཆང་ཁྱོད་ཀྱིས་ལྷག་པར་བྱ་བ་མང་པོ་ནི་བྱས། ཁྱོད་རིག་སྔགས་འཆང་ཆེན་པོར་ནི་ལུང་བསྟན། དམྱལ་བ་དང་། ངན་སོང་གི་ལས་ཀྱི་སྒྲིབ་པ་མི་བཟད་པ་ཐམས་ཅད་ལས་ནི་གྲོལ་གྱིས། ཅི་ལྟར་ཡིད་ལ་
བསམས་པ་བཞིན་མཆོག་ཁྱེར་ཅིག །དེ་ནས་རིག་སྔགས་འཆང་གིས་ཅི་ལྟར་ཡིད་ལ་བསམས་པ་བཞིན་དེའི་ཚེ་མཆོག་ཐོབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་པདྨའི་ཞགས་པ་དེ་བླངས་ཏེ་གནས་གཙང་མར་གུས་པས་མཆོད་པ་རྒྱ་ཆེར་བགྱིའོ། །ནམ་དགོས་པ་དེའི་ཚེ་
ཞགས་པ་བླང་བར་བགྱིའོ། །ལས་ཐམས་ཅད་བགྱིད་པར་འགྱུར་རོ། །པདྨ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལག་པ་གཡོན་པར་བཞག་ལ། ལག་པ་གཡས་པས་ཞགས་པ་བཟུང་སྟེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས། སེམས་ཅན་
ནམ་ལྷ་གང་གི་མིང་ནས་བརྗོད་དེ། བཟླས་བརྗོད་བརྒྱ་རྩ་བརྒྱད་ཚང་བ་དང་། བྱང་ཆུབ་སེམས་དཔའ་མདུན་ན་མཆིས་ནས། འདོད་པའི་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བྱང་ཆུབ་ཏུ་ལུང་བསྟན་པ་དོན་དུ་གཉེར་བར་འཚལ་ན། རིག་སྔགས་འཆང་
གཙང་མས་ལེགས་པར་ཁྲུས་བགྱིས་ཏེ། གོས་གཙང་མ་བགོས་པས་ཉིན་ཞག་གཅིག་མཆིས་པར་གྱུར་པས། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ནས། པདྨའི་ཞགས་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་ཏུ་དབུལ་བར་བགྱིའོ། །
ཞགས་པའི་ཐོར་ཏོ་ཡ་གཅིག་གིས་ནི་རང་གི་མགུལ་དུ་བཏགས་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་སྟོང་རྩ་བརྒྱད་ཚང་བར་བཟླས་བརྗོད་བགྱིའོ། །སྟོང་རྩ་བརྒྱད་ཚང་བ་དང་། སངས་རྒྱས་བཅོམ་ལྡན་འདས་སྐུ་གསེར་གྱི་མདོག་ཅན་རིག་སྔགས་འཆང་གི་མདུན་དུ་བཞུགས་ནས་རིག་སྔགས་

འཆང་གི་སྤྱི་བོར་ཕྱག་བཞག་སྟེ་དབུགས་འབྱིན་པར་མཛད་ལུང་སྟོན་པར་མཛད་ཡིད་ཀྱི་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པར་འགྱུར་རོ། །སྒྲིབ་པ་དང་སྡིག་པ་ཚེ་རབས་སྟོང་དུ་བསགས་པ་ཐམས་ཅད་གཏུགས་པར་འགྱུར། ལྷག་མ་མ་ལུས་པར་གཏུགས་པར་གྱུར་ནས། ལུས་
ཡོངས་སུ་དག་པར་འགྱུར་རོ། །དྲི་མ་དང་བྲལ་ཞིང་ཕྲག་དོག་དང་། སེར་སྣ་སྤངས་པར་འགྱུར་རོ། །འདི་ནས་མ་འོངས་པའི་སྐྱེ་བའི་མངལ་དུ་གནས་ནས། ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་བགྱིས་ནས། སེམས་ཅན་ཐམས་ཅད་ཀྱི་བླ་མ་གཅིག་པུར་འགྱུར་རོ། །མཆོད་པར་
འོས་པ་དང་། བླ་མའི་གནས་སུའང་འགྱུར་རོ། །ནད་རྣམས་དང་བྲལ་བར་འགྱུར་རོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །འགུམ་པའི་དུས་སུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར། དབུགས་འབྱིན་པར་མཛད། ལེགས་པའི་ལམ་སྟོན་
པར་ཡང་མཛད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་ན་མཆིས་ནས་དབུགས་འབྱིན་པར་བགྱིད་ཅིང་ལག་པ་གཡས་པ་སྤྱི་བོར་འཇོག་པར་བགྱིད་དོ། །དེ་བདེ་བས་ཤིན་ཏུ་དྲན་པ་ཉེ་བར་བཞག་ནས་ལུས་འདོར་བར་འགྱུར་རོ། །བོར་བ་ཙམ་གྱི་མོད་ལ་སྐལ་བ་
མཉམ་པར་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་ལུས་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་ཏེ། བསྐལ་པ་བརྒྱ་སྟོང་གི་སྐྱེ་བའི་ཚེ་རབས་དྲན་པར་འགྱུར་རོ། །དོན་
ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རིམ་པར་དབྱེ་བའི་ཆོ་ག་ཞིབ་མོ་འདི་མཐའ་དག་རྫོགས་པར་གཡར་ཐོན་དུ་བགྱིས་ནས་ས་བཅུ་ལ་གནས་ཤིང་ཕྱིན་ཅི་ལོག་ཏུ་མ་གྱུར་པས་ཕྱིར་མི་ལྡོག་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། ཆོ་
འཕྲུལ་ཆེན་པོས་ལྷའི་ཁང་པ་བརྩེགས་པ་དང་། གཞལ་མེད་ཁང་དང་། གནས་མཆོག་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས། སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་མཆི་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བདེ་བ་ཅན་གྱི་འཇིག་

རྟེན་གྱི་ཁམས་མཐོང་བའི་ཆོས་ཁོ་ན་ལ་བལྟ་བར་འཚལ་ན། རིག་སྔགས་འཆང་གིས་གནས་གཙང་མའི་ཕྱོགས་སམ། གནས་སམ། ཁང་པའམ། དགོན་པའི་གནས་སམ། འཁོར་གྱི་ཁྱམས་སམ། འཆག་སའམ། ཁང་པ་བརྩེགས་པའམ། སྤྱིལ་པོ་
གཙང་མ་ཕྱི་བརྡར་ལེགས་པར་བགྱིས་པའི་ས་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་འབྱེས་པ་ཁྲུ་གང་བའམ། ཁྲུ་དོ་པའི་དཀྱིལ་འཁོར་བགྱི་སྟེ། གྲུ་བཞི་ལྷམ་པ། གྲྭ་ཀུན་ནས་ཆ་མཛེས་པ། ས་དང་སྦྱར་བའི་ལྕི་བས་ཤིན་ཏུ་ལེགས་པར་ཕྱི་བརྡར་བགྱིས་ལ། རྩྭ་སྔོན་པོ་
གཉེན་པོ་ལྟ་བུ་ལ་མཁས་པས་དཀྱིལ་འཁོར་མཐའ་དག་གི་ཆ་དབྱེ་བའི་ཐིག་གདབ་པར་བགྱིའོ། །དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་བོ་ལ་པདྨ་རྒྱ་ཆེན་པོ་འབྱེས་པ་འདབ་མ་བརྒྱ་པ། ཚོན་སྣ་བརྒྱད་ཀྱི་ཚོན་རྩིས་བཀྲ་བར་བགྱི་ཞིང་མཛེས་པར་བགྱིས་ལ། སྙིང་པོ་ནི་རིན་པོ་ཆེ་ཀ་ཏི་
ཀ་ལས་བགྱིའོ། །པདྨའི་མཐའ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བསྐོར་ལ། གྲྭ་བཞི་ནས་ཁ་ཁྱེར་སོར་བཞི་པའི་ཚད་དུ་བགྱིའོ། །པདྨའི་བར་གྱི་ཟུར་ཟུར་དུ་ཨུཏྤལ་སྔོན་པོ་ལེགས་པར་བྲིས་ལ། ཁ་ཁྱེར་གྱི་ཕྱི་རོལ་དུ་ནོར་བུས་འཁོར་བའི་མཐའ་དེ་མཚོས་བསྐོར་བར་བགྱིའོ། །ལྷའི་
ཆབ་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གིས་མཛེས་པར་བགྱིས་ལ། ཆབ་ལ་མེ་ཏོག་སྣ་ཚོགས་ཀྱི་སིལ་མ་བཀོད་པ་བྱ་རྣམ་པ་སྣ་ཚོགས་གནས་འཆའ་བ་ངང་པ་དང་། བཞད་དང་། ཁྲུང་ཁྲུང་དང་། ངུར་བ་དང་། ཤང་ཤང་ཏེའུ་དང་། ཀ་ལ་པིང་ཀ་དང་། བྱའི་ཚོགས་
ཀྱིས་མཛེས་པར་བགྱིས་ལ། ཉ་དང་ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་ཀུན་ནས་རྟེན་འཆའ་བར་བགྱིད་དོ། །མཚོའི་འགྲམ་ན་རིན་པོ་ཆེའི་ལྗོན་ཤིང་དང་། མེ་ཏོག་གི་ལྗོན་ཤིང་དང་། འབྲས་བུའི་ལྗོན་ཤིང་དང་། སྣ་ཚོགས་པ་ཁ་ཁྱེར་དང་བཅས་པར་བགྱིའོ། །དཀྱིལ་
འཁོར་གྱི་ཁ་ཁྱེར་གྱི་ཕྱི་རོལ་ན་ལག་པ་དང་ཐལ་མོའི་ཕྱག་རྒྱ་བྲིས་ལ་སྒོ་བཞི་རྣམས་སུ་རྒྱལ་པོ་ཆེན་པོ་བཞི་བགྱིའོ། །དེ་ནས་དབུས་ཀྱི་དཀྱིལ་འཁོར་ལ་པདྨའི་གདན་བཟང་པོ་བཤམས་ཏེ་དེའི་སྟེང་དུ། བཅོམ་ལྡན་འདས་འོད་དཔག་མེད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་

མཐུ་ཆེན་ཐོབ་གཞག་པར་བགྱིའོ། །དཀྱིལ་འཁོར་བུམ་པ་གང་བས་བརྒྱན་པར་བགྱིའོ། །མེ་ཏོག་སིལ་མ་དང་། དྲི་དང་བྱུག་པ་ཡང་དབུལ་བར་བགྱིའོ། །བ་དན་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པར་བགྱིའོ། །གཏོར་མ་དཀར་པོ་དབུལ་བར་བགྱིའོ། །ཡོན་ཆབ་དང་ཞབས་
བསིལ་གྱི་སྣོད་དང་། མར་མེའི་ཕྲེང་བ་དབུལ་བར་བགྱིའོ། །པདྨའི་ཞགས་པ་འོད་དཔག་མེད་ཀྱི་ཕྱག་ཏུ་དབུལ་བར་བགྱིའོ། །རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བགྱིའོ། །ལེགས་པར་ཁྲུས་བགྱིས་ནས་བའི་རྣམ་ལྔས་ཉེ་རེག་བགྱིས་ལ་ཟླ་བ་ཉ་ལ་ཉིན་ཞག་གཅིག་མཆིས་
པར་གྱུར་པས་ཁ་ཤར་ཕྱོགས་སུ་བལྟས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས། ལག་པས་ཞགས་པའི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་བགྱིའོ། །བྱམས་པ་དང་བརྩེ་བའི་སེམས་ཀྱིས་ལྷག་པར་བརྩོན་པར་བགྱིའོ། །སྙིང་རྗེས་མཆོག་ཏུ་བརྩེ་བར་གྱུར་པས་སེམས་ཅན་ཐམས་ཅད་ལ་བརྩེ་
བར་བགྱིད་ན། དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བགྱིས་ཏེ། ཅི་ཙམ་ན་ཐུན་ཐ་མ་ལ། འོད་དཔག་མེད་འབར་བར་གྱུར་ནས། དཀྱིལ་འཁོར་ཆེན་པོ་དེ་ལ་ཡང་འོད་ཟེར་འབྱུང་བར་འགྱུར་རོ། །རིག་སྔགས་འཆང་གཡོ་བར་གྱུར་ནས་ལུས་འབར་བར་འགྱུར་རོ། །དེ་ནས་
རིག་སྔགས་འཆང་གིས་སྐྱ་རེངས་ཤར་ཙམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་འོད་དཔག་མེད་གསེར་སྤུངས་པ་ལྟ་བུ་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་གིས་རིག་སྔགས་འཆང་གི་མདུན་དུ་བཞུགས་ནས། ཕྱག་
གཡས་པ་རིག་སྔགས་འཆང་གི་སྤྱི་བོར་བཞག་ནས། དབུགས་འབྱིན་པར་མཛད་ཅིང་ཡིད་ཀྱི་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་ནས་མི་གདའ་བར་གྱུར་པ་དང་། ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པའི་སྣང་བ་ཞེས་བགྱི་བའི་གཉིད་ཐོབ་ནས། ཅི་ལྟར་ཉལ་བ་ཙམ་མམ་
མིག་བཙུམ་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གཞལ་མེད་ཁང་དང་། གནས་དང་། འཇིག་རྟེན་དང་། ཡུལ་ལྗོངས་དང་། བྱང་ཆུབ་སེམས་དཔའི་འཁོར་མཐའ་དག་དང་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་མཐོང་བར་འགྱུར་ལགས་སོ། །དེ་བཞིན་གཤེགས་

པ་དེ་ཆོས་སྟོན་པར་མཛད་པ་ཡང་མཐོང་བར་འགྱུར་ལགས་སོ། །འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་དབུགས་འབྱིན་པར་བགྱིད་པ་དང་། གཞལ་མེད་ཁང་དང་། རྣམ་པར་འཕྲུལ་པ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་ཐམས་ཅད་མཐོང་བར་འགྱུར་ལགས་སོ། །
འདི་ནས་མ་འོངས་པའི་སྐྱེ་བ་ནས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་ཏེ་སྐྱེ་བ་བདུན་སྟོང་རྗེས་སུ་དྲན་པར་འགྱུར་རོ། །དེ་སད་ནས་ཞགས་པ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། ལག་པ་
གཡས་པས་གཟུང་ནས། ནམ་མཁའ་ལ་འཕུར་བར་འགྱུར་རོ། །ལོ་ཁྲིར་འཚོ་བར་འགྱུར་རོ། །ཞགས་པ་གྲུབ་པ་རྣམས་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །འཁོར་ཁྲི་བརྒྱ་སྟོང་དང་ལྡན་པར་འགྱུར་རོ། །པདྨའི་ཞགས་པ་སྒྲུབ་པའི་ཆོ་གའོ།། །།
དེ་ནས་རིག་སྔགས་འཆང་རྡོ་རྗེའི་ཞགས་པ་བསྒྲུབ་པར་འཚལ་ན། ཤིང་ཤུན་དང་། རས་སྐུད་དང་། ཁ་ཆེ་དར་གྱི་སྐུད་པ་མཉམ་དུ་ལྷན་ཅིག་བཀལ་ཏེ། ཁྲུ་ཉི་ཤུ་རྩ་གཅིག་གི་ཚད་ཙམ་དུ་བགྱིས་ལ། ཙན་དན་དཀར་པོ་ལས་རྡོ་རྗེ་སོར་བཞི་བའི་ཚད་དུ་བགྱིས་ཏེ། རྩེ་ལྔ་བ་འབྱུང་པོ་
ལ་སོགས་པའི་མགོ་དང་། སྦྲུལ་གྱི་སྐ་རགས་ཀྱིས་བཅིངས་ལ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོའི་དྲ་བའི་ཕྲེང་བས་དཀྲི་བ་བགྱིས་ནས་ཞགས་པ་ལ་གདགས་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱའོ། །ལེགས་པར་ཁྲུས་བགྱིའོ། །
བའི་རྣམ་ལྔས་ཉེ་རེག་བགྱིའོ། །རྩྭའི་སྟན་བཏིང་ནས་རི་མོའི་གཟུགས་ཀྱི་མདུན་དུ་ལག་པ་གཡས་པས་ཞགས་པ་མནན་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲི་བཟླས་སོ། །ཁྲོ་བོའི་རྒྱལ་པོའི་སྙིང་པོ་སྟོང་བཟླས་སོ། །དེ་ནས་ཞགས་པ་དེ་འབར་བར་འགྱུར་ཏེ། དེ་
བཟུང་ནས་ནམ་མཁའ་ལ་འཕུར་བར་འགྱུར་རོ། །རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། པདྨའི་རིགས་གང་དག་ལགས་པ་དེ་དག་ཐམས་ཅད་མདུན་ན་བཞུགས་པར་འགྱུར་རོ། །ལག་ན་རྡོ་རྗེ་དང་འདྲ་བར་གཟུགས་དང་། མཐུ་

དང་། བརྩོན་འགྲུས་ཕ་རོལ་གྱི་ཟིལ་གྱིས་མི་ནོན་པར་འགྱུར་རོ། །ལག་ན་རྡོ་རྗེ་དང་འདྲ་བར་རིག་སྔགས་འཆང་གི་དབང་པོར་འགྱུར་རོ། །ལྷའི་ལོ་ཁྲི་ཉིས་སྟོང་དུ་འཚོ་བར་འགྱུར་རོ། །ལས་ཐམས་ཅད་བགྱིད་པ་རྡོ་རྗེའི་ཞགས་པ་དགྲ་ཐམས་ཅད་འཇོམས་པར་བགྱིད་པའི་ཞགས་
པ་སྟེང་ངམ་འོག་གར་འཕངས་པར་ཡིད་ལ་བསམས་པ་བཞིན་ཐམས་ཅད་བཅིངས་ནས་དགུག་པར་བགྱིད་དོ། །ཕྱོགས་བཅུར་འཕང་སྟེ་ཁྲོ་བོའི་རྒྱལ་པོ་བཟླས་ནས་སྐྱེས་པ་དང་། བུད་མེད་དམ། གཞན་གང་ཅི་ཡང་རུང་བ་ཐམས་ཅད་ཞགས་པས་བཅིངས་ནས། མྱུར་དུ་དགུག་
པར་བགྱིད་དེ། སོམ་ཉི་མི་བགྱིའོ། །གལ་ཏེ་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅི་འམ། འབྱུང་པོ་འམ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཞགས་པས་བཅིངས་ནས་མྱུར་དུ་དགུག་པར་
བགྱི་སྟེ་སོམ་ཉི་མི་བགྱིའོ། །ཞགས་པ་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱི་སྟེ། མར་གྱི་ངོའི་ཚེས་བཅུ་བཞིའི་མཚན་མོ་ནམ་ཕྱེད་ན་ཞགས་པ་ཕྱོགས་བཞིར་འཕང་བར་བགྱིའོ། །འཕངས་པ་ཙམ་གྱི་མོད་ལ་བགེགས་དང་། ལོག་འདྲེན་དང་། གནོད་
སྦྱིན་དང་། སྲིན་པོ་དང་། གདུག་པ་ཐམས་ཅད་ཞགས་པས་བཅིངས་ནས། རིག་སྔགས་འཆང་གི་མདུན་ན་མཆིས་ཤིང་ཅི་སྲིད་འཚོའི་བར་དུ་དབང་དུ་གྱུར་ནས་མཆིས་ཏེ། བྲན་བཞིན་དུ་ལས་ཐམས་ཅད་བགྱིད་པར་འགྱུར། བལྟས་པ་ཙམ་གྱིས་གདོན་ཐམས་ཅད་ལས་ཐར་
བར་འགྱུར་རོ། །ཞགས་པ་ལ་ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ལག་པས་ཞགས་པ་བླངས་ཏེ་དུར་ཁྲོད་དུ་ཞུགས་ན་མི་སྣང་བར་འགྱུར་ཞིང་གནས་ཐམས་ཅད་ཀྱི་སྒོ་དབྱེ་བར་འགྱུར་རོ། །ཕུག་གི་སྒོར་མཆིས་ནས་རྡོ་རྗེའི་ཞགས་པས་བརྡབས་ན། ཕུག་ཐམས་ཅད་ཀྱི་
སྒོ་དབྱེ་བར་འགྱུར་ཞིང་འཁྲུལ་འཁོར་དང་གཏན་པ་ཐམས་ཅད་དུམ་བུར་འཆག་པར་འགྱུར་རོ། །ལམ་ངན་པ་དང་། མི་ངན་པ་དང་། མི་མ་ཡིན་པ་དང་། འབབ་ཆུ་ངན་པ་དང་། སྦྲུལ་དང་། དབུགས་གདུག་པ་དང་། སྲོག་ཆགས་གོན་ས་དང་། གདུག་པ་དང་བཅས་པའི་སྲོག་

ཆགས་སུ་གཏོགས་པ་ཐམས་ཅད་མི་གདའ་བར་འགྱུར་རོ། །མི་དྲང་བོ་དང་ལམ་དྲང་བོར་ཅི་ལྟར་རང་གི་གནས་སམ། གཙུག་ལག་ཁང་ངམ། ཁང་པ་བཞིན་དུ་ཞུགས་ནས་དགོས་པ་ཐམས་ཅད་བསྒྲུབས་ཏེ། སླར་ཡང་གནས་ནས་ཕྱིར་ལྡོག་པར་འགྱུར་རོ། །
རྡོ་རྗེའི་ཞགས་པ་ལས་ཐམས་ཅད་བགྱིད་པ་སྒྲུབ་པའི་ཆོ་གའོ།། །།དེ་ནས་རིག་སྔགས་འཆང་ནོར་བུའི་ཞགས་པ་བསྒྲུབ་བར་འཚལ་ན། རིག་སྔགས་འཆང་དེས་ནོར་བུ་འཚལ་བར་བགྱི་སྟེ། རྡོ་རྗེའམ། བཻ་ཌཱུརྱ་འམ། ཤེལ་རང་འབྱུང་ངམ། མ་རྒད་དམ། ཨིན་དྲ་ནཱི་
ལ་ལ་སོར་མོའི་ཚིགས་པས་ལྷག་ཙམ་ཤིན་ཏུ་ཕྱིས་ལ། ཤིན་ཏུ་ཡོངས་སུ་དག་པར་བགྱིས་ལ། གསེར་གྱི་མེ་ཏོག་གི་ཚུལ་དུ་བགྱིས་པ། མུ་ཏིག་གིས་དཀྲིས་པ། གེ་སར་ཁ་ཕྱེ་བ་ཙམ་པ་ཀའི་མེ་ཏོག་ཅི་ལྟ་བ་བཞིན་བགྱིས་ལ། རས་བཟང་པོའི་སྐུད་པ་ཚོན་རྩི་མཛེས་པས་
ཁ་བསྒྱུར་བ། ཤིན་ཏུ་ཚད་ལ་བབ་པར་བཀལ་བ་ཁྲུ་ཉི་ཤུ་རྩ་གཅིག་པ། སོར་མོ་གུང་མོའི་ཚད་ཙམ་གྱི་ནོར་བུས་བརྒྱན་ལ། ཐོར་ཏོ་ཅིག་ཤོས་སུ་ནི་ནོར་བུ་འམ་གསེར་ལས་བགྱིས་པའི་ལྕགས་ཀྱུ་གདགས་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་
བགོ་བར་བགྱིའོ། །ལེགས་པར་བཀྲུས་ནས་བའི་རྣམ་ལྔས་ཉེ་རེག་བགྱིའོ། །དེའི་འོག་ཏུ་རི་མོའི་གཟུགས་ཀྱི་མདུན་དུ་སྤོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཚད་དང་ལྡན་པ་བགྱིས་ལ་གྲྭ་བཞིར་བུམ་པ་གང་བ་གཞག་པར་བགྱིད་ཅིང་། སྤོས་ཕོར་གྱི་སྣོད་བཤམས་ནས། ཨ་ག་རུའི་བདུག་པ་དང་།
ཙན་དན་དང་། དུ་རུ་སྐའི་བདུག་པ་དབུལ་བར་བགྱིའོ། །དཀྱིལ་འཁོར་གྱི་དབུས་སུ་ཆོས་ཀྱི་སྟན་བཟང་པོ་ཚད་དང་ལྡན་པ་བཤམས་ལ། བ་དན་སྣ་ཚོགས་ཀྱིས་དཀྱིལ་འཁོར་བསྐོར་བར་བགྱིའོ། །མེ་ཏོག་སིལ་མ་དང་། དྲི་དང་རོལ་མོའི་ཆ་བྱད་དག་དགོད་པར་བགྱིའོ། །
རིག་སྔགས་འཆང་གིས་ཟས་དཀར་གསུམ་འཚལ་བར་བགྱིའོ། །བཏུང་བ་ངན་པ་དང་། ཁ་ཟས་ངན་པ་དང་། གནས་ངན་པ་དང་། ལྷག་མ་དང་། སྦགས་རྣམས་རྣམ་པར་སྤང་བར་བགྱིའོ། །དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཉི་ཁྲི་ཆིག་སྟོང་བཟླས་ནས། ལག་པ་གཡས་པས་

ཆོས་ཀྱི་སྟན་གྱི་སྟེང་དུ་བཞག་པའི་ཞགས་པ་ལ་མནན་ནོ། །ལན་ཉི་ཁྲི་ཆིག་སྟོང་ཚང་བ་དང་། དེ་ནས་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་ཚང་བར་བཟླས་ཏེ། ཡུངས་ཀར་རེ་རེ་ནས་དབང་བསྐུར་བར་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་བ་དང་། རིག་སྔགས་
འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པར་རྒྱ་ཆེར་བགྱིའོ། །བཅོམ་ལྡན་འདས་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡང་མཆོད་པ་རྒྱ་ཆེར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཚེས་བཅྭ་ལྔའི་ཉ་ལ་ཉིན་
ཞག་གཅིག་སྨྱུང་བ་བགྱིས་ནས་མཆོད་པ་རྒྱ་ཆེར་བགྱིས་ཏེ། མཆོད་པའི་ཡོ་བྱད་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ལ་རེ་རེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཉི་ཤུ་རྩ་རེ་རེ་ནས་བཟླས་བརྗོད་བགྱིས་ནས་དབུལ་བ་བགྱིའོ། །དེ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས། ཉིན་
མཚན་ཀུན་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་རེ་རེ་ནས་བརྡེག་པར་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་བ་དང་ས་ཆེར་གཡོ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལས་ཀྱང་འོད་ཟེར་ཁ་དོག་སྣ་
ཚོགས་དག་འབྱུང་བར་འགྱུར་རོ། །ནོར་བུའི་ཞགས་པ་དེ་ཡང་འབར་བར་འགྱུར། རིག་སྔགས་འཆང་གི་མགོ་བོ་ཡང་འབར་བར་འགྱུར་རོ། །འབར་བ་ཙམ་གྱི་མོད་ལ་རིག་སྔགས་འཆང་གི་ལག་པ་གཡས་པས་ནོར་བུའི་ཞགས་པ་བླངས་པ་ན། སྒྲ་ཆེན་པོ་ཡང་འབྱུང་བར་འགྱུར་
རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷའི་བདག་ཉིད་ཀྱི་རང་བཞིན་གྱིས་རིག་སྔགས་འཆང་གི་མདུན་ན་མཆིས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་འཕགས་པ་སྤྱན་རས་
གཟིགས་འོད་ཀྱི་རྒྱལ་པོའི་སྐུ་གསེར་གྱི་ཁ་དོག་གིས། ནམ་མཁའ་ལ་རྫུ་འཕྲུལ་གྱིས་བཞུགས་ནས། རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར། ཕྱག་དཔུང་པ་གསེར་གྱི་ཁ་དོག་འདྲ་བ་བརྐྱང་བའི་ཕྱག་གིས། རིག་སྔགས་འཆང་གི་མགོ་

བོར་བཞག་ནས། རིག་སྔགས་འཆང་ལ་དབུགས་འབྱིན་པར་མཛད་དེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དོན་ཡོད་པའི་ཞགས་པ་རྣམ་པར་དག་པ་གྲུབ་བོ། །ཁྱོད་ཀྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་
ལས་བསྒྲུབ་པའི་ཆོ་ག་བླ་ན་མེད་པ་གྲུབ་སྟེ། རིག་སྔགས་འཆང་གིས་འདོད་དགུར་བསྒྱུར་བ་ཐམས་ཅད་དེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་གྲུབ་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་ཞགས་པ་ཐོགས་ནས། རིག་སྔགས་འཆང་གིས་འབད་མི་དགོས་པར་ཡིད་བཞིན་གྱི་
ནོར་བུ་ཆེན་པོ་དོན་ཡོད་པའི་ཞགས་པ་གྲུབ་པའི་རང་བཞིན་འདིས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགོས་པ་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པ་ལ་ལྟོས་ཤིག །ཡིད་ལ་ཅི་ལྟར་བསམས་པ་བཞིན་རྫུ་འཕྲུལ་དང་། ཆོ་འཕྲུལ་སྣ་ཚོགས་ལ་ལྟོས་ཤིག །རིག་སྔགས་འཆང་
ཁྱོད་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སོང་ཞིག །འོན་ཏེ་བདེ་བ་ཅན་བལྟ་བར་འཚལ་ལམ། ཅི་ལྟར་དེ་བཞིན་གཤེགས་པ་ལ་འོས་པའི་ལྷ་རྫས་ཀྱི་མཆོད་པར་འཚལ་ལམ། དེ་བཞིན་གཤེགས་པ་ལ་མཆོད་པའི་སྤྲིན་གྱིས་མཆོད་པར་འཚལ་ལམ། ལྷའི་མེ་ཏོག་དང་།
ལྷའི་དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། ལྷབ་ལྷུབ་དང་། རྒྱན་དང་གོས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི་བ་འཚལ་ན། རིག་སྔགས་འཆང་དེས་སྤྱི་བོའི་གཙུག་ཏུ་དྲིའི་དཀྱིལ་
འཁོར་བགྱིས་ལ་མེ་ཏོག་དང་། བདུག་པ་ཡང་དབུལ་ལོ། །ཡིད་བཞིན་གྱི་ནོར་བུ་ཆེན་པོ་དོན་ཡོད་པའི་ཞགས་པའི་མཆོག་འདི། ལག་པ་གཡོན་པས་མནན་ལ། ལག་པ་གཡས་པས་དོན་ཡོད་པ་ཡིད་བཞིན་གྱི་ནོར་བུའི་མཆོག་བཟུང་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འདི་ལྟ་
བུ་ཡིད་ལ་བགྱིད་པ་ཆེན་པོ་ཅི་ལྟ་བུའི་བསམ་པ་ཡིད་ལ་བགྱིད་པ་དེ་ལྟ་བུ་ཡང་བསམས་ནས། དོན་ཡོད་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་ཏེ་ཕྱག་བགྱིའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱ་ཆེན་དོན་ཡོད་པ་འདི་བཟླས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་འདི་ལན་

བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོས་ཡོངས་སུ་གདུངས་པའི་སྙིང་གིས་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིས་ནས་གསང་སྔགས་བཟླས་བརྗོད་བགྱིའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ།
བམ་པོ་ལྔ་པ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་མཐའ་ཡས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་
ཕྱག་འཚལ་ལོ། །ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། །གནས་ཀྱི་མཆོག་དགའ་ལྡན་ན་གནས་པ་འཕགས་པ་བྱམས་པ་ལ་སོགས་པའི་ཚོགས་དང་བཅས་པའི་མཆོག་ལ་ཕྱག་
འཚལ་ལོ། །བདེ་བ་ཅན་གྱི་དཀྱིལ་འཁོར་ན་བཞུགས་པ་དེ་བཞིན་གཤེགས་པ་འཕགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་ལ་ཕྱག་འཚལ་ལོ། །ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དབང་ཕྱུག་ལ་སོགས་པའི་ལྷའི་བུ་གཟུགས་སྣ་ཚོགས་མངའ་བ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མ་ཧཱ་པདྨ་ཙིནྟ་མ་ཎི་མ་ཎི། ཨ་མོ་གྷ་མ་ཎི་སུ་མ་ཎི། མ་
ཧཱ་མ་ཎི། སརྦ་ཏ་ཐཱ་ག་ཏ། ཨ་ལཾ་ཀཱ་ར། མ་ཧཱ་ཨ་མོ་གྷ་མ་ཎི། ཙ་ར་ཙ་ར་སཉྩ་ར། ནི་ཤ་ཙ་ཙ་རེ་ཤྭ་ར་མ་ཧཱ། པདྨ་བྷུ་ཛ་བ་ར་ད། མ་ཧཱ་ཀཱ་རུ་ཎི་ཀ །མ་ཧཱ་བི་ཤྭ་རཱུ་པ་དྷ་ར། པྲ་བ་ར་མ་ཧཱ་བོ་དྷི་སཏྭ་པདྨ་དྷ་ར་པདྨཱ་ས་ན་པདྨ་མ་ཀུ་ཊ། མཱ་ལཱ་དྷ་ར། པདྨ་གཽ་ར། པདྨཱ་ལཾ་ཀྲྀ་ཏ་ཏ་ནུ། ས་ཏ་
སྲ་བྷུ་ཛས་ཧ་སྲ་ནེ་ཏྲ་ནཱ་ནཱདྦྷུ་ཏ། བྲ་བ་ར་ཎ། མུ་དྲཱ་བི་བྷཱུ་ཥི་ཏཱ་ས་ཧ་སྭ་བྷུ་ཛ། ཛ་ཡ་ཛ་ཡ། ཤ་ཏ་ས་ཧ་སྲ་ར་སྨི་པྲ་ཏི་མཎྜི་ཏ་ཤ་རཱི་ར། བྷ་ར་བྷ་ར། བི་ཙི་ཏྲ། ཨཱ་བྷ་ར་ཎ་དྷ་ར། མ་ཎི་ཀ་ན་ཀ། བཛྲ་བཻ་ཌཱུརྱ། མརྐྐ་ཏ། ཨིན་དྲ་ནཱི་ལ་པདྨ་རཱ་ག་བྷྲཱུ་ཥི་ཏ་ཤ་རཱི་ར། ཙི་རི་ཙི་རི། བི་ཙི་ཏྲ།

ར་ཙ་ཎ། མ་ཧཱ་བོ་དྷི་སཏྭ་བ་ར་དཱ་བྲཧྨ། བིཥྞུ་མ་ཧེ་ཤྭ་ར་རཱུ་པ་དྷ་ར། པདྨེ་ཤྭ་ར། ལོ་ཀེ་ཤྭ་ར། ཡ་མཱནྟེ་ཤྭ་ར། བ་རུ་ཎ། ཀུ་བེ་ར། རྀ་ཥི་ག་ཎ། ཀུ་མཱ་ར། སེནཱ་བ་ཏི་བེ་ཤ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། མ་ཧཱ་བྷུ་ཏ་བི་ཤ་དྷ་ར། སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་
ཀ་ཏ་ས་མ་ཡ་མ་ནུ་སྨར་བྷ་ག་བཱན། པུ་ར་ཡ་མེ་ཨཱ་ཏཱ་ཤཱནྟ་ཏཱ་རཱ་ཡ་པཱུ་ར་ཤཱ་ཡཱ་ཡ་ས་ཏྭ་ན། ཏརྫྫ་ཡ་དུཤྚཱཾ། བཱ་ཏ་ཡ་པིགྷྣཱཾ། མཱ་ར་ཡ་ཏྲི་དོ་ཥ་མཱ་ལཾ། ས་ར་ས་ར་པཱ་པཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སིད་དྷྱ་སིད་དྷྱ། མ་ཧཱ་ཅིནྡཱ་མ་ཎི། ཨ་མོ་གྷ་པཱ་ཤ་དྷ་ར། སཱ་དྷ་ཡ་སཱ་དྷ་ཡ། བི་པུ་ལ་
སིད་དྷི། མ་མ་ཏྲི་བྷུ་བ་ན་དི་བྱ་པྲ་ཡཙྪ། མ་ཧཱ་ཀཱ་རུ་ཎི་ཀ །བུད་དྷྱ་བུད་དྷྱ། བོ་དྷ་ཡ་བོ་དྷ་ཡ། སཾ་བྷོ་དྷ་ཡ། སཾ་བྷོ་དྷ་ཡ། མ་ཧཱ་བ་ཤུ་པ་ཏི་གེ་ཥ་དྷ་ར། ཨ་ནནྟ་བི་ཀུརྦྦ་ཎ། རྀདྡྷི་སན་དརྵ་ཡ། ཏུ་རུ་ཏུ་རུ། ཏ་ར་ཏ་ར། ག་ག་ནེ་བི་པུ་ལ་བི་མཱ་ན། སཾ་ད་ནི་ཀ །ན་མོ་སྟུ་ཏེ་བི་པུ་
ལ་པུ་ཎྱ། ཀོ་ཤཱ་དྷ་ར། མ་ཧཱ་ཨ་མོ་སིད་དྷེ་ཧཱུྃ་ཧཱུྃ། ཨ་བྷི་ཥིཉྩ་ཏུ་མཱྃ། བི་པུལ་ཀཱིརྟི་ཀ་ཏེ་སྭཱ་ཧཱ། བྷུ་བ་སྭཱ་ཧཱ། བྷུར་བྷུ་བ་སྭཱ་ཧཱ། ཨ་མོ་གྷ་བི་པུ་ལེ་སྭཱ་ཧཱ། མ་ཧཱ་ཙིནྟཱ་མ་ཎི་སིདྡྷེ་སྭཱ་ཧཱ། མ་ཧཱ་ཙིནྟ་མ་ཎི་སིདྡྷི་བར་དེ་སྭཱ་ཧཱ། སརྦ་སིད་དྷི་བར་དེ་སྭཱ་ཧཱ། ཨོཾ་བི་པུ་ལེ་ཤྭ་ར། ལོ་ཀེ་
ཤྭ་ར། མ་ཧཱ་ཙིནྟཱ་མ་ཎི། མ་ཧཱ་ཨ་མོ་གྷ་སིད་དྷེ་ཧཱུཾ་ཕཊ་སྭཱ་ཧཱ། དོན་ཡོད་ནོར་བུའི་ཞགས་པ་ཆེན་པོ་འདི་ལན་བརྒྱ་རྩ་བརྒྱད་བཟླས་མ་ཐག་ཏུ་རིག་སྔགས་འཆང་གི་ལུས་ཐམས་ཅད་འབར་བར་འགྱུར་རོ། །དོན་ཡོད་པའི་ཞགས་པ་ལགས་པས་མནན་ན་ནམ་མཁའི་ངོས་ལ་རྫུ་འཕྲུལ་
གྱིས་མཆི་བར་འགྱུར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་འདྲ་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་སྟོན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱང་ཚོགས་དང་བཅས། འཁོར་དང་བཅས། བྱང་ཆུབ་སེམས་
དཔའ་ཆེན་པོའི་དཀྱིལ་འཁོར་དང་། གཞལ་མེད་ཁང་མཆོག་དང་བཅས་པ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་མཐོང་བར་འགྱུར་རོ། །བདེ་བ་ཅན་གྱི་གནས་མཐའ་དག་ཏུ་མཆོད་པའི་ཆར་སྤྲིན་གྱི་ཚོགས་ཆེན་པོ་འབྱུང་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་མཐུས་

མཆོད་པའི་སྤྲིན་ཆེན་པོར་གནས་པར་འགྱུར་རོ། །བདེ་བ་ཅན་ན་གནས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེས། རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། །རིག་སྔགས་འཆང་དེས་ཀྱང་སྒྲ་དེ་དག་ཐམས་ཅད་ཐོས་པར་འགྱུར་ཞིང་།
མཆོད་པའི་ཆར་ཆེན་པོ་དེ་དག་ཡང་མཐོང་བར་འགྱུར་རོ། །གལ་ཏེ་རིག་སྔགས་འཆང་ནམ་མཁའ་ལས་ཆུ་འབེབས་པར་འཚལ་ན། དེའི་ཚེ་བསམས་པ་ཙམ་གྱིས་འབེབས་པར་འགྱུར་རོ། །འོན་ཏེ་མི་འཚལ་ན་ནམ་མཁའ་དེ་ཉིད་ན་ནམ་མཁའ་ལ་གྲུབ་པ་དང་། རིག་སྔགས་འཆང་ཐམས་
ཅད་ཀྱི་མཆོག་དོན་ཡོད་རྒྱ་ཆེན་གྲུབ་པ་ཡིད་བཞིན་ནོར་བུ་ལག་པ་ཞེས་བྱ་བའི་འཁོར་ལོས་སྒྱུར་བར་འགྱུར་རོ། །དཔག་ཏུ་མ་མཆིས་པའི་འཁོར་ལོས་སྒྱུར་བའི་རིག་སྔགས་འཆང་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །ཚེ་བསྐལ་བ་ཆེན་པོ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་སུ་འགྱུར་
རོ། །འོན་ཏེ་བབས་ན་ལོ་ཁྲིར་འཚོ་བར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་དང་འདྲ་བར་མཆོད་པ་དང་གུས་པ་ཆེན་པོ་བགྱིད་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོ་གཅིག་པུར་འགྱུར་རོ། །ལྷ་རྣམས་ཀྱང་བབས་ནས་རིག་སྔགས་འཆང་དེ་ལ་མཆོད་པའི་མཆོག་རྒྱ་ཆེན་
པོ་དག་བགྱིད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་མངོན་པར་དགའ་བར་འགྱུར་རོ། །མཆོད་པའི་འོས་སུའང་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་ཀྱང་ཀུན་ཏུ་བསྲུང་ཞིང་ཕྱག་བགྱི་བའི་འོས་སུ་འགྱུར་རོ། །ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་ཡང་
འགྱུར་རོ། །གལ་ཏེ་རིག་སྔགས་འཆང་ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་
སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་དང་བཅས་པ་ལ་མཆོད་པ་བགྱིད་པར་འཚལ་བའམ། ཕྱོགས་བཅུ་དུས་གསུམ་དུ་གཏོགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་

པ་རྣམས་ལ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་རྫོགས་པར་འཚལ་བའམ། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འཚལ་བའམ། ལྷའི་ཞལ་ཟས་ཀྱི་མཆོག་རོ་བྲོ་བའི་མཆོག་དང་ལྡན་པའི་བཟའ་བ་དང་། ལྷའི་བཅུད་ཀྱིས་ལེན་གྱི་མཆོག་གིས་དེ་བཞིན་
གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་བསྟབས་པར་འཚལ་བའམ། སྦྱིན་པ་མང་པོ་དང་། ཆེན་པོ་གཏོང་བར་འཚལ་བའམ། ཉིན་རེ་ཞིང་མཆོད་པའི་སྤྲིན་བགྱིད་པར་འཚལ་ན།
རིག་སྔགས་འཆང་དེས་ལེགས་པར་བཀྲུས་ཏེ། གཙང་མས་གོས་གཙང་མ་བགོས་ནས། ཅི་འབྱོར་པས་དཀྱིལ་འཁོར་གྲུ་བཞིར་བགྱིས་ལ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མེ་ཏོག་དང་། བདུག་པ་ཡང་དག་དབུལ་བར་བགྱིའོ། །པུས་
མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཞགས་པ་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བགྱིའོ། །ཡིད་བཞིན་གྱི་ནོར་བུ་ཆེན་པོ་རྒྱ་ཆེན་དོན་ཡོད་འདི་ཡང་མཆོད་པར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ལན་བདུན་བཟླས་པར་བགྱིའོ། །
ཡིད་ལ་བགྱིད་པ་ཡངས་པ་རྒྱ་ཆེན་པོ་མཆོད་པའི་སྤྲིན་ཆེན་པོ་དང་། སྦྱིན་གཏོང་ཆེན་པོ་དང་། ཁ་ཟས་དང་། བཏུང་བ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རྒྱན་དང་། ལྷབ་
ལྷུབ་དང་། རྒྱན་འཕྱང་དང་། རོལ་མོ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། རིན་པོ་ཆེའི་ལྗོན་ཤིང་དང་། འབྲས་བུའི་ལྗོན་ཤིང་དང་། མེ་ཏོག་གི་ལྗོན་ཤིང་དང་། མར་མེའི་ལྗོན་ཤིང་དང་། དཔག་བསམ་གྱི་ལྗོན་ཤིང་ཡིད་ལ་བགྱིས་ཏེ། གསང་སྔགས་ཀྱི་གཟུངས་
བཟླས་ནས་ཇི་ལྟར་ཡིད་ལ་བསམས་ཤིང་དོན་དུ་གཉེར་བ་བཞིན་ཕྱོགས་བཅུར་འཕངས་ན། དེའི་ཚེ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པ་དཀྱིལ་འཁོར་མཐའ་དག་ཏུ་གཏོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མ་མཆིས་པར་ཅི་བསམས་པ་བཞིན་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་སྤྱན་སྔར་མཆོད་པའི་ཆར་གྱི་སྤྲིན་ཆེན་པོ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱི་མཆོད་པ་ཆེན་པོ་མ་ཚང་བ་མ་མཆིས་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མཐུ་ཆེན་པོའི་ནོར་བུ་རྒྱ་ཆེན་དོན་ཡོད་ལ་
མཆོད་པའི་གཟུངས་བཟླས་ཤིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འདི་ཡང་ཉིན་གཅིག་བཞིན་དུ་ཐུན་གསུམ་དུ་ལན་གསུམ་དུ་བཟླས་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་དུས་གསུམ་དུ་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་
བཅས་པ་དེ་དག་མཉེས་པར་བགྱིས་པ་དང་། མཆོད་པ་བགྱིས་པ་དང་། རིམ་གྲོ་བགྱིས་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོའི་ཚོགས་ཆེན་པོ་དང་། དགེ་བའི་རྩ་བ་ཆེན་པོ་བསྐྱེད་པར་འགྱུར་རོ། །དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་
དང་བཅས་པ་དེ་དག་ཐམས་ཅད་ཀྱིས་རིག་སྔགས་འཆང་ལ་དྲན་པ་དང་། བློ་གྲོས་དང་སྟོབས་དང་བརྩོན་འགྲུས་དང་གཟི་བརྗིད་སྩོལ་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་
དགོངས་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་མཆོག་སྦྱིན་པ་མཐོང་བར་འགྱུར་རོ། །མཐོང་བའི་ཆོས་ལ་འཁོར་བའི་སྡུག་བསྔལ་འཇིགས་པ་འཇིགས་སུ་རུང་བ་དང་། སྐྲག་པ་དང་། དངང་བ་རྣམས་ཞི་བར་
འགྱུར་རོ། །ནད་ཀྱིས་ཀྱང་གནོད་པར་མི་འགྱུར་རོ། །རིམས་ཀྱིས་མ་ལགས། དུག་གིས་མ་ལགས། དུག་སྦྱར་མས་མ་ལགས། སྦྱོར་བས་མ་ལགས། མཚོན་གྱིས་མ་ལགས། མེས་མ་ལགས། ཆུས་མ་ལགས་ཏེ། ལུས་ལ་སེར་བ་འབབ་པར་མི་འགྱུར་རོ། །
དགྲས་འཇིགས་པར་མི་འགྱུར་ཏེ། ཕ་རོལ་གྱི་དཔུང་གི་འཇིགས་པས་མ་ལགས། ཕ་རོལ་གྱི་སྡེའི་འཇིགས་པས་མ་ལགས། ཕས་ཀྱི་རྒོལ་བ་དང་མི་མཛའ་བའི་འཇིགས་པས་མ་ལགས། ལྷའི་འཇིགས་པས་མ་ལགས། ཀླུའི་འཇིགས་པས་མ་ལགས་ཏེ། གནོད་

སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། མཁའ་འགྲོ་མ་དང་། འདོད་དགུར་བསྒྱུར་བ་དང་། སྦྱོར་བ་མོའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དཔག་ཚད་གཅིག་གི་ནང་ཚུན་
ཆད་གཟུང་བར་མི་ནུས་ཤིང་། རྒྱང་རིང་པོར་འབྲོས་པར་འགྱུར་ཏེ། དེ་ལ་བགེགས་བགྱིད་པར་མི་འགྱུར་རོ། །གང་དག་མནར་མེད་པར་གནས་པར་འགྱུར་བའི་སེམས་ཅན་ནམ། མཚམས་མེད་པ་ལྔ་བགྱིད་པའམ། འཕགས་པ་ལ་སྐུར་བ་འདེབས་པའམ། དམ་པའི་ཆོས་
སྤོང་བའམ། བསྐལ་པ་བྱེ་བར་བསགས་པའི་ལས་ཀྱི་སྒྲིབ་པས་ལུས་ཡོངས་སུ་དཀྲིས་པ་གང་ལགས་པ་དེ་ཡང་མཐོང་བའི་ཆོས་ལ་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་གཏུགས་པར་འགྱུར། ཡོངས་སུ་གྲོལ་བར་འགྱུར་རོ། །གལ་ཏེ་ཚིག་གཞན་མི་སྨྲ་བར་ལན་སྟོང་རྩ་བརྒྱད་
བཟླས་བརྗོད་བགྱིད་ཅིང་། སྨྱུང་བ་ལན་ཅིག་བགྱིས་ཏེ། བཟླས་བརྗོད་བྱས་ན་དེ་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་འཁོར་བར་སྐྱེ་བ་ལས་ཕྱིར་ཟློག་པར་འགྱུར་རོ། །གཟུངས་ཀྱི་བཟླས་བརྗོད་ཀྱིས་ལས་ཀྱི་སྒྲིབ་པ་སྔ་མ་རྣམས་ཀྱང་འབྱང་བར་འགྱུར་ཞིང་། བསྐལ་པ་སྟོང་དུ་བསགས་པའི་
སྡིག་པ་རྣམས་ཉམས་པར་འགྱུར་རོ། །འཁོར་བའི་ཉེས་པས་ཕྱིར་ཡང་གོས་པར་མི་འགྱུར་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱིས་པདྨ་བཞིན་དུ་གོས་པར་མི་འགྱུར་རོ། །མཐོང་བའི་ཆོས་ལས་ལྔ་པ་ཐོབ་པར་འགྱུར་རོ། །བསྟེན་པ་ཙམ་མམ་ཆོ་གའི་བཟླས་བརྗོད་ལ་ངེས་པར་གནས་
ན། ཕྱིར་མི་ལྡོག་པའི་གནས་ཐོབ་པར་འགྱུར་རོ། །དྲན་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་རྗེས་སུ་མཆི་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། མཐོང་བའི་ཆོས་ལ་ཀུན་ཏུ་
བཟང་པོ་ཉིད་ཐོབ་པར་འགྱུར་རོ། །གསང་སྔགས་དང་ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། དམ་ཚིག་ཐམས་ཅད་ལ་ཞུགས་པར་འགྱུར་རོ། །ཡང་དག་པར་སྐྱེད་པ་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །རིག་སྔགས་

འཆང་མཐོང་བ་ཙམ་གྱིས། མནར་མེད་པར་གནས་པ་རྣམས་ཀྱི་སྡིག་པ་རྣམ་པར་འཇིག་པར་འགྱུར་རོ། །ཆུང་ངུ་ན་རིག་སྔགས་འཆང་དུར་ཁྲོད་དུ་ཞུགས་ནས་གུམ་པའི་རུས་པའམ། གུམ་པའི་ཤའམ། གུམ་པའི་རོ་རུལ་བའམ། ཆུང་ངུ་ན་གུམ་པའི་གོས་པོར་བའམ། རྩིག་
པའི་རི་མོ་ལ་རིག་སྔགས་འཆང་དེའི་གྲིབ་མས་ཕོག་པར་གྱུར་ན། སེམས་ཅན་དེ་གང་དང་གང་གིས་དམྱལ་བར་གཞོལ་བར་འགྱུར་བ་དེ་དང་དེ་ནས་མོད་ལ་ཐར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ལ་ཡིད་གཉིས་སམ་སོམ་ཉི་བསྐྱེད་པར་མི་བགྱིད་ན། གང་དག་
ཆེས་མང་དུ་ལྟག་པར་བགྱིད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། གང་རིགས་ཀྱི་བུ་པོའམ། རིགས་ཀྱི་བུ་མོའམ། དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མའམ། དད་པའི་རྗེས་སུ་འབྲང་བ་འགའ་ཞིག་གཟུངས་འདི་འཆང་བར་བགྱིད་དམ།
བརྗོད་པར་བགྱིད། ཀློག་པར་བགྱིད། འདོན་པར་བགྱིད། སེམས་པར་བགྱིད། བསྒོམ་པར་བགྱིད། མཆོད་པར་བགྱིད། བྲི་བར་བགྱིད། འདྲིར་འཇུག་པར་བགྱིད་ན། དེ་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཐོང་
བའི་ཆོས་ལ་ཡོན་ཏན་ཆེན་པོ་བརྒྱ་སྟོང་མང་པོ་མཐོང་བར་འགྱུར་རོ། །འདི་ཉིད་བཅངས་ན། མཐོང་བའི་ཆོས་ལ་དགེ་བའི་རྩ་བ་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུངས་འདི་ཉིད་རེ་ཞིག་ཀུན་ཆུབ་
པར་བགྱིས་ནས། མཁོ་བའི་ཡོ་བྱད་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། དགོས་པ་མང་པོས་གྲིམས་པར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་རིག་སྔགས་འཆང་དོན་ཡོད་ཡིད་བཞིན་ནོར་བུའི་ཞགས་པ་བསྒྲུབས་ནས་ཡིད་ལ་བསམས་ཏེ། བསམས་པའི་ལས་ཐམས་
ཅད་བགྱིས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །དགོས་པད་ང་བགྱི་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཅི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་མངོན་སུམ་དུ་མཐོང་ནས། ལུང་བསྟན་པ་བཞིན་དུ་དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུའི་ཞགས་པ་འདི་དེ་བཞིན་

དུ་བལྟ་བར་བགྱི་སྟེ། འདི་ལ་ཡིད་གཉིས་མི་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཞགས་པ་མགྲིན་པར་བཏགས་ལ། ལག་པ་གཡས་པས་ནོར་བུ་བླངས་ཏེ། ལག་པ་གཡོན་པས་ལྕགས་ཀྱུ་བླངས་ན་མི་གདའ་བར་གྱུར་ནས། གར་དགའ་བ་དེར་འཇུག་
པར་འགྱུར་ཏེ། མཚན་མོ་ཡང་ནོར་བུའི་འོད་ཀྱི་སྣང་བས་ཉིན་པར་ཅི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཐམས་ཅད་དུ་ལྷའི་གནས་སུ་འཇུག་པ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅིའི་གནས་དང་། ལྟོ་འཕྱེ་
ཆེན་པོའི་གནས་དང་། རི་སུལ་གྱི་ཕུག་དང་། རི་དང་། ནགས་ཚལ་དང་། ཐང་གི་སྒོ་རྣམས་འབྱེ་བར་འགྱུར་རོ། །ཐམས་ཅད་དུ་མི་མངོན་པར་ཞུགས་ནས་སླར་ལྡོག་པར་འགྱུར་ཞིང་ཅི་འཚལ་བ་དེ་བགྱིད་པར་འགྱུར་རོ། །མི་རྣམས་ཀྱི་ནང་དུ་ལྷའི་ཚེ་ལོ་བརྒྱར་འཚོ་བར་འགྱུར་རོ། །
ཉོན་མོངས་པ་དང་། ཉེས་པའི་སྐྱོན་ཐམས་ཅད་སྤངས་པར་འགྱུར་རོ། །འོན་ཏེ་རིག་སྔགས་འཆང་གིས་གྲུབ་པའི་དོན་ལ་བརྟག་པར་འཚལ་ན། ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་དམ། བཅུ་བཞི་ལ་ལེགས་པར་ཁྲུས་བགྱིའོ། །གཙང་མས་གོས་གཙང་མ་བགོ་བར་བགྱིའོ། །གཙང་
མའི་གནས་སམ། ཕྱོགས་སུ་བའི་ལྕི་བ་སྟེ། བའི་རྣམ་ལྔས་ཡོངས་སུ་སྦྱང་བར་བགྱིའོ། །གནས་དེའི་ནང་ལོགས་ཀྱི་དབུས་སུ་དྲིའི་དཀྱིལ་འཁོར་བགྱིའོ། །མེ་ཏོག་གི་སིལ་མ་བཀྲམ་ཞིང་བུམ་པ་གང་བས་བརྒྱན་ཅིང་། སྤོས་སྣ་ཚོགས་ཀྱིས་བགོས་པའི་བདུག་པ་གཞག་
པར་བགྱིའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་སྟན་བཟང་པོ་བཤམས་ཏེ། ཤིན་ཏུ་མཉམ་པར་གཞག་པས་ཞགས་པ་སྦྲུལ་འཁྱིལ་བའི་ཚུལ་དུ་ཟླུམ་པོར་བསྐྱིལ་ནས་གཞག་པར་བགྱིའོ། །དབུས་སུ་ནོར་བུ་གཞག་པར་བགྱིའོ། །དེ་ནས་རིག་སྔགས་
འཆང་གིས་མཆོད་པར་བགྱིའོ། །དོན་ཡོད་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས། ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། །དེ་ནས་དོན་ཡོད་ཡིད་བཞིན་གྱི་ནོར་བུའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས། དེའི་འོག་ཏུ་ཙནྡན་དང་།

ཨ་ག་རུ་དང་། དུ་རུ་སྐའི་བདུག་པ་དབུལ་ཞིང་ནོར་བུ་ལ་བརྟག་པར་བགྱི་སྟེ། ཞགས་པ་དང་། དེ་ཐམས་ཅད་ནོར་བུའི་ནང་ནས་གདའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་གདའ་བའམ། བྱང་ཆུབ་སེམས་དཔའ་གདའ་བའམ། ལྷ་གདའ་བའམ། ཀླུ་གདའ་བའམ།
གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་གདའ་བ་དང་། འབྱུང་པོ་དང་། ལྟོ་འཕྱེ་ཆེན་པོ་གདའ་བའམ། གཡུལ་འགྱེད་པ་གདའ་བའམ། ཚེ་རིང་བ་གདའ་བའམ། ཚེ་ཉམས་པ་གདའ་བའམ། ཚེ་འཕོ་བ་
གདའ་བའམ། རྒྱལ་སྲིད་གདའ་བའམ། གྲོང་འཐོབ་པའམ། ཡུལ་འཐོབ་པའམ། གྲོང་ཁྱེར་འཐོབ་པའམ། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་
དང་། ལྷབ་ལྷུབ་དང་། རྒྱན་གདའ་བའམ། ནོར་བསྒྱུར་བ་སྨྲ་བ་དང་། མིག་འཕྲུལ་སྨྲ་བའམ། ཞིང་སྨྲ་བའམ། གཏེར་སྨྲ་བའམ། འབྲུ་སྨྲ་བའམ། བུད་མེད་འཕྲོག་པའམ། ལས་བསྒྲུབ་པའམ། གསང་སྔགས་བསྒྲུབ་པའམ། དབང་དུ་བགྱི་བའམ། ངོ་མཚར་
བ་དེ་དག་ཐམས་ཅད་ནོར་བུའི་ནང་ནས་གདའ་བར་འགྱུར་ཞིང་དགེ་བའམ་མི་དགེ་བ། དེ་དག་ཐམས་ཅད་ཀྱང་གདའ་བར་འགྱུར་རོ། །ལོའམ། ལོ་ཕྱེད་དམ། གནོད་པའམ། འཚེ་བའམ། ཡམས་སམ། མི་ངས་སམ། མི་ངས་ཆེན་པོའམ། ཕྱུགས་ངས་སམ། གོར་རམ། རྟ་ནད་
དམ། གླང་པོ་ཆེའི་ནད་དམ། རང་གི་དཔུང་ངམ། གཞན་གྱི་དཔུང་གི་འཇིགས་པ་དང་། སྐྲག་པ་ཆེན་པོ་དེ་དག་ཐམས་ཅད་མེ་ལོང་གི་དཀྱིལ་འཁོར་ལ་ཅི་ལྟ་བ་དེ་བཞིན་དུ་གདའ་བར་འགྱུར་ལགས་སོ། །གང་བསམས་ཤིང་གང་གཉེར་བར་འགྲུབ་པའམ། མི་འགྲུབ་པའམ། དགེ་
བའམ། མི་དགེ་བ་ཐམས་ཅད་གདའ་བར་འགྱུར་ཏེ། དེ་ལ་ཐེ་ཚོམ་དང་ཡིད་གཉིས་དང་སོམ་ཉི་མི་བགྱི་སྟེ། དངོས་པོ་དོན་གཞན་དུ་མི་འགྱུར་རོ། །ཆར་མི་འབབ་པའི་དུས་སུ་ཀླུའི་གནས་སུ་ནོར་བུ་བཞག་ན། ཅི་ཙམ་འཚལ་བར་ཆར་གྱི་རྒྱུན་འབབ་པར་འགྱུར་རོ། །ཧ་ཅང་

ཆར་ཆེས་ན་ནམ་མཁའ་ལ་ནོར་བུ་བསྟན་ན་ཆར་ཆེན་པོ་འཆད་པར་འགྱུར་རོ། །ཉི་མ་འཆར་ཁར་ཉི་མ་ལ་བསྟན་ན་ཉི་མ་བབས་ནས་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །ཟླ་བ་ཚེས་པ་ལ་བསྟན་ན་ཟླ་བ་བབས་ནས་འདོད་དགུ་ཐམས་ཅད་ཀྱི་མཆོག་སྩོལ་བར་བགྱིད་དོ། །
ཆུ་ཀླུང་ཆེན་པོར་བསྟན་ན་རིན་པོ་ཆེ་རྣམས་འབྱུང་བར་འགྱུར་རོ། །ནགས་ཁུང་དུ་བསྟན་ན་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་གང་གཉེར་བ་དེ་ལེན་པར་འགྱུར་རོ། །རི་ཕུག་ཏུ་བསྟན་ན་སྨན་ཐམས་ཅད་འབབ་པར་འགྱུར་ཏེ། ཅི་འཚལ་བ་དེ་བླང་བར་བགྱིའོ། །འབྲུའི་
ཕུང་པོ་ལ་བསྟན་ན་འབྲུ་ཐམས་ཅད་འད