Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
ི་ཁང་པ་ཅི་ལྟ་བ་དང་། ཁ་ཟས་ཀྱི་མཆོག་ཅི་ལྟ་བུ་དག་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན་དགོས་པའི་རྣམ་པ་ཐམས་ཅད་བགྱི་བ་དང་། དེ་ཁོ་ན་ཉིད་སྒྲུབ་པའི་ཇི་སྐད་གསུངས་པའི་
ཆོ་ག་ཞིབ་མོ་དང་། ཆོ་ག་དང་གསང་སྔགས་སྒྲུབ་པ་རྣམས་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་གྲུབ་པ་བླ་ན་མེད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །གལ་ཏེ་རིག་སྔགས་འཆང་གིས་ལས་ཡོངས་སུ་གྲུབ་པར་བགྱིས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་
བརྗོད་པ་ཙམ་གྱིས་རིག་སྔགས་འཆང་གི་མདུན་དུ་བདག་རང་གི་གཟུགས་ཀྱིས་ཉེ་བར་མཆིས་ནས་བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །སྡིག་པ་དང་སྒྲིབ་པ་དང་། གནོད་པ་ཐམས་ཅད་འཇིག་པར་འགྱུར་རོ། །ཡོངས་སུ་དག་པའི་ལྷ་ཆེན་པོ་ལྟར་ལུས་དག་
པར་བགྱིའོ། །ཆོ་ག་ཞིབ་མོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། སྙིང་པོ་དང་། དཀྱིལ་འཁོར་དང་། དོན་ཡོད་པའི་ཞགས་པའི་རྒྱལ་པོའི་རྣམ་པར་ཐར་པའི་དཀྱིལ་འཁོར་གྲུབ་པའི་མཆོག་ཐམས་ཅད་སྩལ་བར་བགྱིའོ། །རིག་སྔགས་འཆང་འཁོར་ལོས་སྒྱུར་བ་
ཆེན་པོའི་དབང་བསྐུར་བས་དབང་བསྐུར་བར་བགྱིའོ། །དེ་ཁོ་ན་ཉིད་ཡང་དག་པ་སྒྲུབ་པའི་གྲུབ་པ་སྩལ་བར་བགྱིའོ། །དོན་ཡོད་པའི་ཞགས་པའི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་སྒྲུབ་པའི་གྲུབ་པ་ཆེན་པོ་སྩལ་བར་བགྱིའོ། །ཤིན་ཏུ་རྒྱ་ཆེ་ཞིང་བག་ཚ་བ་
མ་མཆིས་པ་དང་། མཆོད་པ་དང་བཀུར་སྟི་ཆེན་པོ་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཁྱད་པར་དུ་འཕགས་ཤིང་ནོར་འདུ་བའི་བཀྲ་ཤིས་དང་དཔལ་སྩལ་བར་བགྱིའོ། །འདི་ལ་ཡིད་གཉིས་དང་སོམ་ཉི་བསྐྱེད་པར་མི་བགྱི་ཞིང་། དངོས་པོ་གཞན་དུ་ཡང་ཡིད་ལ་མི་

བགྱིའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་བརྩེ་བ་ལ་མཆོག་ཏུ་བརྩོན་པར་བགྱིའོ། །བུ་གཅིག་པ་བཞིན་དུ་སེམས་ཅན་དུ་གྱུར་པ་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིའོ། །བདེན་པར་སྨྲ་བ་དང་།
བདེན་པ་ལ་དགའ་བ་དང་། སྙན་པར་སྨྲ་བ་དང་། སྙིང་རྗེའི་ལྷག་པའི་བསམ་པས་དམིགས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་པར་བགྱིའོ། །བཟླས་བརྗོད་ཀྱི་ཆོ་ག་བགྱི་ཞིང་། ཕྱག་རྒྱ་དང་གསང་སྔགས་ཀྱང་བཟླས་པར་བགྱིའོ། །ཕྱོགས་བཅུའི་སངས་
རྒྱས་ཀྱི་ཞིང་ཐམས་ཅད་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བགྱིས་ནས། སངས་རྒྱས་ཡིད་ལ་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བགྱིའོ། །འཕགས་པ་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་
ལ་ཕྱག་བགྱིས་ནས། མངོན་སུམ་དུ་བསྒོམ་པར་བགྱིའོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་ཕྱག་བགྱིས་ཏེ། མདུན་དུ་རྩྭའི་གདིང་བ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་གཞན་མི་སྨྲ་བར་བཟླས་པ་བགྱིས་ཏེ།
འདི་ནི་གསང་བའི་དེ་ཁོ་ན་ཉིད་བསྒྲུབ་པའོ། །དེ་ནས་ཕྱག་རྒྱ་དང་གསང་སྔགས་བརྗོད་པར་བགྱིའོ། །བདག་ལ་དོན་ཡོད་པའི་ཞགས་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པར་གྱུར་ཅིག །འཇིག་རྟེན་དབང་ཕྱུག་མགོན་པོ་ཐུགས་རྗེ་ཅན་སེམས་ཅན་ལ་བྱམས་པ། སེམས་དག་
པ་ལག་ན་པདྨ་ཅན་སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་གྱི་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་ཀུན་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལྷ་མིན་གསང་བ་པ། །འཇིག་རྟེན་སྐྱོང་དང་ཚངས་པ་དང་། །དྲག་
པོ་ཁྱབ་འཇུག་གཞོན་ནུ་སོགས། །གཤིན་རྗེ་ཆུ་ལྷ་ལུས་ངན་དང་། །དྲང་སྲོང་སོགས་དང་དེ་བཞིན་དུ། །ཟླ་ཉི་ཀུན་འགྱེད་གཞོན་ནུ་དང་། །དེ་བཞིན་དབང་ཕྱུག་དབང་ཆེན་དག །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །དེ་དག་མྱུར་དུ་འདུ་བར་འགྱུར། །སྒྲོལ་མ་

བདུན་ནི་འདུ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་བཅུ་དག །མགྲིན་སྔོན་དེ་བཞིན་གོས་དཀར་ཅན། །དེ་བཞིན་པདྨ་གར་གྱི་དབང་། རྒྱལ་དང་རྣམ་རྒྱལ་ཉིད་དང་ནི། །ལྕགས་སྒྲོག་རྡོ་རྗེ་ལྕགས་སྒྲོག་དང་། །ལྷ་མོ་ཁྲོ་གཉེར་མཱ་མ་ཀཱི། །དཔེ་མེད་
ཕོ་ཉ་མོ་དང་ནི། །འཇིགས་མེད་དཔལ་དང་དབྱངས་ཅན་དང་། །པདྨ་ཀོ་ཏི་ཨུཏྤ་ལ། །པདྨའི་སོ་ཅན་དེ་བཞིན་དུ། །ཏི་སེ་ཡི་ནི་རྩེ་མོ་ན། །འཕྲོག་མ་འབྱུང་པོའི་མ་དག་དང་། །དེ་བཞིན་ལག་ན་རྡོ་རྗེ་བཅུ། །མཐུ་ཆེན་དེ་བཞིན་རིག་འཛིན་དབང་། །རྡོ་རྗེ་འཆང་ཆེན་དེ་
བཞིན་དུ། །བཅུ་གསུམ་ལྷ་དབང་ལྷན་ཅིག་དང་། །སུམ་ཅུ་གཉིས་ནས་ལྷ་དག་ནི། །གསང་སྔགས་ཕྱག་རྒྱ་བཅིངས་ཙམ་གྱིས། །དེ་དག་ཐམས་ཅད་འདུ་བར་འགྱུར། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གཟིགས་ཤིང་སྟོན་པར་མཛད་དོ། །
དེའི་མོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་གཟིགས་ཤིང་རྟག་ཏུ་མཆོག་སྩོལ་བར་འགྱུར་རོ། །རྟག་ཏུ་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་སྟོང་དང་། ཕྱག་རྒྱ་སྣ་ཚོགས་པ་འཛིན་པ་ལྟ་འཚལ་བར་འགྱུར་རོ། །ཕྱག་རྒྱ་བཅིངས་
པ་ཙམ་གྱིས་ནི། །བྲམ་ཟེའི་ཆ་ལུགས་དོན་ཡོད་ཞགས། །མཐོང་བར་འགྱུར་ཏེ་སོམ་ཉི་མེད། །མགྲིན་སྔོན་དང་ནི་རྟ་མགྲིན་དང་། །དེ་བཞིན་རྒྱ་མཚོའི་ཀློང་དང་ནི། །མགོན་པོའི་ཞལ་ནི་བཅུ་གཅིག་དང་། །དེ་བཞིན་ཞལ་ནི་བཞི་དག་དང་། །མགོན་པོ་འཇིགས་པ་
བརྒྱད་འཕྲོག་དང་། །དེ་བཞིན་གཟིགས་པ་བསམ་མི་ཁྱབ། །རྣམ་པ་སྣ་ཚོགས་གཟུགས་དང་ནི། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །མགོན་པོ་ཐམས་ཅད་སྟོན་པར་མཛད། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །རྒྱལ་བ་འདྲེན་པ་འོད་
དཔག་མེད། །བྱང་ཆུབ་སེམས་དཔའི་ཚོགས་བསྐོར་བ། །མགོན་པོ་མོད་ལ་མཐོང་བར་འགྱུར། །གཞན་ཡང་སངས་རྒྱས་སྟོང་གི་ཞིང་དག་ནི། །ཆུ་བོ་གང་གཱའི་བྱེ་མ་དང་མཉམ་པའི། །དེ་བཞིན་གཤེགས་འབུམ་བྱེ་བ་བརྒྱ་ཕྲག་སྟོང་། །བྱང་ཆུབ་སེམས་དཔའི་

ཚོགས་བཅས་ཡོངས་བསྐོར་མགོན། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་མཐོང་བར་འགྱུར། །མཐོང་བ་ཆེན་པོའི་རྣམ་པར་གཞན་མཐོང་སྟེ། །ཉིན་གཅིག་བཞིན་དུ་བྱང་ཆུབ་སྙིང་པོ་དང་། །ཆོས་ཀྱི་འཁོར་ལོ་དེ་བཞིན་རྡོ་རྗེའི་གདན། །དེ་དག་རྨི་ལམ་སྣང་བ་མཐོང་འགྱུར་
བས། །དེ་ལ་ཡིད་གཉིས་སོམ་ཉི་ཐེ་ཙོམ་མེད། །སངས་རྒྱས་རྣམས་ཀྱིས་བཤུང་བའམ་མཚམས་མེད་ལྔ། །མགོན་པོ་ཆེ་ལ་གདུག་སེམས་ཉིད་དང་ནི། །བྱང་ཆུབ་སེམས་དཔའི་བར་ཆད་འཕགས་པ་ལ། །ཁ་ཟེར་བ་དང་དམ་ཆོས་བསླུ་བ་དང་། །རྒྱལ་བས་གསུངས་
སྤོང་མནར་མེད་གཞོལ་བ་དང་། །མི་བཟད་དམྱལ་བ་བཅུ་དྲུག་གནས་པ་དང་། །བསྐལ་པ་འབུམ་པོ་ཐམས་ཅད་སྐད་ཅིག་གྲོལ། །ཕྱག་རྒྱ་གསང་སྔགས་བཟླས་པ་ཙམ་གྱིས་སམ། །ཐོས་སམ་མཐོང་ངམ་མིང་ནི་བཟུང་བས་ཀྱང་། །སྡིག་པ་དེ་ཀུན་འཇིག་འགྱུར་སོམ་ཉི་
མེད། །དོན་ཞགས་སྙིང་པོའི་ཕྱག་རྒྱ་མཐོང་བ་ཡང་། །འཇིག་རྟེན་མགོན་དང་མཚུངས་ཏེ་ཁྱད་པར་འཕགས། །སངས་རྒྱས་འབུམ་ཕྲག་སྟོང་དང་གང་གཱ་ཡི། །བྱེ་བ་བརྒྱ་སྟོང་དག་ནི་མཐོང་བར་འགྱུར། །བྱང་ཆུབ་སྙིང་པོར་གཏོགས་པ་ཐམས་ཅད་དང་། །ཆོས་ཀྱི་འཁོར་
ལོ་རབ་ཏུ་བསྐོར་བར་མཚུངས། །དོན་ཡོད་རྒྱལ་པོའི་སྙིང་པོ་ཕྱག་རྒྱ་དང་། །གསང་སྔགས་མཐོང་ན་བསོད་ནམས་ཕུང་ཆེན་གྱི། །བསོད་ནམས་ཕུང་པོ་འདི་དག་འཕེལ་བར་འགྱུར། །དེ་ཡི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར། །དེ་ནི་དཔག་ཏུ་མེད་པ་སོམ་ཉི་མེད། །དེ་
ནས་རིག་སྔགས་འཆང་བ་གཙང་གྱུར་ནས། །གཙང་མའི་གོས་བགོས་ནས་ནི་ཐོག་མར་ཡང་། །ཡོ་བྱད་བསྒྲུབ་པ་གཙང་ཞིང་སྤྱོད་པ་གཙང་། །རྟག་ཏུ་ཡན་ལག་སྤོས་ནི་སྣ་ཚོགས་དང་། །སྣ་ཚོགས་བདུག་པས་རབ་ཏུ་བདུགས་བགྱིས་ཤིང་། །དཔུང་པ་ལག་པ་ལྷ་ཡི་
སྤོས་ཀྱིས་བྱུག །གཙང་མའི་ས་ཕྱོགས་གཙང་མའི་གདན་བཤམས་པར། །སྐྱིལ་མོ་ཀྲུང་བཅས་ནས་ནི་བྱམས་སེམས་དང་། །སྙིང་རྗེའི་ལྷག་བསམ་དེ་ཉིད་མཉམ་བཞག་ནས། །ཕྱོགས་བཅུའི་དུས་གསུམ་གཤེགས་པའི་སངས་རྒྱས་དང་། །རྟག་ཏུ་འཇིག་རྟེན་

དབང་ལ་ཕྱག་བགྱི་ཞིང་། །རྟག་ཏུ་བླ་མ་མཆོད་ཅིང་ཆོས་ལ་བརྩོན། །ཤིན་ཏུ་རིག་པས་ཚིག་གཞན་མི་སྨྲ་བར། །ཤིན་ཏུ་རིག་པས་བསྲུང་བའི་ཆོ་ག་བགྱི། །ཤིན་ཏུ་བཀྲ་ཤིས་བླ་མ་དེ་ཉིད་གུས། །བདེན་པར་སྨྲ་ཞིང་སྙན་པར་སྨྲ་བ་དང་། །སེམས་ཅན་
ཀུན་ལ་སྙིང་རྗེའི་བདག་ཉིད་ཅན། །ལྷན་ཅིག་རྗེས་མཐུན་གྱུར་ནས་དེ་ནས་ནི། །ཕྱག་རྒྱ་འདི་བཅིང་བར་བགྱི་སྟེ། ལག་པ་པདྨའི་ཚུལ་དུ་བཞག་ལ། སོར་མོ་རྣམས་མཉམ་པར་བཅིངས་ཏེ། མཐེའུ་ཆུང་ཟླ་བའི་ཚུལ་དུ་སྙིང་གར་གཞག་གོ། །ཕྱག་རྒྱ་འདི་ནི་དོན་ཡོད་པའི་
རྒྱལ་པོའི་སྙིང་པོའི་རྩ་བའི་ཕྱག་རྒྱ་སྟེ། བྱང་ཆུབ་སྙིང་པོའི་བར་དུ་སྩོལ་བར་བགྱིད་དོ། །མགོན་པོ་འཇིག་རྟེན་དབང་ཕྱུག་དགུག་པའི་གསང་སྔགས་འདི་བརྗོད་དོ། །ཨོྃ་ཨ་མོ་གྷ་བི་ཀུ་རྦྦི་ཏ་ས་མནྟ་ཨ་བ་ལོ་ཀཱ་ཡ་ན་སྟྲཻ་ཡ་དྷྭ། ཨ་དྷི་ཥྛི་ཏ་ཨ་མོ་གྷ་པདྨེ། ཙ་ར་བི་ཙ་ར་སཉྩ་ར་
ཧཱུྃ་ཧཱུྃ། དེ་མ་ཐག་ཏུ་དུས་གསུམ་ལ་རྣམ་པར་ལྟ་བ་དོན་ཡོད་པའི་རྒྱལ་པོ་པདྨ་འབར་བ་གསལ་བའི་ཆོ་འཕྲུལ་དང་བཅས་པའི་ཕྱག་རྒྱའི་རྒྱལ་པོས་ཤིན་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་མཐའ་དག་ཆེར་གཡོས་པར་འགྱུར་
རོ། །དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་ལས་འོད་ཟེར་སྣ་ཚོགས་འབུམ་ཕྲག་བརྒྱ་སྟོང་དུ་མ་དག་བྱུང་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རབ་ཏུ་དགྱེས་ཤིང་། སངས་རྒྱས་ཀྱི་ཞིང་ལ་མཛད་པའི་ཐུགས་རྗེ་ཆེན་
པོས་ཕྱག་གསེར་གྱི་ཁ་དོག་ལྟ་བུ་བརྐྱང་ནས། རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ། །སྒྲུབ་པ་དམ་པ་དོན་ཡོད་པའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱི། བྱིན་གྱིས་བརླབས་པ་སྩོལ་བར་འགྱུར་རོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་
པ་དང་། ལྷའི་བུ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། ཁྱབ་བདག་དང་། ཀུན་འགྱེད་གཞོན་ནུ་ལ་སོགས་པ་ལྷ་རྣམས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་པར་འགྱུར་རོ། །ཕྱག་རྒྱ་བཅིངས་པ་ཙམ་གྱི་མོད་ལ་སྡིག་པ་དང་། སྒྲིབ་པ་ཐམས་

ཅད་དང་། འཇིགས་པ་བརྒྱད་རྣམས་དང་། ཆད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་གྲུབ་པ་ཡིད་དུ་མཆི་བར་འགྱུར་རོ། །ལས་ཐམས་ཅད་བགྱིད་པའི་ཕྱག་རྒྱ་ཐམས་ཅད་དུ་མཆོག་ལགས་པར་གྲགས་པ་ལགས་སོ། །དོན་ཡོད་དམ་ཚིག་མཆོག་
གྲགས་པ། །པདྨ་རྒྱས་པའི་ཕྱག་རྒྱ་བཅིང་། །མཛུབ་མོ་གུང་མོ་རྣམས་པདྨ་ལྕགས་ཀྱུའི་ཚུལ་དུ་བགྱིས་ལ། སེན་མོ་མཉམ་པར་གཞག་པའི་ཕྱག་རྒྱ་འདི་བསྟན་ཏེ། རྣམ་པར་གྲོལ་བའི་དཀྱིལ་འཁོར་རྩེ་བའི་ཕྱག་རྒྱ་འཛིན་པའི་གསང་སྔགས་འདི་བརྗོད་དོ། །ཨོཾ་ཨ་མོ་གྷ་
པད་མཱྃ་ཀུ་ཤེ་ས་མ་ན་ཡཱ་ན། གྲྀཧྞ་གྲྀཧྞ། དྷ་ར་དྷ་ར། མ་ཧཱ་སཏྭ་ཧཱུྃ། ཕྱག་རྒྱ་བཅིངས་ཏེ་བཅིངས་མ་ཐགས་ཏུ་འམ། བཟླས་པ་ཙམ་གྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། །དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་དགྱེས་པ་དང་། མཉེས་པ་དང་། རབ་ཏུ་དགྱེས་པ་དང་། ཚིམ་པ་དང་། ཐུགས་དགྱེས་པ་སྐྱེ་བར་འགྱུར་ཞིང་། རིག་སྔགས་འཆང་ལ་ཐུགས་རྗེ་ཆེན་པོ་རྒྱས་པའི་སྙིང་པོ་གྲུབ་པ་དམ་པ་སྩོལ་བར་འགྱུར་ཞིང་། ཡང་ནས་ཡང་དུ་མཐོང་བ་སྩོལ་
བར་འགྱུར་རོ། །མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་དམ་ཚིག་གྲུབ་པ་སྩོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་ཕྱག་རྒྱ་དང་གསང་སྔགས་འཛིན་པ་རྣམ་པར་གྲོལ་བའི་དཀྱིལ་འཁོར་
གཟུང་བ་ཙམ་གྱིས་དམ་ཚིག་རྗེས་སུ་འཇུག་པར་འགྱུར་རོ། །ཐམས་ཅད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་དཀྱིལ་འཁོར་ཕྱག་རྒྱ་དང་དམ་ཚིག་འཚལ་བར་འགྱུར་རོ། །ཐམས་ཅད་དུ་དགོས་པའི་གསང་སྔགས་འགྲུབ་པར་འགྱུར་རོ། །འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་རྟག་ཏུ་བལྟ་འཚལ་བར་འགྱུར་རོ། །ལག་མཐིལ་པདྨ་ལྟར་བགྱིས་ལ་མཛུབ་མོ་གུང་མོ་རྡོ་རྗེ་ལྟར་བགྱི་ཞིང་། མཐེ་ཆུང་བརྐྱང་བའི་ཕྱག་རྒྱ་ནི། །པདྨ་འཆང་ལ་བདུག་པ་དང་། །མེ་ཏོག་ལ་སོགས་དྲི་རྣམས་དང་། །ཕྲེང་བ་

བྱུག་པ་ཕྱེ་མ་དང་། །བ་དན་གོས་དང་རྒྱན་དང་ནི། །གཏོར་མ་མཆོད་ཡོན་རབ་ཏུ་དབུལ། །བུམ་པ་གང་བའི་དྲི་སོགས་དང་། །ཚོན་སྐུད་སྣ་ལྔ་ཚོན་དབྱེའོ། །གཞན་ཡང་ཟས་ནི་སྣ་ཚོགས་ལ། །ཕྱག་རྒྱ་འདི་ནི་ཀུན་ལ་མཆོག །འདི་ནི་དབུལ་
བའི་ཕྱག་རྒྱར་གསུངས། །ཐམས་ཅད་དུ་ནི་དོན་ཡོད་མཆོག །གོ་བར་བགྱི་བའི་ཕྱག་རྒྱ་འདི། །པདྨའི་ཕྱག་གིས་བྱིན་གྱིས་བརླབས། །གུང་མོ་ནོར་བུས་དཀྲིས་པ་ལྟ་བུའི་ཕྱག་རྒྱ་འདི་ནི་བག་ཚ་བ་མེད་པའི་པདྨ་རིན་པོ་ཆེའི་ཕྱག་རྒྱ་ལགས་ཏེ། འདི་ནི་གྲུབ་པ་དམ་
པ་ལགས་སོ། །སྤྱན་དྲང་བའི་གསང་སྔགས་ནི། ཨོཾ་ཨ་མོ་གྷ་པདྨ་མ་ཧཱ་ས་ཏྱ་ཨཱ་ཡ་ཏུ་མི་ཧ་མཎྜ་ལེ། བི་རི་བི་རི་བི་རི་པདྨ་བྷུ་ཛེ་སྭཱ་ཧཱ། དུས་གསུམ་གཤེགས་པའི་སངས་རྒྱས་རྣམས། །གསོལ་བ་གདབ་པའི་གསང་སྔགས་ཏེ། །བྱང་ཆུབ་སེམས་དཔའ་ཐམས་ཅད་
དང་། །ཕྱག་ན་པདྨ་གསོལ་གདབ་དགུག །ལྷ་རྣམས་ཀུན་དང་དེ་བཞིན་དུ། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་དགུག །ཕྱག་རྒྱ་འདི་ནི་བཅིངས་པ་ཡིས། །ཕྱོགས་བཅུ་ཀུན་གྱི་སངས་རྒྱས་དང་། །དེ་བཞིན་བྱང་ཆུབ་སེམས་དཔའང་འདུ། །ལྷ་དང་ཀླུ་དང་གནོད་སྦྱིན་
དང་། །དྲི་ཟ་ལྷ་མིན་དེ་བཞིན་དུ། །ནམ་མཁའ་ལྡིང་དང་མི་འམ་ཅི། །ལྟོ་འཕྱེ་ཆེན་པོ་ཉིད་དག་སྟེ། །དེ་ཀུན་སྐད་ཅིག་འདུ་འགྱུར་ཞིང་། །བསྲུང་བའི་ཕྱིར་ནི་སོམ་ཉི་མེད། །ལག་པ་རྡོ་རྗེའི་ཚུལ་དུ་བཞག་ལ་ལག་པའི་མཐེའུ་ཆུང་རྣམས་པདྨའི་མཚམས་སུ་བྱ་སྟེ། གུང་
མོ་རྣམས་ཡིད་ཙམ་བསྐུམས་པའི་ཕྱག་རྒྱ་བཅིངས་པ་ནི། །གྲུབ་ལྡན་འདི་ནི་ཕྱོགས་བཅིང་དང་། །དཀྱིལ་འཁོར་བཅིང་བར་བགྱིས་པ་ཡི། །བསྲུང་བའི་ལས་ལ་བག་ཚ་མེད། །ཕྱག་རྒྱ་འདི་ནི་བཅིངས་ཙམ་དང་། །གསང་སྔགས་སྟོང་ནི་བཟླས་ཙམ་གྱིས། །དཔག་ཚད་
བདུན་ནི་ཁོར་ཡུག་ཏུ། །མཚམས་བཅིང་དཀྱིལ་འཁོར་བཅིང་བ་དང་། །བསྲུང་བའི་ལས་ནི་བགྱིས་པར་འགྱུར། །ཨོཾ་ཨ་མོ་གྷ་བཛྲ་དྲྀ་ཌྷ་པདྨ་བན་དྷ་ས་མནྟེ་ན་མ་ཧཱ་ས་མནྟ་རཀྵནྟུ་མཱཾ། ཙུ་རུ་ཙུ་རུ་ཧཱུྃ་ཕཊ། དེ་ནས་དོན་ཡོད་ཕྱག་རྒྱ་སྟེ། །གྲུབ་ལྡན་སེམས་ཅན་ཀུན་སྨྲ་ན། །

དོན་ཡོད་པ་ཡི་ཕྱག་རྒྱ་ནི། །ཁྱད་པར་འཕགས་པ་གཞན་ཡང་བསྟན། །རྡོ་རྗེ་ཐལ་མོ་སྦྱར་ནས་སོར་མོ་རྣམས་མཉམ་པར་བཞག་སྟེ། སྲིན་ལག་ཁ་གདེངས་ལ་སོར་མོ་རྣམས་ཡིད་ཙམ་བསྐུམས་པ་ནི། དོན་ཡོད་སྣ་ཚོགས་རྒྱལ་པོ་ཡི། །པདྨའི་ཕྱག་རྒྱ་ཆེན་པོར་
བསྒྲགས། །ཕྱག་རྒྱ་འདི་ནི་ལས་ཀུན་དང་། །འཇུག་པའི་ལས་ཀུན་སྦྱར་བ་དང་། །དཀྱིལ་འཁོར་ཕྱག་རྒྱ་མཆོག་ཀུན་གསུངས། །ཕྱག་རྒྱ་འདི་ནི་བཟུང་ཙམ་དང་། །གསང་སྔགས་དམ་པས་བསྲུངས་བགྱིས་ནས། །རིག་སྔགས་འཆང་བ་འཇུག་པར་འགྱུར། །དུས་
གསུམ་གཤེགས་པ་རྣམ་ཐར་པའི། །དཀྱིལ་འཁོར་དམ་པ་གྲུབ་པར་འགྱུར། །ཨོཾ་བཛྲེ་བཛྲ། ཨ་དྷི་ཥྛི་ཏེ་པདྨེ་བི་ཤྭ་རཱུ་པ་དྷ་རེ། དྷ་ར་དྷ་ར་ཧཱུྃ། པྲ་བེ་ཤ་ཏུ་སྟྲཻ་ཡ་དྷྭཱ་ནུ་ག་ད་ན་དྷ་རི་ཏུ་ཊི་སྭཱ་ཧཱ། ཕྱག་རྒྱ་འདི་ནི་བཅིངས་ཙམ་གྱིས། །དེ་ཉིད་གྲུབ་པས་ཕྱོགས་བཅུ་ཡི། །སངས་
རྒྱས་ཞིང་ནི་རྣམ་དྲུག་ཏུ། །གཡོ་བར་འགྱུར་བ་སོམ་ཉི་མེད། །ཕྱག་ན་པདྨའི་ལུས་འབར་ནས། །མགུ་བ་ཆེན་པོ་འབྱུང་བར་འགྱུར། །རིག་སྔགས་འཆང་ལ་འཛུམ་བཞིན་གྱིས། །རྟག་ཏུ་ལྟ་ཞིང་མདུན་ན་མཆིས། །སངས་རྒྱས་ཀྱི་ནི་ཞིང་ཀུན་དང་། །མཐོ་རིས་སྒོ་རྣམས་
འབྱེད་པར་འགྱུར། །སུམ་ཅུ་རྩ་གཉིས་གནས་རྣམས་ན། །གནས་པའི་ལྷ་རྣམས་སྒོ་འབྱེད་ཅིང་། །སུམ་ཅུ་རྩ་གསུམ་གནས་སྒོ་ན། །གནས་པ་ཐམས་ཅད་སྒོ་འབྱེད་དོ། །བདེ་ཅན་འཇིག་རྟེན་ཁམས་དག་ནི། །སྒོ་ན་གནས་པ་སྒོ་འབྱེད་དོ། །ཕྱག་རྒྱ་འདི་ནི་བཅིངས་
ཙམ་གྱིས། །གནས་ཀུན་ཏུ་ནི་འཇུག་པར་འགྱུར། །ཕྱག་རྒྱ་སྡིག་པ་ཐམས་ཅད་འཕྲོག །ཉེ་བའི་ཉོན་མོངས་ཐམས་ཅད་འཇོམས། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །གནོད་པ་ཐམས་ཅད་འཇིག་པར་བགྱིད། །དམྱལ་བ་བཅུ་དྲུག་རྣམས་ལས་ཐར། །ཕྱག་
རྒྱ་བཅིངས་པ་ཙམ་གྱིས་ནི། །མི་བཟད་འཇིགས་པ་བརྒྱད་རྣམས་དང་། །ཉེས་བྱས་ཐམས་ཅད་འཇིག་པར་བྱེད། །དམྱལ་བའི་སྒོ་ནི་གཅད་པར་འགྱུར། །མི་བཟད་འཇིགས་ལས་བསྒྲལ་བར་འགྱུར། །ཕྱག་རྒྱ་འདི་ནི་མཐོང་ཙམ་གྱིས། །མཚམས་མེད་ལྔ་ནི་

བགྱིས་པ་དང་། །སྡིག་པ་ཀུན་ལས་རྣམ་པར་ཐར། །སེམས་ཅན་ཀུན་ལས་རྟག་ཏུ་སྡུག །དེ་བཞིན་གཤེགས་ཀུན་བྱིན་གྱིས་རློབ། །ཕྱག་རྒྱ་འདི་ནི་མཐེ་བོའི་རྩེ་མོ་ཅུང་ཟད་བཀུག་ལ་བཟུང་སྟེ། གུང་མོ་པདྨའི་རལ་པའི་ཚུལ་དུ་བགྱིས་ཏེ། སྤྱི་བོའི་
རལ་པ་ས་ལ་བཞག་པ་ནི་པདྨའི་རལ་པའི་ཕྱག་རྒྱ་ལགས་ཏེ། འདི་ནི་དོན་ཡོད་པའི་ཞགས་པ་ཞེས་བསྒྲགས་ཏེ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། གསང་སྔགས་འདི་བརྗོད་པར་བགྱིའོ། །ཨོཾ་ཨ་མོ་གྷ་པདྨོ་ཛ་ལེ་བི་ཤོ་དྷ་ཡ་ཧཱུྃ། བི་རི་བི་རི་བི་མ་ལེ་སྭཱ་ཧཱ། ཕྱག་
རྒྱ་སྤྱི་བོར་བཞག་ནས་ཆབ་བདག་གིས་བཀྲུས་ནས་གཙང་མས་གསང་སྔགས་འདི། བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ། །ཕྱག་རྒྱ་གསང་སྔགས་དོགས་མེད་པས། །རྟག་ཏུ་བཀྲུས་པའི་མོད་ཙམ་གྱིས། །མི་གཙང་བ་ནི་གཙང་བར་འགྱུར། །མི་གཙང་སྤྱོད་པ་གཙང་བ་དང་། །ཚངས་སྤྱོད་
མ་ཡིན་ཚངས་སྤྱོད་འགྱུར། །མི་ཐུབ་པ་ནི་ཐུབ་པར་འགྱུར། །བསོད་ནམས་ཕུང་པོ་ལྷ་བཞིན་འབར། །ཟླ་བ་ཉི་མ་བཞིན་དུ་མཛེས། །འཇིག་རྟེན་ཀུན་སྙིང་རྟག་ཏུ་སྡུག །གསང་སྔགས་བླ་ན་མེད་པ་འགྲུབ། །གྲུབ་པ་དོན་ཡོད་ཞགས་པ་ཡི། །དོན་ཡོད་དེ་ཉིད་གྲུབ་པར་
འགྱུར། །ལྷ་རྣམས་ཀུན་ནི་འདུ་འགྱུར་ཏེ། །བསྲུང་བའི་ཕྱིར་ནི་སོམ་ཉི་མེད། །མགོན་པོ་འཕགས་པ་སྤྱན་རས་གཟིགས། །སེམས་པ་མཆོག་སྦྱིན་དག་པ་པོ། །མཆོག་སྦྱིན་རྒྱུན་དུ་ཐམས་ཅད་དུ། །ཉི་མ་རེ་རེ་མཐོང་འགྱུར་ཞིང་། །ཚེ་འཕེལ་རྟག་ཏུ་ནད་མེད་
འགྱུར། །དེ་བཞིན་མགུ་དང་རྒྱས་པར་འགྱུར། །ཐམས་ཅད་དུ་ནི་ལས་འགྲུབ་སྟེ། །གནོད་པ་ཀུན་ལས་རྣམ་པར་གྲོལ། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཐམས་ཅད་དུ་ནི་བཀྲ་ཤིས་མཆོག །ཁྲུས་ཀྱི་རྣམ་པ་འདི་དག་ནི། །དོན་ཡོད་ཁྲུས་ཀྱི་མཆོག་ཡིན་ནོ། །
ལག་གཉིས་བསྡམས་ལ་འོག་ཏུ་བསྟན། །སྲིན་ལག་གཉིས་ཡུད་ཙམ་བསྐུམ་པ་ནི་པདྨའི་ནོར་བུ་ཕྱག་རྒྱ་ལགས་ཏེ། །ཀུན་ནས་ཀྱང་ནི་མཉམ་པར་གཞག །ཕྱག་རྒྱ་ཏིང་འཛིན་ལྟ་བུ་འདི། །སྐྱིལ་མོ་ཀྲུང་བཅས་མཆིས་ནས་སུ། །ཕྱག་རྒྱ་འདི་དག་བཅིང་བགྱིས་

ཞིང་། །མཉམ་པར་གཞག་ནས་གསང་སྔགས་བཟླས། །བཅིངས་པ་ཙམ་གྱི་མོད་ནས་ནི། །སྐྱིལ་ཀྲུང་རྡོ་རྗེ་ལྷུན་མཉམ་འགྱུར། །ཀུན་ནས་གོ་ཆར་གྱུར་ནས་ནི། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོར་བཅས། །ལྷ་མིན་
མཁའ་ལྡིང་གིས་མི་མཐོང་། །ཕྱོགས་དང་ཕྱོགས་ཀྱི་མཚམས་དག་ཏུ། །དེ་དག་ཐམས་ཅད་རྒྱང་རིང་འབྲོས། །བགེགས་མེད་པར་ནི་ལས་འགྲུབ་པས། །བཟླས་པའི་ལས་ལ་སོམ་ཉི་མེད། །ཨོཾ་ཨ་མོ་གྷ་བཛྲ་དྲྀ་ཌྷ་པདྨེ་ཤྭ་ར་ཧཱུྃ། ཐལ་མོ་མཉམ་པར་སྦྱར་ལ་མཛུབ་
མོ་དང་གུང་མོ་བཀུག་ནས། མཐེ་བོ་པདྨ་ཁ་ཕྱེ་བ་ལྟར་བགྱིས་ཏེ། དོན་ཡོད་པའི་དབང་ཕྱུག་རྒྱལ་པོའི་ཕྱག་རྒྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་གསང་སྔགས་དང་ཕྱག་རྒྱ་བཅིང་བར་བགྱིའོ། །ཨོཾ་པདྨེ་ཤྭ་ར་ཨ་མོ་གྷ་བར་དཱ། བི་རི་བི་རི་སྭཱ་ཧཱ།
འདིས་ཐོག་མར་བཟླས་བརྗོད་ཉི་ཤུ་རྩ་གཅིག་བགྱིའོ། །དེའི་འོག་ཏུ་ཕྱག་རྒྱ་བཅིངས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་དེ་ཁོ་ན་ཉིད་སེམས་པའི་བསམ་པ་རྩེ་གཅིག་ཏུ་བཟླས་བརྗོད་བགྱིའོ། །ལན་ཅིག་བཟླས་པ་ཙམ་གྱི་མོད་ལ། དུས་གསུམ་དུ་རྒྱུན་དུ་གཤེགས་པའི་
སངས་རྒྱས་འབུམ་ཕྲག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་གཡོ་བར་འགྱུར་ཞིང་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། རིག་སྔགས་འཆང་དེ་ལ་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། །དབུགས་འབྱིན་
པར་མཛད་དོ། །རིག་སྔགས་འཆང་དེ་ལ་འོད་ཟེར་སྣ་ཚོགས་གཏོང་བར་མཛད་དོ། །མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དྲན་པར་བགྱིས་པ་ཙམ་གྱི་མོད་ལ་མདུན་དུ་མཆིས་པར་འགྱུར་རོ། །འདི་ལྟར་བཅིངས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་
པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་འགྱུར་རོ། །མི་འཇིགས་པ་བཞི་ཐོབ་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་

བརྒྱད་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་འདི་བཅིངས་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བགྱིས་པ་ཙམ་གྱི་མོད་ལ། ཡོན་ཏན་དང་ཕན་ཡོན་རྣམས་འཐོབ་པར་འགྱུར་རོ། །བཟླས་བརྗོད་བརྒྱ་རྩ་བརྒྱད་བཅངས་
ནས། ཞག་གཅིག་སྨྱུང་བ་བགྱིས་ཏེ་བཟླས་བརྗོད་བགྱིས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་བཞིན་དུ་མདུན་ན་མཆིས་ནས། རིག་སྔགས་འཆང་ལ་ལེགས་སོ་ཞེས་བགྱི་བ་སྩོལ་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །འདི་
ནི་བཟླས་བརྗོད་ཀྱི་དམ་པ་ཡིན་ནོ། །ཞེས་དཔུང་པ་གཡས་པ་བརྐྱང་བའི་ལག་པས་རིག་སྔགས་འཆང་གི་སྤྱི་བོར་བཞག་ནས། དབུགས་འབྱིན་པར་མཛད་དེ་ཚུར་ཤོག་བུ་གང་འདོད་པའི་མཆོག་སློངས་ཤིག་དང་སྦྱིན་ནོ། །ཁྱོད་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་
ངའི་བུ་རིག་སྔགས་འཆང་གི་ཐུ་བོར་གྱུར་ཅིག །རིག་སྔགས་འཆང་ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་གྲུབ་པས། རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རིམ་པར་དབྱེ་བ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་ལ་བརྟན་པར་གྱིས་ཤིག །སྙིང་རྗེ་ཆེན་པོའི་སེམས་
ཀྱིས་སེམས་ཅན་ཐམས་ཅད་ལ་གོམས་པར་གྱིས་ཤིག །ཁྱོད་འདི་ནས་མ་འོངས་པའི་མངལ་དུ་གནས་ནས། ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་ཞིང་། ཁྱོད་པདྨའི་ནང་དུ་རྫུས་ཏེ་སྐྱེས་ནས། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དང་དཔེ་
བྱད་ཀྱིས་རབ་ཏུ་བརྒྱན་པ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ཚེ་དཔག་ཏུ་མེད་པར་འགྱུར་རོ། །འདི་ལྟར་ཚིག་གཞན་མི་སྨྲ་བར་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཕྱག་རྒྱ་བརྒྱ་རྩ་བརྒྱད་བཅིངས་པས། ལན་སྟོང་རྩ་བརྒྱད་ཚང་ནས་ནམ་མཁའ་ལ་མཆི་བར་
འགྱུར་རོ། །དོན་ཡོད་པའི་རྣམ་པར་འཕྲུལ་པ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་འབུམ་ཕྲག་བྱེ་བ་བརྒྱ་སྟོང་ཕྲག་བཅྭ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ཚེ་དཔག་ཏུ་མ་མཆིས་པར་འགྱུར་རོ། །དོན་ཡོད་

རྒྱ་ཆེར་སྣང་བ་ཞེས་བགྱི་བའི་རྫུ་འ་ཕྲུལ་འཐོབ་པར་འགྱུར་རོ། །རྫུ་འཕྲུལ་གང་གི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་དཔུང་པ་བསྐུམ་པ་ལས་བརྐྱང་བ་ཙམ་གྱིས་མཆི་ཞིང་སླར་ལྡོག་པར་འགྱུར། བཟླས་བརྗོད་བརྒྱ་སྟོང་བགྱིས་ལ་ཕྱག་རྒྱ་
བརྒྱ་སྟོང་བཅིངས་ན། ཚེ་འདི་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་འདྲ་བར་འགྱུར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་དོན་ཡོད་པའི་མིག་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །དབང་ཕྱུག་དང་དབང་ཕྱུག་ཆེན་པོ་དང་། ཚངས་
པ་དང་། ལྷའི་བུ་དང་། དྲག་པོ་དང་། དབང་པོ་དང་། ཉི་མ་དང་། ཟླ་བ་དང་། གཞོན་ནུ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་ལ་སོགས་པའི་གཟུགས་སྣ་ཚོགས་མཐོང་བར་འགྱུར་རོ། །ཀླུའི་རྒྱལ་པོའི་གཟུགས་རྣམ་པ་སྣ་ཚོགས་ཀྱི་བར་དུ་མཐོང་བར་
འགྱུར་རོ། །ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་ལྟ་དེ་ལྟ་བུའི་གཟུགས་མཐོང་བར་འགྱུར་ཏེ། འདི་ནི་འཇིག་རྟེན་པའི་བཟླས་བརྗོད་སྒྲུབ་པ་འབུམ་ལགས་སོ། །འབུམ་བཟླས་པས་འཇིག་རྟེན་ལས་འདས་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་
ཅད་ན། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་སྣང་བའང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ལུང་བསྟན་པ་འཐོབ་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཕྱིར་མི་ལྡོག་པར་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབས་པར་
འགྱུར་རོ། །ཕྱག་རྒྱ་བཅིངས་ཏེ་སྐྱིལ་མོ་ཀྲུང་བཅས་ནས། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་། འབྱུང་པོ་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེའི་སེམས་ཀྱི་རང་བཞིན་གྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཅིག་བཟླས་བརྗོད་བགྱིའོ། །བཟླས་བརྗོད་
བགྱིས་མ་ཐག་ཁོ་ནར་ལན་དྲུག་བརྒྱ་བཞི་བཅུར་བཟླས་བརྗོད་བགྱིས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དབུགས་འབྱིན་པ་མཛད་ཅིང་དྲན་པ་དང་། བློ་གྲོས་དང་། གཟི་བརྗིད་ལུས་ལ་འཇུག་པར་བགྱིད་དོ། །བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ་ཕ་

རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རི་མོའི་སྐུ་གཟུགས་དེ་ལ་ཡང་འོད་ཟེར་འབྱུང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡོངས་སུ་དག་པའི་བདག་ཉིད་རྨི་ལམ་དུ་མཐོང་བར་འགྱུར་རོ། །མཆོག་ཐམས་ཅད་སྩོལ་བར་འགྱུར་
རོ། །དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡོངས་སུ་བསལ་བ་དང་། གཏུགས་པར་འགྱུར་རོ། །ནད་ཐམས་ཅད་སྤངས་པར་འགྱུར་རོ། །འཇིག་རྟེན་པའི་དགོས་པ་སྒྲུབ་པ་རྣམས་ཀྱི་དམ་པ་ཐམས་ཅད་འགྲུབ་པར་འགྱུར་
བས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་གསུམ་པ། ཐལ་མོ་ལྷན་ཅིག་བསྡམས་ཏེ་སྦྱར་ལ། རྩེ་མོ་ཡིད་ཙམ་བཀུག་སྟེ་བར་གཏད་ལ་སྲིན་ལག་གཉིས་ཕྱིར་འགྱེད་ཅིང་།
གུང་མོ་པདྨ་ལྟ་བུར་བགྱིས་ཏེ། སྔགས་འདི་བརྗོད་དོ། །ཨོཾ་ཏུ་རུ་ཏུ་རུ་པདྨེ་ཨ་མོ་གྷ་སིད་དྷི་ཧཱུྃ། ཕྱག་རྒྱ་འདི་ནི་དོན་ཡོད་འགྲུབ། །ལས་རྣམས་གྲུབ་དང་ལྡན་པ་ཡི། །འདི་ནི་བཅིང་བ་བགྱིས་པ་ཡིས། །ཀུན་རིག་མྱུར་དུ་འགྲུབ་པར་འགྱུར། །མྱུར་དུ་སྟོན་པ་སྩོལ་འགྱུར་ཏེ།
རྙེད་དཀའ་དོན་ཡོད་གྲུབ་པ་མཆོག །མཆོག་ཀུན་རབ་ཏུ་སྟོབས་པར་འགྱུར། །འཇིག་རྟེན་འདས་པ་དེ་བཞིན་འཇིག་རྟེན་པ། །སྒྲིབ་པ་ཐམས་ཅད་ལས་ནི་རྣམ་པར་གྲོལ། །བསོད་ནམས་ཕུང་པོ་དག་ནི་རྟག་ཏུ་འཕེལ། །བཀྲ་ཤིས་སྒྲ་ནི་འབྱུང་བར་འགྱུར་བའོ། །ལྷ་རྣམས་རྟག་
ཏུ་བསྲུང་བར་འགྱུར། །རྡོ་རྗེ་བཅིངས་པ་ཤིན་ཏུ་བཅིང་། །རྟག་ཏུ་སེམས་ནི་བརྟན་པོར་བགྱི། །མཛུབ་མོ་དག་ནི་ཡིད་བསྐུམས་ནས། །སྙིང་པོ་དག་ནི་རབ་ཏུ་བརྐྱང་། །དོན་ཡོད་པའི་པདྨའི་དཀྱིལ་འཁོར་ཕྱག་རྒྱ་དང་། སྙིང་པོ་གསུངས་པ་དང་། པདྨའི་དབང་ཕྱུག་གི་ཕྱག་རྒྱ་
ལས་དང་དོན་ཐམས་ཅད་འགྲུབ་པའི་གསང་སྔགས་དེ་དག་ཐམས་ཅད་གསུངས་ནས། དེ་ནས་དོན་ཡོད་པའི་རྒྱལ་པོ་གསུངས་པ། ཨོཾ་ཨ་མོ་གྷ་ཧྲྀ་ད་ཡ། པདྨེ་དྷ་ར་དྷ་ར་པདྨ་དྷ་ར་མ་ཧཱ་མཎྜ་ལ་ཧྲྀ་ད་ཡ་ཧཱུྃ། སྙིང་པོ་ཕྱག་རྒྱ་འདི་ནི་བཅིངས་པ་ཡིས། །པདྨ་འཆང་བའི་དོན་ཡོད་སྙིང་པོ་

ཡི། །གྲུབ་པ་དེ་ཉིད་ཡང་དག་སོམ་ཉི་མེད། །ཐམས་ཅད་དུ་ནི་ལས་རྣམས་ཐམས་ཅད་དག །དེ་ནི་གྲུབ་པར་འགྱུར་ཏེ་སོམ་ཉི་མེད། །ཤིན་ཏུ་གསང་བའི་ཕྱག་རྒྱ་གཟུང་། །ཤིན་ཏུ་གསང་བའི་གསང་སྔགས་བཟླས། །ཤིན་ཏུ་བཀྲུ་བས་གོས་གཙང་གྱོན། །གཙང་
མའི་སེམས་ཀྱིས་འཆང་བགྱིད་ཅིང་། །སེམས་ཅན་ཀུན་ལ་བརྩེ་གྱུར་ནས། །རྟག་ཏུ་བླ་མ་གུས་པར་བསྒོམ། །རྟག་ཏུ་ཤིན་ཏུ་དང་བགྱི་ཞིང་། །པདྨའི་ཕྱག་ལ་དགའ་བར་བགྱི། །མྱུར་དུ་ལས་འགྲུབ་མྱུར་དུ་ནི། །པདྨ་འཆང་དང་སངས་རྒྱས་འགྲུབ། །མྱུར་དུ་འཇིག་རྟེན་
དབང་ཕྱུག་འཐོབ། །མྱུར་དུ་སེམས་ཅན་ཀུན་ཕན་ལྡན། །ལག་པ་གཡོན་པ་བརྐྱང་བ་ཙམ་གྱིས་ཁར་པདྨའི་ཚུལ་དུ་བཞག་ལ་ལག་པ་བསྒྱུར་ནས། མཛུབ་མོ་གྱེན་དུ་བསྒྲེང་མཐེ་བོ་ཡིད་ཙམ་བཀུག་ལ་ལག་པ་གཡས་པར་བརྐྱང་སྟེ། སོར་མོ་རྣམས་པདྨའི་ཚུལ་དུ་གཞག་ལ།
མཐེ་བོ་ཡིད་ཙམ་བཀུག་སྟེ། གུང་མོ་དོན་ཡོད་པའི་ཞགས་པར་བགྱི་བ་ནི། དོན་ཡོད་པའི་ཞི་བའི་ཆོ་ག་ཆེན་པོའི་མིག་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སྙིང་རྗེའི་བདག་ཉིད་ཅན་ལགས་ཏེ། གསང་སྔགས་འདི་བརྗོད་དོ། །ཨོཾ་པ་ཤུ་པ་ཏི་པཱ་ཤ་དྷ་ར་ས་
ཧ་སྲ་ར་སྨི་བྲ་ཏི་མནྡི་ཏ་ཀཱ་ཡ། ཨཱ་ཀརྵ་ཎི་སཾ་ཙོ་ད་ནི། བྷུ་རུ་དྷུ་རུ། ཨ་མོ་གྷ་པཱ་ཤ་སིད་དྷི་ཧཱུྃ། ཕྱག་རྒྱ་འདིས་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་ནས། ལག་པ་གཡས་པ་ཞགས་པའི་ཕྱག་རྒྱའི་ཚུལ་དུ་
བརྡེག་ཅིང་སླར་ཡང་རང་གི་གནས་སུ་གཟུང་ཞིང་། གསང་སྔགས་ལན་བདུན་བཟླས་ཏེ། ལན་བདུན་དུ་ཡང་བརྡེག་གོ། །དོན་ཡོད་རྒྱལ་པོ་བཟླས་པས་ནི། །བསམ་པ་མཆོག་ཏུ་དག་པས་བགྱི། །བཟླས་པ་ཙམ་གྱི་མོད་ལ་ནི། །དོན་ཡོད་ཞགས་པའི་ཕྱག་རྒྱ་ཡིས། །
བྱང་ཆུབ་ཐམས་ཅད་དགུག་པ་དང་། །མོད་ལ་སངས་རྒྱས་ཉིད་དུ་འགྱུར། །གཞན་ཡང་དགོས་པ་སྣ་ཚོགས་དག །ཅི་ལྟར་ཡིད་ལ་བསམ་པ་བཞིན། །མོད་ལ་གྲུབ་པ་བླ་མེད་དང་། །མོད་ལ་ཐམས་ཅད་དགུག་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་

མིན་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །རིག་སྔགས་འཆང་ལ་བལྟ་བའི་ཕྱིར། །ཐམས་ཅད་དེ་ཡི་མོད་ལ་འདུ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དག །དེ་ཉིད་གཟིགས་པས་གཟིགས་པར་འགྱུར། །རིག་སྔགས་འཆང་ལ་ཕྱག་
བགྱིའི་ཕྱིར། །བྱང་ཆུབ་སེམས་དཔའ་འདུ་བར་འགྱུར། །མགོན་པོ་འཕགས་པ་སྤྱན་རས་གཟིགས། །མཆོག་སྦྱིན་སྤྱི་བོར་ཕྱག་འཇོག་འགྱུར། །ཡོངས་སུ་དག་པའི་བདག་ཉིད་ཀྱི། །རང་བཞིན་མོད་ལ་སྟོན་པར་མཛད། །གང་དག་མནར་མེད་སོང་བ་དང་། །
སེམས་ཅན་མཚམས་མེད་ལྔ་བགྱིད་དང་། །གང་དག་འཕགས་ལ་སྐུར་འདེབས་དང་། །གང་དག་དམ་ཆོས་སྤོང་བ་དང་། །ཕྱག་རྒྱ་འདི་མཐོང་འཛིན་འཇུག་གམ། །བཅིངས་པས་མོད་ལ་སྡིག་པ་ཀུན། །འཇིག་འགྱུར་མོད་ལ་འདྲེན་པ་མཐོང་། །ཕྱག་རྒྱ་
བཅིངས་པ་ཙམ་གྱིས་ནི། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །ཕྱག་རྒྱ་འདི་ནི་མཐོང་ཙམ་དང་། །གསང་སྔགས་ཟློས་པར་བགྱིད་པ་དང་། །རིག་སྔགས་འཆང་བ་མཐོང་བ་དེ། །འཕགས་པ་སྤྱན་རས་གཟིགས་དབང་ནི། །མངོན་དུ་མཐོང་བར་བལྟ་བར་བྱ། །
ཚེ་རབས་བརྒྱུད་པར་བསྐལ་པ་ནི། །བརྒྱ་དང་སྟོང་དུ་བསགས་པ་ཡི། །སྡིག་པ་ལས་ཀྱི་སྒྲིབ་པ་རྣམས། །ཕྱག་རྒྱ་བཅིངས་སམ་མཐོང་ཙམ་གྱིས། །དགུན་འབྱང་འགྱུར་སོམ་ཉི་མེད། །ཐལ་མོ་ལྷན་ཅིག་དམ་པར་སྦྱར་ཏེ། མཁས་པས་པདྨའི་ཚུལ་དུ་བགྱིས་ལ་
མཛུབ་མོ་ནོར་བུར་བགྱིས་ཏེ་གུང་མོ་ཡིད་ཙམ་ཞིག་བཀུག་པ་ནི། ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་སྟེ་ལག་པ་སྤྱི་བོར་བརྐྱང་ནས་སྤྱི་བོར་དབང་བསྐུར་བ་སྩོལ་བའི་གསང་སྔགས་འདི་བརྗོད་དོ། །ཨོཾ་སྟྲཻ་ཡ་དྷཱ་ནུ་ག་ཏ། ཨ་བྷི་ཥིཉྩ་ཏུ། སརྦ་སྟྲཻ་ཡ་དྷཱ། ཨ་
བྷི་ཥེ་ཀཻཿ པདྨ་མ་ཎི་སུ་པདྨེ། ཨ་མོ་གྷེ་སརྦ་ཏ་ཐཱ་ག་ཏ། ཨ་དྷི་ཥྛི་ཏེ་ཧཱུྃ། འདིས་དབང་བསྐུར་བ་ཙམ་གྱིས། རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་

གིས་དབང་བསྐུར་བར་འགྱུར་རོ། །རིག་སྔགས་འཆང་གི་བྱ་བ་བྱེད་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་འགྲུབ་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོ་གཅིག་པུའི་
གནས་སུ་འགྱུར་རོ། །སྤྱི་གཙུག་རྡོ་རྗེའི་པདྨ་བཅིང་། །རྟག་ཏུ་སོར་མོའི་རྩེ་མོ་བརྐྱང་། །མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བགྱིའོ། །རང་གི་གདོང་གི་ཁྲོ་གཉེར་བཞིན། །ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་སྟེ། །ལས་ཀུན་སྒྲུབ་པར་བགྱིས་པ་ཡི། །ཐམས་ཅད་སྒྲུབ་བྱེད་ཕྱག་རྒྱ་སྟེ། །
ཀུན་སྒྲུབ་དམ་པའི་གསང་སྔགས་པས། །འདི་དྲན་སྒྲུབ་པ་ཀུན་གྱི་མཆོག །ཨོཾ་ཀྲོ་དྷ་རཱ་ཛཱ་དྷ་མ་ཧཱ། ཨ་མོ་གྷ་ཧ་ན་ཧ་ན། སརྦ་དུཥྜ་ན་ཧཱུྃ། ཕྱག་རྒྱ་འདི་དྲན་ཙམ་གྱིས་ཀྱང་། །མཐུ་ཆེན་པོ་ཡི་གསང་སྔགས་ཀྱིས། །གདུག་པ་ཀུན་ནི་རྣམ་འཇིག་སྟེ། །རི་རབ་ཀྱང་
ནི་སྙིལ་བར་བགྱིད། །ཕྱག་རྒྱ་བཅིང་བ་བགྱིས་པ་ཡིས། །སྡིག་པ་ཐམས་ཅད་འཇིག་པར་བགྱིད། །སེམས་ཅན་གདུག་དང་གདུག་པའི་ཀླུ། །བགེགས་དང་ལོག་འདྲེན་གདུག་པ་སྟེ། །དེ་དག་ཐམས་ཅད་ཞི་བར་འགྱུར། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །ཐམས་ཅད་
དབང་དུ་གྱུར་ནས་མཆིས། །ལྷ་དང་མི་དང་དགེ་སྦྱོང་དང་། །བྲམ་ཟེ་རྒྱལ་རིགས་གང་ལགས་པ། །ཐམས་ཅད་དབང་དུ་གྱུར་ནས་ནི། །མཆིས་པར་འགྱུར་བ་སོམ་ཉི་མེད། །རྒྱུད་ནི་རྟག་ཏུ་མཉམ་གཞག་ལ། །མཐེ་བོ་མཉམ་དུ་བཏེག་ནས་ནི། །གུང་མོ་ཡིས་ནི་གུང་མོ་ཉིད། །
ཡིད་ཙམ་བཀུག་ནས་བསྒྲེང་བར་བགྱི། །འདི་ནི་པདྨ་ཆེན་པོ་ཡི། །ལྷ་མོ་སྒྲོལ་མའི་ཕྱག་རྒྱ་སྟེ། །གྲུབ་པ་བླ་ན་མེད་པ་ཡི། །ཐམས་ཅད་ཀྱི་ནི་དམ་པ་ལགས། །ཐལ་མོ་པདྨའི་ཚུལ་དུ་སྦྱར། །མཐེ་བོ་ཉིད་ནི་བརྐྱང་བགྱིས་ལ། །མཐེ་ཆུང་ཡིད་ཙམ་བཀུག་པ་ནི། །དཀར་
ཤམ་ཆེན་མོའི་ཕྱག་རྒྱ་སྟེ། །འདི་ནི་ཀུན་གྲུབ་བླ་ན་མེད། །རྡོ་རྗེའི་ཚུལ་དུ་ཐལ་སྦྱོར་དམ་བཅིངས་ཤིང་། །ཤེས་རབ་ཅན་གྱིས་གཡས་པའི་ལག་བསྒྱུར་ལ། །ཁྲོ་གཉེར་བཞིན་ནི་དེ་བཞིན་ཁྲོ་བ་དང་། །ཕྱག་རྒྱ་ཆེན་པོ་ཀུན་འདོད་རབ་ཏུ་སྦྱིན། །ལག་པ་གཉིས་ཀྱིས་ཐལ་སྦྱར་

བརྐྱང་ནས་ནི། །གསང་བ་དེ་བརྐྱང་གུང་མོ་བསྐུམ་ནས་ནི། །མཐེ་ཆུང་བརྐྱང་ནས་ལྕགས་སྒྲོག་པདྨ་ཡི། །ཚུལ་དུ་སྙིང་གའི་གནས་སུ་གཞག་པར་བགྱི། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །ཕྱག་རྒྱ་འདི་ནི་བཅིངས་པ་ཡིས། །དཀྱིལ་འཁོར་ཀུན་ནས་ལྷ་
དག་དང་། །དཀྱིལ་འཁོར་ལྷ་ཀུན་དགའ་བར་འགྱུར། །ཐམས་ཅད་འཚོགས་ཤིང་འདུ་བ་དང་། །ཀུན་གྱིས་བསྲུང་བགྱིད་སོམ་ཉི་མེད། །ཕྱག་རྒྱ་འདི་ཉིད་བཤིག་ནས་ལག་པ་ནི། །ཐལ་སྦྱར་པདྨའི་ཚུལ་བཞིན་ལེགས་བྱས་ཏེ། །སྙིང་གར་གཞག་པ་གནོད་སྦྱིན་ཕོ་ཉ་
མོ། །འདི་ནི་ཕྱག་རྒྱ་ལགས་པར་ལེགས་པར་བསྒྲགས། །དང་པོར་རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །གུང་མོ་ལྷག་མ་སྐུམ་ཞིང་མཐེ་བོང་གཞག །པདྨ་ཚུལ་གྱི་བཞིན་དྲན་སྒྲོལ་བདུན་གྱི། །གྲུབ་པ་ཀུན་གྱི་བླ་མེད་ཕྱག་རྒྱ་འདི། །སྡིག་པ་ཐམས་ཅད་འཇིག་ཅིང་ཉོན་
མོངས་ཀུན། །ནད་ཀུན་ཉེ་བར་ཞི་བ་སོམ་ཉི་མེད། །དོན་ཡོད་པ་ཡི་གྲུབ་པ་བླ་མེད་ཀྱིས། །ཆོ་ག་ཞིབ་མོ་ཐམས་ཅད་རབ་ཏུ་འགྲུབ། །ལག་པ་གཉིས་ནི་མཉམ་བཞག་སྟེ། །རྡོ་རྗེའི་ཚུལ་དུ་པདྨ་བཅིང་། །མཛུབ་མོ་བསྐུམ་པ་བགྱིས་ནས་ནི། །མཐེ་བོ་ཡང་ནི་དགུག་པར་
བགྱི། །འདི་ནི་རྟ་མགྲིན་ཕྱག་རྒྱ་སྟེ། །ཆོ་ག་ཞིབ་མོའི་པདྨ་ལགས། །པདྨའི་ཚུལ་དུ་ཐལ་མོ་སྦྱར། །མཛུབ་མོས་འཁྱུད་ལ་གུང་མོ་ནི། །ལྕགས་ཀྱུའི་ཚུལ་དུ་བསྒྲེང་བར་བགྱི། །དོན་ཡོད་ཞགས་པའི་ཕྱག་རྒྱ་འདི། །རྒྱ་མཚོའི་ཀློང་གི་ཁ་ལྟ་བུ། །རྡོ་རྗེ་ཟ་བ་ཉིད་
ཀྱིས་གསུངས། །འདི་ནི་ལས་ཀུན་བགྱིད་པ་པོ། །གྲུབ་པ་ཀུན་གྱི་བླ་ན་མེད། །ཕྱག་རྒྱ་འདི་ནི་མཛུབ་མོའི་མཐེ་བོ་གཉིས། །ལྕགས་སྒྲོག་ལྷག་མ་བཀུག་ནས་པདྨའི་ཚུལ། །སྙིང་གའི་གནས་སུ་གཞག་པ་མགྲིན་སྔོན་གྱི། །འདི་ནི་དོགས་མེད་ལས་ཀུན་ཕྱག་
རྒྱ་ལགས། །ལག་གཉིས་པདྨའི་ཁུ་ཚུར་ཏེ། །གཡས་གཡོན་དུ་ནི་བཞག་ནས་སུ། །ཀུན་ནས་ཞི་བའི་བཞིན་དུ་གཞག །བྱམས་པའི་མིག་གཉིས་བགྱིས་པ་ནི། །ཞལ་ནི་བཅུ་གཅིག་ཕྱག་རྒྱ་སྟེ། །དེ་བཞིན་ཀུན་གྱིས་མི་ཐུབ་པའོ། །མཐེ་བོ་མཉམ་པར་

མཉམ་བགྱིས་ལ། །སོར་མོའི་རྩེ་མོ་བསྐུམས་པ་དང་། །མཛུབ་མོ་གཉིས་ནི་པདྨའི་ཚུལ། །རིག་པའི་དབང་ཕྱུག་ཕྱག་རྒྱ་ལགས། །ཕྱག་རྒྱ་འདི་ཉིད་དབུས་སུ་ནི། །འཁོར་ལོའི་ཚུལ་དུ་མཛུབ་མོ་བསྐུམ། །གཡོན་པ་བརྐྱང་བ་དབང་ཆེན་གྱི། །ཕྱག་རྒྱ་འབྱུང་པོ་
ཐམས་ཅད་འཇོམས། །ལྕགས་སྒྲོག་དམ་དུ་བགྱིས་ནས་ནི། །ལག་པ་གཉིས་པ་བརྐྱང་ནས་ཀྱང་། །སྙིང་གར་བཞག་པའི་ཕྱག་རྒྱ་སྟེ། །འདི་ནི་རྒྱུན་དུ་གཤིན་རྗེ་ལགས། །ལག་པ་གཡོན་པ་བརྐྱང་ནས་སུ། །སོར་མོ་སྒྲེང་བའི་ཐོར་ཐོ་དགུག །གཡས་པ་
སྙིང་གར་བཞག་ནས་སུ། །མཐེ་བོ་དང་ནི་མཐེ་ཆུང་དགུག །ལྷག་མ་རྣམས་ནི་བརྐྱང་བགྱིས་ཏེ། །འདི་ནི་ཆུ་ལྷའི་ཕྱག་རྒྱ་སྟེ། །ཀླུ་ཀུན་དགུག་པའི་མཆོག་ལགས་སོ། །ལག་པ་གཉིས་ནི་བསྡམས་བགྱིས་ལ། །སོར་མོ་ཕྱིན་ཀ་ལོག་ཏུ་སྦྲེལ། །གཡས་པ་དང་
ནི་གཡོན་པ་དག །སྙིང་གའི་གནས་སུ་གཞག་བགྱི་སྟེ། །ཕྱག་རྒྱ་འདི་ནི་ལུས་ངན་གྱི། །གནོད་སྦྱིན་ཐམས་ཅད་སྐྲག་པར་བགྱི། །ལག་པ་གཡས་པ་སྤྱི་བོར་ཡང་། །མཐེ་བོ་མཛུབ་མོ་དགུག་བགྱིས་ལ། །ལག་པ་གཡོན་པ་བརྐྱང་ནས་སུ། །མཛུབ་མོ་
གྱེན་དུ་བསྒྲེང་བ་ནི། །འདི་ནི་ཚངས་པའི་ཕྱག་རྒྱ་སྟེ། །ཐམས་ཅད་དུ་ནི་ལས་སྒྲུབ་པའོ། །ཕྱག་རྒྱ་འདི་ཉིད་གཡས་པ་ཡི། །མཐེ་ཆུང་སོར་མོ་དགུག་བགྱིས་ཏེ། །དྲང་སྲོང་ཚོགས་ཀྱི་ཕྱག་རྒྱ་འདི། །ལྷ་རྣམས་ཀུན་གྱིས་ཕྱག་བགྱིས་པའོ། །ལག་པ་གཉིས་ནི་དམ་བཅིངས་
ལ། །ལྟ་སྡུག་འཁོར་ལོའི་ཕྱག་རྒྱ་སྟེ། །ལྷ་མིན་ཐམས་ཅད་འགུགས་པ་ཡི། །ཁྱབ་འཇུག་ཕྱག་རྒྱ་འདི་ཞེས་གསུངས། །གཡས་པ་བཱི་ཛ་པུ་རར་བགྱི། །གཡོན་པ་རྩེ་གསུམ་ཚུལ་དུ་བགྱི། །མཐེ་བོ་མཐེ་ཆུང་བསྐུམ་པ་ནི། །འབྱུང་པོ་ཐམས་ཅད་བསྐྲད་བགྱིད་པ། །འདི་
ནི་གྲག་པའི་ཕྱག་རྒྱར་གསུངས། །གཡས་པ་ཁུ་ཚུར་བཅིངས་ནས་སུ། །མཛུབ་མོ་བརྐྱང་ནས་གཡོན་པ་ནི། །དཀུར་བསྟེན་ཁུ་ཚུར་བཅངས་ནས་གཞག །སོར་མོ་རྣམས་ནི་བརྐྱང་བར་བགྱི། །དྲག་པོ་རྒྱུན་དུ་ལྟ་བགྱིད་པ། །དེ་བཞིན་ལྷ་ཡི་སྡེ་དཔོན་གྱི། །གཞོན་ནུ་

ཕྱག་རྒྱ་འདི་ཞེས་གསུངས། །གྱེན་དུ་ལག་པ་གཉིས་བརྐྱང་ནས། །སོར་མོ་གསུམ་ནི་བརྐྱང་བགྱིས་ཏེ། །མཐེ་བོ་མཛུབ་མོ་དགུག་པ་ནི། །འོད་ཟེར་སྟོང་དག་འཕྲོ་བགྱིད་པ། །འདི་ནི་ཉི་མའི་ཕྱག་རྒྱ་ལགས། །ཕྱག་རྒྱ་འདི་ཉིད་སོར་མོ་
གསུམ། །བཀུག་ནས་སོར་མོ་གཉིས་གཉིས་བརྐྱང་། །སྐར་མའི་ཚོགས་ཀྱིས་མཛེས་གྱུར་པ། །འདི་ནི་ཟླ་བའི་ཕྱག་རྒྱར་གསུངས། །གསང་སྔགས་ཆེན་པོའི་ཕྱག་རྒྱ་འདི་དག་ནི། །ལས་དང་དོན་ཀུན་གྲུབ་པ་བསྒྲུབ་པར་བགྱིད། །སྡིག་པ་ཐམས་ཅད་སྤོང་ཞིང་
ཉོན་མོངས་ཀུན། །ཉམས་པར་བགྱིད་ཅིང་སྒྲིབ་པ་ཐམས་ཅད་འབྱང་། །ལས་ཀུན་ཟད་པར་བྱེད་ཅིང་དོན་ཡོད་པའི། །ལས་སྒྲུབ་དོན་ཡོད་གྲུབ་པ་འགྲུབ་པར་འགྱུར། །ཨོཾ་པདྨ་ཏཱ་རེ་ཏཱ་རཱ་ཡ། པདྨ་བྷུ་ཛེ་ཧཱུྃ། ཨོཾ་མ་ཧཱ་པདྨེ་ཤྭ་རཾ་གེ། །ཧུ་རུ་ཧུ་རུ་སྭཱ་ཧཱ། ཨོཾ་བྷྲྀ་ཀུ་ཊི་པདྨེ་
ཏ་ར་ཏ་ར་ཧཱུྃ། ཨོཾ་པདྨེ་པཎྜཱ་ར་བཱ་སི་ནི། ཀུནྜ་ཀུནྜ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་པདྨ་བ་ར་དེ་སིད་དྷྱ་སིད་དྷྱཾ་ཏུ་ཧཱུྃ། ཨོཾ་སརྦ་ཏྲ་ག་མི་ནི་ཨ་བྷ་ཡ་རཽ་དྲི་ཎི་ཧཱུྃ། ཨོཾ་ཨ་མོ་གྷ་ནི་ཏཱ་རེ་ཏཱ་རཱ་ཡ་པདྨེ་བྷུ་ཛེ་ཧཱུྃ། ཨོཾ་དཱ་རུ་ལ་རུ་ལ་པདྨེ་ཨ་མོ་གྷ་ཧཱུྃ། ཨོཾ་བ་ཌ་བ་མུ་ཁེ་ནི་ཀྲིན་ཏཱ་ཡ་དུཥྚ་ན་ཧཱུྃ། ཨོཾ་
པདྨེ་ནཱི་ལ་ཀཎྛེ་ཤྭ་ར། བྷུ་རུ་བྷུ་རུ་ཧཱུྃ། ཨོཾ་སཽ་མྱ་བ་ད་ནེ་པྲ་སི་ཏ་ཤཱུ་ས་ཡ་ཧཱུྃ། ཨོཾ་པདྨེ་ཤྭ་རི་སཱ་དྷཱ་ཡ་ཧཱུྃ། ཨོཾ་ཨ་མོ་གྷེ་ཤྭ་རེ་ཧཱུྃ། ཨོཾ་ས་མ་རི་ཏ་རེ་ཏ་རེ་ཧཱུྃ། ཨོཾ་ནཱ་ག་པདྨ་ནི་ཧཱུྃ། ཨོཾ་ཡཀྴཱ་དྷི་པ་ཏི་མུ་རུ་མུ་རུ་ཧཱུྃ། ཨོཾ་ཨ་མོ་གྷེ་བྲཧྨ་ར་ཏེ་ཧཱུྃ། ཨོཾ་ཤི་རི་བར་དེ་ཨ་མོ་གྷ་བྷུ་ཛེ་
ཧུྃ། ཨོཾ་ཨ་མོ་གྷ་ར་ཛ་པདྨ་ན་བྷེ། ས་ར་ས་ར་ས་མནྟ་བྷུ་ཛེ་སྭཱ་ཧཱ། ཨོཾ་རུ་དྲ་རུ་ཊི་མི་ལི་མི་ལི་སྭཱ་ཧཱ། ཨོཾ་ཤ་ཀ་ཏི་དྷ་རེ་ཨ་མོ་གྷ་བ་ཏི་སྭཱ་ཧཱ། ཨོཾ་ས་ཧ་སྲ་ཀི་ར་ཎེ་ཧཱུྃ་རུ་ཧི་སྭཱ་ཧཱ། ཨོཾ་སཽ་མ་བཧྨེ་ཧཱུྃ། དེ་བཞིན་ཕྱག་རྒྱ་གསང་སྔགས་གསུངས་པ་ཡང་། །ཕྱག་རྒྱ་ཐ་དད་གསང་
སྔགས་ཐ་དད་སྒྲུབ། །གསང་སྔགས་འཆང་གིས་ཅི་སྐད་གསུངས་པའི་ལས། །རྟག་ཏུ་ཀུན་བགྱིད་མདོར་ན་ཐམས་ཅད་བགྱིད། །གཙང་མ་སྤྱོད་པ་གཙང་མ་དག །ལེགས་བཀྲུས་གཙང་མའི་གོས་བགོས་ནས། །དྲི་ཞིམ་དྲི་ཡིས་དཔུང་པ་དང་། །ལག་པ་ཡན་ལག་

བྱུགས་ནས་སུ། །ཕྱག་རྒྱལ་ན་རེ་བཅིངས་པ་ན། །གསང་སྔགས་ལན་རེ་བཟླས་པར་བགྱི། །ཕྱག་རྒྱ་དག་ནི་བཅིངས་པ་དང་། །གསང་སྔགས་བཟླས་པའི་མོད་ལ་ནི། །བརྒྱ་སྟོང་ཕྲག་ནི་འབུམ་ཕྲག་འབུམ། །ཕྱག་རྒྱ་དག་ནི་བཅིངས་པར་འགྱུར། །ཕྱག་རྒྱ་བཅིངས་པ་
བགྱིས་པ་ན། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལུང་བསྟན་པ་དང་། བྱིན་གྱིས་བརླབས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་ལེགས་པར་བསྲུང་བར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་
མཆོད་གནས་གཅིག་པུར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་བླ་མ་གཅིག་པུར་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱག་རྒྱའི་ཆོ་ག་རིམ་པར་བྱེ་བ་དམ་ཚིག་ཐམས་ཅད་ལ་ཞུགས་པར་འགྱུར་རོ། །ཚེ་དཔག་ཏུ་མ་མཆིས་པར་འགྱུར་རོ། །དོན་ཡོད་པའི་རིག་སྔགས་འགྲུབ་པར་འགྱུར་
རོ། །ཚིག་བཙན་པར་འགྱུར་རོ། །དྲན་པ་དང་བློ་གྲོས་བག་ཚ་བ་མ་མཆིས་པར་འགྱུར་རོ། །བློ་གྲོས་ཐོགས་པ་མ་མཆིས་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་མཛད་པ་རྟག་ཏུ་ལྟ་འཚལ་བར་འགྱུར་རོ། །རྟག་ཏུ་དམ་པ་སྩོལ་བར་འགྱུར་
རོ། །རྟག་ཏུ་དགྲ་དང་ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་གདུག་པ་དང་། རབ་ཏུ་གདུག་པ་ཐམས་ཅད་ཕམ་པར་བགྱིས་པར་འགྱུར་རོ། །རྟག་ཏུ་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བགེགས་དང་། ལོག་
འདྲེན་དང་། ལྷ་མ་ཡིན་དང་། ཀླུ་ཐམས་ཅད་མཐོང་བར་འགྱུར་རོ། །འཕགས་པ་ཆེན་པོ་ཐམས་ཅད་ལ་བག་ཚ་བ་མ་མཆིས་པར་འགྱུར་རོ། །རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ཐམས་ཅད་གཙོ་བོ་གཅིག་
པུར་འགྱུར་རོ། །ཐམས་ཅད་དུ་བླ་མའི་གནས་གཅིག་པུར་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྐྱོན་གྱི་དྲི་མ་དང་། སེར་སྣ་དང་། ཕྲག་དོག་ཐམས་ཅད་དང་བྲལ་བར་འགྱུར་རོ། །ལེགས་པར་དྲན་ཞིང་ལུས་ཤིན་ཏུ་ཡོངས་སུ་

དག་པར་འགྱུར་རོ། །འཆི་བའི་དུས་ཀྱི་མོད་ལ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་ཞིང་། དེ་དག་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་
ཁམས་བདེ་བ་ཅན་དུ་སོང་ཤིག་ཅེས་ཤིན་ཏུ་དྲན་པ་ཉེ་བར་གཞག་ནས་དུས་བགྱིད་པར་འགྱུར་རོ། །དམྱལ་བའི་སྒོ་ཐམས་ཅད་བཅད་པར་འགྱུར་རོ། །ངན་སོང་གི་འགྲོ་བ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །འདི་ནས་མ་འོངས་བའི་མངལ་དུ་སྐྱེ་བར་མི་འགྱུར་རོ། །
སྐྱེ་བ་ན་རྟག་ཏུ་སྐྱེ་བ་དྲན་པར་འགྱུར་རོ། །ཐམས་ཅད་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ། །དེ་ནས་འཇིག་རྟེན་དབང་ཕྱུག་སྤྲུལ་བ་ཡི། །ཕྱག་རྒྱའི་རྟགས་ནི་བརྗོད་པར་
བགྱི། །ཁྲུ་གང་ཁོ་ནའི་ཚད་དག་གིས། །དཀྱིལ་འཁོར་ལྷམ་པ་བྲི་བར་བགྱི། །གང་ཞིག་མཐོང་བའི་མོད་ཙམ་གྱིས། །དགའ་བ་དང་ནི་མགུ་བར་འགྱུར། །སྡིག་པ་ཀུན་ལས་གྲོལ་བ་དང་། །དེ་ཉིད་དག་ནི་གྲུབ་པར་འགྱུར། །རྒྱུན་དུ་གང་གིས་གོ་ཆ་ཡིས། །རྟག་
ཏུ་གོ་ཆ་བགོས་པར་འགྱུར། །གོ་ཆའི་གོ་ནི་འབར་བ་དང་། །མཛེས་པ་རྟག་ཏུ་སྩོལ་བར་འགྱུར། །ཆོ་ག་ཞིབ་མོ་ལེགས་གྲུབ་སྟེ། །གསང་སྔགས་བླ་མེད་ཐམས་ཅད་འགྲུབ། །ཕྱག་རྒྱའི་དཀྱིལ་འཁོར་བྲིས་ཙམ་གྱིས། །གནོད་སྦྱིན་སྲིན་པོ་འབྱེར་བར་འགྱུར། །མཐོང་
བ་ཙམ་གྱིས་གདོན་ཀུན་དག །འཇིག་པར་འགྱུར་ཏེ་སོམ་ཉི་མེད། །གནོད་པ་ཀུན་ལས་གྲོལ་འགྱུར་ཏེ། །ནད་ཀུན་ལས་ཀྱང་དེ་བཞིན་ནོ། །ཕ་རོལ་དཔུང་ངམ་རང་དཔུང་ངམ། །མི་ཐུབ་པ་ཡི་དགྲ་ཀུན་ལས། །རྟག་ཏུ་ལེགས་པར་རྒྱལ་བར་བགྱིད། །རྟག་ཏུ་གདོན་
ལས་བསྲུང་བ་དང་། །དུས་ཀུན་དུ་ཡང་འགྲུབ་པར་འགྱུར། །རིག་སྔགས་འཆང་རྣམས་བདེ་བགྱི་ཕྱིར། །དེ་ཉིད་དམ་པ་འགྲུབ་འགྱུར་ཞིང་། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་རྒྱའི་མཚན་མ་མཚོན་ཆ་དག །དགོས་པ་ཀུན་གྱི་རྗེས་མཐུན་པར། །གང་

དང་གང་དུ་བཀོད་པ་དག །དེ་དང་དེར་ནི་ཕྱག་རྒྱར་འགྱུར། །པདྨ་ཁ་ཕྱེ་ཞེས་བགྱི་བའི། །པདྨ་འདབ་མས་མཛེས་པ་དང་། །ཀུན་ནས་འཁོར་བར་འབར་བའི་ཕྲེང་། །རྣམ་པར་རྟོག་པ་མེད་པར་བགྱི། །ཕྱག་རྒྱ་འདི་ཀུན་སྲོག་ལས་བྱུང་། །འདི་དག་ཐམས་ཅད་འབྲས་བུ་
སྩོལ། །རྡོ་རྗེ་རྩེ་གསུམ་རྡོ་རྗེའི་མདའ། །དཀྱིལ་འཁོར་པདྨ་རྡོ་རྗེ་དང་། །པདྨའི་ཕྲེང་བ་རྡོ་རྗེའི་མཚན། །པདྨ་རབ་གནས་པདྨ་གཉིས། །རྟག་ཏུ་པདྨ་ལེགས་པར་བགྱིད། །པདྨའི་ཁུ་ཚུར་དེ་བཞིན་དུ། །པདྨའི་མཛུབ་མོ་པདྨ་བགྱིངས། །པདྨའི་ལྕགས་ཀྱུ་ཐལ་མོ་སྦྱར། །
པདྨའི་ལྕགས་སྒྲོག་པདྨའི་གཟེབ། །རྟག་ཏུ་པདྨ་སེམས་དཔའ་དང་། །ནོར་བུ་པདྨ་རྡོ་རྗེར་གསུངས། །དོན་ཡོད་པདྨ་དེ་བཞིན་དུ། །པདྨའི་རལ་གྲི་པདྨའི་དྲིལ། །རྩེ་གསུམ་ཞེས་བགྱི་གཏུན་ཤིང་འཆང་། །ནོར་བུ་དབྱུག་པ་མེ་ཏོག་དབྱུག །དེ་བཞིན་ཞགས་པ་བདུན་འཛིན་
དང་། །ཆུ་སྲིན་འཛིན་དུང་འཁོར་ལོ་ཕྱེད། །བཱི་ཛ་པཱུ་ར་སེའུ་འབྲུ། །ཟླ་འཛིན་ཉི་མ་འཛིན་པ་དང་། །ཐོ་བ་འཛིན་དང་ཚེམས་ཤིང་དང་། །མེ་ཏོག་ཕུར་མ་བགྲང་ཕྲེང་དང་། །རྡོ་རྗེ་རྩེ་ལྔ་དོན་ཡོད་ཞགས། །དོན་ཡོད་གྲུབ་པ་དེ་དག་སྟེ། །ཐམས་ཅད་པདྨའི་སྟེང་དུ་དགོད། །
ལག་པའི་ཕྱག་རྒྱ་འདི་བྲི་བ། །གང་དང་གང་དུ་དགོད་པ་ནི། །ལག་པའི་ཕྱག་རྒྱ་བཞི་བཅུ་ཐམ། །འདི་དག་ཀྱང་ནི་བྲི་བར་བགྱི། །ཀུན་ནས་ཀྱང་ནི་འབར་བར་བགྱི། །ནོར་བུའི་རྒྱན་གྱིས་བགྲུབས་པར་བགྱི། །དཀྱིལ་འཁོར་ལྡན་པའི་རས་སམ་ནི། །ར་བའམ་རྩིག་པར་བགྱིས་པ་
འམ། །ཅི་ཡང་རུང་བ་དེ་དག་སྟེ། །དེ་དག་མཐོང་བ་ཙམ་གྱིས་སམ། །མཐོང་བ་ཙམ་གྱི་མོད་ལ་ནི། །རྟག་ཏུ་སྡིག་པ་ཐམས་ཅད་སྤོང་། །མནར་མེད་གནས་སུ་གཏོགས་པ་དང་། །མཚམས་མེད་པ་ནི་ལྔ་ཉིད་དེ། །ཐམས་ཅད་སྐད་ཅིག་ཙམ་གྱིས་འབྱང་། །སེམས་
ཅན་དག་པ་དྲན་བགྱིད་ན། །ཕྱིར་མི་ལྡོག་པ་ཉིད་དུ་འགྱུར། །སེམས་དཔའ་ས་བཅུར་རབ་ཏུ་གནས། །འདི་ནི་ཕྱིར་མི་ལྡོག་པའི་གནས། །གང་ལགས་དཀྱིལ་འཁོར་མཐོང་བ་ནི། །སྤྱན་རས་གཟིགས་དབང་མཆོག་སྦྱིན་ནི། །རྒྱུན་དུ་སྤྱི་བོ་ལག་ན་ཐོགས། །གང་གིས་

ཕྱག་རྒྱ་འདི་མཐོང་བ། །རྒྱུན་དུ་མཆོག་སྦྱིན་འཇིག་རྟེན་དབང་། །རྟག་ཏུ་མངོན་སུམ་མཐོང་བ་ཡིས། །དེ་དག་མཚུངས་ཏེ་ཁྱད་པར་འཕགས། །གསང་སྔགས་སུམ་ཅུ་རྩ་ལྔའི་ཚིག །རྟག་ཏུ་དྲན་བགྱིད་ཐམས་ཅད་འགྲུབ། །དེ་ནི་དུས་རྣམས་ཀུན་
དུ་ཡང་། །ངན་འགྲོར་མཆི་བར་མི་འགྱུར་རོ། །རྣམ་གྲོལ་དཀྱིལ་འཁོར་རབ་མྱུར་བར། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །འོད་དཔག་མེད་ཀྱི་སྲས་པོ་ཡི། །ཐུ་བོར་འགྱུར་བ་སོམ་ཉི་མེད། །འཇིག་རྟེན་མགོན་གྱི་ཐུགས་ཞལ་ནས། །སྐྱེས་སྲས་རྟག་ཏུ་
ཐུ་བོར་འགྱུར། །འདྲེན་པས་འདི་ནི་ཆོས་ཉིད་དང་། །ཆོས་ལས་སྐྱེས་པར་ལུང་སྟོན་འགྱུར། །གང་གཱའི་ཀླུང་ས་ཡ་བྱེ་བ་བརྒྱ་སྟོང་དང་། མཉམ་པའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་
པར་འགྱུར་རོ། །ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོ་འཐོབ་པར་འགྱུར་རོ། །གང་གིས་སུག་པར་ཕྱག་རྒྱ་དང་གསང་སྔགས་ཀྱི་ཚིག་འདི་མཆིས་པར་གྱུར་ན། ཕྱག་རྒྱ་འདི་ལས་འདི་ལྟ་བུའི་ཕན་ཡོན་མང་ཞིང་ཆེ་བ་མཆིས་པར་བསྒྲགས་སོ། །དེ་
ལ་གསང་སྔགས་ནི། ཨོཾ་ཨ་མོ་གྷ་མན་ཛ་ལི་མི་ལི་ཙི་ལི་ཧཱུྃ། ཨོཾ་ཨ་ཤྭཱ་ས་ཡ་ཀྵ་ཎ་བི་ག་ཏེ་ཧཱུྃ། ཨོཾ་ཨ་བྷ་ཡ་བར་དེ་ཌི་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་དྷི་ཥྛི་ཏེ་དྷི་རི་དྷི་རི་ཧཱུྃ། ཨོཾ་པདྨ་ཧྲྀ་ད་ཡ་མཱུཥྛི་ཧཱུྃ། ཨོཾ་བི་ས་ར་བི་ས་ར་སརྦ་མཱ་ལཱ་ན་ཏ་ཏཱ་ཛཱ་ཡ་ཧཱུྃ། ཨོཾ་བཛྲིམྦྷ་ཧུ་རུ་
ཧུ་རུ་ཧཱུྃ། ཨོཾ་ཨཾ་ཀུ་ཤ་ཨ་མོ་གྷ་ཨཱ་ཀརྵ་ཡ་ཧཱུྃ། ཨོྃ་ཀ་བ་ཙ་ཡ་ཏུ་རུ་ཏུ་རུ་ཧཱུྃ། ཨོཾ་ཨ་མོ་གྷ་ཤཾ་ཀ་ལི་མི་ལི་ཧཱུྃ། ཨོཾ་ཨ་མོ་གྷ་ཙིན་ཏཱ་མ་ནི་ཏུ་རི་ཏུ་རི་ཧཱུྃ། ཨོཾ་ཨ་མོ་གྷ་མ་ཎི་ཙི་ལི་ཙི་ལི་ཧཱུྃ། ཨོཾ་བཛྲ་ཏུ་ཊི་ཙི་ལི་ཧཱུྃ། ཨོཾ་ཨ་མོ་གྷ་ཧྲྀ་ད་ཡ་ཙ་ར་ཙ་ར་ཤུད་དྷ་སཏྭ་ཧཱུྃ། ཨོཾ་གྷོ་ཥ་བ་ཏི་
ཙི་ཊི་ཙི་ཊི་ཧཱུྃ། ཨོཾ་བིདྱཱ་ཁཌ་ག་ཙྪིནྡ་ཡ་ཨ་ཏྲུ་ན་ཧཱུྃ། ཨོཾ་ཏྲི་མ་ལ་པ་རི་ཤུད་དྷེ་བྷི་ཊི་བྷི་ཊི་ཧཱུྃ། ཨོཾ་སུ་རུ་སུ་རུ་ཧཱུྃ། ཨོཾ་མ་ཎི་མ་ཧཱུྃ། ཨོཾ་པུཥྤ་བ་ཏི་ཛ་ཡེ་ཧཱུྃ། ཨོཾ་བྷོ་དྷི་ཙིཏྟ་པཱ་ཤ་དྷ་ར་དྷ་ར་ཧཱུྃ། ཨོཾ་པདྨ་པྲ་ཤ་བི་ཤུད་དྷེ་ཧཱུྃ། ཨོཾ་བཛྲེ་པཱ་ཤེ་བྷ་བ་ཏུ་མུ་རུ་མུ་རུ་ཧཱུྃ། ཨོཾ་ཙིནྟཱ་མ་ཎི་པཱ་

ཤ་བ་ར་དེ་ཧཱུྃ། ཨོཾ་ཙཀྲ་པཱ་ཤ་སྭ་ནིར་གྷཱ་ཏ་ཀ་དྷུ་རུ་དྷུ་རུ་ཧཱུྃ། ཨོཾ་ཏྲི་ཤཱུ་ལི་པཱ་ཤ་བི་ལོ་ཀ་ཏཱ་ར་ཡ་ཧཱུཾ། ཨོཾ་ནཱ་ག་པཱ་ཤ་བན་དྷ་ཡ་ཀཌྜྷ་ཡ་དུཥྚ་ན་ག་ཎ་པཱ་ཤ་པ་ཏཱ་ཡ་ཧཱུྃ། ཨོཾ་ཛ་ལོད་བྷ་བ་དྷ་རཱ་ཡ་ཧཱུྃ། ཨོཾ་ཙན་དྲ་བི་མ་ལེ་བི་ཤོ་དྷ་ཡ་ཨན་དྷ་ཀ་ར་རཤྨི་བ་རེ་ཧཱུྃ། ཨོཾ་ཤྲཱི་བོ་དྷ་ཡ་ཧཱུྃ། ཨོཾ་
བི་ཛ་ཡ་པཱུརྞ་པ་རེ་ཧཱུྃ། ཨོཾ་ཕ་ལོད་བྷ་བཻ་ཏུ་རེ་ཧཱུྃ། ཨོཾ་པཱུརྞ་མཎ་ཌ་ལེ་ཛ་ལ་ཧཱུྃ། ཨོཾ་ས་ཧ་སྲ་རཤྨི་ཀི་ར་ཎེ་ཧཱུྃ། ཨོཾ་སརྦ་དུཥྚ་ན་པྲ་ཧ་ར་ཤཱ་སཱ་ཡ་ཧཱུྃ། ཨོཾ་མན་བི་ཤོ་དྷ་ཡ་མཱ་ལཱ་བི་མ་ལེ་ཧཱུྃ། ཨོཾ་པུཥྤ་བ་ཏི་སུ་གན་དྷ་བ་རེ་ཧཱུྃ། ཨོཾ་པཱ་ཤ་ས་ཧ་སྲ་གུ་ནི་ཏེ་ཀྵ་ཎ་ཀྵ་ཎ་ཧཱུྃ། ཨོཾ་
བཛྲོད་ཀྵེ་པ་སུ་ཙི་མུ་ཁ་ཙི་ཊི་ཙི་ཊི་ཧཱུྃ། ཨོཾ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་པཱ་ཤ་ཧཱ་སྟེ་ཧཱུྃ། ཨོཾ་སརྦ་ཏྲ་ཨ་མོ་གྷ་སིད་ངྷྱ་སིད་དྷྱ་སཱ་དྷ་ཡ་ཧཱུྃ། ལག་པའི་ཕྱག་རྒྱ་འདི་དག་དང་། །དེ་བཞིན་གསང་སྔགས་ཕྱག་རྒྱ་དག །ལན་ཅིག་བཟླས་པ་ཙམ་དང་ནི། །ཕྱག་རྒྱ་མཐོང་བ་ཁོ་ནས་
ཀྱང་། །སྡིག་པ་ཐམས་ཅད་མོད་ལ་འཇོམས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །ཆོ་ག་ཞིབ་མོ་མྱུར་དུ་འགྲུབ། །དོན་ཡོད་ཞགས་པ་རྣམ་གྲོལ་བའི། །དཀྱིལ་འཁོར་དམ་པ་འགྲུབ་པར་འགྱུར། །དེ་ལ་མཚོན་ཆའི་ཕྱག་རྒྱ་ནི། ནོར་བུ་རིན་པོ་ཆེ་དང་། མེ་ཏོག་
དང་། པདྨ་དང་། རིལ་བ་སྤྱི་བླུགས་དང་། ནོར་བུའི་ཕྲེང་བ་དང་། བགྲང་ཕྲེང་དང་། དུང་དང་། འཁོར་ལོ་དང་། དབྱུགས་ཏོ་དང་། མདུང་ཐུང་དང་། རྡོ་རྗེ་དང་། རྩེ་གསུམ་པ་དང་། རྩེ་གསུམ་ཁ་གདེངས་དང་། མཚོན་ཤག་ཏི་དང་། རྡོ་རྗེ་དང་། དགྲ་སྟ་དང་། རྩེ་གསུམ་
པ་དང་། གཉིས་པ་དང་། ནོར་བུ་དང་། མཚོན་ཤཱུ་ལི་དང་། ལས་ཀྱི་རྡོ་རྗེ་དང་། ཡིད་བཞིན་ནོར་བུ་དང་། མཚོན་ཆ་དང་། བེ་ཅོན་དང་། དབྱུག་པ་དང་། དབང་ཕྱུག་ཆེན་པོའི་རྩེ་གསུམ་དང་། རལ་གྲི་དང་། ཞགས་པ་དང་། ལྕགས་ཀྱུ་དང་། སྦྲུལ་དང་། ལྗོན་ཤིང་དང་།
བྱེ་རུ་དང་། དགྲ་སྟ་དང་། འཁོར་ལོ་དང་། དགྲ་སྟ་ཡུ་བ་སྦོམ་པོ་ཅན་དང་། ལག་པ་དང་། གཙུག་ཕུད་དང་། ནོར་བུ་སྒྲོན་མ་དང་། འོད་དང་། འོད་ཟེར་དང་། གཏུན་ཤིང་དང་། འཕྱང་མོ་ཉུག་པ་དང་། དགྲ་སྟ་དང་། སྣོད་ཟླུམ་པོ་དང་། བུམ་པ་དང་། བྲག་དང་། རི་

དང་། ལྷུན་པོ་དང་། སྦྲུལ་འཁྱིལ་བ་དང་། གདུགས་དང་། རྒྱལ་མཚན་དང་། ཆུ་སྲིན་དང་། ཉ་དང་། རུ་སྦལ་དང་། གཡུང་དྲུང་འཁྱིལ་པ་དང་། རིག་སྔགས་ཀྱི་དཀྱིལ་འཁོར་དང་། རིག་སྔགས་དང་། ཕྱག་རྒྱ་དང་། རྩེ་གསུམ་དང་། དཀྱིལ་
འཁོར་དང་། རལ་གྲི་དང་། གྲི་དང་། པདྨའི་ཕྲེང་བ་དང་། རྩེ་གསུམ་དང་། མུ་སུན་དི་དང་། མཚོན་རྩེ་གཅིག་པ་དང་། ཕྱག་རྒྱ་བཞི་པ་དང་། མཆེ་བ་བཞི་དང་། ཟླུམ་པོ་དང་། དུང་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྩེ་གསུམ་དང་། དུང་དང་། ནོར་བུའི་དུང་དང་། པདྨའི་
དུང་དང་། ཨུ་དྷ་དང་། གོས་དང་། སེང་གེའི་གདོང་དང་། ཤང་ཤང་ཏེའུ་དང་། ཀ་ལ་བིང་ཀ་དང་། ངང་པ་དང་། བཞད་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། གཤིན་རྗེའི་དབྱུག་པ་དང་། གདོང་བཞི་པ་དང་། དཀྱིལ་འཁོར་བཞི་དང་། རྩེ་གསུམ་དང་། བུམ་པ་གང་བ་དང་། ཟླ་
ཕྱེད་དང་། ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་འོད་དང་། པདྨ་བཞི་དང་། པདྨ་གསུམ་དང་། རྒྱ་མཚོ་དང་། མེ་ཏོག་དང་། ཕུར་མ་དང་། གླེགས་བམ་དང་། རི་དགས་ཀྱི་གཡང་གཞི་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྟ་བབས་དང་། ལྷུང་བཟེད་དང་། ཆོས་གོས་དང་། འཁར་
གསིལ་དང་། སོ་མངས་དང་། ཁ་ཁྱེར་དང་། སྐ་རགས་དང་། གཙུག་ཕུད་དང་། མཆོད་ཕྱིར་ཐོགས་དང་། ཕྲེང་བ་ཆེན་པོ་དང་། གྲུ་གསུམ་དང་། ཀུན་ནས་རྡོ་རྗེ་སྡེ་དང་། ཕྱག་རྒྱ་མཚོན་ཆ་འདི་དག་ནི། །འཇིག་རྟེན་འདྲེན་པས་གསུངས་པ་བཞིན། །རྣམ་གྲོལ་དཀྱིལ་འཁོར་
གསང་བ་འདི། །དོན་ཡོད་ཞགས་པའི་ཆོ་གར་དྲན། །རས་སམ་གོས་སམ་རྩིག་པའམ། །ཅི་ཡང་རུང་བ་འདྲི་བགྱིད་པས། །དོགས་མེད་ལེགས་ལ་ལེགས་འབྱོར་པས། །མཚོན་གསལ་ཀུན་དུ་པདྨར་གཞག །ཕྱག་རྒྱ་ཀུན་ནས་འབར་བར་བགྱི། །ཐམས་ཅད་སྲོག་ལས་
བྱུང་བས་ནི། །དོན་དང་ལས་རྣམས་ཀུན་སྩོལ་ཅིང་། །ཕྱག་རྒྱ་མོད་ལ་སྡིག་པ་འཕྲོག །དེ་ནི་མོད་ལ་འབྲས་བུ་སྟེར། །འདྲེན་པ་འཇིག་རྟེན་དབང་ཕྱུག་ཀུན། །ཕྱག་རྒྱ་འདི་ནི་བྱིན་གྱིས་བརླབས། །སངས་རྒྱས་ཀུན་དང་ཤཱཀྱ་ཡི། །རྒྱལ་པོ་དེ་བཞིན་གཤེགས་པས་བརླབས། །

དེ་ལྟ་བས་ན་མཁས་པས་སུ། །རྟག་ཏུ་ཀུན་ནས་མཚོན་བཅངས་ན། །སངས་རྒྱས་རྣམས་ནི་དགྱེས་འགྱུར་ཏེ། །སྲས་ཀྱི་ཐུ་བོར་སོམ་ཉི་མེད། །ཕྱག་རྒྱ་རིམ་བྱེད་དམ་པ་འཆང་བ་གང་། །འཇིག་རྟེན་མགོན་པོ་སྲས་ཀྱི་ཐུ་བོར་འགྱུར། །དོན་ཡོད་ཞགས་པའི་སྙིང་པོ་གསང་བ་
ཡི། །རྣམ་པར་གྲོལ་བའི་སྙིང་པོ་བླ་ན་མེད། །ཕྱག་རྒྱ་དང་ནི་གསང་སྔགས་དམ་པ་དག །འདི་འཆང་བ་ལ་མྱུར་དུ་འགྲུབ་པར་འགྱུར། །དེ་ནས་དོན་ཡོད་པ་ལས་ཐམས་ཅད་པ་དང་། རྗེས་སུ་མཐུན་པའི་ཞགས་པ་བདུན་བཤད་པར་བགྱི་སྟེ། དེ་ཉིད་གྲུབ་པས་ཅི་ལྟ་བུའི། །
ཆོ་གའི་ཆོ་ག་བསྒྲུབ་པ་བཞིན། །སོ་སོ་སོ་སོར་འཚམ་པ་ཡི། །དེ་དག་ཀུན་ནི་རྟོགས་པར་བགྱི། །དེ་ཉིད་གྲུབ་པའི་ཅི་ལྟ་བུའི། །མཚན་ཉིད་གཟུགས་ནི་ཅི་བཞིན་པ། །དེ་ཉིད་བསྒྲུབས་པས་ཞགས་པ་ནི། །སྐུད་པ་ལྔ་ལས་འགྲུབ་འགྱུར་ཏེ། །གསང་སྔགས་འཛིན་པས་
མོད་ལ་ནི། །འགྲུབ་པར་འགྱུར་ལ་སོམ་ཉི་མེད། །རས་སྐུད་པདྨའི་སྐུད་པ་དང་། །ཨརྐ་ཁ་ཆེ་དར་དག་གིས། །སྐུད་པ་ཤུན་པའི་སྐུད་པ་སྟེ། །སྐུད་པ་འདི་དག་བཀལ་ནས་དེ་ཁོ་ན་ཉིད་ཀྱི་ཆོ་ག་དང་ཆོ་ག་ཞིབ་མོ་བསྒྲུབས་པས་ཞགས་པ་རས་སྐུད་ཀྱི་རྒྱུ་ལས་བླངས་ཏེ། ཚད་
བཞིན་བཀལ་ནས་རྟག་ཏུ་སྨྱུང་བ་བགྱིས་ལ་ལེགས་པར་བཀྲུས་པ། གོས་གཙང་མ་ཅན་ཚངས་པར་སྤྱོད་པས་ཟས་དཀར་གསུམ་འཚལ་ནས་གནས་གཙང་མའི་ཕྱོགས་སུ་དོན་ཡོད་པའི་ཞགས་པའི་སྙིང་པོ་མདོར་ན་བྱམས་པའི་སེམས་དང་ལྡན་པས་དྲན་པར་བགྱིའོ། །དེ་ནས་ཤིན་
ཏུ་མཉམ་པར་གཞག་པས་བརྒྱད་བསྒྲིལ་དུ་བཀལ་ཏེ། དོན་ཡོད་རྒྱལ་པོ་ཐལ་མོ་སྦྱར་བས་པདྨ་ཁ་ཕྱེ་བ་ཐོགས་པ་རལ་པའི་ཐོར་ཚུགས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བཀླུབས་པའི་ལུས་ཕྱེད་པ་སོར་བཞི་བའི་ཚད་བགྱིའོ། །བགྱིས་ནས་གཟུགས་རྣམ་པ་གསུམ་དུ་བགྱིས་
ཏེ། ངེས་པའི་གཟུགས་དང་། ཁྲོ་གཉེར་གྱི་བཞིན་དང་། ཁྲོ་བོའི་རྒྱལ་པོའི་གཟུགས་ཏེ། དངུལ་ལམ་གསེར་ལས་བགྱིའོ། །དེ་ནས་ཞགས་པ་སྲིད་ཀྱི་ཚད་ཁྲུ་བཅུ་དྲུག་པ་ཞགས་པའི་ཐོར་ཏོ་གཅིག་རྡོ་རྗེ་རྩེ་གསུམ་པ་དང་། སྐྱུ་རུ་ར་ལྷན་ཅིག་སྦྲེལ་བ་གདགས་པར་བགྱིའོ། །

དེ་ནས་རིག་སྔགས་འཆང་གིས་ཡར་གྱི་ངོའི་ཚེས་བཅྭ་ལྔའམ་ཚེས་བརྒྱད་ལ་ལེགས་པར་བཀྲུས་ཏེ་གོས་གཙང་མ་བགོས་ནས་ཞག་གཅིག་མཆིས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སངས་རྒྱས་ལ་མཆོད་པ་རྣམ་པ་སྣ་ཚོགས་བགྱིས་ཏེ། ཚིག་གཞན་མི་སྨྲ་བར་
ཞགས་པ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་སྟོང་རྩ་བརྒྱད་ཚང་བ་དང་། སྟན་བཟང་པོ་བཤམས་ནས། དེའི་སྟེང་དུ་ཞགས་པ་གཞག་པར་བགྱིའོ། །དོན་ཡོད་པའི་ཞགས་པའི་ཕྱག་རྒྱས་དབང་བསྐུར་བར་བགྱིའོ། །མེ་ཏོག་དང་། བདུག་པ་དང་། དྲི་
དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། བ་དན་བཟང་པོ་ལ་སོགས་པས་མཆོད་པར་བགྱིའོ། །ཨ་ག་རུ་དང་། ཙན་དན་དང་། དུ་རུ་སྐའི་བདུག་པ་དབུལ་བར་བགྱིའོ། །མར་མེ་ཡང་དབུལ་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་
གཅིག་བཟླས་བརྗོད་བགྱིས་ཏེ། ཞགས་པའི་སྟེང་དུ་གཏོར་བར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་ཡང་ཅི་འབྱོར་པས་མཆོད་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཞགས་པ་དེའི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ། མ་འཁྲུགས་
པས་གདུགས་རྩེའི་བར་དུ་མཆོད་པ་བགྱིས་ནས་བཟླས་བརྗོད་བགྱིའོ། །ཡུངས་ཀར་རེ་རེ་ལ་བཟླས་བརྗོད་རེ་རེ་བགྱིས་ཏེ། ཞགས་པའི་སྟེང་དུ་གཏོར་ཞིང་སྟོང་རྩ་བརྒྱད་ཚང་གི་བར་དུ་གདུགས་རེ་རེ་མཆིས་པར་བགྱི་སྟེ། རྡོ་ཅི་ཐོགས་པས་གདུགས་རྩེའི་བར་དུ་བཟླས་བརྗོད་
བགྱིའོ། །མཆོད་པ་བགྱིའོ། །ཁ་ཟས་ངན་པ་སྤང་བར་བགྱིའོ། །ལྷག་མ་དང་སྤགས་པ་སྤང་བར་བགྱིའོ། །གོས་གཙང་མ་བགོ་བར་བགྱིའོ། །སྟོང་རྩ་བརྒྱད་ཚང་ནས་ཞགས་པ་འབར་བར་འགྱུར་ཏེ། གལ་ཏེ་འཇིག་རྟེན་པའི་གྲུབ་ན་ནི་མེའི་ཁ་དོག་ཏུ་འབར་བར་འགྱུར་རོ། །
གལ་ཏེ་འཇིག་རྟེན་ལས་འདས་པའི་གྲུབ་ན་ནི། ཁ་དོག་སྣ་ཚོགས་འབར་བར་འགྱུར་རོ། །དོན་ཡོད་པའི་ལུས་དེ་ཡང་འབར་བར་འགྱུར་རོ། །སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ཀྱི་

ཞགས་པ་འདི་གྲུབ་ཀྱིས། ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ཁུག་ཅིག །ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ་ཡོངས་སུ་རྫོགས་པར་གྱིས་ཤིག །འོན་ཏེ་འཇིག་རྟེན་པའི་སྒྲུབ་ན་ནི་ཡིད་བཞིན་གྱི་ནོར་བུས་བསམས་པ་ཅི་ལྟ་བ་བཞིན་
དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཅི་ལྟར་ཡིད་ལ་བསམས་ཤིང་སྨོན་པ་བཞིན་ལག་པས་འཕངས་ན་གསང་སྔགས་ཀྱིས་ཐམས་ཅད་འགྲུབ་པར་བགྱིད་དེ། ཐམས་ཅད་བཀུག་པར་འགྱུར་རོ། །ཕྱོགས་གང་དང་གང་དུ་འཕངས་པ་དེ་ལོགས་སུ་དོན་ཡོད་པའི་ཞགས་པའི་སྙིང་
པོ་ལན་བདུན་བཟླས་པར་བགྱིས་ཏེ། མོད་ལ་བསམས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བགྱིས་པའམ་མནར་མེད་པར་མཆི་བ་ཞིག་ན་ཡང་དེའི་ལེགས་པར་འགྲུབ་པར་འགྱུར་ཏེ། དེ་ལ་ཡིད་གཉིས་དང་། སོམ་ཉི་བསྐྱེད་པར་མི་བགྱིའོ། །ཁྲོ་
གཉེར་གྱི་བཞིན་གྱིས་གང་དུ་འཕངས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་བཀུག་ནས། རིག་སྔགས་འཆང་གི་མདུན་དུ་མཆི་བར་
འགྱུར་ཞིང་། ཅི་སྲིད་འཚོའི་བར་དུ་བྲན་བཞིན་དུ་མཆིས་པར་འགྱུར་རོ། །རྒྱལ་པོ་དང་བློན་པོ་དང་། བཙུན་མོའི་འཁོར་ཐམས་ཅད་མཆིས་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱིས་ཆེར་མཆོད་པར་འགྱུར་རོ། །གང་གི་དོན་དུ་ཞགས་པ་འཕངས་པའི་དོན་དེ་འགྲུབ་པར་འགྱུར། །ཁྲོ་
བོའི་རྒྱལ་པོའི་ཞགས་པ་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་འཕང་བར་བགྱིའོ། །འཕངས་པ་ཙམ་གྱི་མོད་ལ་བགེགས་དང་ལོག་འདྲེན་དང་། གདུག་པའི་སེམས་ཅན་ཐམས་ཅད་ཞགས་པས་བཅིངས་པར་འགྱུར་རོ། །གལ་ཏེ་
འཚལ་ན་ལོའམ། ལོ་བརྒྱའམ། ལོ་སྟོང་ངམ། བསྐལ་པ་བརྒྱ་སྟོང་གི་བར་དུ་ཞགས་པས་བཅིངས་པར་འགྱུར་རོ། །ནམ་བྱམས་པ་དང་། སྙིང་རྗེ་བསྐྱེད་ནས། དེའི་ཚེ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་གསུམ་བཟླས་ན་ཕྱིར་བཀྲོལ་བར་འགྱུར་རོ། །དཔུང་གི་ནང་དུ་

འཕངས་ན་དཔུང་རྣམས་ཞགས་པས་བཅིངས་པར་འགྱུར་རོ། །གཡུལ་འགྱེད་པའི་དབུས་སུ་འཕངས་ན་མཚོན་ཆ་དང་། གོ་མཚོན་དང་། གཞུ་དང་། མདའ་དང་། མདུང་དང་། རལ་གྲི་དང་། གཏུན་ཤིང་དང་། མུ་སིན་དི་དང་། འཁོར་ལོ་དང་།
ཐག་མདུང་དང་། མཚོན་ཆ་ཐམས་ཅད་དང་། གོ་ཆ་དང་། ཡ་ལད་ཐམས་ཅད་ཞགས་པས་བཅིངས་པར་འགྱུར་རོ། །ཆབ་དང་ཡུངས་ཀར་ལ་ལ་ན་བདུན་བཟླས་བརྗོད་བགྱིས་ཏེ། གཏེར་ན་གྲོལ་བར་འགྱུར་རོ། །ཞགས་པ་ལ་གདུགས་གཅིག་བཞིན་ཅི་འབྱོར་པས་
མཆོད་པར་བགྱིའོ། །གང་གི་དོན་དུ་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །དོན་ཡོད་པའི་ཞགས་པ་སྒྲུབ་པའི་ཆོ་གའོ།། །།འོན་ཏེ་མི་སྣང་བ་བསྒྲུབ་པར་འཚལ་ན་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལག་པས་བཅིངས་ཏེ། གཡས་པ་དང་གཡོན་པས་གང་
དུ་ཇི་སྐད་གསུངས་པ་བཞིན་ཞགས་པ་བཟུང་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་མི་གདའ་བར་འགྱུར་རོ། །བརྒྱ་རྩ་བརྒྱད་ལན་གཉིས་བཟླས་བརྗོད་བགྱིས་ན་ནམ་མཁའ་ལ་མཆི་བར་འགྱུར་རོ། །དོན་ཡོད་པའི་རིག་སྔགས་འཆང་གི་འཁོར་
ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་བརྒྱ་སྟོང་ཕྲག་འབུམ་གྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ལོ་བྱེ་བ་བཅུར་འཚོ་བར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་བར་འགྱུར་རོ། །སྟོབས་དང་། བརྩོན་འགྲུས་ཕ་རོལ་གྱིས་ཟིལ་གྱིས་མི་གནོན་པར་འགྱུར་རོ། །ཆར་
པ་འཚལ་བས་མཆོད་པ་བགྱིས་ན་ཅི་ཙམ་གསོལ་བ་བཏབ་པ་བཞིན་འབབ་པར་འགྱུར་རོ། །ཧ་ཅང་ཆར་པ་ཆེས་པ་དགག་པའི་སླད་དུ་མཆོད་པ་བགྱིས་ན་ཆར་པ་བཀག་པར་འགྱུར་རོ། །ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། འཁྲུག་པ་ཐམས་ཅད་དང་། མི་
ངས་ཐམས་ཅད་རབ་ཏུ་ཞི་བར་འཚལ་བས་རིག་སྔགས་འཆང་ལེགས་པར་ཁྲུས་བགྱིས་པ་གཙང་མས་གོས་གཙང་མ་བགོས་ལ་ལག་པས་ཞགས་པ་བླངས་ཏེ། གནས་མཐོན་པོར་འཛེགས་ནས་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་དང་། ཞགས་པ་བཅིངས་ནས་དོན་ཡོད་པའི་

ཞགས་པའི་སྙིང་པོ་ཕྱོགས་བཞིར་ལན་བདུན་བཟླས་ནས་ཞགས་པ་འཕངས་ན་དེ་དག་ཐམས་ཅད་དྲན་པ་ཙམ་གྱིས་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། རང་གི་དཔུང་དང་། གཞན་གྱི་དཔུང་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། མི་མཛའ་བ་ཐམས་
ཅད་རབ་ཏུ་ཞི་བར་འགྱུར་རོ། །འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་དང་། མི་ངས་ཆེན་པོ་དང་མུ་གེའི་དགོན་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཧ་ཅང་ཆར་ཆེ་བ་དང་། དུས་མ་ལགས་པའི་ཆར་དང་། གྲང་བ་དང་། རླུང་དང་།
ཚ་བ་མི་བཟད་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །དཔག་ཚད་བརྒྱ་སྟོང་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་བ་བགྱིས་པར་འགྱུར་རོ། །ཅི་ལྟ་ཅི་ལྟར་ཡིད་ལ་བསམས་པ་དེ་ལྟ་དེ་ལྟར་ཐམས་ཅད་འགྲུབ་པར་འགྱུར་བས། དོན་ཡོད་རྒྱལ་པོ་མཆོད་པར་བགྱི་
ཞིང་བཟླས་བརྗོད་བགྱི་གསོལ་བར་ཡང་བགྱིའོ། །མཆོད་པ་དང་། གསོལ་བ་བགྱིས་པ་ཙམ་གྱི་མོད་ལ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་ཏེ། དེ་ལ་ཡིད་གཉིས་དང་སོམ་ཉི་བསྐྱེད་པར་མི་བགྱིའོ། །ཆོ་ག་ཞིབ་མོ་ལས་ཅི་སྐད་གསུངས་པ་བཞིན་ལས་བགྱིད་པ་རྣམས་
ཀྱིས་ཆོ་ག་དེ་བཞིན་དུ་བསྒྲུབ་པར་བགྱིའོ། །དེ་ནས་སྐད་ཅིག་དེའི་མོད་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བར་བགྱིའོ། །འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱིའོ། །དཀོན་མཆོག་གསུམ་ལ་གུས་པར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གུས་པ་དང་། བླ་མར་ཡིད་ལ་བསྒོམ་པར་བགྱིའོ། །མི་གཙང་བ་སྤྱོད་པ་གཙང་བར་བགྱི་ཞིང་ཡོངས་སུ་དག་པའི་ངང་ཚུལ་ཅན་དུ་
བསྒོམ་པར་བགྱིའོ། །དོན་ཡོད་པའི་ཞགས་པ་དེ་ཁོ་ན་ཉིད་ཀྱི་ཆོ་ག་སྒྲུབ་པ་ཡིད་བཞིན་གྱི་ནོར་བུ་བྱང་ཆུབ་དགུག་པར་བགྱིའོ། །དེ་ནས་ཞགས་པའི་འཁོར་ལོའི་ཆོ་ག་སྒྲུབ་པ་བཤད་པར་བགྱི་སྟེ། རིག་སྔགས་འཆང་དེ་ཁོ་ན་ཉིད་བསྒྲུབས་པས་ཕུག་ཏུ་འཇུག་པའི་བསྒྲུབ་པ་

ཐམས་ཅད་ཀྱི་མཆོག་ཕུག་ཏུ་འཇུག་པ་དང་། ལྷ་མ་ཡིན་གྱི་གནས་སུ་འཇུག་པ་དང་། མིའམ་ཅིའི་གནས་སུ་འཇུག་པ་དང་། དྲི་ཟའི་གནས་སུ་འཇུག་པ་དང་། ལྷའི་གནས་སུ་འཇུག་པ་དང་། ནམ་མཁའ་ལ་རྒྱུ་བ་དང་། སུམ་ཅུ་རྩ་གསུམ་པའི་
གནས་སུ་འཇུག་པ་དང་། འོག་མིན་གྱི་གནས་ཀྱི་བར་དུ་འཇུག་པ་དང་། ཀླུའི་རྒྱལ་པོའི་གནས་སུ་འཇུག་པ་དང་། ཐང་ལ་རྒྱུ་བ་དང་། ཉི་མའི་གནས་སུ་འཇུག་པ་དང་། ཟླ་བའི་གནས་སུ་འཇུག་པ་དང་། སྐར་མ་དང་རྒྱུ་སྐར་གྱི་གནས་སུ་འཇུག་པ་དང་། ནགས་སུ་
འཇུག་པ་དང་། རིལ་རྒྱུ་བ་དང་། འབབ་ཆུ་ཆེན་པོར་འཇུག་པ་སྟེ། ཇི་ལྟ་ཇི་ལྟར་ཡིད་ལ་བསམས་པ་དེ་ལྟ་དེ་ལྟར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཞགས་པའི་ཆོ་ག་བསྒྲུབ་པ་ཚོགས་ཆུང་ངུ་དང་། རྩོལ་བ་ཆུང་ངུས་འགྲུབ་པར་འགྱུར་རོ། །དེལ་ཡིད་
གཉིས་དང་། སོམ་ཉི་བསྐྱེད་པར་མི་བྱའོ། །རིག་སྔགས་འཆང་གཙང་མར་གྱུར་པས་ལེགས་པར་ཁྲུས་བགྱིས་ཏེ། གོས་གཙང་མ་བགོས་ནས་ཟས་དཀར་གསུམ་འཚལ་བ། གཙང་མ་དེ་ཁོ་ན་ཉིད་ལ་གུས་པས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། །
བྱམས་པའི་སེམས་ལ་མཉམ་པར་གཞག་ནས་ས་སྙིང་རྗེའི་བསམ་པ་དག་པའི་ཡིད་ཀྱིས་ཚེས་བཅུ་གསུམ་ནས་བརྩམས་ཏེ། ཟླ་བ་ཉའི་བར་དུ་གསལ་བ་ཤིན་ཏུ་བཀྲ་ཤིས་པ་ལ་དུས་གསུམ་དུ་ཅི་འབྱོར་པའི་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བགྱིས་ལ། རྟག་ཏུ་བརྒྱ་རྩ་
བརྒྱད་པ་ཡི། །དུས་གསུམ་རྒྱུན་དུ་བཟླས་བརྗོད་བགྱི། །ཉིན་པར་དུས་གསུམ་ལན་གསུམ་སྟེ། །མཚན་མོའི་དུས་སུ་ལན་གསུམ་བགྱི། །འཁོར་ལོ་ཞགས་པ་བླ་མེད་འདི། །སྐུད་པ་གསུམ་ལས་བསྒྲུབ་བགྱི་སྟེ། །རས་སྐུད་པདྨའི་སྐུད་པ་དང་། །ཨརྒའི་
སྐུད་པ་སུམ་འགྱུར་དུ། །དེ་ནི་ལེགས་པར་ཚད་བཞིན་དུ། །ཁྲུ་ནི་སུམ་ཅུ་རྩ་དྲུག་བགྱི། །འཁོར་ལོ་རྣམ་པ་གསུམ་ལས་བགྱི། །རྒྱར་ནི་སོར་བཞིའི་ཚད་ལགས་ཏེ། །སྙིང་པོར་བཅས་ཤིང་མུ་ཁྱུད་བཅས། །ཀུན་ནས་རྩིབས་དང་ལྡན་པ་དག །གསེར་དང་དངུལ་

དང་ཟངས་ལས་བགྱི། །ཆོས་བསྟན་ལེགས་པར་བརྒྱན་པ་ཡི། །བཟང་པོའི་སྟན་ལ་གཞག་པར་བགྱི། །སྤོས་ཀྱི་དཀྱིལ་འཁོར་མེ་ཏོག་གི། །སིལ་མ་བཀྲམ་ནས་བུམ་པ་དགོད། །དེ་བཞིན་མཆོད་ཡོན་སྣོད་ཀྱང་བཤམ། །རི་མོའི་གཟུགས་ཀྱི་མདུན་དུ་ཆོས་ཀྱི་
སྟན་བཤམས་པར་བགྱིས་པའི་སྟེང་དུ་འཁོར་ལོའི་ཞགས་པ་གཞག་པར་བྱ་སྟེ། མཆོད་པ་བགྱིས་ལ་བསམས་པ་ཅི་ལྟ་བ་བཞིན་དུ་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་ཚེས་བཅྭ་ལྔའི་ཟླ་བ་ཉ་བ་ལ་ཉིན་ཞག་གཅིག་མཆིས་པར་གྱུར་པས།
ཚིག་གཞན་མི་སྨྲ་བར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་མཆོད་པ་བགྱི་ཞིང་། བདུག་པ་རྣམ་པ་གསུམ་པོ། །ཨ་ག་རུ་དང་། ཙན་དན་དང་། གུ་གུལ་རྣམས་འབུལ་བར་བགྱིའོ། །རི་མོའི་གཟུགས་ཀྱི་མདུན་དུ་ཆོས་ཀྱི་སྟན་མཆིས་པ་
ལ་མངོན་དུ་ཕྱོགས་ཏེ་མཆིས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཡུངས་ཀར་རེ་རེ་ལ་བཟླས་བརྗོད་བགྱིས་པས་ཞགས་པའི་སྟེང་དུ་གཏོར་བར་བགྱིའོ། །སྟོང་རྩ་བརྒྱད་ཚང་ནས་ཞགས་པ་འབར་བའི་འཁོར་ལོ་ནམ་མཁའ་ལ་
མཆིས་ནས་འབར་ཞིང་ལྡིང་བར་འགྱུར་རོ། །རིག་སྔགས་འཆང་གི་ལུས་ཀྱི་སྟོད་དང་། སྤྱི་བོ་ནས་འོད་ཟེར་འབྱུང་བར་འགྱུར་རོ། །རི་མོའི་གཟུགས་ལས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་དོན་ཡོད་པའི་ཞགས་པའི་སྙིང་པོའི་
འཁོར་ལོ་ཞགས་པའི་ཆོ་ག་རྒྱ་ཆེན་པོ་འདི་འགྲུབ་པར་འཚལ་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་མཆོད་པ་ཆེན་པོ་བགྱིས་ལ། དོན་ཡོད་ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱི་སྟེ། དེའི་འོག་ཏུ་རིག་སྔགས་འཆང་གིས་ཞགས་པ་བླང་བར་བགྱིའོ།
ལག་པ་གཡོན་པ་འཁོར་ལོའི་ཕྱག་རྒྱའི་ཚུལ་དུ་བཅིང་བར་བགྱི་ཞིང་། གཡས་པ་ཞགས་པའི་ཕྱག་རྒྱ་དང་འཁོར་ལོའི་ཚུལ་ལ་བརྟེན་ནས་བླངས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་བརྗོད་ནས་ཕྱོགས་བཞིར་འཕང་བར་བགྱིའོ། །དེ་ནས་ཕྱོགས་བཅུར་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་

རྩ་གཅིག་བཟླས་བརྗོད་བགྱིའོ། །དེ་ནས་བདག་ཉིད་ཀྱི་ལུས་ལ་དབང་བསྐུར་བའི་ཚུལ་དུ་ལན་བདུན་དུ་བསྐོར་བར་བགྱིའོ། །དེ་ནས་ཕྱག་རྒྱའི་ཚུལ་དུ་བསྐོར་བ་ཙམ་གྱི་མོད་ལ་རིག་སྔགས་འཆང་འཁོར་ལོས་སྒྱུར་བའི་དབང་བསྐུར་བར་འགྱུར་རོ། །དམ་པ་ཆེན་པོ་འགྲུབ་
པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་ལེགས་མཐོང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས། རིག་སྔགས་འཆང་གི་རྐང་བ་སྤྱི་བོས་བླངས་ནས་འདི་སྐད་ཅེས་ཀྱང་སྨྲ་བར་འགྱུར་ཏེ། རིག་སྔགས་འཆང་གིས་ཅི་བཀའ་སྩལ་བ་དེ་བགྱིའོ་ཞེས་ཅི་བསྒོ་བའི་དོན་དེ་དང་དེ་
ཐམས་ཅད་བགྱིད་པར་འགྱུར་རོ། །བྲན་ནི་རང་བཞིན་གྱིས་ཐམས་ཅད་དུ་ལས་བགྱིད་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་གནས་སུ་འཇུག་པར་འཚལ་བས། འདི་ལྟར་ནུབ་གསུམ་དུ་མཆིས་པར་གྱུར་པས། ཞགས་པའི་ཕྱག་རྒྱ་ལག་པས་བླང་བར་བགྱིའོ། །ཕུག་གི་
སྒོ་གང་ལགས་པ་དེར་ཞགས་པ་ལན་གསུམ་དུ་བསྐོར་བར་བགྱིའོ། །དོན་ཡོད་པའི་རྒྱལ་པོ་བཟླས་བརྗོད་བགྱིས་ཏེ། ཞགས་པ་གདབ་པར་བགྱིའོ། །ཞགས་པ་བཏབ་པ་ཙམ་གྱི་མོད་ལ་གནས་ཀྱི་ཕུག་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར་རོ། །འཁྲུལ་འཁོར་དང་། གཏན་པ་དང་།
ཕུག་དང་། འབབ་ཆུ་ཆེན་པོ་དང་། གསེག་མ་དང་། འབབ་ཆུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལམ་མི་བདེ་བ་ཐམས་ཅད་བསལ་བ་དང་། བཅོམ་པ་དང་བཤིག་པར་འགྱུར་རོ། །གཏན་པ་དང་། སྒོ་གླེགས་དང་། འཁྲུལ་འཁོར་དང་། ལྕགས་སྒྲོག་རྣམས་
དུམ་བུ་དུམ་བུར་བཅད་ཅིང་གྱེས་པར་འགྱུར། ཉམས་པར་འགྱུར། འཇིག་པར་འགྱུར་རོ། །ཤིན་ཏུ་དག་པ་དང་ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་རྒྱ་ཆེ་བའི་གཞལ་མེད་ཁང་འབྱོར་པ་རྣམ་པར་འཕྲུལ་པ་དག་མཐོང་བར་འགྱུར་རོ། །རིན་པོ་ཆེ་སྣ་ཚོགས་ཀྱིས་བཀྲ་བ་རིན་པོ་ཆེ་སྣ་བདུན་
གྱིས་བརྒྱན་པའི་གནས། རིན་པོ་ཆེ་སྣ་ཚོགས་ཀྱི་ལྗོན་ཤིང་གིས་བརྒྱན་པའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། །མེ་ཏོག་སྣ་ཚོགས་ཀྱི་རབ་ཤིན་ཏུ་དྲི་ཞིམ་པོའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ལག་པའི་ཞགས་པ་དང་། འཁོར་ལོའི་

ཕྱག་རྒྱའི་ཚུལ་མངོན་སུམ་དུ་བགྱིས་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་ཏེ་འཇུག་པར་བགྱིའོ། །རིག་སྔགས་འཆང་གནས་སུ་ཞུགས་པ་ཙམ་ཁོ་ནས་གནས་མཆོག་དེ་ཡང་རྣམ་པར་དྲུག་ཏུ་འགུལ་བ་དང་། གཡོ་བ་དང་། ལྡེག་པ་དང་། འུར་འུར་ཆེམ་ཆེམ་སྟེ་
ལྷའི་འོད་ཟེར་གྱི་སྣང་བ་ཆེན་པོས་སྣང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་འཇུག་པར་བགྱིའོ། །དེ་ནས་དོན་ཡོད་པ་རྣམ་པར་དག་པ་དྲི་མ་མེད་པ་ཞེས་བགྱི་བའི་སྨན། བུད་མེད་ཀྱི་གཟུགས་ལྷའི་རྒྱན་གྱིས་བརྒྱན་པ། ལྷའི་གོས་ཀྱི་རྒྱན་གྱིས་བཀླུབས་པ་ཁ་དོག་བཟང་
པོ་རྒྱས་པ། མཆོག་དང་ལྡན་པ། ལྷའི་གཟུགས་ཆེན་པོ་འཆང་བ་བཱི་ཛ་པཱུ་ར་ཐོགས་པ་མཆི་བར་འགྱུར་རོ། །སྨན་བུད་མེད་ཀྱི་གཟུགས་འཆང་བ་དེ་མ་མཐོང་བ་ཙམ་ཁོ་ནས་དཔག་ཚད་གང་ཙམ་ནས། གཟི་བརྗིད་ཐམས་ཅད་དང་། སྟོབས་ཐམས་ཅད་ཉེ་བར་བསྒྲུབ་པར་བགྱ