Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ
Văn bản gốc(Tây Tạng)
Trang 8 / 20 (50.000 ký tự/trang)
ཏོར་མ་དཀར་པོ་ཉེ་བར་གཞག་པར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་ལ་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ། ཕྱོགས་བཞིར་ཕྱག་བྱས་ལ་བདུག་པའི་རྒྱལ་པོ་འདིས་བདུག་པར་བྱས་ན། བདུགས་པ་ཙམ་གྱི་མོད་ལ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ་ འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་རེ་རེར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་ལ་བདུག་པའི་སྤྲིན་འཁྲིགས་པ་ལྷའི་སྤོས་ཀྱིས་བསྒོས་པ་མི་མཉམ་པ་དང་མཉམ་པའི་བདུག་སྤོས་ཆེན་པོ་ཙནྡན་སྦྲུལ་གྱི་སྙིང་པོ་དང་། གོར་ཤིརྵ་དང་། ཏ་མ་ ལའི་ལོ་མ་དང་། བདུག་སྤོས་མང་པོ་ནམ་མཁའི་ངོས་ཁེབས་པས་མཆོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་སུམ་ཅུ་རྩ་གསུམ་ན་གནས་པའི་ལྷ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འོག་མིན་གྱི་གནས་ ན་གནས་པའི་ལྷའི་བར་དུ་ཐམས་ཅད་བདུག་པའི་དྲིས་རབ་ཏུ་དགའ་བར་འགྱུར་རོ། །རྒྱུ་སྐར་དང་། སྐར་མའི་ཚོགས་དང་། ཉི་མ་དང་ཟླ་བ་ཐམས་ཅད་དགའ་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མི་བྱ་ཞིང་ཡིད་གཉིས་བསྐྱེད་པར་མི་བྱའོ། །སྐད་ཆེན་པོས་དོན་ཡོད་པའི་ཞགས་པའི་སྙིང་པོ་ བཟླས་པ་བྱས་ན། དེས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་འགྱུར་ཞིང་རིག་སྔགས་འཆང་དེ་ལ་ཡང་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པར་འགྱུར། དུས་ཀུན་ཏུ་དགོངས་པར་འགྱུར། ཡང་དང་ཡང་དུ་ གཟིགས་པའི་ཕྱིར་བྱོན་པར་འགྱུར་རོ། །བདེ་བ་ཅན་ན་བཞུགས་པའི་དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་རབ་ཏུ་དགྱེས་པར་འགྱུར། རིག་སྔགས་འཆང་ལ་དོན་ཡོད་པ་ཆེན་པོའི་དངོས་གྲུབ་སྩོལ་བར་མཛད་གཟིགས་བཞེད་པར་འགྱུར་རོ། །ཀླུ་ཐམས་ཅད་ལ་བདུགས་པ་ཙམ་གྱིས་དབང་དུ་འགྱུར་ཞིང་ཧ་ཅང་ཆར་ཆེས་ན་གཅོད་པར་བྱེད་ཅིང་ཆར་མི་འབབ་ན་འབེབས་པར་བྱེད་དོ། །རླུང་དང་སེར་བ་དང་སྤྲིན་ཐམས་ཅད་གཅོད་པར་ བྱེད་བདུགས་པ་ཙམ་གྱིས་གདོན་ཐམས་ཅད་འཇིག་པར་བྱེད་བགེགས་དང་ལོག་འདྲེན་ཐམས་ཅད་ཕྱོགས་བཅུར་དཔག་ཚད་སྟོང་དུ་འབྲོས་པར་འགྱུར། མ་མོའི་གནས་སུ་བདུགས་ན་རླུང་དང་སེར་བ་དང་སྤྲིན་ཐམས་ཅད་གཅོད་པར་བྱེད་མ་མོའི་ཚོགས་དང་ནག་པོ་ཆེན་པོ་ལ་སོགས་པ་འགུགས་ པར་འགྱུར་ཞིང་དབང་དུ་གྱུར་ནས་འདུག་པར་འགྱུར་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །གཡུལ་འགྱེད་པའི་ཚེ་བདུགས་ན་དཔུང་གི་ཚོགས་ཡན་ལག་བཞི་པའི་དཔུང་ལས་རྒྱལ་བར་འགྱུར། ཐམས་ཅད་དུ་བདུགས་པ་ཙམ་གྱིས་རྒྱལ་བར་འགྱུར། ཐམས་ཅད་དུ་སྦྱར་བར་བྱས་ན་ ཀུན་ཏུ་གྲུབ་པ་ཆེན་པོར་འགྱུར་རོ། །བདུག་པའི་ཆོ་གའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་གཅིག་པ། དེ་ནས་རིག་སྔགས་འཆང་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཐིག་ལེ་བྱ་བ་དང་། གདོང་བཀྲུ་བ་དང་ ལུས་བསྐུ་བ་བྱས་ན་ཡ་ལད་དང་། གོ་ཆ་བགོས་པ་དང་འདྲ་བར་འགྱུར་བ་བཤད་པར་བགྱི་ཡིས་བཅོམ་ལྡན་འདས་གསན་དུ་གསོལ། དོན་ཡོད་པའི་ནོར་བུ་རྒྱ་ཆེན་པོ་རྡོ་རྗེའི་ཞགས་པ་ཞེས་བྱ་བའི་ནོར་བུ་གང་སྦྱོར་བ་བྱས་པ་ཙམ་གྱིས་ཐམས་ཅད་འགྲུབ་པ་བླ་ན་མེད་པ་མཁས་པས་མཛོད་ སྤུ་རྣམས་སུ་ཐིག་ལེ་བྱས་ན་ཚོགས་ཀྱི་ནང་དང་སྐྱེ་བོ་མང་པོའི་ནང་དང་ཚོགས་པའི་ནང་དང་དགེ་འདུན་གྱི་ནང་དང་དེ་བཞིན་དུ་རིགས་བྱེད་ཀྱི་ཚོགས་བཞིའི་ནང་དུ་སྐར་མའི་ཚོགས་ཀྱི་ནང་དུ་ཟླ་བ་ཚེས་པ་བཞིན་དུ་མཛེས་ཤིང་འཇིགས་པ་མེད་དོ། །ལྷ་རྣམས་ཐམས་ཅད་ཡ་ མཚན་སྐྱེ། །དྲག་པོ་ཡི་ནི་ཅོད་པན་འཆང་། འཇིག་རྟེན་མགོན་པོའི་གཡས་ཀྱི་དབུའི། །དབུ་རྒྱན་རྩེ་ཕྲན་ཟླ་ཚེས་བཞིན། །གདོང་བཀྲུ་བ་ནི་མཆོག་ཡིན་ནོ། །ཟླ་བ་ཉ་བའི་འོད་དང་མཚུངས། །སྨིན་མ་རྣ་བ་དཔྲལ་བ་དང་། །པདྨ་དཀར་ཤམ་ཤིན་ཏུ་འཇམ། །མིག་གཉིས་ ཨུཏྤལ་སྔོན་པོ་འདྲ། །སེམས་ཅན་ཐམས་ཅད་དགའ་བས་བལྟ། །དགའ་ཞིང་རྟག་ཏུ་ཚིག་བཙན་འགྱུར། །དེ་ཡི་མིག་གིས་གང་མཐོང་བ། །ཐམས་ཅད་དབང་དུ་གྱུར་པར་འགྱུར། །སྐྱེས་པ་དག་ལ་བསྐུ་བྱས་ན། །རྟག་ཏུ་རིག་སྨྲ་བློ་ཆེ་ཞིང་། །རྟག་ཏུ་ཡ་ལ་གོ་བགོས་པའི། ། འཇིགས་པ་མེད་པའི་ལུས་སུ་འགྱུར། །འབྱུང་པོ་རྣམས་ནི་མི་བཟོད་ཅིང་། །གནོད་སྦྱིན་འབྱུང་པོ་གསང་བ་པས། །རྟག་ཏུ་ཐུབ་པར་མི་འགྱུར་རོ། །སྟོབས་ཆེན་ཕ་རོལ་གནོན་པ་དང་། །རྟག་ཏུ་སྲེད་མེད་སྟོབས་ལྡན་ཞིང་། །གླང་ཆེན་སྟོབས་ཀྱི་སྟོབས་ལྡན་འགྱུར། །ལྷ་རྣམས་འདར་ནི་ཡེད་ཡེད་ ཅིང་། །ཀླུ་རྣམས་མཚོན་སྐྲག་པར་བྱེད། །གལ་ཏེ་རིག་སྔགས་སྨྲ་བ་ཡིས། །རེག་ན་རི་རབ་ལྷུན་པོ་ཡང་། །གཡོ་བར་འགྱུར་བར་ཐེ་ཚོམ་མེད། །རྟག་ཏུ་སྲེད་མེད་སྟོབས་ལྡན་ཞིང་། །སྟོབས་དང་གཟུགས་དང་རྩལ་ལྡན་འགྱུར། །ནོར་བུ་རྒྱལ་པོ་བླ་ན་མེད། །འདི་ནི་ཐོས་པ་ ཙམ་གྱིས་ཀྱང་། །སྡིག་པ་ཀུན་ལས་ངེས་གྲོལ་ཞིང་། །དུག་རྣམས་ཐམས་ཅད་འཇོམས་པར་བྱེད། །དཔལ་དང་སྐལ་བཟང་རྟག་ཐོབ་འགྱུར། །གང་གི་ལག་ཏུ་ཐོགས་གྱུར་པ། །སྒྲིབ་བ་ཀུན་ལས་ངེས་གྲོལ་ཞིང་། །དེ་བཞིན་འཇིག་རྟེན་དགའ་བར་འགྱུར། །དེ་ནི་དེ་བཞིན་ གཤེགས་ཀུན་གྱི། །ཐུགས་སྐྱེས་གསུང་སྐྱེས་སྲས་སུ་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །བླ་མ་རྟག་ཏུ་རྗེས་འབྲང་ཞིང་། །རིག་སྔགས་སྨྲ་བ་དབུགས་འབྱུང་ཕྱིར། །དེ་བཞིན་དུ་ནི་བསྲུང་བ་དང་། །རྟག་ཏུ་མཆོག་ནི་སྦྱིན་པར་འགྱུར། །འཇིག་རྟེན་མགོན་ པོ་ཐུབ་ཆེན་གྱི། །བསོད་ནམས་ཕུང་པོ་ཆེན་པོ་འཐོབ། །གང་ཞིག་ནོར་བུ་འདི་འཆང་བ་དེ་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་སྙེད་ལས་དགེ་བའི་རྩ་བ་བསྐྱེད་པར་འགྱུར། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མཐོང་ཞིང་ དབུགས་འབྱིན་པ་དང་། ཕྱི་བཞིན་འབྲང་བར་འགྱུར། དཔལ་དང་སྐལ་བ་བཟང་པོ་ཐམས་ཅད་དང་ལྡན་པར་འགྱུར། རྟག་ཏུ་ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་འགྱུར། སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་གཅིག་བུར་འགྱུར། དགྲ་ཐམས་ཅད་ཀྱིས་མི་སོད་པར་འགྱུར། ཕྱག་ན་རྡོ་རྗེས་དེ་ལ་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་གནས་པར་འགྱུར་རོ། །ཕྱག་ན་པདྨ་ཡང་རྟག་ཏུ་མཆོག་སྦྱིན་པར་འགྱུར་རོ། །རིག་སྔགས་འཆང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་སྟེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ནོར་བུ་ཆེན་པོ་བཟུང་བས་སྡང་བ་བདུད་ལ་སོགས་པ་ཐམས་ཅད་དང་བགེགས་དང་ལོག་འདྲེན་ཐམས་ཅད་ལས་རྒྱལ་ཏེ། ཕ་རོལ་ཕམ་པར་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །འདིས་རྔ་བོ་ཆེ་ལ་བསྐུས་ཏེ་བརྡུངས་ན་ཆོས་ཀྱི་རྔ་བོ་ཆེ་བརྡུངས་པར་འགྱུར་རོ། །གང་དག་སྒྲ་ཐོས་པ་ཙམ་ གྱིས་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔའི་སྡིག་པ་རབ་ཏུ་ཞི་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རི་དགས་དང་བྱ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །འཕགས་པ་ལ་སྐུར་བ་འདེབས་པ་དང་། དམ་པའི་ཆོས་ སྤོང་བ་དང་། མནར་མེད་པ་ལ་གཞོལ་ཞིང་གནས་པ་དག་ལས་ཡོངས་སུ་གྲོལ་བར་འགྱུར། དམྱལ་བ་ཆེན་པོ་བཅུ་དྲུག་ལས་ཡོངས་སུ་གྲོལ་བར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། དེ་ལ་དུག་གི་འཇིགས་པ་འབྱུང་བར་མི་འགྱུར། མེའི་འཇིགས་ པ་འབྱུང་བར་མི་འགྱུར། མཚོན་གྱི་འཇིགས་པ་འབྱུང་བར་མི་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར། རིམས་ཐམས་ཅད་ཀྱི་འཇིགས་པ་འབྱུང་བར་མི་འགྱུར། འདིས་དུང་ལ་བསྐུས་ཏེ་བུས་ན་ཆོས་ཀྱི་དུང་ཆེན་པོ་བུས་པར་འགྱུར། ཐ་ན་དུང་གི་སྒྲ་ ཐོས་པའི་བར་དེ་དག་ཐམས་ཅད་ཀྱང་སླར་ལྡོག་པར་མི་འགྱུར། སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དག་ཀྱང་སྐྱེ་བ་དང་རྒ་བ་དང་ནད་དང་འཆི་བ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་འགྱུར། འདི་ནི་སྐྱེ་བ་ཕྱི་མ་ཡིན་ཏེ་ཤི་ ནས་ཐམས་ཅད་རིགས་མཐུན་པར་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར། ལུས་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྒྱན་ཐམས་ཅད་ཀྱིས་བཀླུབས་པ་པདྨ་ལས་སྐྱིལ་མོ་ཀྲུང་བཅས་ཏེ་སྐྱེ་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ འོད་དཔག་མེད་ལས་མངོན་སུམ་དུ་ཆོས་ཀྱི་གཏམ་ཐོས་པར་འགྱུར་རོ། །ཟླ་བ་ཡར་གྱི་ངོ་ལ་ཅོད་པན་དཀར་པོ་བཅིངས་ཏེ་ནོར་བུ་ཆེན་པོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་བསྒྲེང་བ་ཙམ་གྱི་མོད་ལ་ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་འགྱུར་རོ། །འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པ་མཐོང་ བ་ཙམ་གྱིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བདུད་འདུལ་བའི་རྒྱལ་མཚན་སྒྲེང་བ་མཐོང་བར་རིག་པར་བྱའོ། །འདི་བསྒྲེང་བ་ཙམ་གྱིས་འཐབ་པ་དང་། རྩོད་པ་དང་ཁྲག་ཁྲུག་ཐམས་ཅད་ཞི་བར་འགྱུར། གནོད་པ་ཐམས་ཅད་དང་མི་ངས་དང་ མུ་གེའི་དགོན་པ་རབ་ཏུ་ཞི་བར་འགྱུར། ཆོམ་པོ་དང་གཡོན་ཅན་དང་རྐུན་མ་དང་ཕྱིར་རྒོལ་བ་དང་མི་མཛའ་བ་འཇིག་པར་འགྱུར། རང་གི་དཔུང་དང་གཞན་གྱི་དཔུང་དང་སྡང་བའི་སེམས་ཀྱང་རབ་ཏུ་ཞི་བར་འགྱུར། དུག་མི་བཟད་པ་དང་གཅན་གཟན་གཏུམ་པོ་དང་བྱ་དང་སྦྲང་བུ་དང་ཤ་སྦྲང་དང་ བྱི་བ་དང་སྡིག་སྦྲུལ་དང་འབྲས་དང་ལུའུ་ཏ་དང་དུག་དང་ཤུ་བ་དང་ལྷོག་པ་དང་མཚན་བར་རྡོལ་བ་དང་སྐེ་བགེགས་པ་ཐམས་ཅད་འཇིགས་པར་འགྱུར། སྡང་བའི་ཀླུ་དང་། སེར་བ་དང་། གྲང་བ་དང་། རླུང་གིས་མི་ཚུགས་ཤིང་ནད་ཐམས་ཅད་རབ་ཏུ་ཞིབ་བར་འགྱུར་རོ། །བདེ་བ་དང་། དགའ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་མང་པོ་དང་མི་མང་པོས་ཡོངས་སུ་གང་ཞིང་འབྱོར་བར་འགྱུར། ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་བ་དང་མགུ་བར་འགྱུར། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ཟས་དང་། སྐོམ་རོ་ཞིམ་པ་དང་། ཤིན་ཏུ་འཇམ་པ་ ཕུན་སུམ་ཚོགས་པར་འགྱུར། ཐམས་ཅད་དུ་ལྷའི་རེག་པ་དང་བཅས་པའི་བཟའ་བ་དང་བཏུང་བ་འབྱུང་བར་འགྱུར་རོ། །སྡང་བའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཕྲ་མེན་མ་དང་། ཡི་དགས་དང་། བརྗེད་བྱེད་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། གྲིབ་མ་དང་། བཟའ་ཉེས་དང་། བགོ་ཉེས་དང་། བལྟ་ཉེས་དང་། གྲིབ་མ་ངན་པ་ཞི་བར་འགྱུར་ཞིང་མི་ཚུགས་པར་འགྱུར། སེམས་ཅན་དེ་དག་ཐམས་ཅད་ཕན་ཚུན་དུ་བྱམས་པའི་སེམས་སུ་འགྱུར། མཆོག་ཏུ་ཡིད་བདེ་བའི་གནས་པས་གནས་པར་འགྱུར་རོ། ། ཡོན་ཏན་དང་ཕན་ཡོན་ཆེན་པོ་དེ་དག་ནི་ནོར་བུའི་རྒྱལ་པོ་ཆེན་པོའི་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་བཞིན་འཛུམ་ཞིང་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲུབ་པའི་རྫས་ཀྱི་མཆོག་ནོར་བུ་གདགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་བདག་གི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་རྗེས་སུ་ བསྒྲགས་པར་བགྱིའོ། །གསེར་དང་ན་ལ་ད་དང་། གི་ཝང་དང་། བ་བླ་དང་། ལྡོང་རོས་དང་། པདྨ་དང་། ཨུཏྤ་ལ་དང་། གུར་གུམ་དང་། ནཱ་ག་པུས་པ་དང་། ཏྭ་ཙ་དང་། ཏར་ག་དང་། ཙནྡན་རྣམ་གཉིས་དང་། སྤྲྀ་ཀ་དང་། ཀཱ་ལ་ཀ་དང་། རུ་རྟ་དང་། ཤུ་ཏི་དང་། པྲི་ཡང་ ཀུ་དང་། ཧ་རེ་ནུ་ཀེ་དང་། སག་སྨེལ་དང་། ལོ་དྷ་དང་། ཛཱ་ཏ་པ་ཀྲི་ཀཱ་སུ་མ་ན་དང་། སཱ་མ་ཀ་དང་། སྲ་རྩི་པོག་དང་། ཤིང་ཨརྐའི་འོ་མ་རྣམས་བསོགས་ཏེ་ཆ་མཉམ་པར་བྱས་ལ་གསེར་ཉིས་འགྱུར་དུ་བྱས་ཏེ། རྒྱུ་སྐར་བཟང་པོ་དང་ཚེས་གྲངས་ཤིས་ཤིང་དགེ་བ་ལ་ཁྲུས་ལེགས་ པར་བྱས་ཏེ། གོས་གཙང་མ་བགོས་ནས་ཉིན་ཞག་གཅིག་བྱམས་པའི་སེམས་ལ་མཉམ་པར་བཞག་སྟེ། ཕྱེ་མ་ཞིབ་མོར་བྱས་ཏེ་དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་གཟུངས་སྟོང་རྩ་བརྒྱད་བཟླས། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། གཏོར་ལ་དྲི་ཆབ་བཟང་པོས་སྤངས་ཏེ། སྦྱར་ལ་ གསེར་དང་བསྲེས་ལག་པུར་དང་གླ་རྩིའི་བདུག་པས་བདུགས་ཏེ་ནོར་བུ་ཞོ་གཉིས་པའི་ཚད་དུ་བྱས་ནས་ཕུག་ལ་རས་སྐུད་ཀྱིས་བཏགས་ཏེ་གསེར་གྱིས་གཡོགས་ལ་ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མི་སྨྲ་བར་སྒྲུབ་པ་བྱས་ལ་དེ་ཉིད་ཀྱི་ཞབས་དྲུང་དུ་གྲི་བ་མ་ལ་བསྐམ་པར་བྱས་ཏེ། ཕྱེད་དམ་བཞི་ཆ་གསེར་གྱིས་གཡོགས་པར་བྱ་ཞིང་ཕྱེད་གཡོགས་པར་མི་བྱའོ། །གང་ལ་གསེར་གྱིས་གཡོགས་པ་འདི་ནི་གང་ལ་དོན་ཡོད་པའི་ ཞགས་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་དང་འདྲ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལས་ཆེན་པོ་སྒྲུབ་པར་བྱེད་དོ། གསེར་གྱིས་མ་གཡོགས་པས་ནི་འཇིག་རྟེན་པའི་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་དེ། ནད་ཐམས་ཅད་དང་། གདོན་ ཐམས་ཅད་དང་། ལུའུ་ཏ་དང་། འབྲས་དང་། འགོ་བའི་ནད་དང་། ཤུ་བ་དང་། ལྷོག་པ་དང་། མཚན་པར་རྡོལ་བ་དང་། ཕོལ་མིག་དང་། ཤ་བཀྲ་དང་། མིག་ནད་དང་། ཀླད་ནད་དང་། གཞོགས་ཕྱེད་ན་བ་དང་། མགུལ་པ་འགགས་པ་དང་། ཁ་ནད་དང་། སྣ་ནད་ དང་། རྣ་བའི་ནད་དང་། སོ་ནད་དང་། རྐན་ན་བ་དང་། ལྕེ་ན་བ་དང་། མཆུ་ན་བ་དང་། སྙིང་ན་བ་དང་། རྩི་བ་ལོགས་ན་བ་དང་། ལྟོ་ན་བ་དང་། མཆིན་པ་ན་བ་དང་། རྒྱབ་ན་བ་དང་། གཅིན་སྙི་བ་དང་། ཟུག་གཟེར་དང་། འཁྲུ་བ་དང་། ཕོ་བའི་ནད་དང་། གཞང་འབྲུམ་ཐམས་ཅད་རབ་ཏུ་ཞི་ བར་འགྱུར་ཞིང་རིམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། རིམས་ཉིན་བཞི་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ལུས་ཀྱི་ནང་གི་ནད་ཐམས་ཅད་ལ་ཆུ་དྲོན་དང་ལྷན་ ཅིག་སྦྱིན་ནོ། །ཕ་རོལ་གྱི་ནད་ཐམས་ཅད་དང་གནོད་པ་ཐམས་ཅད་ལ་བྱུགས་པ་ཙམ་གྱིས་ཡོངས་སུ་གྲོལ་བར་འགྱུར་རོ། །ཐམས་ཅད་དུ་དགོས་པ་ཐམས་ཅད་ལ་སྦྱར་བ་ཙམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མི་བྱའོ། །གསེར་གྱིས་གཡོགས་པ་དཔུང་པ་ལ་ བཏགས་ན་ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་ཏེ། སྟོབས་དང་བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཕྱག་ན་རྡོ་རྗེ་དང་། པདྨ་འཆང་དང་འདྲ་བར་འགྱུར་རོ། །དགོས་པ་ཐམས་ཅད་འགྲུབ་པ་བླ་ན་མེད་པ་རྣམ་པ་གསུམ་པོ་འདི་ལ་སྦྱར་བར་བྱས་ཏེ། ཐིག་ལེ་དང་གདོང་པ་བཀྲུ་བ་དང་ལུས་ བཀྲུ་བའོ། །ཡིད་ལ་ཇི་ལྟར་བསམ་པའི་དགོས་པ་བསྒྲུབ་པའི་དེ་ཁོ་ན་ཉིད་འགྲུབ་པ་སྟེ། ཐེ་ཚོམ་མི་བྱའོ། །རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དང་། སྐྱེ་བོ་དང་བློན་པོར་བཅས་བརྟག་ཏུ་བགྱི་བ་ཅི་མཆིས་ཞེས་བྲན་བཞིན་དུ་དབང་དུ་འགྱུར་རོ། །ནོར་བུ་སྤྱི་གཙུག་ཏུ་བཞག་ནས་རིག་སྔགས་ བཟླས་ན་བགེགས་མེད་པར་ཐམས་ཅད་འགྲུབ་པར་འགྱུར་རོ། །ལག་པ་གཡས་པ་ལ་བཏགས་ཏེ་རིག་སྔགས་བཟླས་ན་བཟླས་བརྗོད་ཀྱི་ཆོ་ག་སྟོང་ཕྲག་བརྒྱ་འགྱུར་དུ་བྱས་པར་འགྱུར་ཏེ། ལན་ཅིག་བཟླས་པས་སྟོང་ཕྲག་བརྒྱར་རབ་ཏུ་འཕེལ་བར་འགྱུར་རོ། །མགུལ་བར་བཏགས་ཏེ་ བཅངས་ན་ཁྲུས་མ་བྱས་པ་ཁྲུས་བྱས་པར་འགྱུར། མི་གཙང་བ་གཙང་བར་འགྱུར། ཚངས་པར་མི་སྤྱོད་པ་ཚངས་པར་སྤྱོད་པར་འགྱུར། ཐུབ་པར་མ་བྱས་པ་ཐུབ་པར་བྱས་པར་འགྱུར། སྨྱུང་བ་མ་བྱས་པ་སྨྱུང་བ་བྱས་པར་འགྱུར། ཚིག་མི་བཙན་པ་ཚིག་བཙན་པར་འགྱུར། མ་གྲུབ་ པ་གྲུབ་པར་འགྱུར། དམ་ཚིག་མི་ཤེས་པ་དམ་ཚིག་ཤེས་པར་འགྱུར། བྱམས་པའི་སེམས་དང་ལྡན་པར་འགྱུར། །སྦྱིན་པ་གང་ཅུང་ཟད་ཅི་སྦྱིན་པ་ཆུང་ངུ་ཡང་སྟོང་ཕྲག་བརྒྱ་འགྱུར་དུ་སྦྱིན་པ་ཆེན་པོ་འཕེལ་བར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ནོར་བུ་འདི་ ལག་མཐིལ་གཡས་པ་ལ་བཏགས་ན་གང་ལ་རེག་པ་དེ་ཟད་མི་ཤེས་པར་འགྱུར་རོ། །སུ་ལ་ཡང་བརྗོད་པར་མི་བྱ་སྟེ་དེའི་འོག་ཏུ་དེ་དག་ཐམས་ཅད་འཕེལ་བར་འགྱུར་རོ། །རྐེད་པ་ལ་བཏགས་ཏེ་ཆུའི་ནང་དུ་ཞུགས་ན་ཆུ་ཀླུང་ཆེན་པོའི་གཏིང་དུ་སླེབས་པར་འགྱུར་རོ། །དེ་ནས་ནོར་བུ་བསྒྲུབ་ པར་འདོད་པས་དངུལ་ཤིན་ཏུ་ཡོངས་སུ་དག་པ་ལས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་ཕྱེ་བ་དབུས་ཀྱི་སྙིང་པོ་དང་ཟེ་བ་ཟ་མ་ཏོག་འདྲ་བ་སོར་བཅུ་དྲུག་བཅུ་དྲུག་པའི་ཚད་དུ་བྱས་ལ་དེའི་དབུས་སུ་གསེར་གྱི་ནོར་བུ་གཞག་པར་བྱའོ། །བ་ལང་གི་ལྕི་བ་བ་ལང་གི་གཅིན་དང་ལྡན་པས་དཀྱིལ་འཁོར་གྲུ་བཞི་པ་ བྱས་ལ་ཚོན་སྣ་ཚོགས་ཀྱིས་བྲི་བར་བྱ་སྟེ། ཁོ་ར་ཁོར་ཡུག་ཏུ་པདྨ་བྲིས་ལ་པདྨའི་དབུས་ཀྱི་ཟེ་བར་དངུལ་ལས་བྱས་པའི་པདྨ་བཞག་སྟེ། བུམ་པ་གང་བ་བཞི་དང་གཏོར་མའི་བུམ་པ་བཞི་གཞག་པར་བྱ་ཞིང་མེ་ཏོག་དགྲམ་པར་བྱ། ཚོན་རྣམ་པ་སྣ་ཚོགས་ཀྱིས་བྲི་བར་བྱ། ཨ་ག་རུ་དང་། ཙནྡན་དང་། ཏུ་རུ་སྐའི་བདུག་པས་བདུག་ཅིང་གཏོར་མ་དཀར་པོ་གཞག་པར་བྱ། འཕན་གདུགས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པར་བྱ། མར་གྱི་མར་མེ་སུམ་ཅུ་རྩ་གཉིས་ཀྱང་བལྟམ་པར་བྱ། འབྲས་བུ་དང་མེ་ཏོག་ཕྲེང་སྣ་ཚོགས་གཞག་པར་བྱ། འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་མངོན་དུ་ཕྱོགས་པར་བཞག་སྟེ། རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ལ་ཉིན་མཚན་གཅིག་སྨྱུང་བ་བྱས་ལ། ཚེས་བཅྭ་ལྔ་ནས་ཉི་ཤུ་དགུ་དང་གནམ་སྟོང་གི་བར་དུ་མཚམས་གསུམ་དུ་མཆོད་པར་བྱ་ཞིང་། པདྨ་ཟ་མ་ཏོག་དེ་དང་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལའང་མཆོད་པ་བྱས་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་མངོན་དུ་ཕྱོགས་ཏེ་འདུག་ལ་བཟླས་བརྗོད་སྟོང་རྩ་བརྒྱད་བྱ། ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་དང་ཆུས་དབང་བསྐུར་བར་བྱ། དོན་ཡོད་པའི་ཞགས་པའི་ཕྱག་ རྒྱ་སྟོང་རྩ་བརྒྱད་བྱ། དེ་བཞིན་དུ་ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་བྱའོ། །མི་སྨྲ་བར་དགོས་པ་ཐམས་ཅད་བྱས་ནས་དེའི་འོག་ཏུ་ཚེས་བཅྭ་ལྔ་ཟླ་བ་ཉའི་ནང་བར་གྱི་དུས་མཚམས་སུ་ནོར་བུའི་རྒྱལ་པོ་པདྨ་དང་བཅས་ཏེ་གཅིག་ཏུ་འབར་བར་འགྱུར་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གི་ཞལ་ནས་སྒྲ་འབྱུང་བར་འགྱུར། རིག་སྔགས་འཆང་དགའ་བར་འགྱུར། ནམ་མཁའི་དཀྱིལ་ནས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར། དེ་བཞིན་གཤེགས་པའི་སྐུ་ཆེན་པོ་མཐོང་བར་འགྱུར། དེ་ནས་རིག་སྔགས་འཆང་གིས་པདྨ་འབར་བ་དེ་ལག་པ་གཡས་པས་བླངས་ ཏེ། བླངས་པ་ཙམ་གྱི་མོད་ལ་ནམ་མཁའ་ལ་འགྲོ་བར་འགྱུར་ཞིང་། རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་གྱི་མདོག་ཅན་བལྟ་ན་སྡུག་པ་ཆེན་པོ་མདུན་ན་གནས་པར་འགྱུར། སྡང་བ་དང་ཕྱིར་རྒོལ་བ་དང་མི་མཛའ་བ་ ཐམས་ཅད་ཟློག་པར་བྱེད། འཁོར་བྱེ་བ་སྟོང་ཕྲག་བཅུ་གཉིས་དང་ལྡན་པའི་རིག་སྔགས་འཆང་གི་རྒྱལ་པོར་འགྱུར། ཚེ་བསྐལ་པ་སྟོང་ཐུབ་པར་འགྱུར། དོན་ཡོད་པའི་རྣམ་པར་བལྟ་བའི་ནོར་བུ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར། དོན་ཡོད་པའི་དྲི་ མ་མེད་པ་འབར་བའི་རྩེ་མོ་རྣམ་པར་བལྟ་བ་ཞེས་བྱ་བའི་དོན་ཡོད་པའི་ཞགས་པ་འཐོབ་པར་འགྱུར། ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པའི་ཞིང་གི་རྣམ་པར་འཕྲུལ་པ་མཐོང་བར་འགྱུར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར། ནོར་བུ་ ཆེན་པོ་ཡོངས་སུ་དག་པ་རྡོ་རྗེ་ལ་རྣམ་པར་ལྟ་བའི་འོད་ཀྱིས་ལུས་རྣམ་པར་དག་པ་འཐོབ་པར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་བགྱི་བ་ཅི་མཆི་ཞེས་དབང་དུ་བགྱི་ བར་འགྱུར། མགོའི་སྤྱི་བོར་བཏགས་ན་ནོར་བུ་ཆེན་པོ་རྫུ་འཕྲུལ་གྱིས་ནུབ་ཕྱོགས་སུ་སོང་ནས་བདེ་བ་ཅན་གྱི་རབ་ཏུ་དབྱེ་བ་གཞལ་མེད་ཁང་དང་བཅས་འཁོར་དང་བཅས་ལེགས་པར་བརྒྱན་པའི་དཀྱིལ་འཁོར་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མཐོང་བར་འགྱུར་རོ། །དེ་ བཞིན་གཤེགས་པ་དེ་དག་ལས་ཆོས་གནང་བའི་སྒོའི་ཆོས་བཤད་པ་ཆེན་པོ་ཐོས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་དང་རྒྱན་དང་གཞལ་མེད་ཁང་སྟོན་པར་འགྱུར། མགུལ་དུ་བཏགས་ན་ཕུག་གི་གནས་ཐམས་ཅད་དུ་འཇུག་པར་འགྱུར། ཐམས་ ཅད་དུ་རྒྱལ་བའི་རྗེ་དཔོན་དང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ཕུག་སྟོང་ཕྲག་དྲུག །ཅུ་རྩ་བཞིའི་སྒོ་འབྱེ་བར་འགྱུར། དཔུང་པ་གཡས་པ་ལ་བཏགས་ན་མི་སྣང་བར་འགྱུར་ཞིང་ལུས་མི་སྣང་བ་གང་གཱའི་ཀླུང་བྱེ་བ་སྟོང་ཕྲག་བརྒྱ་སྙེད་ཀྱི་ལུས་མི་སྣང་བ་རྣམས་ཀྱི་མཆོག་རྗེ་དཔོན་ དང་རྒྱལ་པོར་འགྱུར་རོ། །དཔུང་བ་གཡོན་པ་ལ་བཏགས་ན་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་མི་སྣང་བར་བྱས་པར་འགྱུར། ཐམས་ཅད་ཀྱི་གནས་ཀྱི་གཞལ་མེད་ཁང་སྒོ་བྱེ་ཞིང་འདུག་པར་འགྱུར་རོ། །རྐེད་པ་ལ་བཏགས་ན་གཏེར་ཐམས་ཅད་འབྱུང་བར་འགྱུར། པུས་ མོ་གཡས་པ་དང་བརླ་གཡས་པ་ལ་བཏགས་ན་ནགས་ཀྱི་ཕུག་གི་གཞལ་མེད་ཁང་གི་གནས་ཐམས་ཅད་ཀྱི་སྒོ་ཕྱེ་ཞིང་། སྨན་གྱི་དངོས་པོ་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་གནས་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ། །རྐང་པའི་རྗེ་ངར་ལ་བཏགས་ ན་རླུང་གི་ཕུང་པོ་དང་པོའི་སྟོབས་ཀྱི་ཤུགས་ཆེན་པོ་དང་ལྡན་པར་འགྱུར་ཞིང་། ཅུང་ཟད་ཙམ་སོང་བས་དཔག་ཚད་སྟོང་ཕྲག་བཅུར་འགྲོ་ཞིང་སླར་ཡང་འོང་བར་འགྱུར། ཉིན་མཚན་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རླུང་ཆེན་པོའི་ཤུགས་ཀྱི་སྟོབས་དང་ བརྩོན་འགྲུས་ཀྱིས་སོང་སྟེ། སླར་ཡང་འོང་བར་འགྱུར་ཞིང་གང་གིས་ཀྱང་གནོད་པར་མི་འགྱུར། ཐམས་ཅད་དུ་དགོས་པ་བསྒྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྐང་མཐིལ་ལ་བཏགས་ན་སའི་འོག་གི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་ཞིང་། སའི་འོག་ཕུག་གི་སྒོ་ ཐམས་ཅད་བྱེ་བར་འགྱུར་ཏེ། རང་ཇི་ལྟར་འདོད་པ་དེར་འཇུག་ཅིང་འབྱུང་བར་འགྱུར་རོ། །ཁར་བཅུག་ན་ཉི་མ་རེ་རེ་ཚིགས་སུ་བཅད་པ་སྟོང་ལོབས་པར་འགྱུར་རོ། །མིད་པ་ཙམ་གྱིས་ཐོས་པ་རྒྱ་མཚོ་བསགས་པར་འགྱུར་རོ། །ལྕེའི་རྩེ་མོར་བཞག་ན་ལྕེ་པདྨ་དང་ཀུ་མུ་ ད་ལྟར་འཇམ་པར་འགྱུར་ཞིང་ཐོས་པ་མང་པོ་འཛིན་པར་འགྱུར་རོ། །ལག་པ་ལ་བྱུགས་ན་གང་ལ་རེག་པ་དེ་བྲན་བཞིན་དུ་འགྱུར་རོ། །སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་ཐམས་ཅད་བགྱི་བ་ཅི་མཆིས་ཞེས་ཐམས་ཅད་དབང་དུ་ འགྱུར་རོ། །ནོར་བུ་བསྒྲུབ་པའི་ཆོ་གའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་གྲུབ་ཀྱི་བུམ་པ་རབ་མཆོག་ཅེས་ བགྱི་བའི་སྒྲུབ་པའི་ཆོ་ག་ཆེན་པོ་མཆིས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ཡིད་བཞིན་གྱི་ནོར་བུའི་གཟུངས་ཀྱི་མཐུ་བསྟན་པ་ཇི་ལྟ་བ་དེར་དེ་ལྟར་བཅོམ་ལྡན་འདས་བུམ་པ་ཆེན་པོའི་མཐུ་སྒྲུབ་པའི་ཆོ་ག་འདི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་བསྒྲུབ་པ་འགྲུབ་པར་འགྱུར་ ལགས་སོ། །རིག་སྔགས་འཆང་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དེ་ཁོ་ན་ཉིད་ཡང་དག་པར་སྒྲུབ་པར་འགྱུར་བ་ལགས་སོ། །དེ་ནས་གསེར་རམ་དངུལ་ལམ་ཟངས་སམ་ཁམ་པའི་བུམ་པ་ཚད་དང་ལྡན་པ་ཀུན་ནས་ཤིན་ཏུ་ཟླུམ་པ་མགོ་འམ་མགྲིན་པར་ཕྱིན་པའི་ཚད་འཇམ་ཞིང་ཐག་ ཐུག་དང་ཤང་ཤོང་མེད་པ། དབྱིབས་ལེགས་ཤིང་བྱི་དོར་ལེགས་པར་བྱས་པ། ཀུན་ནས་ཡོངས་སུ་གང་བ་ལ་མཚལ་གྱི་ཚོན་གྱིས་པདྨ་འདབ་མ་བརྒྱ་རྩ་བརྒྱད་པ་བྲི་བར་བྱ་སྟེ། མགྲིན་པར་པདྨའི་སྙིང་པོ་དང་ཟེ་བ་བྲི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱ་སྟེ། ཤར་ཕྱོགས་སུ་ཞལ་བྲི། ལྷོ་རུ་མི་འཇིགས་པ་སྦྱིན་པའི་ཕྱག །ནུབ་ཏུ་དབྱིག་འབྱིན་གྱི་ཕྱག །བྱང་དུ་ཡིད་བཞིན་ནོར་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐྱིལ་མོ་ཀྲུང་དུ་བཞུགས་པར་བྱའོ། །པདྨའི་འདབ་མ་དབང་ཕྱུག་དང་དབང་ཕྱུག་ཆེན་པོ་དང་། བྲམ་ཟེ་དང་དྲང་སྲོང་གི་ཚོགས་ དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་དང་། ཁྱབ་བདག་དང་། བརྒྱ་བྱིན་དང་། རྡོ་རྗེ་འཆང་དང་། ལྷའི་ཚོགས་གཞན་དག་བྲི་བར་བྱ་ཞིང་མེ་དང་། རླུང་དང་། ཉི་མ་དང་། ཟླ་བ་དང་། ལྷ་མོ་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ཕོ་ཉ་མོ་དཀར་མོ་དང་། ཚོགས་ཀྱི་བདག་ པོ་དང་། གཞོན་ནུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། དྲག་པོ་དང་། ཁྱབ་འཇུག་བྲི་བར་བྱའོ། །པདྨའི་འདབ་མའི་ཁོར་ཡུག་ཏུ་པདྨའི་ཕྲེང་བ་བྲིའོ། །དེ་ནས་བུམ་པ་ཚོན་སྣ་ཚོགས་ཀྱིས་བྲི་བར་བྱ་ཞིང་གསེར་གྱི་རྒྱན་གྱིས་བརྒྱན་པར་བྱ། རིམ་པའི་ཆ་བཀྲ་ཞིང་མཛེས་པར་བྱའོ། ། དེ་ནས་ཐང་ཤིང་ལས་པདྨའི་གདན་ཟླུམ་པོ་བུམ་པ་ཤོང་བ་ཙམ་གྱི་ཚད་དུ་བྱེད་ལ་དེའི་སྟེང་དུ་བུམ་པ་བཞག་ལ་བུམ་པ་དེ་ཡུངས་ཀར་དཀར་པོས་བཀང་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ། རས་དཀར་པོས་བཅིང་བར་བྱ། སྟེང་དུ་ཡུངས་ཀར་དང་གླ་རྩི་དང་ག་བུར་དང་གི་ཝང་དང་ ལྡོང་རོས་གཞག་པར་བྱ། བུམ་པའི་ཁ་རས་དམར་པོས་གཡོགས་པར་བྱ། རིན་པོ་ཆེ་སྣ་བདུན་གཞག་པར་བྱ། དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ལ་དཀྱིལ་འཁོར་ཁྲུ་བཞི་གྲུ་བཞི་པ་འཕང་དུ་ཁྲུ་གང་བ་བྱས་ཏེ། བ་ལང་གི་ལྕི་བ་དང་སར་བསྲེས་པས་ ལེགས་པར་བྱུགས་ཏེ་ཆ་མཉམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྟེང་དུ་དྲི་ཐམས་ཅད་ཀྱིས་བྱུགས་ལ་དཀྱིལ་འཁོར་གྱི་སྙིང་པོ་དབུས་སུ་ཙནྡན་དཀར་པོས་དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ་བྱས་ལ། གུར་གུམ་དང་མེ་ཏོག་པདྨས་མཆོད་པ་བྱས་ཏེ། པདྨ་འདབ་མ་ སུམ་ཅུ་རྩ་གཉིས་པ་བྲི་ལ་པདྨའི་ཟེ་བའི་སྟེང་དུ་བུམ་པ་གཞག་སྟེ། འཕན་གདུགས་སྣ་ཚོགས་ཀྱིས་བརྒྱན་པར་བྱ། དཀྱིལ་འཁོར་གྱི་སྙིང་པོ་ཁོར་ཡུག་ཏུ་སྤོས་དང་མེ་ཏོག་སྣ་ཚོགས་དང་བྱུག་སྤོས་སྣ་ཚོགས་དང་། མཆོད་ཡོན་གྱི་སྣོད་སྣ་ཚོགས་དང་བུམ་པ་གང་བར་མཛེས་པ་དང་ བདུག་སྤོས་ཀྱི་ཕྱེ་མ་རྣམ་པ་མང་པོ་གཞག་པར་བྱ། མེ་ཏོག་རྣམ་པ་སྣ་ཚོགས་དང་མེ་ཏོག་ཕྲེང་ཅི་འབྱོར་པ་ཀུན་ཏུ་གཞག་པར་བྱ། མར་གྱི་མར་མེ་བཟང་པོ་བཅུ་དྲུག་བལྟམ་པར་བྱ། ཕྱི་རོལ་གྱི་དཀྱིལ་འཁོར་ཀུན་ནས་པདྨའི་ཕྲེང་བ་བྲི་བར་བྱ། སྒོ་བཞི་ཤིན་ཏུ་མཛེས་པ་བྲི་བར་བྱ། འཇིག་ རྟེན་དབང་ཕྱུག་གི་མཚན་མ་གསལ་བར་བྱ། མདའ་དང་བ་དན་ཁོར་ཡུག་ཏུ་གཞག་པར་བྱ། ཚོན་སྐུད་སྣ་ལྔས་བསྐོར་བར་བྱ། རོ་རྣམ་པ་སྣ་ཚོགས་དང་དཀར་གསུམ་ཅི་འབྱོར་པ་གཞག་པར་བྱ། འབྲས་བུ་སྣ་ཚོགས་དང་བཟའ་བ་རྣམ་པ་སྣ་ཚོགས་གཞག་པར་བྱ། མེ་ཏོག་ སྣ་ཚོགས་གཞག་པར་བྱ། མེ་ཏོག་སྣ་ཚོགས་དགྲམ་པར་བྱ། མེ་ཏོག་ཕྲེང་བཟང་པོ་ཀུན་ཏུ་གཞག་པར་བྱ། བདུག་སྤོས་ཀྱི་སྣོད་དང་བུམ་པ་གང་བ་ཀུན་ཏུ་གཞག་པར་བྱ། པོག་ཕོར་བཞི་གཞག་པར་བྱ། དྲི་ཆབ་ཀྱི་ཕོར་པ་བཞི་གཞག་པར་བྱ། སྣོད་བཞི་དང་ཁམ་ཕོར་བརྒྱད་ གཞག་པར་བྱ། རོ་སྣ་ཚོགས་ཀྱི་གཏོར་མ་དཀར་པོ་རྣམ་པ་མང་པོ་གཞག་པར་བྱ། མར་གྱི་མར་མེ་གང་བ་དྲུག་ཅུ་རྩ་གཉིས་དབུལ་བར་བྱ། འབྲས་ཡོས་དང་ཡུངས་ཀར་དགྲམ་པར་བྱའོ། །ཆང་དང་ཤ་དང་བེག་བཙོང་དང་ཀེའུ་དང་འབགས་པ་དང་ཁ་ཟས་ངན་པ་དང་བཏུང་ བ་ངན་པ་སྤང་བར་བྱ། བགོ་མ་ཉེས་སྤང་བར་བྱ་སྟེ། གཙང་མས་གོས་གཙང་མ་བགོས་ལ་ཟླ་བ་ཉ་བ་ལ་བསྒྲུབ་པར་བྱའོ། །སྲུང་བའི་ཆོ་གས་བདག་བསྲུང་བ་དང་ཐོར་ཚུགས་བཅིང་བ་དང་། ཕྱོགས་བཅིང་བ་དང་། ཡུལ་བཅིང་བ་དང་། དེ་བཞིན་དུ་གྲོགས་བསྲུང་བ་དང་གཞན་ བསྲུང་བ་ཡང་བྱའོ། །གུ་གུལ་གྱི་བདུག་པ་དང་མར་དང་ཡུངས་ཀར་གྱི་བདུག་པས་བདུག་པར་བྱའོ། །ཙནྡན་དང་། ཨ་ག་རུ་དང་། ཏུ་རུ་སྐ་དང་། ཀུན་དུ་རུའི་བདུག་པ་འདི་ནི་ཡང་དག་པར་བསྟན་ཏོ། །བུམ་པ་སྒྲུབ་པ་འདི་ནི་མཆོག་སྟེ་ཞག་ལྔ་སྨྱུང་བ་བྱས་ནས་གསང་ སྔགས་བསྒྲུབ་པར་བྱ་སྟེ། དུས་མཚམས་གསུམ་དུ་བུམ་པ་དང་སངས་རྒྱས་ལ་མཆོད་པར་བྱའོ། །མི་སྨྲ་བར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་སྐྱིལ་མོ་ཀྲུང་དུ་འདུག་ནས་ལག་པ་གཡས་པ་བུམ་པའི་སྟེང་དུ་བཞག་ནས་ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་བཟླས་ལ་ཆུ་དང་ཡུངས་ ཀར་གྱིས་དབང་བསྐུར་ལ་དོན་ཡོད་པའི་ཞགས་པའི་གཟུངས་སྟོང་ཕྲག་བརྒྱད་ཅུ་བཟླས་སོ། །ཡིད་ལ་བྱེད་པ་རྩེ་གཅིག་པས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ལྷུར་ལེན་ཅིང་སངས་རྒྱས་ཡིད་ལ་བྱ་བ་སྒོམ་ལ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་ཚེས་བཅྭ་ལྔ་ཉའི་ཐུན་ཐ་མའི་ ནང་པར་དབྱིག་གི་བུམ་པ་ཆེར་གཡོ་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་ཆེན་པོ་ཡང་གྲག་པར་འགྱུར་ཏེ། བུམ་པ་ཆེན་པོ་དེ་ཡང་འབར་ཞིང་འོད་ཟེར་ཁ་དོག་སྣ་ལྔ་འབྱུང་བར་འགྱུར། རིག་སྔགས་འཆང་དགའ་བར་འགྱུར། དྲི་མ་མེད་ཅིང་ཡོངས་སུ་དག་ལ་དྲི་མ་དང་ བྲལ་བར་འགྱུར། མདོག་ཡོངས་སུ་དག་ཅིང་མེ་ཏོག་པདྨ་དང་ཀུ་མུ་ད་ལྟར་དཀར་ཞིང་འཇམ་པར་འགྱུར། བུམ་པ་དེའི་སྐུ་གཟུགས་རྣམས་རང་རང་གི་ལུས་ལས་འོད་ཟེར་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་ རྒྱ་ཆེན་པོ་བྱ། རིག་སྔགས་འཆང་བུམ་པ་བསྒྲུབ་པ་འདི་ནི་གྲུབ་བོ། །དེའི་འོག་ཏུ་རིག་སྔགས་འཆང་གིས་དྲིའི་ཆུ་དང་ཡུངས་ཀར་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་དབང་བསྐུར་བར་བྱས་ན་དབང་བསྐུར་མ་ཐག་ཏུ་བུམ་པ་དེ་ལས་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་བུམ་པ་བཟང་པོ་གྲུབ་སྟེ་བུམ་པ་བཟང་པོ་ཇི་ལྟ་བ་བཞིན་དོན་ཡོད་པའི་སྙིང་པོའི་བུམ་པ་བཟང་པོ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་ཡང་དེ་བཞིན་གྱིས་ཇི་ལྟར་འདོད་པར་ལོངས་སྤྱོད་ཅིག །ཡིད་ལ་ཇི་ལྟར་བསམས་ཤིང་བཅོལ་བ་ཐམས་ཅད་གྲུབ་པར་གྱུར་ཅིག ། དེ་ནས་མཆོད་པ་ཆེན་པོས་གཞལ་མེད་ཁང་ཆེན་པོ་མཆོད་དེ་བུམ་པ་བཟང་པོ་དེ་གཟུང་བར་བྱ་ཞིང་མཆོད་པ་བྱས་ན་ཡིད་ལ་ཇི་ལྟར་འཐད་པ་དང་འདོད་པ་ཐམས་ཅད་གྲུབ་པར་འགྱུར་ཏེ། ལེགས་པར་བཤད་པའམ་གཙུག་ལག་གམ། སྙན་དང་གས་དང་གར་གྱི་བསྟན་ བཅོས་དང་རྩིས་ཆོས་དང་བྱཱ་ཀ་ར་ཎ་དང་ཆོ་ག་ཞིབ་མོ་སྨྲ་བ་དང་གསང་སྔགས་སྨྲ་བ་དང་། ནགས་སྒྲུབ་བ་དང་ཕུག་སྒྲུབ་པ་དང་བཅུད་ཀྱིས་ལེན་པ་དང་མིག་སྨན་དང་། གཏེར་སྨྲ་བ་དང་། རིག་བྱེད་ཀྱི་སྔགས་དང་མདོ་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་ཆོས་དང་ འདུལ་བ་སྨྲ་བ་དེ་དག་ཐམས་ཅད་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ་ཟས་དང་། སྐོམ་དང་། གོས་དང་། རྒྱན་དང་། སྤུད་པ་དང་། གསེར་དང་། དངུལ་དང་། ས་ལེ་སྦྲ་མ་དང་། མུ་ཏིག་དང་། ཨིནྡྲ་ནཱི་ལ་དང་། མ་རྒད་དང་། ཀེ་ཀེ་རུ་དང་། ཤེལ་དང་། མུས་ར་དང་། བཻ་ཌཱུརྱ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། མེ་ཏོག་དང་། འབྲས་བུ་དང་། གོས་དང་། མ་ལ་ཆ་དང་། གནས་དང་། ཁང་པ་དང་། ལོངས་སྤྱོད་དང་། རྩེད་མོ་རྒྱ་ཆེན་པོ་དང་རྒྱལ་པོ་ལ་འོས་པའི་ལྷའི་གཞལ་མེད་ཁང་ཆེན་པོ་རྣམས་སེམས་ཀྱིས་བསམས་པ་ཙམ་གྱི་ མོད་ལ་འབྱུང་བར་འགྱུར་རོ། །མིག་འཕྲུལ་གྱི་གཞལ་མེད་ཁང་དང་སངས་རྒྱས་ཀྱི་སྤྲུལ་བ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་དང་། རྡོ་རྗེ་འཆང་གི་སྤྲུལ་པ་དང་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོའི་ གཞལ་མེད་ཁང་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོའི་བདག་པོའི་གཞལ་མེད་ཁང་དེ་ཐམས་ཅད་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་རོ། །ཆར་ཧ་ཅང་ཆེ་བ་དང་ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། གྲང་བ་དང་། རླུང་དང་། སྤྲིན་དང་། སེར་བ་དང་ཆུ་ཟློག་ པར་བྱེད་པ་དེ་ཐམས་ཅད་སྟོན་པར་བྱེད་པ་སྡེ་སྟོན་པར་བྱེད་པ་གཡུལ་འགྱེད་པ་སྟོན་པར་བྱེད་པའམ། གནས་དང་གཞལ་མེད་ཁང་དང་། དཔལ་སྟོན་པར་བྱེད་པ་དེ་ཐམས་ཅད་སྟོན་པར་བྱེད། དེ་ལ་སོགས་པ་ཐམས་ཅད་བསམས་པ་ཙམ་དང་། སྨོན་པ་ཙམ་གྱིས་འགྲུབ་པར་འགྱུར་ རོ། །ནོར་བུ་དང་། འབྲུ་དང་། འབྲས་བུ་དང་། མེ་ཏོག་དང་། གཞལ་མེད་ཁང་འབྱུང་བར་འགྱུར་རོ། །ཇི་ལྟར་བསམས་པ་དེ་ཐམས་ཅད་འབྱོར་བར་འགྱུར་རོ། །གླ་རྩི་དེ་བླངས་ལ་གི་ཝང་དང་ག་པུར་དང་བསྲེས་ཏེ་ཤིང་ཨརྐའི་འོ་མས་སྦྲུས་ཏེ། རིལ་བུ་བྱས་ནས་བ་སེར་མོའི་འོ་ མ་ལ་བདར་ཏེ་དཔྲལ་བར་ཐིག་ལེ་བྱས་ན་ནམ་མཁའ་ལ་འགྲོ་བར་འགྱུར། རིག་སྔགས་འཆང་བྱེ་བ་སྟོང་ཕྲག་བཅུའི་འཁོར་དང་ལྡན་པར་འགྱུར། སྙིང་གར་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་ཞིང་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་རྗེ་དཔོན་དུ་འགྱུར་རོ། །ལྕེའི་ རྩེ་མོ་ལ་རེག་ན་ཉིན་རེ་ཞིང་ཚིགས་སུ་བཅད་པ་སྟོང་བཀླགས་ཤིང་འཛིན་པར་འགྱུར། མིད་ན་ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར། འོ་མ་དང་ལྷན་ཅིག་འཐུངས་ན་ཐོས་པ་མང་པོ་རྒྱ་མཚོ་བསགས་པར་འགྱུར། ཤིང་ཨརྐའི་ལོ་མ་དང་ལྷན་ཅིག་ཟོས་ན་རིག་སྔགས་འཆང་ཐམས་ཅད་ ཀྱི་འཁོར་ལོས་སྒྱུར་བར་འགྱུར། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་དཀྱིལ་འཁོར་དང་། ཕྱག་རྒྱ་ཐམས་ཅད་མངོན་དུ་འགྱུར། ལྟེ་བའི་གནས་སུ་ཐིག་ལེ་བྱས་ཏེ་ཆུ་ཀླུང་ཆེན་པོའི་ནང་དུ་ཞུགས་ན་གཏིང་དུ་འབྱིང་བར་མི་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པར་འགྱུར། རྒྱ་མཚོའི་ ཕ་རོལ་ཏུ་ཡང་ཕྱིན་པར་འགྱུར། སྤྱི་བོར་ཐིག་ལེ་བྱས་ཏེ་གཡུལ་ངོར་ཞུགས་ན་དཔུང་གི་ཚོགས་ཡན་ལག་བཞི་ལས་རྒྱལ་བར་འགྱུར། ཞུན་མར་དང་ལྷན་ཅིག་ཟོས་ན་གླང་པོ་ཆེན་པོ་སྟོང་གི་སྟོབས་དང་ལྡན་པར་འགྱུར་ཞིང་། ལག་པ་ཡ་གཅིག་གིས་གླང་པོ་ཆེ་བསྐྱོད་པ་དང་ ནམ་མཁའ་ལ་འཕེན་ཅིང་སླར་ཡང་འཛིན་ཏོ། །རིལ་བུ་འདིས་ལག་པ་ལ་བསྐུས་ན་མི་སྟོང་ཐུབ་པར་འགྱུར་རོ། །རིལ་བུ་འདི་ལྷའི་གནས་སུ་བརྐོས་ཏེ་གཞག་ན་ལྷ་ཐམས་ཅད་དབང་དུ་འགྱུར་ཏེ། དུས་དུས་སུ་ཆར་འབེབས་ཤིང་སད་དང་རླུང་དང་སྤྲིན་དང་། སེར་བ་གཅོད་པར་ བྱེད་དོ། །རྒྱལ་པོའི་སྒོར་བརྐོས་ཏེ་བཞག་ན་རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དང་བཀའ་ལ་གཏོགས་པ་དང་ཞང་བློན་དང་བྲམ་ཟེ་མདུན་ན་འདོན་དང་བཅས་པ་དབང་དུ་འགྱུར་རོ། །གཙུག་ལག་ཁང་གི་སྒོར་བརྐོས་ཏེ་བཞག་ན་དགེ་སློང་ཐམས་ཅད་བདེ་བའི་རེག་པ་ལ་གནས་ པས་གནས་པར་འགྱུར། རྟག་ཏུ་བྱམས་པའི་སེམས་ཀྱིས་གནས་པར་འགྱུར་རོ། །འཕགས་པའི་དགེ་འདུན་གྱི་ནང་དུ་རྒན་པའི་མཐར་བརྐོས་ཏེ་བཞག་ན་དགེ་སློང་ཐམས་ཅད་ཟས་དང་སྐོམ་འདོད་དགུ་ཐོབ་པར་འགྱུར་རོ། །ལྷུང་བཟེད་ཀྱི་ནང་དུ་བཞག་སྟེ་གྲོང་ཁྱེར་ མང་པོར་བསོད་སྙོམས་ལ་སོང་ལ་ཁ་ཟས་རོ་བྲོ་བའི་མཆོག་རྣམ་པ་སྣ་ཚོགས་འབད་མི་དགོས་པར་ཐོབ་པར་འགྱུར་རོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་གནས་སུ་བརྐོས་ཏེ་བཞག་ལ་མཆོད་རྟེན་ལ་མཆོད་པ་བྱས་ན། རིལ་བུ་ཇི་སྲིད་དུ་མཆོད་རྟེན་གནས་ན་གནས་པ་དེ་སྲིད་དུ་མཆོད་ རྟེན་ཆེན་པོ་བརྒྱད་ལ་ཉིན་རེ་ཞིང་མཆོད་པ་ཆེན་པོ་བྱས་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་བརྐོས་ཏེ་བཞག་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ཏེ། དོན་ཡོད་པའི་ ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་རིལ་བུ་ཇི་སྲིད་གནས་ཀྱི་བར་དུ་ཉི་མ་རེ་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་པར་འགྱུར་རོ། །ལམ་པོ་ཆེར་བརྐོས་ཏེ་བཞག་ན་ཆོམ་པོ་དང་གཡོན་ཅན་དང་། རྐུན་མ་དང་། མི་དང་མི་མ་ཡིན་པ་ དང་གཅན་གཟན་ཁྲོ་བོ་རྣམས་བཅིངས་པར་འགྱུར་ཞིང་ཕྱོགས་མཚམས་སུ་འབྱེར་བར་འགྱུར་རོ། །རིའི་རྩེ་མོར་བརྐོས་ཏེ་བཞག་ན་སྨན་གྱི་དངོས་པོ་ཐམས་ཅད་འབར་བར་འགྱུར་ཏེ། ཇི་སྲིད་དུ་རིའི་རྩེ་མོ་སྣང་བ་དེ་སྲིད་དུ་སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་བུ་མོ་དང་བ་ལང་དང་། ཕྱུགས་ དང་། མ་ཧེ་དང་། རྟ་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཞིང་སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་གི་འཇིགས་པ་ལས་ཡོངས་སུ་ཐར་བར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ བར་འགྱུར། དཔག་ཚད་བརྒྱ་ཁོར་ཡུག་ཏུ་ཞི་བ་ཆེན་པོར་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར། མགུལ་དུ་བཏགས་ཏེ་བཅང་བར་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་བཞེད་པར་འགྱུར་ཞིང་རྟག་ཏུ་དགོངས་པར་འགྱུར་རོ། །བང་བར་བརྐོས་ ཏེ་བཞག་ན་འབྲུ་མང་པོ་འཕེལ་བར་འགྱུར་རོ། །ཆང་ཡོད་པའི་སྒོར་བརྐོས་ཏེ་བཞག་ན་ཆང་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་རོ། །ཞིང་གི་ནང་དུ་བརྐོས་ཏེ་བཞག་ན་ལོ་ཏོག་མང་པོ་འབྱོར་བར་འགྱུར་རོ། །བྲག་ཕུག་ཏུ་བརྐོས་ཏེ་བཞག་ན། བྲག་ཕུག་གི་སྒོ་བྱེ་བར་འགྱུར་ རོ། །ཕུག་གི་སྒོར་བྱུགས་ན་ཕུག་གི་སྒོ་ཐམས་ཅད་བྱེ་བར་འགྱུར་རོ། །བུ་གའི་གནས་སུ་བྱུགས་ན་རོ་ཐམས་ཅད་འཛག་པར་འགྱུར་རོ། །ནགས་ཀྱི་ཕུགས་སུ་བརྐོས་ཏེ་བཞག་ན་ནགས་ཀྱི་ལྷ་ཐམས་ཅད་རང་གི་མདུན་ན་འདུག་པར་འགྱུར་རོ། །དགོས་པ་གང་བྱེད་པ་དེ་གྲུབ་ པར་འགྱུར་རོ། །པདྨའི་མཚོའི་ནང་དུ་བརྐོས་ཏེ་བཞག་ན་པདྨ་མང་པོ་འབྱུང་བར་འགྱུར་ཞིང་དུས་ཀུན་ཏུ་ལྷའི་དྲི་བསུང་འབྱུང་བར་འགྱུར་རོ། །ཁྱིམ་མཐོན་པོའི་གནས་སུ་བཞག་ན་ཇི་སྲིད་སྣང་བ་དེ་སྲིད་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་བསྲུང་བར་འགྱུར་ཞིང་། ཕྱོགས་བཅུ་ཀུན་ནས་དཔག་ཚད་བརྒྱ་མཚམས་བཅད་པར་འགྱུར། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར། སྡིག་པ་ཐམས་ཅད་དང་། དགྲ་ཐམས་ཅད་དང་། གདོན་ཐམས་ཅད་དང་། འགོ་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། ཕ་རོལ་གྱི་དཔུང་ཐམས་ཅད་རབ་ཏུ་ཞི་ བར་འགྱུར། འགོ་བའི་ནད་ཐམས་ཅད་རྣམ་པར་འཇིག་པར་འགྱུར། གཡུལ་ངོར་ཡུངས་ཀར་དང་བསྲེས་ཏེ་གཏོར་ན་གཡུལ་འགྱེད་པ་ཆེན་པོ་ཕན་ཚུན་མཛའ་བ་ཆེན་པོར་འགྱུར། ནད་ཆེན་པོས་ལུས་སྐམས་ཤིང་ཚེ་ཟད་པ་དང་བགེགས་ཆེན་པོས་ཟིན་པ་ལ་དྲི་ཆབ་ཀྱི་བུམ་པར་ རིལ་བུ་འདི་བསྲེས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཁྲུས་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་ཁྲུས་བྱས་པ་ཙམ་གྱི་མོད་ལ་ནད་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །སྡིག་པ་ ཐམས་ཅད་དང་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། ཚེ་ཡོངས་སུ་ཟད་པ་ཚེ་སླར་ནུར་བར་འགྱུར། ལྷའི་ལུས་གཟུགས་དང་ལྡན་པར་འགྱུར། དྲི་མ་དང་བྲལ་བ་དང་སེར་སྣ་དང་བྲལ་བར་འགྱུར། ལས་གཞན་དང་གཞན་སྟོང་ཕྲག་བརྒྱ་བྱེད་པར་འགྱུར་ཏེ་རང་ གི་བློས་ཀྱང་ཐམས་ཅད་དུ་སྦྱར་བར་བྱའོ། །ཐམས་ཅད་ལ་ཐོགས་པ་མེད་པའི་ལས་ཅན་དུ་འགྱུར། ཕུག་གི་གནས་ཐམས་ཅད་ཀྱི་རྗེ་དཔོན་དང་རྒྱལ་པོར་འགྱུར། ཚེ་བསྐལ་པ་སྟོང་ཕྲག་བཅུ་གཉིས་ཐུབ་པར་འགྱུར། ཤི་ནས་འཇིག་རྟེན་གྱི་ཁམས་བདེ་བ་ ཅན་དུ་པདྨའི་སྙིང་པོ་ལས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནོར་བུ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། མརྒད་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མུ་ཏིག་རྣམས་ཀྱིས་ལུས་བརྒྱན་པར་འགྱུར་རོ། །སྐྲ་བུང་བ་ལྟར་ག་ནག་ཅིང་འཁྱིལ་ལ་འཁྱིལ་པ་དང་། མིག་ཨུཏྤ་ལའི་མཆོག་སྔོན་པོ་ལྟ་བུ་དང་། བགས་པའི་མདོག་གསེར་ལྟ་བུར་འགྱུར་རོ། །ངག་འཇམ་པ་དང་སྙན་པ་དང་ཡིད་དུ་འོང་བར་འགྱུར་རོ། །རྒྱལ་བ་འོད་དཔག་མེད་ཀྱི་ཕྱག་གིས་སྤྱི་བོ་ལ་འཇོག་པར་འགྱུར་རོ། །ཕྱག་ན་པདྨའི་ཕྱག་མཆོག་སྦྱིན་པས་དབུགས་ འབྱིན་ཅིང་ཁྱད་པར་མཆོག་སྦྱིན་པར་འགྱུར་རོ། །པདྨ་ལ་རབ་ཏུ་གནས་པ་རྣམ་པར་གཟིགས་པ་དོན་ཡོད་པའི་སངས་རྒྱས་ཞེས་བྱ་བ་འཕགས་པ་འོད་དཔག་མེད་ལུང་སྟོན་པར་འགྱུར་རོ། །དེ་ནས་ཡུངས་ཀར་དེ་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱ་ཕྲག་བྱེ་བ་སྙེད་ཀྱི་སྤྱན་དུ་གྱུར་པ་དང་གང་ གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིང་བསྲེལ་དུ་འགྱུར་ཞིང་། ཁམས་སྣ་ཚོགས་ཀྱི་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་མདོག་གི་ངོ་བོ་ཉིད་དུ་འགྱུར། ནོར་བུ་རིན་པོ་ཆེ་བདུན་དང་འདྲ་ཞིང་འདི་ལྟ་སྟེ། སྐུ་གདུང་རེ་རེ་ཡང་ཉི་མ་བཞིན་དུ་སོ་སོར་གསལ་བར་ འགྱུར་རོ། །ཕྱོགས་བཅུ་ཀུན་ཏུ་འོད་ཟེར་འབྱུང་བར་འགྱུར་ཞིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་མཛད་དེ་ལུས་རེ་རེ་སྟོན་པར་འགྱུར་རོ། །རིང་བསྲེལ་འདི་མཐོང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། གཞན་དུ་ཡིད་ལ་མ་ བྱས་ན་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལ་སྨད་པར་མི་འགྱུར་རོ། །གཞན་ཡང་ཉལ་ཀར་རང་གི་བློས་བྱམས་པའི་སེམས་ཀྱིས་རིང་བསྲེལ་མངོན་དུ་བྱས་ཏེ་སྨོན་ལམ་གདབ་པར་བྱའོ། །ཅི་འདོད་པ་བསམས་ཏེ་མཆོད་པ་བྱས་ན་བསམས་པ་ཙམ་གྱི་མོད་ལ་སྐད་ཅིག་ཏུ་ཐམས་ ཅད་འགྲུབ་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོ་འདི་ཇི་ལྟ་བ་བཞིན་དུ་བུམ་པ་བཟང་པོ་འདི་ཡང་བལྟ་བར་བྱ་སྟེ། དེ་གཉིས་ཀ་ཡང་རྫུ་འཕྲུལ་མཛད་པར་སྣང་བ་མཐུན་པ་ཡིན་ཏེ། འདི་ལ་ཐེ་ཚོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །བུམ་པ་སྒྲུབ་པ་དོན་ཡོད་པའི་ཆོ་གའོ།། །། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་ཕྱག་གསེར་གྱི་ཁ་དོག་ཅན་བརྒྱད་སྟེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབུའི་སྤྱི་བོར་བཞག་སྟེ་བཀའ་སྩལ་པ། མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བའི་ཆོ་ག་ཞིབ་མོ་གྲུབ་པ་བླ་ན་མེད་པ་དོན་ཡོད་པ་ཆེན་པོའི་བུམ་པ་སྒྲུབ་པ་རིག་ པ་འཆང་བ་རྣམས་ཀྱིས་བཀླགས་པས་གྲུབ་པ་འཛམ་བུ་གླིང་བའི་རིགས་བཞིའི་འཇིག་རྟེན་ལ་ཕན་པ་དང་། བདེ་བའི་དོན་དུ་རབ་ཏུ་བྱིན་པ་དང་། སྒྲུབ་པ་ཤིན་ཏུ་བཀྲ་ཤིས་པ་བླ་ན་མེད་པ་རང་གི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། དོན་ཡོད་པ་ཆེན་པོའི་ཆོ་འཕྲུལ་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་བླ་ན་མེད་པ་གྲུབ་པ་ཡང་དག་པར་བསྒྲུབ་པ། ཆེ་ཞིང་ཆེ་བ་བྱང་ཆུབ་ཀྱི་སྙིང་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ། དེ་བཞིན་གཤེགས་པ་ཆེན་པོའི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་དབུགས་འབྱིན་པ་ཆེན་ པོའི་འཇིག་རྟེན་དུ་བཞག་པ་ནི་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །མཆོག་ཏུ་གྲུབ་པ་བླ་ན་མེད་པ་བསྒྲུབ་པ་བཀླགས་པས་འགྲུབ་པ། རྟག་ཏུ་རྗེས་སུ་འབྲང་བར་འགྱུར་བ། རྟག་ཏུ་མཆོག་སྦྱིན་པར་མཛད་པ། རྟག་ཏུ་རྗེས་སུ་སྐྱོང་བར་མཛད་པ་ནི་སེམས་ཅན་གྱི་བསམ་ པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་ཏུ་ཡིད་དགའ་སྟེ། བཞིན་འཛུམ་ནས་བཅོམ་ལྡན་འདས་ག་ལ་བ་ དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཏུད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྲོག་ ཆགས་སུ་གྱུར་པ་ཇི་སྙེད་རི་དགས་དང་བྱ་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གིས་ཡོངས་སུ་གཟུང་བར་བགྱི་ཞིང་། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི་བ་དང་བྱང་ཆུབ་ཆེན་པོའི་ལམ་ལ་འགོད་པའི་ཕྱིར་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་རྗེས་སུ་གཟུང་ བར་བགྱིའོ། །བཅོམ་ལྡན་འདས་མངོན་པར་བརྩོན་པ་དེ་དག་ནི་ཐམས་ཅད་ཀྱི་མཆོག་ཏུ་ཡོངས་སུ་གྲོལ་བར་བགྱིའོ། །བཅོམ་ལྡན་འདས་ཡང་དག་པར་འགྲུབ་པར་བྱེད་པའི་རིག་པ་འཛིན་པ་ཐམས་ཅད་ཀྱིས་བདག་དྲན་ན། བཅོམ་ལྡན་འདས་སེམས་ཅན་དེ་ནི་བདག་ གིས་རྟག་ཏུ་བལྟ་བར་བགྱིའོ། །རྟག་ཏུ་རྗེས་སུ་དྲན་པ་དང་རྟག་ཏུ་རྗེས་སུ་བསྲུང་བར་བགྱིའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་གཉིས་པ། བཅོམ་ལྡན་འདས་འོན་ཀྱང་དོན་ཁྱད་པར་ཅན་གྱི་ཆེད་དུ། དོན་ཡོད་ཞགས་ པའི་སྙིང་པོའི་ཆོ་ག་ཞིབ་མོ་འདི། ཀློག་པ་དང་། སྒྲུབ་པ་དང་། རེག་པ་དང་། མཆོད་པར་བྱེད་པ་ལ་མངོན་པར་བརྩོན་པ་དེ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལྟ་བུར་ཡོངས་སུ་བསྐྱང་བར་བགྱི། ཕྲག་པས་ཡོངས་སུ་བཀུར་བར་བགྱིའོ། །བཅོམ་ ལྡན་འདས་དེ་བཞིན་ཉིད་དུ་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ། ཡོངས་སུ་ཐར་པའི་དོན་གྱི་ཆེད་དང་། མཆོག་སྦྱིན་པ་ཡོངས་སུ་རྫོགས་པའི་ཆེད་དང་། རེ་བ་དང་། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡང་དག་པར་དགོངས་པའི་ཆེད་དུ་བདག་གིས་བཅོམ་ལྡན་འདས་ ལ་ལྟོས་པ་མེད་པར་བགྱིའོ། །བདག་བཅོམ་ལྡན་འདས་ཀྱི་ཚིམ་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བའི་ཆེད་དང་། མཆོག་སྦྱིན་པའི་ཆེད་དང་། སྲུང་བའི་ཆེད་དང་། ཐམས་ཅད་ལ་བྱང་ཆུབ་མཆོག་གི་ལམ་ལ་རབ་ཏུ་དགོད་པའི་ཆེད་དང་། བཅོམ་ ལྡན་འདས་ཁྱད་པར་དུ་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་ལ་གལ་ཏེ་ཀློག་པ་དང་། སྒྲུབ་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ལ་མངོན་པར་བརྩོན་པར་བྱེད་པ་དང་། འཆང་བར་བྱེད་པ་དང་། འདོན་པར་བྱེད་པ་དང་། མཆོད་པར་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་ བཞིན་དུ་ཡིད་ལ་བྱེད་པས་སྒོམ་པར་བྱེད་པ་དང་། ཉན་པར་བྱེད་པ་དང་། ཐ་ན་རྣ་བའི་བུ་གར་ཡང་སྒྲ་ལྷུང་བར་འགྱུར་བ་དེ་ལ་བདག་གིས་བཅོམ་ལྡན་འདས་རྟག་ཏུ་དུས་ཐམས་ཅད་དུ་རྒྱུན་རྗེས་སུ་འབྲང་བར་བགྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་ཐམས་ ཅད་དང་བཀྲ་ཞིང་རྣམ་པར་བཀྲ་བའི་ལྷ་རྫས་ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ། །ཆོ་ག་ཞིབ་མོ་ཆེན་པོ་སྒྲུབ་པར་བྱེད་པ་རྣམས་ཕྱིར་མི་ལྡོག་པའི་གནས་ལ་དགོད་པར་བགྱི། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རི་དགས་དང་བྱ་རྣམས་ཀྱིའང་སྒྲ་གྲག་པ་རྣ་བའི་བུ་གར་ལྷུང་བ་ཙམ་ ལས་ཕྱིར་མི་ལྡོག་པའི་གནས་ལ་རབ་ཏུ་འཇུག་པར་བགྱི། བཅོམ་ལྡན་འདས་ཅི་སླར་ཡང་ཡོངས་སུ་དག་པའི་ཡིད་ཀྱིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་རྟག་ཏུ་ཡང་དག་པར་གནས་པས་དོན་ཡོད་ཞགས་པའི་སྙིང་པོ་འདི་སྒྲུབ་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་སྒྲུབ་པར་བྱེད་པ་དང་། འཆང་བར་བྱེད་པ་དང་། འདོན་པར་བྱེད་པ་དང་། ཐུན་མཚམས་གསུམ་གྱི་གནས་སུ་གནས་པས་རྗེས་སུ་དྲན་པར་བྱེད་པ་དང་། ཉིན་དང་མཚན་མོར་རི་མོར་བྱེད་པ་ འདི་རྣམས་བཅོམ་ལྡན་འདས་མིའི་ལུས་སུ་མི་འགྱུར་ཏེ། མིའི་ལུས་དག་པའི་ལུས་སུ་རིག་པར་བྱ། ལྷ་ཞེས་བྱ་བའི་ལུས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་བདག་གིས་རྟག་པར་རྒྱུན་དུ་ཕྲག་པས་ཡོངས་སུ་བཀུར་བར་བགྱི། བཅོམ་ལྡན་འདས་བདག་གི་སྤྱི་བོར་སོན་པ་ བཟུང་བར་བགྱི། བཅོམ་ལྡན་འདས་གང་གི་སླད་དུ་ཞེ་ན། བཅོམ་ལྡན་འདས་ལྷའི་ལུས་འདི་ནི་མིའི་ལུས་སུ་རིག་པར་བགྱི་བ་མ་ལགས་སོ། །གང་གི་སླད་དུ་ཞེ་ན་བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི། མིའི་ལུས་ཀྱི་སྙིང་དང་། ནང་གི་ཡིད་ལ་ གནས་པ་དེས། དེའི་མཐུས་དོན་ཡོད་ཞགས་པའི་སྙིང་པོ་ཆེན་པོའི་མཐུ་ཡིས། མིའི་ལུས་དག་པའི་ལྷའི་ལུས་སུ་འགྱུར་ཏེ། ལྷའི་ལུས་སུ་རིག་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་ལུས་སུ་རིག་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ལུས་སུ་རིག་པར་ བྱའོ། །དེ་བཞིན་གཤེགས་པའི་མཛོད་རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་གྱི་ལུས་སུ་རིག་པར་བྱའོ། །དོན་ཡོད་པའི་སྙིང་པོའི་ལུས་སུ་རིག་པར་བྱའོ། །དྲི་མ་དང་བྲལ་ཞིང་། སེར་སྣ་དང་ཕྲག་དོག་སྤངས་པའི་ལུས་སུ་རིག་པར་བྱའོ། །སྡིག་བ་དང་སྒྲིབ་པ་ཐམས་ ཅད་རྣམ་པར་དག་ཅིང་དྲི་མ་མེད་པའི་ལུས་སུ་རིག་པར་བྱའོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། ཕྱག་བྱ་བའི་འོས་སུ་རིག་པར་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་བསྲུངས་པའི་ལུས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བསྐྱེད་པའི་དགེ་བའི་རྩ་བ་དང་། ཡང་དག་པར་ལྡན་པའི་ ལུས་སུ་རིག་པར་བྱའོ། །ཚེ་དཔག་ཏུ་མེད་པའི་ལུས་སུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་ཕྱུང་བའི་ལུས་སུ་རིག་པར་བྱའོ། །ལག་ན་རྡོ་རྗེས་རྡོ་རྗེར་བྱིན་གྱིས་བརླབས་པའི་ལུས་སུ་རིག་པར་བྱའོ། །རྒྱ་མཚོ་ཆེན་པོ་ཟབ་མོའི་ཆུའི་རིགས་དཀུ་ དང་མཉམ་ཞིང་མཚུངས་པའི་ལུས་སུ་རིག་པར་བྱའོ། །དེ་མ་ཐག་ཏུ་ལྷུན་པོ་ཆེན་པོའི་ལུས་སུ་རིག་པར་བྱའོ། །ནམ་མཁའ་ཆེན་པོ་ཡོངས་སུ་དག་པ་དང་། ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བར་འགྱུར་ཏེ། ལྷའི་ལུས་དང་ལྷའི་ཁམས་ཀྱི་སྙིང་པོ་མཉམ་པའི་ལུས་སུ་རིག་པར་བྱའོ། ། དེ་ལྟར་མཐུ་ཆེན་པོ་དང་སྟོབས་ཆེན་པོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པར་འགྱུར་ཏེ། ལུས་ཆེན་པོར་ཡང་འགྱུར་རོ། །བཅོམ་ལྡན་འདས་འོན་ཀྱང་སེམས་ཅན་སྒྲུབ་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། གཏིང་དཔག་ པར་དཀའ་བ། དད་པ་མེད་པ། སེར་སྣས་ཡོངས་སུ་དཀྲིས་པ། སྡིག་པ་དང་། གདུག་བ་དང་། ལྷག་མ་དང་། སྦགས་པ་དང་། ཁྲོ་བ་དང་། ཞེ་གདུག་པ་མང་བ་དེས་ནི་བཅོམ་ལྡན་འདས་སེམས་ཅན་རང་གི་ཉེས་པ་ལགས་ཀྱི་བཅོམ་ལྡན་འདས་བདག་གིས་ཉེས་པ་ནི་མ་ལགས་ སོ། །བཅོམ་ལྡན་འདས་འོན་ཀྱང་བདག་དྲན་པ་ཙམ་གྱིས་སྙིང་པོ་འདི་ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། བཟླས་པ་ཙམ་གྱིས་ཡང་དག་པར་དགོངས་པར་བགྱི་མཐོང་བ་སྩལ་བར་བགྱིའོ། །ཡང་དང་ཡང་དུ་བསྐུལ་བར་བགྱིའོ། །བཅོམ་ལྡན་འདས་སེམས་ཅན་དེ་རྣམས་ནི་ བདག་ལ་ལྟ་བར་མི་བྱེད་པ་དང་། བསམ་པར་མི་བྱེད་པ་དང་། སེམས་པར་མི་བྱེད་པ་དང་། སྐད་ཅིག་ཡུད་ཙམ་ཐང་ཅིག་ཡིད་ལ་བྱེད་པས་ཀུན་ཏུ་འཛིན་པར་མི་བྱེད་ལགས་ཏེ། གདུག་པའི་བསམ་པ་དང་། གདུག་པའི་སེམས་ཀྱིས་སེམས་ཅན་རང་གི་ཉེས་པས་ཡང་དག་ པར་གང་བའི་ལུས་ལགས་སོ། །བཅོམ་ལྡན་འདས་བདག་ནི་སེམས་པ་དང་། དྲན་པ་དང་། རྣམ་པར་ལྟ་བར་བྱེད་པ་ཙམ་གྱི་མོད་ལ་མདུན་ན་ཉེ་བར་འདུག་པར་བགྱི། མཐོང་བ་དང་ཡང་དག་པའི་གཏམ་ཀུན་ཏུ་སྨྲ་བ་དང་། ཡང་དག་པར་འགྲོགས་པར་བགྱིའོ། །སེམས་ཅན་ དེ་རྣམས་ནི་རིག་སྔགས་འཆང་ཐ་ན་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་ཡང་མི་སྐྱེ་སྟེ། ཡིད་ལ་བྱེད་པ་དང་། སེམས་པར་བྱེད་པ་ཡང་མ་ལགས་སོ། །འདི་ལྟ་སྟེ། དགེ་སྦྱོང་གི་ཆ་བྱད་སྐྲ་བཞར་ཞིང་ངུར་སྨྲིག་ཙམ་འཆང་བའི་ཆ་བྱད་ནི་བྲམ་ཟེ་དང་། རྒྱལ་རིགས་ཀྱི་ཆ་བྱད་དང་། ཚོང་ པ་དང་དེད་དཔོན་ཆེན་པོའི་ཆ་བྱད་དང་། བྱིས་པ་དང་། བཅོམ་ལྡན་འདས་ཀྱི་ཆ་བྱད་དང་། རྒྱལ་པོ་དང་། བློན་པོ་དང་། འགྲོགས་བཤེས་དང་། གོས་དམར་པོ་ཅན་ལ་མཁན་པོ་དང་། སློབ་དཔོན་དང་མཚུངས་པར་མཁན་པོ་དང་། བུ་དང་། བུ་མོ་དང་། མ་དང་། ཕ་དང་། སྲིང་མོར་ཉེ་བར་ལྟ་བར་བྱེད་དོ། །འོན་ཀྱང་མཁས་པ་ནི་ལྷག་པའི་བསམ་པ་ཡང་དག་པར་རྫོགས་པ་ལ་གནས་པས། གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་། སྐད་དང་། ཡང་དག་པའི་གཏམ་སྨྲ་བ་དང་། ཚིག་འབྲུ་དང་། ཡི་གེ་དང་། དུས་ ཚིགས་སུ་འགྲོ་བ་ཡང་དག་པར་མཚོན་པར་བྱ། ཡང་དང་ཡང་དུ་གཏམ་ཀུན་ཏུ་སྨྲ་བ་ལ་རྣམ་པར་སྤྱད་པར་བྱ། དེའི་འོག་ཏུ་ཤེས་པར་བྱའོ། །འཕགས་པའི་སེམས་ཅན་ནོ་ཞེས་བལྟ་བར་བྱ། བདག་ལ་བལྟ་བར་འདོད་པ་དང་། བདག་མཐོང་བར་འདོད་པ་དེར་ཉེ་བར་འགྲོ་ བར་བགྱིའོ། །དེ་ལྟ་བུའི་ཆོ་གས་ཤིན་ཏུ་གསལ་བར་མཐོང་བསྩལ་བར་བགྱི། རེ་བ་ཐམས་ཅད་དང་། ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་བགྱི། སྐྱེ་བོ་ཆེན་པོའི་དབུས་སུ་ཉོ་བ་དང་། འཚོང་བ་དང་། ཀུན་ཏུ་སྨྲ་བ་དང་། ཡང་དག་པར་སྨྲ་བའི་ཐ་སྙད་ཡང་དག་ བར་བགྱི། འདུན་སའི་དབུས་སུ་བསྟན་བཅོས་དང་། སྙན་དང་གས་དང་། རིག་བྱེད་དང་། གསང་སྔགས་དང་། རིགས་པ་དང་། བརྡ་སྤྲོད་པ་དང་། མདོ་སྡེ་དང་། ཟློས་གར་དང་། དྲི་ཟའི་གླུ་དབྱངས་ཀྱི་ཐ་སྙད་ཡང་དག་པར་བགྱི། བྱང་ཆུབ་སྒྲུབ་པ་ལ་ཚུལ་དང་། འདུལ་བ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་མན་ངག་ལྷག་པར་བགྱི། བྲམ་ཟེ་རྣམས་ལ་སྔོན་རབས་དང་། རིག་བྱེད་དང་། མེའི་སྦྱིན་སྲེག་དང་། བྷ་ར་ཏ་དང་། རཱ་མཱ་ཡ་ཎ་བསྟན་པར་བགྱི། གསང་སྔགས་སྨྲ་བ་རྣམས་ལ། གསང་སྔགས་ཀྱི་བཟླས་བརྗོད་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ དང་། ཆོ་ག་ཞིབ་མོ་དང་། གཟུངས་ཀྱི་བཟླས་བརྗོད་དང་། སྦྱིན་སྲེག་དང་། ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་ལ་སོགས་པ་བསྟན་པར་བགྱི། གང་གིས་བདག་མངོན་སུམ་དུ་མདུན་ན་འདུག་བར་ཅི་ཞིག་གིས་ཤེས་པར་བྱ་ཞེ་ན། རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། ཚིག་སྙན་པ་དང་། འཇམ་ཞིང་མཉེན་པའི་ངག་མི་འགྱུར་ཞིང་ཡོངས་སུ་གསལ་བར་རབ་ཏུ་འབྱེད་པ་ཡིན་པ་དང་། ངག་གསལ་བ་ཡིན་པས་ཏེ། ཐམས་ཅད་དུ་མཆོག་ཏུ་སྨྲ་ཞིང་སོ་སོར་ཁྱད་པར་དུ་བྱེད་པའོ། །ཁ་ནས་ཨུཏྤ་ལའི་དྲི་དང་ལྡན་པའི་རླུང་གནས་པ་དང་། ལུས་ལས་ ཀྱང་གླ་རྩིའི་དྲི་གནས་པས་ཏེ། འོན་ཀྱང་འཇིགས་སུ་རུང་བའི་གཟུགས་ལ་ཤིན་ཏུ་དཔལ་གྱིས་འབར་བར་བྱེད་དོ། །དེས་ན་རིག་སྔགས་འཆང་གིས་གཞན་ནམ། འཇིག་རྟེན་གྱི་རིགས་བཞི་པོ་གང་ཡང་རུང་བ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ་ཞེས་དེ་གསལ་ བར་ཤེས་པར་བྱ་སྟེ། འདི་ལ་ཡིད་གཉིས་དང་དོགས་པ་བསྐྱེད་པར་མི་བྱའོ། །རྨི་ལམ་དུ་ཡང་ཐུན་མཚམས་བཞི་རུ་སྣ་ཚོགས་པའི་གཟུགས་དང་ཁ་དོག་དང་དབྱིབས་སུ་མཐོང་བ་སྩལ་བར་བགྱི། རེ་བ་ཐམས་ཅད་དང་། ཡིད་ཀྱི་ཤིང་རྟའི་མཆོག་རྗེས་སུ་སྩལ་བར་བགྱི། ལྷུན་གྱིས་གྲུབ་བ་ལས་ཕན་པ་ཐམས་ཅད་དང་། ཕུན་སུམ་ཚོགས་པའི་འབྱོར་པ་ཡོངས་སུ་རྫོགས་པར་བགྱི། བཅོམ་ལྡན་འདས་ནམ་དུ་ཡང་རྣམ་པ་གཞན་དུ་མི་འགྱུར་བར་བགྱིའོ། །ཡོངས་སུ་གཏང་བར་མི་བགྱིའོ། །དེ་ནས་མཆོག་སྦྱིན་པ་ལ་ལྟོས་པར་མི་བགྱིའོ། །བཅོམ་ལྡན་ འདས་བརྫུན་དུ་སྨྲ་བ་དེའི་དངོས་གྲུབ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ལྷ་རྣམས་དེ་ལ་བསྲུང་བ་དང་། ཡོངས་སུ་སྐྱོང་བར་མི་བགྱིད་པ་ནི་མ་གཏོགས་སོ། །བཅོམ་ལྡན་འདས་དེ་ཡང་སེམས་ཅན་སྡུག་བསྔལ་ཅན་དེའི་སྐྱོབ་པ་དང་། དཔུང་གཉེན་དང་། སྐྱབས་དང་། འཁྲ་ སར་འགྱུར་བར་བགྱི། གདོན་མི་ཟ་བར་བརྩེ་བ་མེད་པར་འགྱུར་བ་མ་ཡིན་ནོ་ཞེས་མཆོག་ཏུ་བསྒྲལ་བར་བགྱིའོ། །བཅོམ་ལྡན་འདས་དེ་ལྟར་སྙིང་རྗེས་ཡོངས་སུ་ཟིན་པའི་ཡིད་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པར་བགྱི། ཡང་དག་པར་གཟུང་བར་བགྱི། སེམས་ཅན་འདི་དག་ ལ་གདོན་མི་ཟ་བར་བྱང་ཆུབ་ཀྱི་ས་བོན་རྗེས་སུ་གདབ་པར་བགྱིའོ་ཞེས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་སེམས་དཔའ་ཆེན་པོ་མཆོག་གི་སྙིང་རྗེ་ཅན། ཁྱོད་སེམས་ཅན་ལ་མཉེས་གཤིན་པ་གང་གིས་སེམས་ཅན་དེ་རྣམས་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ་མཆོད་པར་བྱེད་ཅིང་། འཁོར་བ་ཆེན་པོར་སྤྱོད་པར་ བྱེད་པ་ལས་ཡོངས་སུ་ཐར་བ་གང་ཡིན་པ་དང་། བསད་པར་འོས་པ་ཤིན་ཏུ་ཡོངས་སུ་གྱུར་པ་བྱིང་བར་གནས་པ་དང་། བཀྲེས་པ་དང་། སྐོམ་པས་ཉེན་པ་དང་། འཇིགས་པ་དང་། སྐྲག་པ་དང་། ཡིད་འབྱུང་ཞིང་སྐྱོ་བ་དང་། སྡུག་བསྔལ་མང་བ་དེས་ན་སེམས་ཅན་དེའི་དོན་ཡོད་ པའི་རྒྱལ་པོའི་སྙིང་པོའི་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདིའི་མིང་འཛིན་པ་དང་། སྒྲ་རྣ་བའི་བུ་གར་ལྷུང་ཞིང་ཐོས་པར་བྱེད་པ་དེའི་སྡུག་བསྔལ་ཆེས་ཆེ་བ་དེ་རྣམས་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་ གྲོལ་ཏེ། འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ། །དམྱལ་བའི་འཇིགས་པ་ཆེན་པོ་ལས་འདོན་ཅིང་ཡོངས་སུ་གྲོལ་བར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སྡིག་པ་ཐམས་ཅད་དང་། དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ལས་ཀྱི་ སྒྲིབ་པ་རྣམས་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་ འགྱུར་རོ། །ལན་བདུན་ཐོས་པ་ཙམ་གྱིས་སེམས་ཅན་དེ་རྒལ་བར་འགྱུར་རོ། །ཚོགས་ཆེན་པོ་བསགས་པ་དང་། དེ་བཞིན་གཤེགས་པས་དབུགས་ཕྱུང་བ་ཡིན་ནོ། །བྱང་ཆུབ་ཀྱི་ས་བོན་ཡོངས་སུ་རྫོགས་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་འོན་ཀྱང་སེམས་ཅན་ འདི་དག་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྙིང་པོ་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་བཅས་པའི་ཆོ་ག་ཞིབ་མོ་མཐའ་དག་རྫོགས་པར་ཉན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། འཆང་དུ་འཇུག་པ་དང་། འདོན་དུ་འཇུག་པ་དང་། མཆོད་པར་བྱེད་པ་དང་། འདྲི་བར་བྱེད་པ་དང་། འདྲིར་འཇུག་པ་དང་། མཆོད་པ་ཆེན་པོ་བྱེད་པ་དེའི་སེམས་ཅན་དེ་རྣམས་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། འདི་ལ་ཐེ་ཚོམ་དང་། དོགས་པ་བསྐྱེད་པར་མི་བྱའོ། །འོན་ཀྱང་རིལ་བུ་དང་། མིག་སྨན་དང་། བདུག་པ་ལག་ཏུ་ ཐོགས་པར་འགྱུར་བ་དེའི་སེམས་ཅན་དེ་རྣམས་ཆེར་དག་ཅིང་ཀུན་ནས་ཕྱོགས་བཅུ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་པར་འགྱུར་རོ། །ཕྱག་ན་པདྨ་དང་། རིགས་ཀྱི་བུའམ་རིགས་ ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དོན་ཡོད་ཞགས་པའི་སྙིང་པོ་དང་། ཀུན་ཏུ་ཁྲོ་བོའི་ཕྱག་རྒྱའི་སྙིང་པོ་འདི་ལན་བདུན་སྨྱུང་བར་གནས་པའི་ཆོ་གས་མཆོད་པ་བྱེད་ཅིང་བཟླས་པ་འབུལ་བར་བྱེད་ཅིང་དབང་སྐུར་བར་བྱེད་ པ་དེ་ནི་མཐོང་བའི་ཆོས་ཉིད་ལ་དེ་བཞིན་གཤེགས་པའི་ལུས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཉིད་དངོས་སུ་མཐོང་སྟེ། དེ་བཞིན་གཤེགས་པའི་མཛོད་ལག་ཏུ་སོན་པར་འགྱུར་ཏེ་ཡིད་ཀྱིས་ཐེ་ཚོམ་མི་བྱའོ། །འཁོན་དང་དྲེགས་པ་ཐམས་ཅད་ཡོངས་སུ་སྤངས་པས་བྱ་ སྟེ། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བས་སེམས་ཅན་དེ་རྣམས་ཐམས་ཅད་ཀྱི་མཐར་ཐུག་པར་འགྱུར་བར་བྱ་ཞིང་བཟླས་པ་སྦྱིན་པར་བྱའོ། །གང་ཡང་དོན་ཡོད་པའི་དཀྱིལ་འཁོར་ཆེན་པོ་འཆད་པར་བྱེད་པ་དང་། མཐོང་བ་དང་། ལྟ་བར་བྱེད་པ་དང་། རས་རིས་ཆེན་པོ་འདི་ལྟ་བར་ བྱེད་པ་དེ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ཕྱོགས་བཅུ་ཀུན་ཏུ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་རྗེས་སུ་ཞུགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་ཚིག་ཆེན་པོའི་སྙིང་པོ་རབ་ ཏུ་ཞུགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཐོང་བར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་འདིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །དེ་ལྟར་ཡོན་ཏན་དང་། ཕན་ཡོན་ཆེན་པོ་དང་། བསོད་ནམས་ཀྱི་ཕུང་པོ་ཆེན་ པོ་དང་ལྡན་པར་འགྱུར་རོ། །དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་དུ་ཕན་ཡོན་ཆེན་པོ་དང་། མཐུ་ཆེན་པོ་དང་། ཡོན་ཏན་ཆེན་པོ་བསྐྱེད་པར་བྱ་བ་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་ཆོ་ག་སྟེ། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདི་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་དང་མཐོང་བ་ཙམ་གྱིས་མཐོང་བའི་ཆོས་ཉིད་ལ་ཆོ་འཕྲུལ་ཆེས་ཆེ་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་པ་བལྟ་བ་འདི་དག་མཚུངས་སོ། །ཆོ་ག་ཞིབ་མོའི་རྒྱལ་པོའི་དཀྱིལ་འཁོར་ དང་། སྙིང་པོ་དང་། ཕྱག་རྒྱ་དང་། གཟུངས་དང་། དོན་ཡོད་པའི་རྒྱལ་པོའི་རྣམ་པར་འཕྲུལ་པ་གླེགས་བམ་དུ་བྲིས་པ་ལྟ་བར་བྱེད་པ་འདི་དག་མཚུངས་སོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་བརྒྱ་སྟོང་ཕྲག་དང་མཉམ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རྣམས་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་དུ་ཡང་དག་པར་རྗེས་སུ་འབྲང་བར་འགྱུར་རོ། །ཡང་དག་པར་སྲུང་བའི་ཆེད་དང་། ཡང་དག་པར་དབུགས་འབྱིན་པའི་ ཆེད་དུ་མཐོང་བར་གནས་སོ། །གླེགས་བམ་བྲིས་པ་འདི་ཡང་མཐོང་བ་ཙམ་གྱིས་མཚམས་མེད་པའི་ལས་རྣམས་དང་། སྔོན་གྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ། །མཐོང་བའི་ཆོས་ཉིད་ལ་དཔལ་དང་། གཡང་མང་པོ་དང་། གཟི་ བརྗིད་དང་ལྡན་པར་འགྱུར་རོ། །ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །འདི་ནི་སྐྱེ་བའི་ཐ་མའོ། །གླེགས་བམ་འདི་མཐོང་ན། ཚེ་དང་བྲལ་བ་ཡང་ཚེ་འཕེལ་བར་འགྱུར་རོ། །ནད་རྣམས་དང་བྲལ་བར་འགྱུར་རོ། །སྒྲིབ་པ་དང་། ཁྲོ་བ་དང་བྲལ་བར་འགྱུར་རོ། །མཆོག་ཆེན་པོ་གྲུབ་པར་འགྱུར་རོ། །གྲུབ་པ་ཆེན་པོ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཏུ་འགྱུར་རོ། །ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་ཡང་འགྱུར་རོ། །གླེགས་བམ་འདི་ནི་ཆོས་ཀྱི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་ པ་དང་མཚུངས་པར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཞིན་འཛུམ་ཞིང་སྙིང་གཡོ་བ་དང་བཅས་པ་འོད་ཟེར་འབར་ ཞིང་སྣང་བར་བྱེད་བཞིན་པ་རྒྱན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡང་དག་པར་བརྒྱན་པའི་ལུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་གསོལ་པ། བཅོམ་ལྡན་འདས་བདག་ལ་པདྨོ་ཡངས་པའི་དཀྱིལ་འཁོར་ཆེན་པོར་ཀུན་ནས་དོན་ཡོད་པའི་རས་རིས་བལྟ་བ་དང་། དོན་ཡོད་ཞགས་ པའི་སྙིང་པོ་གང་གིས་དོན་ཡོད་པའི་རས་རིས་ཀྱི་བྱ་བས་དེ་རྣམས་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐོང་བའི་རྣམ་འཕྲུལ་སྟོང་ཕྲག་མང་པོ་མཐོང་བ་དང་། རྣམ་པ་སྣ་ཚོགས་གཟུགས་དང་། ཁ་དོག་དང་། རྟགས་མཐོང་བ་དང་། གཟུགས་གཅིག་གི་རྗེས་སུ་འཇུག་པར་མཚུངས་ སོ་ཞེས་མི་འཇུག་གོ། །འདི་ལྟ་སྟེ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཕྱུགས་བདག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། དྲང་སྲོང་གི་ཚོགས་དང་། གཞོན་ནུ་དང་། དེད་དཔོན་དང་། ཚོང་ པ་དང་། རིག་སྔགས་འཆང་དང་། ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་ལུས་གཅིག་པུས་རྗེས་སུ་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་གང་གིས་མཐོང་བ་ཙམ་གྱི་མོད་ལ་དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་ཆེན་པོ་དང་། དམ་ཚིག་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོའི་སྒྲུབ་པ་ཆེན་པོ་དེ་རྣམས་ཐམས་ཅད་གྲུབ་པར་འགྱུར་རོ། །གྲུབ་པའི་དམ་ཚིག་རྗེས་སུ་ཞུགས་པར་འགྱུར་རོ། །དོན་ཡོད་པ་ཆེན་པོའི་གསང་སྔགས་དང་། སྙིང་པོ་དང་། གཟུངས་དང་། དམ་ཚིག་རྗེས་སུ་སྩལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྒྲུབ་པའི་ ཆེད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མངོན་སུམ་དུ་འདུག་པར་འགྱུར་རོ། །རིག་སྔགས་འཆང་རྣམས་ཀྱི་མཆོག་གི་དངོས་གྲུབ་ཀྱི་ཆེད་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཆེད་དུ་ཀློག་པ་དང་སྒྲུབ་པར་བྱེད་པའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་ཨ་མོ་གྷ་པདྨ་པཱ་ཤ་ཀྲོ་དྷཱ་ ཀརྵ་ཡ་པྲ་བེ་ཤ་ཡ་མ་ཧཱ་པ་ཤུ་བ་ཏཾ་ཡ་མ་བ་རུ་ཎ་ཀུ་བེ་ར། བྲཧྨ་བེ་ཥ་དྷ་ར། ཨ་མོ་ག་ཧྲྀ་ད་ཡ་པདྨ་ཀུ་ལ་ས་མ་ཡཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་གཟུངས་ཀྱི་ཕྱག་རྒྱ་འདི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པར་གསུངས་པ་ཙམ་གྱི་མོད་ལ། རི་དང་ནགས་དང་། དགོན་ པར་བཅས་པ་རྣམ་པར་འགྱུར་བ་དྲུག་ཏུ་རབ་ཏུ་གཡོས་ཏེ། མེ་ཏོག་གི་ཆར་ཆེན་པོ་མངོན་པར་བབ་པོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་དང་། ཅ་ཅོའི་སྒྲ་ཆེན་པོ་རིང་དུ་སྒྲོག་པར་བྱེད་དོ། །དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོའི་སྙིང་པོ་འདི་གསུངས་པའི་དེ་མ་ ཐག་ཏུ་གནོད་སྦྱིན་དང་། སྲིན་པོ་གདུག་པ་ཐམས་ཅད་དང་། ལོག་འདྲེན་གདུག་པ་ཅན་རྣམས་ཁས་ཕུབ་ཏུ་འགྱེལ་ཏེ་འབར་ཞིང་ཕྱོགས་ཀྱི་གནས་བསྐྱོད་ཅིང་ཁ་ཕྱིར་ཕྱོགས་སོ། །བགེགས་དང་། ལོག་འདྲེན་རྣམས་ཕྱོགས་བཅུར་འབྲོས་པར་བྱེད་དོ། །ངུ་བཞིན་དུ་རྒྱུག་པར་བྱེད་ཅིང་། སྤ་གོང་ཞིང་ཀུན་ཏུ་འཁྱམ་མོ། འདིར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་རྫས་ཀྱི་རྒྱན་དང་། གོས་དང་། རས་བཅོས་བུ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱེད་ཅིང་། ཆོས་ཀྱི་དགའ་བ་རྗེས་སུ་ སྦྱིན་པར་བྱེད་དོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་དྲིའི་མཆོད་པ་བྱེད་པར་གྱུར་ཏོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་ པ་དང་། ཕྱེ་མ་དང་། ཆོས་གོས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་གོས་དང་། སྤུད་པ་དང་། རྒྱན་དང་། ལྷབ་ལྷུབ་སྣ་ཚོགས་པ་ཐོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་དོང་སྟེ་ལྷགས་ ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་བཞིན་གཤེགས་པའི་སྤྱན་སྔར་མཆོད་པ་ཆེས་ཆེ་བ་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གིས་མཆོད་པ་འགུགས་པ་ནི་མཆོག་ཏུ་རྙེད་པར་དཀའོ། །དོན་ཡོད་པའི་རྒྱལ་པོའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་དང་། དོན་ཡོད་པའི་རས་རིས་ཀུན་ཏུ་བལྟ་བའི་སྙིང་པོ་འདི་གསུངས་པ་འདི་ནི་དག་པའི་སེམས་དཔའ་ཆེན་པོའོ། །དེ་ནས་ཡང་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དག་པའི་སེམས་དཔའ་ཆོ་ག་ཤིན་ཏུ་རྒྱས་པ་ཤོད་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གི་གཟུངས་འདིའི་དོན་ཡོད་པའི་རྣམ་པར་འཕྲུལ་པ་ཤིན་ཏུ་རྒྱས་པ་བཤད་དོ། །གཟུངས་འདིའི་དོན་ཡོད་པའི་རྣམ་པར་འཕྲུལ་པ་ནི་རིག་སྔགས་འཆང་དེས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཉི་མ་རེ་རེར་སྟོང་རྩ་བརྒྱད་དུ་བཟླས་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟུགས་རྣམ་པ་སྣ་ཚོགས་ པ་ཡང་དག་པར་མཐོང་བ་དང་། སྒྱུ་མ་ཡང་དག་པར་མཐོང་བའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་དེ་ཐམས་ཅད་རྗེས་སུ་འཛིན་པར་འགྱུར་ཞིང་། ཐམས་ཅད་དུ་རྗེས་སུ་ཞུགས་པར་འགྱུར་ལ། ཐམས་ཅད་དུ་དམ་ཚིག་རྟོགས་པར་ཁོང་དུ་ཆུད་པར་འགྱུར་ཏེ། ཐམས་ཅད་དུ་ཕྱག་རྒྱ་དང་། དཀྱིལ་ འཁོར་དང་གསང་སྔགས་ཀྱི་ཆོ་ག་ཞིབ་མོའི་རྗེས་སུ་རབ་ཏུ་གནས་པར་འགྱུར་རོ། །ཐམས་ཅད་དུ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བ་རྒྱལ་མཚན་གྱི་མཆོག་གཅེས་བྱ་བ་ལ་གནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྗེས་སུ་སོན་ཅིང་རྗེས་སུ་ཞུགས་པར་འགྱུར་རོ། །དོན་ཡོད་པའི་ རིག་སྔགས་ཀྱི་དངོས་གྲུབ་ཡོངས་སུ་རྫོགས་པ་ལ་རབ་ཏུ་གནས་པར་འགྱུར་རོ། །དོན་ཡོད་པའི་རྣམ་པར་འཕྲུལ་པ་དང་ལྡན་པར་འགྱུར་རོ། །དོན་ཡོད་པའི་གཟུགས་དང་། ཁ་དོག་དང་། རྟགས་དང་། དབྱིབས་དང་མཐུན་པར་འགྱུར་རོ། །དོན་ཡོད་པའི་ཡོན་ཏན་ཡོངས་སུ་བསྒྲགས་པ་ དང་ལྡན་པར་འགྱུར་རོ། །དོན་ཡོད་པའི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ། །དོན་ཡོད་པའི་དེ་བཞིན་གཤེགས་པ་ལུང་བསྟན་པ་ཡོངས་སུ་འཛིན་པར་འགྱུར་རོ། །དོན་ཡོད་པའི་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དོན་ཡོད་ པར་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་བྱིན་གྱིས་རློབ་པ་དང་ལྡན་པར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པའི་རིགས་ཀྱི་རྗེས་སུ་ཞུགས་པར་འགྱུར་རོ། །དོན་ཡོད་པར་རྡོ་རྗེའི་རིགས་ལ་མཉམ་པར་རྗེས་སུ་ཞུགས་པར་འགྱུར་རོ། །དོན་ཡོད་པར་པདྨའི་རིགས་ཀྱི་དམ་ཚིག་ བྱིན་གྱིས་བརླབས་པར་འགྱུར་རོ། །དོན་ཡོད་པའི་ནོར་བུའི་རིགས་ཀྱི་དམ་ཚིག་རྗེས་སུ་འཛིན་པར་འགྱུར་རོ། །དོན་ཡོད་པར་རྒྱལ་པོའི་རིགས་ཀྱི་དམ་ཚིག་རྗེས་སུ་འཛིན་པར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་འཕྲུལ་བ་བྱིན་གྱིས་རློབ་ པའི་བྱིན་གྱིས་བརླབས་པར་འགྱུར་རོ། །དོན་ཡོད་པར་འཁོར་ལོས་སྒྱུར་བའི་རིགས་དབང་དུ་གྱུར་ནས་རབ་ཏུ་གནས་པར་བྱིན་གྱིས་བརླབས་པར་འགྱུར་རོ། །དོན་ཡོད་པ་རིག་སྔགས་ཀྱི་དབང་གིས་མངོན་པར་དབང་བསྐུར་བར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བར་འགྱུར་རོ། །དོན་ཡོད་པར་ཕྱག་རྒྱ་ཆེན་པོ་རིམ་པར་ཕྱེ་བ་དང་། གསང་སྔགས་ཀྱི་སྒྲུབ་ཐབས་ལ་རབ་ཏུ་གནས་པར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་ བྱིན་གྱིས་བརླབས་པར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་བ་བསྐོར་བར་འགྱུར་རོ། །དོན་ཡོད་པར་ཆོས་ཀྱི་རྔ་བོ་ཆེ་རྡུང་བར་འགྱུར་རོ། །དོན་ཡོད་པར་ཆོས་ཀྱི་དུང་འབུད་པར་འགྱུར་རོ། །དོན་ཡོད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ པར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་སྙིང་བོར་འགྱུར་རོ། །དོན་ཡོད་པར་ཐོས་པ་ཟབ་མོ་ཆོས་དབྱིངས་ཀྱི་སྙིང་པོ་དང་ལྡན་པར་འགྱུར་རོ། །དོན་ཡོད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཡན་ ལག་བརྒྱད་དང་ལྡན་པར་འགྱུར་རོ། །དོན་ཡོད་པར་འཇིག་རྟེན་པ་དང་ཐུན་མོང་བའི