Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 5 / 20 (50.000 ký tự/trang)
རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་གྱི་མིག་ལ་བསྐུས་ན། རྟག་ཏུ་མཆོག་སྩོལ་བར་འགྱུར་རོ། །རྟག་ཏུ་བལྟ་འཚལ་བར་འགྱུར་
རོ། །གི་ཝང་དང་ལྷན་ཅིག་སྦྱར་ཏེ་མིག་ལ་བསྐུས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་དབང་ཕྱུག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །དོན་ཆེན་པོ་འགྲུབ་པར་ཡང་འགྱུར་རོ། །རྒྱལ་པོའི་བཙུན་མོ་དང་བློན་པོའི་ཚོགས་དང་། འཁོར་
ཐམས་ཅད་དགའ་བར་གྱུར་ནས། ཐམས་ཅད་དབང་དུ་གྱུར་ཏེ་མཆིས་པར་འགྱུར་རོ། །དཔལ་ལྷ་མོ་ཆེན་མོའི་གཟུགས་བརྙན་གྱི་མིག་ཏུ་བསྐུས་ན། འབྱུང་པོ་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་ལས་བགྱི་བ་ཅི་མཆིས་ཞེས་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ནག་པོ་ཆེན་
པོའི་གཟུགས་བརྙན་གྱི་དཔྲལ་བ་དང་མིག་ལ་བསྐུས་ན། གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ། །མི་རོའི་མིག་ལ་བསྐུས་ན་ལྡང་བར་འགྱུར་རོ། །གསང་སྔགས་དང་། དུག་སྦྱར་མ་དང་། བྱད་ཀྱིས་ཟིན་པ་ཐམས་ཅད་ཀྱི་མིག་ལ་བསྐུས་ན་དུག་སྦྱར་མ་དང་། བྱད་དང་། གསང་
སྔགས་ཐམས་ཅད་བཤིག་པར་འགྱུར་ཞིང་ལན་འགའ་ཡང་སླར་ཟིལ་གྱིས་གནོན་པར་མི་འགྱུར་རོ། །བཀྲེས་པའི་མིག་ལ་བསྐུས་ཏེ། གྲོང་དུ་ཞུགས་ནས་བཟའ་བ་དང་བཏུང་བའི་སྟོན་མོ་ལྷུན་གྱིས་གྲུབ་ཅིང་འཐོབ་པར་འགྱུར་རོ། །བསོད་སྙོམས་པའི་མིག་ལ་བསྐུས་ཏེ། བསོད་སྙོམས་

ལ་མཆིས་ན། ཁ་ཟས་སྣ་ཚོགས་མང་པོ་དང་། ཡོན་ཕལ་པོ་ཆེ་འཐོབ་པར་འགྱུར་རོ། །སྨེ་བ་དང་། ལིང་ཏོག་དང་། རབ་རིབ་དང་། ཆུ་བུར་དང་། མཚན་མོ་འཐོམ་པ་དང་། གཡའ་བ་དང་། ཚག་པོ་དང་། མིག་གི་རྫི་མ་རྡུང་བ་དང་། མིག་སླེ་བོ་དེ་དག་ཐམས་ཅད་ཞི་
བར་འགྱུར་རོ། །མིག་ནད་ཐམས་ཅད་ལས་སོས་པར་འགྱུར་རོ། །ལྷའི་མིག་དག་པ་འདབ་བཟངས་དང་མཚུངས་པ་འདབ་བཟངས་ཀྱི་མཐོང་བ་ཐོབ་ནས་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་དབང་དུ་གྱུར་ནས་ནོར་རྙེད་པ་དང་དོན་གྲུབ་པ་ཡང་ཐོབ་ནས། དབང་ཕྱུག་བླ་ན་མེད་པར་འགྱུར་རོ། །དེ་
ནས་ནོར་དང་། འབྲུ་དང་། གོས་དང་། ལྷབ་ལྷུབ་དང་། རྒྱན་དང་། རྒྱན་འཕྱང་ཐམས་ཅད་དགུག་པ་དང་། འཕེལ་བར་བགྱིད་པ་དང་། དོན་ཡོད་མེ་ལྷ་དགུག་པའི་སྦྱིན་སྲེག་རྒྱ་ཆེན་པོ་བརྗོད་པར་བགྱིའོ། །གྲུབ་པ་ཀུན་གྱི་བླ་ན་མེད། །དོན་ཀུན་གྲུབ་པས་མོད་ལ་ནི། །
མཁས་པ་མཆོག་ཏུ་དགའ་བར་བགྱིད། །དབང་ཕྱུག་སྐལ་བ་ཕུན་སུམ་ཚོགས། །མོད་ཉིད་ཁོ་ནར་ཐོབ་འགྱུར་བར། །ཐེ་ཙོམ་དུ་ཡང་མི་བགྱི་ཞིང་། །ཡིད་གཉིས་ཉིད་ཀྱང་མ་ལགས་སོ། །གཙང་མས་གཙང་མའི་གོས་དག་དང་། །ལེགས་པར་བཀྲུས་པས་ལས་སྒྲུབ་བོ། །སྦྱིན་
སྲེག་བླ་ན་མེད་འཕེལ་བ། །འདི་ནི་རྒྱ་ཆེན་བསམ་མི་ཁྱབ། །ཀ་རན་རྩ་བ་སྡོང་བུར་བཅས། །འདབ་མ་མེ་ཏོག་འབྲས་བུར་བཅས། །ཨརྐའི་ཤིང་དང་བླག་ཤའི་ཤིང་། །ཡམ་སྲེག་དག་གིས་མེ་སྦར་ལ། །ས་བོན་བདུན་པོ་འབྲས་དང་བཅས། །འབྲས་ཡོས་ཏིལ་དང་ཡུངས་ཀར་དང་། །
ཞོ་དང་སྦྲང་རྩི་མར་དང་ནི། །ཡུངས་མར་དག་དང་བསྲེས་པ་ཡི། །སྦྱིན་སྲེག་སྟོང་རྩ་བརྒྱད་ཚང་བགྱི། །ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་ཀྱིས་དབང་བསྐུར་བ་ཚང་བ་དང་། དེ་ནས་དོན་ཡོད་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་ནས། གུ་གུལ་སྐེ་ཚེའི་འབྲས་བུ་
དང་། མར་དུ་སྦྱར་བས་སྦྱིན་སྲེག་བགྱིའོ། །དགོས་པ་ཐམས་ཅད་རྫོགས་པ་དང་། དེའི་ཚེ་བཟའ་བ་དང་། བཏུང་བ་དང་། གནས་མལ་དང་། སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་འཕེལ་བར་ཡང་འགྱུར་རོ། །གོས་སྣ་ཚོགས་

དང་ལྷབ་ལྷུབ་དང་། རྒྱན་དང་། རྒྱན་ཕྲེང་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་རྣམས་ལྷུན་གྱིས་གྲུབ་པ་འབྱུང་བར་འགྱུར་རོ། །དབང་ཕྱུག་གི་འབྱོར་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་ཞིང་ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །དེ་ནས་ཟླ་བ་ཡར་གྱི་
ངོའི་ཚེས་བརྒྱད་ལ་ཉིན་ཞག་གཅིག་མཆིས་ནས་མིག་ལ་བསྐུས་ཏེ། དོན་ཡོད་ཞགས་པའི་སྙིང་པོ་ལན་དགུ་བཅུ་བཟླས་བརྗོད་བགྱིས་ལ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ནས། དོན་ཡོད་ཞགས་པའི་ཕྱག་རྒྱས་ཕྱག་རྒྱ་བཅིངས་ཏེ། དེ་ནས་མིག་ལ་མིག་སྨན་གྱིས་བསྐུས་ན། ནམ་མཁའ་
ལ་རྫུ་འཕྲུལ་གྱིས་མཆི་བར་འགྱུར་རོ། །མིག་སྨན་གྲུབ་པའི་རིག་སྔགས་འཆང་ཐམས་ཅད་ཀྱི་གཙོ་བོ་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །སྐྲ་ཅུང་ཟད་ཡང་འཁྱིལ་པར་འགྱུར་རོ། །བསྐལ་པ་ཁྲིར་འཚོ་བར་འགྱུར་རོ། །མིག་སྨན་འདིས་མིག་ལ་བྱུགས་ན་ཉིན་པར་ལྟ་བ་བཞིན་དུ་མཚན་
མོ་མཐོང་བར་འགྱུར་ཞིང་མི་གདའ་བར་ཡང་འགྱུར་རོ། །འབྱུང་པོ་དང་གནོད་སྦྱིན་དང་། སྲིན་པོའི་གནས་ཐམས་ཅད་དུ་ཞུགས་ན་ཐམས་ཅད་ཀྱི་དཔོན་པོར་འགྱུར་རོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བདུན་པ། མིག་སྨན་འདིས་
མིག་ལ་བྱུགས་ནས་མ་མོའི་གནས་སུ་ཞུགས་ན། ལྷ་གཙོ་བོ་དེ་དག་མིག་མི་འཛུམས་པར་ལྟ་བར་བགྱིད་ལ་ཁྲོ་བོའི་རྒྱལ་པོ་ལན་ཅིག་བཟླས་པར་བགྱིའོ། །དེ་ནས་མ་མོ་དང་གཙོ་བོའི་ལྷ་ཐམས་ཅད་མདུན་དུ་མཆིས་ནས། མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་ལས་
ཐམས་ཅད་སྒྲུབ་པར་བགྱིད་པས་མཆིས་པར་འགྱུར་རོ། །མ་མོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་རོ། །རྟག་པར་རྒྱུན་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་གནས་ཤིང་རྗེས་སུ་འབྲང་བར་འགྱུར་རོ། །དེ་ནས་གི་ཝང་སྒྲུབ་པའི་སྦྱིན་སྲེག་གི་ཆོ་
ག་བརྗོད་པར་བགྱི་སྟེ། དོན་ཡོད་རྒྱལ་པོ་གྲུབ་པ་ཡིས། །རིག་སྔགས་འཆང་བ་བདེ་མྱོང་ཞིང་། །ལྷ་དང་ལྷ་མིན་མཆོད་པ་དང་། །སྒྲུབ་པའི་དོན་ཀུན་འགྲུབ་པ་དང་། །དབང་དུ་གྱུར་པ་དམ་པ་དང་། །མཁའ་ལ་མཆི་བའི་དམ་པ་དང་། །མི་སྣང་ཤིན་ཏུ་རྙེད་དཀའ་དང་། །མོད་ལ་

ཕུག་ཏུ་འཇུག་པ་དང་། །ནགས་ཀྱི་ནང་དུ་འཇུག་པ་དང་། །རི་སུལ་དག་ཏུ་འཇུག་པ་དང་། །ཐང་དག་ལ་ནི་རྒྱུ་བ་དང་། །ཀླུ་གནས་མཚོར་ནི་འཇུག་པ་དང་། །དེ་བཞིན་ཆུ་ཀླུང་ཆེར་བསྒྲལ་དང་། །རྫུ་འཕྲུལ་གྲུབ་དང་སྐྱེས་པ་དང་། །དེ་བཞིན་འཇིགས་དང་སྒྲིབ་ཀུན་དང་། །ནད་ཀུན་
ཞི་བར་བགྱིད་པ་ཉིད། །སྡིག་པ་ཐམས་ཅད་ཉམས་པར་བགྱིད། །གཡུལ་ངོར་གཡུལ་ལས་རྒྱལ་བགྱིད་དེ། །རྟག་ཏུ་དགྲ་ཀུན་བརླག་པར་བགྱིད། །གདོན་རིགས་ཀུན་ཀྱང་ཚར་གཅོད་ཅིང་། །རིགས་རྣམས་ཐམས་ཅད་ཟློག་པར་བགྱིད། །སྔོན་གྱི་སྒྲིབ་པ་འཇིག་བགྱིད་ཅིང་། །སྡིག་པ་
ཐམས་ཅད་ཉམས་པར་བགྱིད། །དབང་ཕྱུག་སྩོལ་ཅིང་སྐལ་བ་སྩོལ། །ནོར་དང་འབྲུ་རྣམས་འཕེལ་བར་བགྱིད། །འཐབ་པ་འཐབ་མོ་རྩོད་པ་དང་། །འགྱེད་པ་རབ་ཏུ་ཞི་བར་བགྱིད། །བཅིང་བ་དང་ནི་ཤིང་སྒྲོག་དང་། །ཁོང་སྒྲིལ་ལྕགས་སྒྲོག་ཕྱེ་མར་རློག །རྒྱལ་པོ་གདུག་པ་ཁྲོས་པ་
ཡིས། །གསད་པར་འོས་པ་སེལ་བར་བགྱིད། །ད་ལྟ་འདི་ལ་རྟེན་པ་ན། །མི་བདག་བུ་སྡུག་བཞིན་སྨྲ་ཞིང་། །མི་བདེ་ཀུན་ལས་གྲོལ་བར་འགྱུར། །འདི་ནི་ཀུན་དུ་སྡུག་པ་དང་། །གནས་ཀུན་མཆིས་པར་མཆོད་པར་འོས། །ལུས་ཅན་ཤིན་ཏུ་སྙིང་དུ་སྡུག །རྒྱལ་པོ་བཙུན་མོ་འཁོར་
བཅས་པའི། །རྟག་ཏུ་སྣང་ཆེན་དག་ཏུ་འགྱུར། །དགེ་སྦྱོང་བྲམ་ཟེ་ཉིད་དང་ནི། །རྒྱལ་རིགས་རྗེའུ་རིགས་དམངས་རིགས་དང་། །བུད་མེད་ཀུན་དང་དེ་བཞིན་དུ། །སྐྱེས་པ་ཁྱེའུ་དང་བུ་མོ་ཡི། །རྟག་ཏུ་གནང་ཆེན་དག་ཏུ་འགྱུར། །གི་ཝང་བླ་ན་མེད་པ་པོ། །འདི་ལ་གང་དག་རྟག་
བརྟེན་ན། །འཕགས་པ་འཇིག་རྟེན་དབང་ཕྱུག་སྟེ། །མཆོག་སྦྱིན་རྟག་ཏུ་མཆོད་པར་བགྱིད། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ཉིན་དང་མཚན་དུ་བསྲུང་བ་དང་། །རྟག་ཏུ་མཆོག་སྩོལ་ཕྱིར་མཆིས་སོ། །གཞན་ཡང་ལྷ་ནི་མང་པོ་དང་། །ཀླུ་ཡི་རྒྱལ་པོ་མཐུ་ཆེན་དང་། །འབྱུང་པོ་
གནོད་སྦྱིན་སྲིན་པོ་དང་། །གྲུལ་བུམ་མི་མིན་ལྟོ་འཕྱེ་ཆེ། །དྲི་ཟ་ལྷ་མིན་ཉིད་དག་དང་། །ནམ་མཁའ་ལྡིང་དབང་མཐུ་ཆེན་ཏེ། །དེ་དག་ཐམས་ཅད་བསྲུང་བ་ཡི། །ཆེད་དུ་ཉིན་དང་མཚན་དག་ཏུ། །རང་དབང་ཉིད་ཀྱིས་གནས་པར་འགྱུར། །གི་ཝང་གྲུབ་པ་དམ་པ་པོ། །དེ་ལྟར་སྟོབས་

དང་ལྡན་པ་ལགས། །དེ་ནས་རིག་སྔགས་འཆང་བ་ཡིས། །གཙང་གྱུར་ལེགས་པར་ཁྲུས་བགྱིས་ནས། །གཙང་མ་ཡི་ནི་གོས་བགོས་ཏེ། །གི་ཝང་ལེགས་པར་བསྒྲུབས་ནས་སུ། །དམར་པོ་ཆེན་པོ་ཉིད་དག་དང་། །གུར་གུམ་དག་དང་མཉམ་སྦྱར་ལ། །ཟངས་
ཀྱི་སྣོད་དུ་བཀང་ནས་སུ། །དོན་ཡོད་ཞགས་པའི་གཟུགས་མདུན་དུ། །སྟོང་རྩ་བརྒྱད་ནི་ཚང་བཟླས་ནས། །རྒྱ་དར་གྱིས་ནི་ཁ་འགུམ་མོ། །དེ་ནས་སེང་ལྡེང་གི་ཤིང་དང་། ཨརྐའི་ཤིང་གི་ཡམ་ཤིང་གིས་མེ་སྤར་ལ། འབྲས་ཡོས་དང་། ཡུངས་ཀར་དང་། གུ་གུལ་དང་། འབྲས་
དང་། ཏིལ་དང་བསྲེས་ལ། ཞོ་དང་སྦྲང་རྩི་མར་དུ་བསྲེས་ཏེ། ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིའོ། །ལན་སྟོང་རྩ་བརྒྱད་ཚང་བ་དང་། དེ་ནས་མེ་ཞི་ཞིང་མེ་མདག་ཕྲ་མོ་ཡང་ཞི་བ་དང་ཐལ་བ་བླངས་ཏེ། སྣོད་ཀྱི་ནང་དུ་སྩལ་ནས་དེ་ནས་སླར་ཡང་ལན་བརྒྱ་རྩ་བརྒྱད་བཟླས་ལ། ཁྲོ་བོའི་
རྒྱལ་པོས་དབང་བསྐུར་ཏེ། ཕྱག་རྒྱའི་ཕྱག་རྒྱས་ཀྱང་དབང་བསྐུར་རོ། །དེ་ནས་དཔྲལ་བའི་དབུས་སུ་ཐིག་ལེ་བགྱིས་ན་ནམ་མཁའ་ལ་འཕུར་ནས། རིག་སྔགས་འཆང་ཆེན་པོའི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་དཔོན་པོར་འགྱུར་ཞིང་། སྐྲ་ཅུང་
ཟད་འཁྱིལ་བར་ཡང་འགྱུར་རོ། །ལོ་དགུ་ཁྲི་དགུ་སྟོང་དུ་འཚོ་བར་འགྱུར་ཞིང་གནས་ཀྱི་སྒོ་ཐམས་ཅད་རྟག་ཏུ་འབྱེད་པར་འགྱུར་རོ། །དཔྲལ་བ་ལ་ཐིག་ལེ་བགྱིས་ན་མི་གདའ་བར་གྱུར་ནས། གནས་ཐམས་ཅད་དུ་ཞུགས་ན་གནས་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་། འབྱུང་པོ་དང་།
གནོད་སྦྱིན་དང་། སྲིན་པོའི་གནས་ཀྱི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ། །འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་མཐུ་དང་བཅས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་མཆིས་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །མིག་ལ་བསྐུས་ན་ཅི་ལྟར་
ཉིན་པར་བཞིན་དུ་མཚན་མོ་སྣང་ཞིང་ཐམས་ཅད་དུ་གཏེར་མཐོང་བར་འགྱུར་རོ། །སའི་ཕུག་དང་ཐང་གི་སྒོ་ཕྱེ་བ་མཐོང་བར་འགྱུར་རོ། །ཐང་གི་གནས་སུ་ཞུགས་ནས། ཐང་གི་དགོས་པ་ཐམས་ཅད་བགྱི་སྟེ། སླར་ཡང་མཆི་བར་འགྱུར་རོ། །ཆུ་ཀླུང་ཆེན་པོའི་ནང་དུ་ཞུགས་ན། ཁྱིམ་དང་གཞལ་

མེད་ཁང་ཅི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། །ཆབ་ལ་གནས་པ་གང་ལགས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ཀླུའི་མཚོ་དང་གནས་སུ་ཅི་ལྟར་རང་གི་ཁྱིམ་བཞིན་དུ་འཇུག་ཅིང་
འབྱུང་བར་འགྱུར་རོ། །ལུས་མཐའ་དག་བྱུགས་ཏེ་གཡུལ་ངོར། གཡུལ་འགྱེད་པའི་ནང་དུ་ཞུགས་ན་ཡ་ལད་དང་། གོ་ཆ་བགོས་པ་བཞིན་དུ་མཐོང་ནས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཁར་བསྲེལ་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་ན་བཙུན་མོ་འཁོར་དང་བཅས་པ་དབང་དུ་གྱུར་ནས་
མཆིས་པར་འགྱུར་རོ། །གང་ལ་ཚིག་སྨྲས་པ་དེ་དག་ཐམས་ཅད་བགྱིད་པར་འགྱུར་རོ། །གང་ལ་བླངས་ན་དེ་དག་ཐམས་ཅད་སྟེར་བར་འགྱུར་རོ། །གང་ལ་བསྒོ་བ་དེ་དག་ཐམས་ཅད་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །ཁར་འཆོས་ནས། གང་དང་གང་དུ་མཆིས་པ་དེ་དང་དེར་སྐྱེས་པ་དང་།
བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་བདག་ཉིད་དང་ནོར་དབང་དུ་གྱུར་ནས་མཆིས་པར་འགྱུར་རོ། །ལག་པ་གཡས་པ་ལ་བྱུགས་ན་སུ་རེག་པ་དེ་དབང་དུ་འགྱུར་རོ། །ནོར་དང་། འབྲུ་དང་། དབྱིག་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བགྱིས་པ་དང་། ཞོ་ཤས་འཚོ་བ་
དང་། མངག་གཞུག་པ་རྣམས་དབང་དུ་གྱུར་ནས། བསྒོ་བ་བཞིན་མཆིས་པར་འགྱུར་རོ། །མཛུབ་མོ་གཡས་པ་ལ་བསྐུས་ནས་སེར་བ་དང་སྤྲིན་དང་། འབྲུག་གི་དུས་སུ་སྤྲིན་ལ་མངོན་སུམ་དུ་བསྟན་ཏེ་བསྡིགས་ན་གྲང་བ་དང་རླུང་དང་སེར་བ་རྣམས་ཞི་བར་འགྱུར་རོ། །དཔག་ཚད་གཅིག་ཁོར་
ཁོར་ཡུག་ཏུ་ཟིལ་གྱིས་གནོན་པར་འགྱུར་རོ། །ཆར་ཧ་ཅང་ཆེས་ན་ལག་པ་གཡས་པ་སྤྲིན་ལ་མངོན་སུམ་དུ་བསྟན་པས་ཧ་ཅང་ཆར་ཆེས་པ་གཅོད་པར་འགྱུར་རོ། །ཆར་མི་འབབ་པའི་དུས་སུ་ལག་པ་གཡས་པའི་ལག་མཐིལ་ལ་བྱུགས་ནས་ཀླུ་གནས་པའི་མཚོའི་ཆུ་ལ་ཐལ་མོ་ལན་གསུམ་བརྡབས་
ན། དེའི་མོད་ལ་ཀླུའི་རྒྱལ་པོས་ཆར་གྱི་རྒྱུན་ཆེན་པོ་གཏོང་བར་འགྱུར་རོ། །གལ་ཏེ་མོད་ལ་ཆར་པ་མི་འབེབས་ན་དེའི་ཚེ་ལན་ལྔ་བརྡེབས་པ་དང་། ཀླུ་དེ་དག་ཐམས་ཅད་ཀྱིས་ཆར་གྱི་རྒྱུན་གཏོང་བར་འགྱུར་རོ། །གང་གི་ཚེ་ཆར་པ་མི་འབེབས་པ་དེའི་ཚེ། ཀླུ་ཐམས་ཅད་ལ་ཀླད་པའི་ནད་འབྱུང་

བར་འགྱུར་རོ། །གལ་ཏེ་ལན་བདུན་བསྣུན་ན་ཀླུའི་རྒྱལ་པོ་ཐམས་ཅད་ལ་ཚུལ་མ་ཡིན་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཐམས་ཅད་ཀྱི་རིགས་ཕུང་བར་བགྱིས་པར་འགྱུར་རོ། །གདོན་གྱིས་ཟིན་པ་ཐམས་ཅད་ཀྱི་མིག་ལ་བསྐུས་ན། བསྐུས་པ་ཙམ་གྱི་མོད་ལ་
གདོན་བརྒྱད་ཁྲི་བཞི་སྟོང་རབ་ཏུ་ཞི་བར་འགྱུར་རོ། །རིམས་གྱིས་ཐེབས་པ་རྣམས་ཀྱི་དཔྲལ་བ་ལ་ཐིག་ལེ་བགྱིས་ན། རིམས་ཞག་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་བའི་རིམས་ཐམས་ཅད་ཞི་བར་འགྱུར་རོ། །ནད་ཀྱིས་ཟིན་པ་རྣམས་ལ་ཁྲུས་བགྱིས་
ན་མོད་ལ་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཤ་བཀྲ་དང་། མཛེ་དང་། རྐང་ཤུ་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་རྣམས་ལས་ཐར་བར་འགྱུར་རོ། །ལྦ་བ་དང་། ལྷོག་པ་དང་། མཚན་བར་རྡོལ་བ་དང་། ཤུ་བ་མཆེད་པ་དང་། འབྲུམ་བུ་ཕྲ་མོ་མཆེད་པ་ལ་བྱུགས་
པ་ཙམ་གྱིས་མི་གདུག་པར་འགྱུར་རོ། །དུག་གིས་མྱོས་པར་བགྱིས་པ་ཐམས་ཅད་ལ་འཚལ་བ་ཙམ་གྱི་མོད་ལ་ཐར་བར་འགྱུར་རོ། །ལྟོ་ན་བ་དང་། སྐྲན་དང་། དམུ་ཆུ་དང་། མཆིན་པ་ན་བ་དང་། རྩིབ་
ལོགས་ན་པ་དང་། སྙིང་ན་བ་དང་། ཆུ་སོ་ན་བ་དང་། གཞང་ནད་དང་། ཚད་པ་དང་། གཅིན་སྲིབ་དང་། གསུད་པ་དང་། མ་ཞུ་བ་དང་། རྟུག་སྐམས་ལ་སྲོས་ན་འཚལ་བ་ཙམ་གྱི་མོད་ལ་ཞི་བར་འགྱུར་རོ། །ཕྱིས་ལན་འགའ་ཡང་གནོད་པར་བགྱིད་པར་མི་འགྱུར་རོ། མཆོག་
མར་གི་ཝང་གི་རིལ་བུ་བགྱིས་ཏེ། ཕུག་གི་སྒོ་དང་ཉེ་བར་མཆིས་ནས་ལག་པ་གཡས་པ་ལ་བྱུགས་ཏེ། མགོ་ལ་ཐལ་མོ་བརྡབས་ན། ཕུག་གི་སྒོ་རྣམས་འབྱེ་བར་འགྱུར་རོ། །བག་ཚ་བ་མ་མཆིས་པར་འཇུག་སྟེ། སླར་ཅུང་ཟད་ཀྱང་བགེགས་བགྱིད་པར་མི་འགྱུར་རོ། །གནས་དེ་ན་
གནས་པ་གང་ལགས་པ་དེ་དག་ཐམས་ཅད་དབང་དུ་གྱུར་ནས་མདུན་ན་མཆིས་པར་འགྱུར་རོ། །དགོས་པ་སྒྲུབ་པ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྐང་པ་གཉིས་ལ་བྱུགས་ཏེ། མེ་འབར་བའི་ནང་དུ་ཞུགས་ན་མེ་ལྷ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་ལག་པ་ནས་བཟུང་

སྟེ། རིག་སྔགས་འཆང་ལ་རིག་སྔགས་འཆང་བདག་གི་གཞལ་མེད་ཁང་གི་གནས་སུ་ཞུགས་ཤིག །རིག་སྔགས་འཆང་གིས་བསྒོ་བ་ཐམས་ཅད་བསྒྲུབ་པར་བགྱིའོ་ཞེས་སྨྲ་བ་ན། དེའི་ཚེ་རིག་སྔགས་འཆང་གིས་བགྱི་བ་ཅི་མཆིས་པ་དེ་བསྒོ་བར་བགྱི་སྟེ། ཐམས་ཅད་བགྱིད་པར་
འགྱུར་རོ། །དཔུང་པ་གཉིས་ལ་བྱུགས་ན། གླང་པོ་ཆེ་བདུན་གྱི་སྟོབས་དང་ལྡན་པར་འགྱུར་རོ། །བརླ་གཉིས་ལ་བྱུགས་ན་ཚུགས་པ་མ་མཆིས་པའི་གྱད་དུ་འགྱུར་རོ། །བྱིན་པ་གཉིས་ལ་བྱུགས་ན་འབབ་ཆུ་ཆེན་པོའི་ཕ་རོལ་ཏུ་རྒལ་བར་འགྱུར་རོ། །མགྲིན་པ་ལ་བྱུགས་ནས་
ནགས་ཁུང་དུ་ཞུགས་ན། ནགས་ཁུང་གི་གནས་ཀྱི་སྒོ་ཐམས་ཅད་བྱེ་ནས་སྨན་གྱི་རྫས་ཐམས་ཅད་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ། །ཅི་འཚལ་བ་དེ་བླང་བར་བགྱིའོ། །གི་ཝང་གི་རིལ་བུ་བགྱིས་ཏེ་ཁར་བསྲེལ་ནས་རི་སུལ་དང་སྨན་གཤོང་དུ་ཞུགས་ནས་སྐད་དྲག་པོ་
ལན་གསུམ་གདོན་པར་བགྱི་སྟེ། རི་སུལ་དང་སྨན་གཤོང་གི་གནས་གསང་བའི་སྒོ་གང་དག་ལགས་པ་འབྱེ་བར་འགྱུར་ཞིང་། དེ་ན་གནས་པ་གང་ལགས་པ་དེ་དག་ཐམས་ཅད་རང་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་། ལས་ཐམས་ཅད་བགྱིད་པར་འགྱུར་རོ། །
དེ་ནས་རྩྭ་དང་ཤིང་གེལ་བ་དང་། ནགས་ཚང་ཚིང་གི་སྨན་གྱི་རྫས་གང་ལགས་པ་དག་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་ཞིང་། གང་དག་གི་བཅུད་ཀྱི་མཆོག་དེ་དག་འཛག་ལ། བཅུད་སྲུང་བ་དེ་དག་ཀྱང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ནས་ཐམས་ཅད་དབང་དུ་
འགྱུར་རོ། །ཅི་ལྟར་འཚལ་བ་བག་ཚ་བ་མ་མཆིས་པར་དགོས་པ་ཐམས་ཅད་བགྱིད་པར་འགྱུར་རོ། །སྙིང་གར་ཐིག་ལེ་བགྱིས་ནས་སྙིང་ལ་ཅུང་ཟད་ཅི་བསམས་པ་དང་། ཡིད་ལ་བསམས་ཤིང་བརྣག་པའི་དགོས་པ་དེ་དག་ཐམས་ཅད་མོད་ལ་འགྲུབ་པར་འགྱུར་རོ། །ལྟོ་ལ་ཐིག་ལེ་
བགྱིས་ན་ཁ་ཟས་དང་བཏུང་བའི་སྟོན་མོ་འདོད་དགུ་ཐམས་ཅད་ཐོབ་པར་འགྱུར་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་འགྲུབ་པར་འགྱུར་རོ། །རྩིབ་ལོགས་གཉིས་ལ་བྱུགས་ན། ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་གོས་རྣམས་ཐོབ་པར་འགྱུར་རོ། །སྒལ་ཚིགས་ལ་བྱུགས་

ན་ཇི་ལྟར་ཡིད་ལ་བསམས་པའི་མལ་དང་། སྟན་ཐོབ་པར་འགྱུར་རོ། །རྣ་བ་ལ་བྱུགས་སམ། གནད་དང་གནད་ཐམས་ཅད་ཀྱི་གནས་སུ་བྱུགས་ན། ཇི་ལྟར་བསམས་པའི་རྒྱན་དང་ལྷབ་ལྷུབ་ཐོབ་པར་འགྱུར་རོ། །མཇུག་དོ་ལ་བྱུགས་ན། རྟའི་བཞོན་པ་ཐོབ་
པར་འགྱུར་རོ། །ཉིན་གཅིག་བཞིན་ནང་པར་ཚིག་གཞན་མི་སྨྲ་བར་གི་ཝང་གི་རིལ་བུ་རེ་རེ་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་བཟླས་ནས་འཚལ་ཏེ། ཉི་མ་དང་པོ་ལ་ཚིགས་སུ་བཅད་པ་སྟོང་བཀླགས་ན་འཛིན་པར་འགྱུར་རོ། །ཉིན་གཅིག་བཞིན་ཉིས་འགྱུར་དུ་བགྱིས་ནས་བཀླགས་ན་
འཛིན་པར་འགྱུར་རོ། །ཞག་བདུན་གྱིས་ཐོས་པ་མང་པོར་འགྱུར་རོ། །ཞག་བཅུ་བཞི་བགྱིས་ན་མིའམ་ཅི་མོ་ལྟ་བུའི་སྒྲ་དབྱངས་སུ་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་ཏུ་བགྱིས་ན་ཐོས་པ་བསགས་པའི་རྒྱ་མཚོ་ཆེན་པོར་འགྱུར་རོ། །ཀ་ལ་བིང་ཀའི་དབྱངས་ལྟར་མཉེན་ཞིང་སྙན་ལ་རྣ་བའི་
དབྱངས་སུ་འགྱུར་རོ། །བུའི་ཆེད་དུ་མར་དང་ལྷན་ཅིག་སྩལ་ན་བྱ་རོག་ལྟ་བུ་དང་། མོ་ཤམ་རྣམས་ཀྱིས་ཀྱང་བུ་རྙེད་པར་འགྱུར་རོ། །བཙོན་རར་སྩལ་བ་དང་། ཤིང་སྒྲོག་དང་། ལྕགས་སྒྲོག་དང་། གཏན་པ་དང་། ཁོང་སྒྲིལ་ལ་བྱུགས་ན་བྱུགས་པ་ཙམ་གྱི་མོད་ལ་དུམ་བུ་དུམ་བུར་འཆག་
པར་འགྱུར་རོ། །འཐོར་བར་འགྱུར་རོ། །ཚེས་བརྒྱད་དམ་བཅུ་བཞིའམ་ཚེས་བཅྭ་ལྔ་ལ་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་ལ་ཁྲོ་བོའི་རྒྱལ་པོས་རང་ལ་དབང་བསྐུར་ནས་གི་ཝང་གི་རིལ་བུ་དང་སྤོས་ཆབ་བསྲེས་པས་ཁྲུས་བགྱིའོ། །ཁྲུས་བགྱིས་པ་ཙམ་གྱི་མོད་ལ་སྡིག་པ་ཐམས་ཅད་
དང་། སྔོན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ནུབ་གསུམ་དུ་ཁྲུས་བགྱིས་ན་གསང་སྔགས་དང་། ཕྱག་རྒྱ་དང་། སྒྲུབ་པ་དང་། གྲུབ་པའི་མཆོག་ཐམས་ཅད་ཐོབ་པར་འགྱུར་རོ། །ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། གདུག་པ་དང་། སྡིག་པ་ཐམས་ཅད་ཀྱིས་
མི་ཚུགས་པར་འགྱུར་རོ། །ལན་འགའ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་འཇིགས་པ་མི་འབྱུང་ཞིང་ཡོངས་སུ་ཐར་བར་འགྱུར་རོ། །ཕྱིས་ལན་འགའ་ཡང་སྡིག་པའི་དྲི་མས་གོས་པར་མི་འགྱུར་རོ། །གི་ཝང་གི་རིལ་བུ་ཏིལ་མར་དང་བསྲེས་ཏེ་ཁ་གདོང་ལ་བྱུགས་ནས་རྒྱལ་པོའི་མདུན་དུ་མཆིས་

ན་བུ་བཞིན་དུ་པང་དུ་འཁྱུད་ནས་དགའ་བ་ཆེན་པོ་འཐོབ་པ་དང་། རྒྱལ་པོ་ཁྲོ་བོའི་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ། །ལུས་ཐོག་ཐག་ཏུ་བྱུགས་ན་གསད་པར་འོས་པའི་ལུས་ལ་ཡང་མཚོན་གྱིས་ཕྲོག་པར་མི་འགྱུར་ཏེ། དུམ་བུ་དུམ་བུར་འཆག་པར་འགྱུར་རོ། །མདའ་འཕངས་ན་ལུས་
ལ་འབབ་པར་མི་འགྱུར་ཞིང་གཞུ་འཆག་པར་འགྱུར་རོ། །གི་ཝང་གི་རིལ་བུ་མགུལ་དུ་བཏགས་ནས་འབྲོག་དགོན་པ་དང་རི་དང་། ནགས་ཚང་ཚིང་བགྲོད་དཀའ་བར་ཞུགས་ན་ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་མི་མ་ལགས་པ་
དང་། གཅན་གཟན་གདུག་པ་དང་། སྦྲུལ་གདུག་པ་དང་། དུག་གི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། མི་གདའ་བར་འགྱུར་རོ། །དཔུང་པ་གཡས་པ་ལ་བཏགས་ན་ཐམས་ཅད་དུ་ཕ་རོལ་ལས་རྒྱལ་བར་འགྱུར་རོ། །ཐམས་ཅད་དུ་མཆོད་གནས་ཆེན་པོར་ཡང་འགྱུར་རོ། །
ཐམས་ཅད་དུ་མཐུ་དང་བརྩོན་འགྲུས་ཆེན་པོ་རྫི་བ་མེད་པས་ཕ་རོལ་ཟིལ་གྱིས་གནོན་པར་འགྱུར་རོ། །དཔུང་པ་གཡོན་པ་ལ་བཏགས་ན་སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱི་གནང་ཆེན་དུ་འགྱུར་ཏེ། ཐམས་ཅད་ལྟ་འཚལ་བར་འགྱུར་རོ། །མཆོད་པའི་འོས་ཆེན་
པོར་འགྱུར་རོ། །དགོས་པ་མང་པོ་འགྲུབ་པར་འགྱུར་རོ། །བྱིན་པ་གཡས་པ་ལ་བཏགས་ན་དུབ་པ་མ་མཆིས་པར་དཔག་ཚད་སྟོང་དུ་མཆིས་པར་འགྱུར་རོ། །གི་ཝང་གི་རིལ་བུ་ཁར་བསྲེལ་ལ་ལག་པ་གཡས་པས་ཡུངས་ཀར་གྱིས་དོན་ཡོད་ལྕགས་ཀྱུ་བཟླས་ནས་དྲངས་ཏེ་ཚིག་གཞན་མི་སྨྲ་བར་
གནས་མཐོན་པོར་འཛེགས་ཏེ་ཕྱོགས་གང་དུ་བསམས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་མཆིས་པའི་ཕྱོགས་དེར་ཡུངས་ཀར་གྱིས་གཏོར་ན་མོད་ལ་བཀུག་པར་འགྱུར་ཏེ་མཆིས་པར་འགྱུར་རོ། །གལ་ཏེ་དཔག་ཚད་བརྒྱ་ཙམ་ན་གནས་པ་ཞིག་ན་ཡང་གདོན་མི་འཚལ་བར་
དེ་ཞག་གསུམ་གྱིས་མཆི་བར་འགྱུར་ཏེ་ཡིད་གཉིས་མི་བགྱིའོ། །ལག་པ་གཡས་པའམ་ལག་པ་གཡོན་པ་ལ་གི་ཝང་གི་རིལ་བུ་བཏགས་ན་གང་དུ་རེག་པར་ནོར་དང་། འབྲུ་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། ཤང་ཀ་ཤིལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་།

དངུལ་དང་། གོས་དང་། ལྷབ་ལྷུབ་དེ་དག་ཐམས་ཅད་བཀུག་ནས་མཆིས་པར་འགྱུར་ཏེ། ཅི་འཚལ་བ་དེ་མཆི་བར་འགྱུར་རོ། །བྱ་ཚང་དུ་ཞུགས་ནས་ཚང་མང་གི་སྒོར་ཐལ་མོ་བརྡབས་ན་འཚེད་པ་དང་འཚེད་པའི་ཁ་ཟས་དེ་དག་ཐམས་ཅད་བཀུག་ནས་མཆིས་པར་འགྱུར་ཏེ།
ཅི་འཚལ་བ་དེ་མཆིས་པར་འགྱུར་རོ། །སྤོས་འཚོང་གི་ཚོང་ཁང་དུ་མཆིས་ན་ཚོང་ཁང་གི་ཡོ་བྱད་ཐམས་ཅད་མཆི་བར་འགྱུར་རོ། །ཆང་འཚོང་གི་སྒོར་ཐལ་མོ་བརྡབས་ན་ཆང་གི་བུམ་པ་ཐམས་ཅད་མཆི་བར་འགྱུར་རོ། །བད་བའི་སྒོར་ཐལ་མོ་བརྡབས་ན་འབྲུ་ཐམས་ཅད་བཀུག་པར་འགྱུར་རོ། །
བཅུད་འབྱིན་པའི་ཁྱིམ་དུ་ཞུགས་ནས་འཁྲུལ་འཁོར་ལ་རེག་པར་བགྱིད་ན་བུ་རམ་གྱི་ཁུ་བ་དང་། ཤ་ཁ་རའི་གླེགས་བུ་ཐམས་ཅད་མཆི་བར་འགྱུར་རོ། །གང་དུ་འཚལ་བ་དེར་མངགས་པར་འགྱུར་རོ། །གྲོང་ཁྱེར་གྱི་སྒོར་མུན་ཚབ་ཚུབ་ན་ཐལ་མོ་བརྡབས་ན་གྲོང་ཁྱེར་ན་གནས་པ་ཐམས་ཅད་གཉིད་
བསྐྲོགས་པར་འགྱུར་རོ། །དགྲ་བོའི་སྒོར་བཏབ་ན་བསྐྲད་པར་འགྱུར་རོ། །མཚོན་ཆ་མཁན་གྱི་ཁྱིམ་དུ་འཕངས་ན་མཚོན་ཆ་དང་། གོ་ཆ་རྣམས་རེངས་པ་དང་། རྨུགས་པར་བགྱིས་པར་འགྱུར་རོ། །རྒྱལ་པོའི་སྒོར་བཏབ་ན་ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་དང་། སེམས་ཅན་
གདུག་པ་ཐམས་ཅད་བཅིངས་པ་དང་། རེངས་པ་དང་། རྨུགས་པར་བགྱིས་པར་འགྱུར་རོ། །དུང་ལ་བྱུགས་ནས་གནས་མཐོན་པོར་བུས་ན་སྒྲ་གང་དུ་གྲག་པ་དེ་དག་ཏུ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། བྱད་དང་། དུག་སྦྱར་མ་དང་། དུག་དང་། ནད་
ལས་ཡོངས་སུ་ཐར་བར་འགྱུར་རོ། །གྲོང་ཁྱེར་གྱི་སྒོར་བུས་ན་ཡམས་ཀྱི་ནད་དང་། གནོད་པ་དང་། མི་ངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཕྱུགས་ལྷས་སུ་བུས་ན་འོ་མ་ཐམས་ཅད་ཕྲོགས་པར་འགྱུར་རོ། །གང་དུ་འཚལ་བ་དེར་མཆི་བར་འགྱུར་རོ། །ར་ལུག་གི་ལྷས་སུ་བུས་ན་
ར་ལུག་གི་འོ་མ་ཕྲོགས་པར་འགྱུར་ཏེ། གར་འཚལ་བ་དེར་མཆི་བར་འགྱུར་རོ། །སྐྱེ་བོའི་ཚོགས་ཆེན་པོའི་དབུས་སུ་བུས་ན་ཐམས་ཅད་སྒྲེན་པོར་གྱུར་ནས་གོས་ཐམས་ཅད་བཀུག་པར་འགྱུར་རོ། །རྫ་རྔ་ལ་བྱུགས་ཏེ་ཁྱམས་མཐོན་པོའི་སྟེང་དུ་བརྡུངས་ན་གྲང་བ་དང་། རླུང་དང་། སེར་བ་ཐམས་

ཅད་བཅིངས་པ་དང་གཤིག་པར་འགྱུར་ཏེ། ཚུགས་པར་མི་འགྱུར་རོ། །དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་སེར་བ་བཀག་པར་འགྱུར་རོ། །གྲོང་ཁྱེར་རམ། ཡུལ་འཁོར་མཐའ་དག་ཏུ་བུས་ན་ནད་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །
འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །མི་ངས་དང་། མུ་གེའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གཞན་ཡང་དགོས་པ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དག་བགྱིད་པར་འགྱུར་ཏེ། ཐམས་ཅད་ལ་སྦྱར་བར་བགྱིའོ། །
དེ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་བཞི་བ་དང་། རྒྱས་པ་ནད་ཐམས་ཅད་ཞི་བར་བགྱིད་ཅིང་སྡིག་པ་ཐམས་ཅད་འཇིག་པར་བགྱིད་པ། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། མུ་གེའི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། འབྱུང་པོ་དང་།
གནོད་སྦྱིན་དང་། སྲིན་པོ་དང་། གདོན་དང་། བརྗེད་བྱེད་ཐམས་ཅད་བརླག་པར་བགྱིད་པ་བརྗོད་པར་བགྱིད་པའོ། །རིག་སྔགས་འཆང་གཙང་མར་གྱུར་པས་ལེགས་པར་ཁྲུས་བགྱིས་ཏེ། སྤོས་དྲི་ཞིམ་པོས་ལུས་བྱུགས་ལ། གོས་གཙང་མ་བགོས་ལ་སྤོས་དྲི་ཞིམ་པོས་བསྒོས་ནས་བྱམས་
པའི་སེམས་ལ་མཉམ་པར་གཞག་ཅིང་། སེམས་ཅན་ཐམས་ཅད་ལ་ལྷག་པར་བརྩེ་བ་དང་། སྙིང་རྗེ་ཆེན་པོས་སྙིང་གདུངས་པས་སྦྱིན་སྲེག་གི་ལས་འདི་བགྱི་སྟེ། ཨརྐའི་ཤིང་དང་། ཤ་མིའི་ཤིང་དང་། ཤིང་འོ་མ་ཅན་ནམ། ཇི་ལྟར་ཡང་བྱང་ཆུབ་ཀྱི་ཤིང་སྟེ། དེ་དག་གི་ཡམ་སྲེག་
ཤིང་གིས་མེ་སྦར་ལ། འབྲས་ཡོས་དང་། ཡུངས་ཀར་དང་། པདྨ་དང་། པདྨའི་ལྡུམ་བུ་དང་། འདབ་མ་དང་། ཞོ་དང་། སྦྲང་རྩི་དང་། མར་དུ་བསྲེས་པས་སྦྱིན་སྲེག་བགྱིའོ། །དོན་ཡོད་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ནས། དེ་ནས་དོན་ཡོད་ཞགས་པ་ཁྲོ་བོའི་རྒྱལ་
པོས་དབང་བསྐུར་ཏེ། དོན་ཡོད་ཞགས་པའི་ཕྱག་རྒྱས་ཕྱག་རྒྱ་ལན་བརྒྱ་རྩ་བརྒྱད་བཅིང་ངོ་། །དེ་ནས་སྦྱིན་སྲེག་གི་དགོས་པ་རྣམས་མཐར་ཕྱིན་པའི་མོད་ཁོ་ནར་དཔག་ཚད་གཅིག་ཁོར་ཡུག་ཏུ་ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། ནད་དང་། མུ་གེའི་དགོན་པ་མི་བཟད་

པ་དང་། རང་གི་དཔུང་དང་། གཞན་གྱི་དཔུང་གི་འཇིགས་པ་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བའི་འཇིགས་པ་ཐམས་ཅད་དང་། ཆོམ་པོ་དང་། གཡོན་ཅན་དང་། རྐུན་པོ་དང་། གཅན་གཟན་གདུག་པ་ཅན་དང་། སྦྲུལ་དང་། དུག་མི་བཟད་པ་དང་། གདུག་
པ་དང་བཅས་པའི་སྲོག་ཆགས་ཀྱི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །མི་ཚུགས་པར་འགྱུར་རོ། །དཔག་ཚད་བརྒྱར་ཁོ་ར་ཁོར་ཡུག་ཏུ་རིམས་མི་འབྱུང་སྟེ། གནོད་པས་མ་ལགས། ནད་ཀྱིས་མ་ལགས་ཏེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། གདོན་
རྣམས་ཀྱིས་མི་ཚུགས་ཏེ། རབ་ཏུ་ཞི་བར་འགྱུར་རོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ནང་འཁྲུག་དང་། འཁྲུག་པ་དང་། སྐྲོད་པ་དང་། མདངས་གཅོད་པ་དང་། འཆིང་བ་དང་། སྡིག་པ་རྣམས་ཀྱིས་མི་ཚུགས་ཏེ། རབ་ཏུ་ཞི་བར་འགྱུར་རོ། །
སེམས་ཅན་ཐམས་ཅད་བདེ་བར་འགྱུར་རོ། །ཤིན་ཏུ་ལོ་ལེགས་ཤིང་མདངས་དགའ་ལ་སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་ཞིང་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །ནོར་དང་། འབྲུ་དང་། ལོ་ཏོག་རབ་ཏུ་མང་པོ་འགྲུབ་པར་འགྱུར་རོ། །ཤིན་ཏུ་རོ་དང་ལྡན་པ་དང་།
ཤིན་ཏུ་སྨིན་པ་དང་ཡོངས་སུ་རྫོགས་པར་འགྱུར་རོ། །རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚང་ཚིང་དང་། མྱུ་གུ་དང་། རྩ་བ་དང་། འབྲས་བུ་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱིར་ཞིང་ཇི་སྲིད་འཚོའི་བར་དུ་ཡུལ་དེ་ན་ཡིད་དུ་མི་མཆི་བའི་རེག་པ་མྱོང་བར་མི་འགྱུར་རོ།
ཡུལ་དེ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་རྟག་ཏུ་ན་ད་མ་མཆིས་པར་འགྱུར་རོ། །བདེ་བར་འཚོ་བ་དང་། ཡིད་ལ་དགའ་ཞིང་མགུ་བར་འགྱུར་རོ། །བྱམས་པ་དང་།
སྙིང་རྗེའི་སེམས་ཀྱིས་གནས་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ལེགས་པར་བསྲུང་བའི་ཕྱིར་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་དཔག་

ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་བགྱིད་པར་འགྱུར་རོ། །རྒྱལ་པོ་བཞི་ཡང་དཔུང་དང་བཅས་ཏེ། ཡོངས་སུ་སྐྱོང་བ་དང་། སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ། །གདུག་པ་ཐམས་ཅད་བཟློག་པ་དང་། སྲུང་བ་
དང་། ཡོངས་སུ་སྐྱོང་བར་འགྱུར་རོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་འཁོར་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་
ཕྱུག་ཆེན་པོ་དང་། ལྷའི་ཚོགས་ཀྱི་འཁོར་ཐམས་ཅད་ཀྱིས་ཡུལ་དེ་ལེགས་པར་བསྲུངས་པར་འགྱུར་རོ། །གཟི་བྱིན་སྩོལ་བར་འགྱུར་རོ། །དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་སྲུང་བ་དང་། ཡོངས་སུ་སྐྱོང་བར་འགྱུར་རོ། །དགེ་སྦྱོང་དང་། བྲམ་
ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིས་པར་འགྱུར་རོ། །ཞི་བའི་ལས་འདིའི་མཐུས་སེམས་ཅན་ཐམས་ཅད་སྡིག་པ་དང་། སྒྲིབ་
པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡུལ་དེ་ལ་དགོངས་པར་འགྱུར་རོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡང་དག་པར་འདུ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་
ལ་དབུགས་འབྱིན་པར་སྟོན་པར་འཚལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་བསྲུང་བའི་དོན་དུ་ཉི་མ་དང་། ཟླ་བ་རྒྱུ་སྐར་གྱི་ཚོགས་དང་བཅས་པ་ལེགས་པར་འབྱོར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་པར་རྒྱུན་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་
དང་། བུ་མོ་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་དབུགས་འབྱིན་པར་འགྱུར་རོ། །ཡོངས་སུ་བསྲུང་བ་དང་། ཡིད་ཀྱིས་བརྣག་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་ཏེ། ཡང་ནས་ཡང་དུ་བལྟ་བར་འགྱུར་རོ། །དེ་ནས་དེས་སྦྱིན་སྲེག་གི་ཐལ་བ་དང་། དྲི་ཆུ་སྐྱོ་མ་བགྱིས་ཏེ་

ཕྱོགས་བཞི་ཀུན་ཏུ་དབང་བསྐུར་ན་མཚམས་ཆེན་པོ་བཅད་པར་བགྱིས་པར་འགྱུར་རོ། །ནད་ཀྱིས་ཟིན་པ་ཐམས་ཅད་ཀྱི་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །རིམས་ཐམས་ཅད་ལ་ཐིག་ལེ་བགྱིས་ན་རིམས་ཐམས་ཅད་ལས་ཐར་བར་འགྱུར་རོ། །དྲི་ཆབ་དང་ཐལ་བས་ཁྲུས་
བགྱིས་ན་ཐམས་ཅད་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །བཙོན་ར་ན་མཆིས་པའམ། ཕྱག་སྦལ་ན་མཆིས་པའི་གོས་ལ་བསྐུས་ན་རལ་བར་འགྱུར་རོ། །གདུག་པས་ཟིན་པ་དང་། དུག་གིས་མྱོས་པ་ཐམས་ཅད་ལ་བསྐུས་ན་གདུག་པར་མི་འགྱུར་རོ། །མེ་དགུག་
པའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།དེ་ནས་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་འདིར་པདྨའི་རིགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་བརྗོད་པར་བགྱི་སྟེ། འདི་ནི་མ་བསྒྲུབས་
པར་ལས་བརྒྱ་སྟོང་བགྱིད་པར་འགྱུར་རོ། །ཚེས་གྲངས་རྒྱུ་སྐར་བཟང་པོ་དང་། །ཤིན་ཏུ་བཀྲ་ཤིས་མཆོག་དགེ་ལ། །ལེགས་པར་ཁྲུས་བགྱིས་གོས་གཙང་བགོ། །བྱམས་པའི་སེམས་ལ་མཉམ་པར་བཞག །སེམས་ཅན་ཀུན་ལ་བརྩེ་བ་དང་། །སྙིང་རྗེ་དམ་པས་བརྒྱན་པ་དང་། །དོན་ཡོད་
ཞགས་པའི་རིག་སྔགས་ཆེ། །གྲུབ་པ་བླ་མེད་ཆོ་གའི་རྒྱལ། །བཀླགས་པས་ལས་རྣམས་ཐམས་ཅད་དག །འགྲུབ་པར་བགྱིད་དེ་སོམ་ཉི་མེད། །འཇིག་རྟེན་བླ་མའི་སྙིང་པོ་དག །དེ་བཞིན་གང་དག་རྟག་བརྗོད་ན། །ལུས་ཅན་རྟག་ཏུ་མཆོག་སྦྱིན་གྱི། །ཕྱག་ན་པདྨ་རྟག་ཏུ་འགྱུར། །ཅི་
ལྟར་གང་གཱའི་བྱེ་སྙེད་ཀྱི། །སངས་རྒྱས་བྱེ་བ་ཕྲག་སྟོང་ལ། །བསོད་ནམས་ཕུང་པོ་ཁྲི་ཕྲག་བསྐྱེད། །དགེ་བའི་རྩ་བ་སོགས་པ་དང་། །སངས་རྒྱས་བྱ་བ་བགྱིད་པར་འགྱུར། །སྨྱུང་བ་བགྱིས་ནས་བཟླས་བརྗོད་གཅིག །མཁས་པའི་མིས་ནི་བརྗོད་བགྱིད་པ། །དགེ་སློང་ཕ་དང་དགེ་སློང་མ། །
དགེ་བསྙེན་ཕོ་མོས་དེ་བཞིན་དུ། །བདེ་བ་ཅན་དུ་མྱུར་དུ་མཆི། །སྡུག་བསྔལ་མི་བཟད་མྱོང་འགྱུར་བའི། །ཉོན་མོངས་པ་ལས་ཐར་བར་འགྱུར། །རྟག་ཏུ་སངས་རྒྱས་བྱང་ཆུབ་དག །མཐོང་བར་འགྱུར་ཏེ་སོམ་ཉི་མེད། །དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཅི་ལྟ་བ་བཞིན་དུ་བཟླས་བརྗོད་

ཀྱི་ཆོ་ག་བརྗོད་པར་བགྱི་སྟེ། བཟླས་བརྗོད་ཀྱི་ནི་ལས་བགྱིས་ན། །རིག་སྔགས་འཆང་ལ་དེ་ཉིད་འགྲུབ། །དོན་ཡོད་ཞགས་པའི་གཟུགས་བརྙན་གྱི། །མདུན་དུ་ལྕི་བའི་དཀྱིལ་འཁོར་བགྱི། །གྲུ་བཞི་ཁོ་ར་ཁོར་ཡུག་ཏུ། །ཚོན་རྩི་དཀར་པོ་ཞིབ་མོ་ཡིས། །གྲུ་བཞི་ལྷམ་པར་ཐིག་གདབ་
བོ། །ངོས་བཞི་རྣམས་སུ་སྒོ་བཞི་དག །དབུས་ནས་ངོས་བཞིར་གཤིས་སུ་དབབ། །ཙནྡན་དཀར་པོས་བྲི་བ་ནི། །དཀྱིལ་འཁོར་མཆོག་ལ་པདྨ་དང་། །འདབ་བརྒྱ་གུར་གུམ་གྱིས་གཏོར་ཞིང་། །པདྨའི་ཟེ་བའི་དཀྱིལ་དག་ཏུ། །མ་ཞོམ་པ་ཡི་བུམ་པ་ནི། །སྤོས་ཆབ་ཀྱིས་ནི་བཀང་བ་ཡི། །
ཡུངས་ཀར་ལྡན་པ་གཞག་པར་བགྱི། །ཨ་ག་རུ་ཡི་བདུག་པ་དབུལ། །བུམ་པ་གང་བར་དགོད་པར་བགྱི། །མེ་ཏོག་སྣ་ཚོགས་བརྒྱན་པར་བགྱི། །མཆོད་ཡོན་སྣོད་ཀྱང་བཞི་གཞག་གོ། །རིག་སྔགས་འཆང་བ་གཙང་གྱུར་པས། །གཙང་མའི་གོས་ནི་བགོ་བར་བགྱི། །ལེགས་བཀྲུས་
རྣམ་པར་དག་པ་དང་། །གསོ་སྦྱོང་དག་ནི་བླངས་པ་དང་། །དཀར་གསུམ་ཟས་ནི་འཚལ་ནས་སུ། །དུས་གསུམ་དུ་ནི་ཁྲུས་བགྱིའོ། །དུས་གསུམ་བཟླས་བརྗོད་བགྱི་བ་ནི། །དོན་ཡོད་ཞགས་པའི་སྙིང་པོ་དག །དུས་གསུམ་དུ་ཡང་བརྒྱ་རྩ་བརྒྱད། །འཕགས་པ་འཇིག་རྟེན་དབང་ཕྱུག་
གི། །མངོན་སུམ་སྐྱིལ་མོ་ཀྲུང་བཅས་ཏེ། །བཟླས་བརྗོད་ཕྱག་རྒྱ་བཅིངས་ནས་སུ། །བགྲང་ཕྲེང་དག་ནི་བླང་བར་བགྱི། །མཛུབ་མོ་དག་ནི་མཐེ་བོ་དག །བརྐྱང་ནས་ཞི་ཞིང་དུལ་བ་ཡི། །ཡིད་ཀྱིས་བྱམས་སེམས་མཉམ་པར་གཞག །ཏིང་འཛིན་བརྟག་པས་ལུས་སྙོམས་པར། །ལེགས་
པར་བཞག་སྟེ་ཞི་བར་ལྟ། །ཚིག་གཞན་མི་སྨྲ་བཟླས་བརྗོད་བགྱི། །བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ། ས་ཆེན་པོ་གཡོ་བར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་བཅིངས་ནས་ས་ཆེན་པོ་ཡང་གཡོ་བར་འགྱུར་རོ། །བརྟན་པའི་སེམས་ཀྱིས་སྐྲག་པར་མི་
བགྱིའོ། །སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་ཞབས་མཐོང་བ་ཙམ་དུ་བྲིས་ལ། ཅི་ཙམ་ན་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་སོ། །ལན་བདུན་བཟླས་པ་ཙམ་གྱི་མོད་ལ་ས་ཆེན་པོ་གཡོ་ཞིང་སྒྲ་འབྱུང་བར་འགྱུར་རོ། །འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བ་ནས་འོད་ཟེར་བྱུང་ནས་ཀུན་ཏུ་སྣང་བར་འགྱུར་རོ། །རིག་སྔགས་འཆང་དེ་ཡང་ཆེར་སྙིང་དགའ་བ་དང་། བཞིན་འཛུམ་པ་དང་། ཤིན་ཏུ་རབ་ཏུ་དགའ་བས་སྤུ་ཟིང་ཞེས་བགྱིད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་གདོང་དུ་
བལྟ་བར་བགྱི་སྟེ། གདོང་དུ་བལྟས་པ་ཙམ་གྱི་མོད་ལ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ངོས་གཡས་པ་ནས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ། །མིག་སྒྱུར་བར་བགྱིད་ཅིང་ཀུན་ཏུ་ལེགས་སོ་ཞེས་བགྱི་བའི་སྒྲ་བྱུང་ན། རིག་སྔགས་འཆང་གིས་སྒྲིབ་
པ་ཐམས་ཅད་རྣམ་པར་དག་པ་ཐོབ་ནས་ལུས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱེ་བ་ས་ཡ་ཕྲག་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བལྟ་བའི་འོས་སུ་འགྱུར་རོ། །ལུས་འཇམ་པ་དང་ཤིན་ཏུ་གཞོན་
ཤ་ཆགས་པ་དང་མཉེན་པར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་པ་དང་མཉེན་པ་དང་། སྙན་པའི་ཚིག་སྨྲ་བར་འགྱུར་རོ། །མིག་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །ལུས་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། གཉེར་མ་དང་། སྐྲ་སྐྱ་བོ་སྤངས་པར་འགྱུར་རོ། །སེམས་ཅན་ཐམས་
ཅད་ལ་ལྟ་བ་དག་པ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །ཅི་ཙམ་དུ་འདུག་ཅེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་སྟོན་ཅིང་དབུགས་འབྱིན་པར་བགྱིད་དོ། །ལག་པ་གཡས་པ་སྤྱི་བོར་བཞག་ནས་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །ནམ་མཁའ་ལ་
མཆི་བའམ། མི་གདའ་བར་བགྱི་བའམ། ལྷའི་མིག་འཐོབ་པའམ། སངས་རྒྱས་ཀྱི་ཞིང་ལ་བལྟ་བའམ། ཏིང་ངེ་འཛིན་རབ་ཏུ་འཐོབ་པའམ། གཟུངས་རབ་ཏུ་འཐོབ་པའམ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་འགྲུབ་པའམ། གཙུག་ལག་སྨྲ་བའམ། གསང་སྔགས་སྨྲ་
བའམ། ཐོས་པ་འཛིན་པ་ཉིད་དམ། གཏེར་སྨྲ་བའམ། ནོར་སྒྱུར་བ་སྨྲ་བའམ། མིག་འཕྲུལ་སྨྲ་བའམ། འཇིག་རྟེན་དུ་འགྲོ་བའམ། ཕུག་ཏུ་འཇུག་པའམ། ཀླུའི་གནས་སུ་འཇུག་པའམ། ཞིང་སྨྲ་བའམ། གནོད་སྦྱིན་དགུག་པའམ། སྲིན་པོ་དགུག་པའམ། རོ་ལངས་བསླང་

བའམ། ནགས་ཁྲོད་དུ་འཇུག་པའམ། རི་ལ་རྒྱུ་བའམ། གྲོང་ཁྱེར་དུ་འཇུག་པའམ། སྨན་བལྟ་བའི་ཕྱིར་འཇུག་པའམ། རལ་གྲི་རིག་སྔགས་འཆང་ཉིད་དམ། གྲུབ་པའི་རིག་སྔགས་འཆང་ཉིད་དམ། འཁོར་ལོས་སྒྱུར་བ་ཉིད་དམ། རྒྱལ་བོ་འཐོབ་པའམ། ཡུལ་འཐོབ་པའམ། ཡུལ་གྱི་
བདག་པོ་ཉིད་དམ། དཔུང་ཆེན་པོ་རབ་ཏུ་འཇོམས་པའམ། བསྐྲད་པའམ། རྒྱ་མཚོར་འཇུག་པ་དེ་དག་ཐམས་ཅད་སྩོལ་བར་འགྱུར་རོ། །དགོས་པ་གྲུབ་པ་ཐམས་ཅད་སྩོལ་བར་འགྱུར་རོ། །ཅི་ལྟར་གང་དུ་འཚལ་བར་ཡོངས་སུ་སྐྱོང་བར་འགྱུར་རོ། །མཚམས་མ་མཆིས་པ་ལྔ་རྣམས་འབྱུང་བར་འགྱུར་
རོ། །རྟག་ཏུ་བཟླས་བརྗོད་བགྱིས་ན། སེམས་ཅན་ཐམས་ཅད་ལ་ལྟ་བ་སྒྲིབ་པ་དང་བྲལ་བ་དག་པ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །མིག་སྨན་སྒྲུབ་པར་འཚལ་བས། དེས་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ལ་ལྡོང་རོས་ཀྱི་མིག་སྨན་ཟངས་ཀྱི་སྣོད་ཀྱི་ནང་དུ་སྩལ་ཏེ། ཙནྡན་གྱི་དཀྱིལ་
འཁོར་བགྱིས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་བཞག་ནས་ལེགས་པར་ཁྲུས་བགྱིས་ཏེ་གོས་གཙང་མ་བགོས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་ན་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས་བཟླས་བརྗོད་བགྱིའོ། །དོན་ཡོད་ཞགས་པའི་ཕྱག་རྒྱའི་
མཚམས་བཅིང་བས་མཚམས་བཅིང་བར་བགྱིའོ། །ཁྲོ་བོའི་རྒྱལ་པོ་ལན་བདུན་དུ་བཟླས་པར་བགྱིའོ། །ཟས་དཀར་གསུམ་འཚལ་བར་བགྱིའོ། །རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་གང་ཡང་རུང་བས། འཕགས་པའི་ཡན་ལག་བརྒྱད་ཀྱི་བསྙེན་གནས་ལ་གོམས་པར་བགྱིས་ནས་བཟླས་
བརྗོད་བགྱིའོ། །བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ། ཟངས་ཀྱི་སྣོད་འབར་བ་དང་། རླངས་པ་དང་། དབུ་བ་འབྱུང་བར་འགྱུར་ཏེ། དེ་བླངས་ནས་མིག་ལ་བྱུགས་ན་ནམ་མཁའ་ལ་རྫུ་འཕྲུལ་གྱིས་མཆིས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་
འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་རྣམས་མཐོང་བ་དང་། རིག་སྔགས་འཆང་འཁོར་ལོས་སྒྱུར་བ་ཆེན་པོར་འགྱུར་རོ། །ཕུག་གི་གནས་ཕྱེ་བ་ཐམས་ཅད་མཐོང་བར་འགྱུར་རོ། །གཏེར་བྱུང་བ་ཐམས་ཅད་མཐོང་བར་འགྱུར་རོ། །ལྷའི་གནས་ཐམས་ཅད་ཀྱི་སྒོ་ཕྱེ་བ་མཐོང་བར་འགྱུར་རོ། །གང་

དུ་འཚལ་བ་དེར་མཆི་བར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གདོན་དང་། མི་དང་། མི་མ་ཡིན་པ་དང་། ཕས་ཀྱི་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་མི་གདའ་བར་འགྱུར་རོ། །ཚེས་བརྒྱད་དམ། བཅུ་བཞིའམ། བཅྭ་ལྔ་ལ་
ཚིག་གཞན་མི་སྨྲ་བར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ནས། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། །བཟླས་བརྗོད་བགྱིས་པ་ཙམ་གྱི་མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷའི་བདག་ཉིད་ཀྱི་རང་གི་གཟུགས་ཀྱིས་མདུན་དུ་མཆིས་
ནས། ལག་པ་གཡས་པ་སྤྱི་བོར་བཞག་པ་དང་། དྲི་མེད་འཕགས་ཀྱི་ལྟ་བའི་ཆོ་འཕྲུལ་ཞེས་བགྱི་བའི་ཏིང་ངེ་འཛིན་འཐོབ་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པའི་བྱིན་གྱིས་བརླབས་བཀོད་པ་ཡང་དག་པར་ལྟ་བ་སྣང་བ་ཞེས་བྱ་བའི་རྫུ་འཕྲུལ་ཐོབ་ནས། ཚེའི་ཚད་ལྷའི་བསྐལ་
པ་སྟོང་དུ་འགྱུར་རོ། །བདག་ཉིད་ལྷའི་རང་བཞིན་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས་དམ་པའི་ཆོས་ཀྱི་གཏམ་གླེང་བར་མཛད་པ་ཐོས་པར་འགྱུར་རོ། །བདེ་བ་ཅན་ན་གནས་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་བསུ་བའི་སླད་དུ། ལྷའི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ། །སྐྲ་ཅུང་ཟད་འཁྱིལ་བར་ཡང་འགྱུར་རོ། །པདྨ་སྣང་བའི་གཞལ་མེད་ཁང་ཞེས་བགྱི་བའི་ཁང་པ་བརྩེགས་མའི་གཞལ་མེད་ཁང་ཐོབ་པར་འགྱུར་རོ། །དེ་ནས་རང་གི་ལུས་རྡོ་རྗེ་
སྲ་བ་བདག་ཉིད་ཀྱི་སྙིང་པོའི་རང་བཞིན་ཐོབ་པར་འཚལ་ན། རིག་སྔགས་འཆང་དེས་སྤོས་ཆབ་དེས་བུམ་པ་བཀང་ནས་ལན་དྲུག་ཁྲི་ཉིས་སྟོང་བཟླས་བརྗོད་བགྱིས་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཉིན་ཞག་གཅིག་མཆིས་པར་འགྱུར་བས་ཁྲུས་
བགྱིའོ། །ཁྲུས་བགྱིས་པ་ཙམ་གྱི་མོད་ལ། ལུས་རྡོ་རྗེ་ལས་བྱུང་བའི་རང་བཞིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དེ་ལ་གཟིགས་པར་འགྱུར་རོ། །ཚེ་ལྷའི་ལོ་ཁྲིར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། གདོན་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་དང་། ཀླུ་ཐམས་

ཅད་ཀྱི་དཔོན་པོར་འགྱུར་རོ། །འཇིག་རྟེན་པའི་དགོས་པ་སྒྲུབ་པ་ཐམས་ཅད་བགྱིད་པར་འགྱུར་རོ། །དྲན་པ་ཙམ་མམ་སེམས་བསྐྱེད་པ་ཙམ་གྱི་མོད་ལ་གདོན་ཐམས་ཅད་དང་། བརྗེད་བྱེད་ཐམས་ཅད་བབས་ནས་ཐམས་ཅད་སྨྲ་བར་འགྱུར་ཏེ། བདེན་པའམ་མི་བདེན་པའམ་ཡང་དག་པའམ།
ཡང་དག་པ་མ་ལགས་པའམ། སྐལ་བ་དང་ལྡན་པའམ་སྐལ་བ་དང་མི་ལྡན་པའམ། བྱུང་བའམ། མ་བྱུང་བའམ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ལ་སོགས་ཏེ་ལས་བགྱི་བ་ཐམས་ཅད་བགྱིད་པར་འགྱུར་རོ། །དྲན་བཞིན་
དུ་ལས་ཐམས་ཅད་རྟག་ཏུ་བགྱིད་པར་འགྱུར་རོ། །ཡང་ན་འཇིག་རྟེན་ཐམས་ཅད་སོ་སོར་བསྒྲལ་བར་འཚལ་བའམ། ཐམས་ཅད་དབང་དུ་གྱུར་ནས་གཞག་པར་འཚལ་ལམ། ཐམས་ཅད་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ལས་ཐར་བར་བགྱི་བར་
འཚལ་ལམ། དོན་ཡོད་ཡེ་ཤེས་བཀོད་པ་ཞེས་བགྱི་པའི་ཏིང་ངེ་འཛིན་འཐོབ་པར་འཚལ་ལམ། རྣམ་པར་གྲོལ་བའི་དཀྱིལ་འཁོར་བསྒྲུབ་པར་འཚལ་ལམ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་བསྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་གཟུགས་བརྙན་སོ་སོ་བ་བཞིན་
དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་གཟུགས་སུ་བགྱིས་ཏེ། རལ་པའི་ཐོར་ཚུགས་དང་རི་དགས་ཨེ་ན་ཡའི་པགས་པས་བརྒྱན་པ། ཕྱུགས་བདག་གི་ཆ་ལུགས་འཆང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་ངམ་འགྲེང་བ་དང་དྲུང་ན་ནོར་བཟངས་པུས་
མོ་གཡས་པ་ཕབ་པ། གཡོན་པ་ཁྲོ་བོའི་རྒྱལ་པོ་གདོང་གྱེན་དུ་ལྟ་བ་ཁྲོ་བོའི་གཟུགས་ལག་པ་དྲུག་པ། འོད་དཔག་མེད་ཀྱི་དབུ་རྒྱན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བཀླུབས་པ་ཐམས་ཅད་རིང་བསྲེལ་དང་བཅས་པར་བགྱི་སྟེ། རིའི་སྟེང་གི་པདྨའི་སྟན་ལ་མཆིས་པར་བགྱིའོ། །གཙང་མས་
གོས་གཙང་མ་བགོས་ཏེ། དུས་གསུམ་དུ་ཁྲུས་བགྱིས་ན་ཉིན་ཞག་གཅིག་མཆིས་ཏེ། རིག་སྔགས་འཆང་གིས་བའི་རྣམ་ལྔས་ཉེ་རེག་བགྱིའོ། །ཆབ་དང་ཡུངས་ཀར་གྱི་དབང་བསྐུར་བས། དབང་བསྐུར་བར་བགྱིའོ། །སྙིང་རྗེ་ཆེན་པོས་གདུངས་པའི་སྙིང་གིས་བལྟ་བར་བགྱིའོ། །གལ་

ཏེ་འདི་ལྟ་བུའི་ཆོ་གས་མི་བགྱིད་ན། བཀླགས་པ་ཙམ་གྱི་མོད་ལ་ཡང་འགྲུབ་པར་འགྱུར་ན། བཟླས་བརྗོད་ཀྱི་ལས་ཀྱི་ཆོ་གས་ལྟ་སྨོས་ཀྱང་ཅི་འཚལ། ཡང་རིག་སྔགས་འཆང་གང་ཞིག་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱི་བྱེ་མ་དང་མཉམ་པའི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པར་འཚལ་ལམ། བལྟ་བར་འཚལ་ལམ། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པར་འཚལ་ལམ། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་རབ་ཏུ་གཞག་པར་འཚལ་བའམ། ཐམས་ཅད་ཀྱི་སྒྲིབ་པ་རྣམ་པར་
དག་པར་བགྱི་བར་འཚལ་ན། རིག་སྔགས་འཆང་དེས་དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མའམ། རྒྱལ་པོའམ། བཙུན་མོའམ། གཞན་སུ་ཡང་རུང་བས་ཐམས་ཅད་ཆོ་ག་འདི་བཞིན་བགྱིས་ཏེ། དེས་ཅི་འབྱོར་པའི་གསེར་ལས་དོན་ཡོད་པའི་
ཞགས་པའི་གཟུགས་བརྙན་བགྱིའོ། །དེ་ནས་ཁ་ཤར་ཕྱོགས་སུ་བསྟན་ཏེ་གཞག་ལ་གུར་གུམ་གྱི་དཀྱིལ་འཁོར་བགྱི་སྟེ། གྲུ་བཞི་ཆ་འབྱེས་པར་ལི་ཁྲིས་ཐིག་གདབ་པར་བགྱིའོ། །དཀྱིལ་འཁོར་དབུས་སུ་པདྨའི་ཕྲེང་བ་བགྱིའོ། །པདྨའི་ཕྲེང་བའི་དབུས་སུ་རིལ་བ་སྤྱི་བླུགས་དང་
བགྲང་ཕྲེང་གཞག་པར་བགྱིའོ། །མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བགྱིའོ། །སྤོས་ཆབ་ཀྱིས་བཀང་བའི་བུམ་པ་མེ་ཏོག་ཅི་འབྱོར་པས་ལེགས་པར་བརྒྱན་པ་བཞི་གཞག་པར་བགྱིའོ། །མཆོད་ཡོན་གྱི་སྣོད་ལྔ་གཞག་པར་བགྱིའོ། །པོག་ཕོར་གྱི་སྣོད་ལྔ་ནས་ཨ་ག་རུའི་བདུག་པས་བདུག་པར་
བགྱིའོ། །དྲིས་བསྒོས་པའི་མར་མེ་བཅུ་དྲུག་སྦར་བར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱིའོ། །མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བའང་དབུལ་བར་བགྱིའོ། །འཇིག་རྟེན་དབང་ཕྱུག་གི་མདུན་དུ་སྐྱིལ་མོ་ཀྲུང་བཙས་ཏེ་མཆིས་ནས་དོན་
ཡོད་ཞགས་པའི་ཕྱག་རྒྱ་བཅིངས་ཏེ། བདག་ཉིད་ལ་དབང་བསྐུར་བར་བགྱིའོ། །ཁྲོ་བོའི་རྒྱལ་པོ་ལན་ཅིག་བཟླས་བརྗོད་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་པ་ཡིད་ལ་བགྱིས་ནས། ཕྱོགས་བཅུར་ཡིད་ཀྱིས་མཆོད་ཅིང་ཕྱག་བགྱིའོ། །བཟླས་བརྗོད་ཀྱི་ཕྱག་

རྒྱ་བཅིངས་ཏེ་བཟླས་བརྗོད་བགྱིའོ། །བཟླས་བརྗོད་བརྒྱ་རྩ་བརྒྱད་བགྱིས་པ་དངས་ཆེན་པོ་གཡོ་བར་འགྱུར་རོ། །བདག་ཉིད་དགའ་བར་གྱུར་ནས་འབར་བར་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཞལ་མངོན་སུམ་དུ་སྟོན་པ་ཉེ་བར་སྟོན་པར་འགྱུར་རོ། །འཕགས་པ་སྤྱན་
རས་གཟིགས་དབང་ཕྱུག་གི་རལ་པའི་གསེབ་འབར་བར་གྱུར་ནས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ། །ལན་བརྒྱ་རྩ་བརྒྱད་པ་ལན་གཉིས་བཟླས་བརྗོད་བགྱིས་ན། གྲུབ་པ་ཆེན་པོའི་རྟགས་སྟོན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་བརྐྱང་ནས་
རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དོན་ཡོད་ཞགས་པ་གྲུབ་པའི་རིག་སྔགས་འཆང་བར་འགྱུར་རོ། །ཉི་མའི་རྩེ་ན་དེ་བཞིན་གཤེགས་པ་དེ་དག་ཀྱང་མཐོང་བར་གྱུར་ནས་སངས་
རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ། །བརྒྱ་རྩ་བརྒྱད་པ་ལན་གསུམ་བཟླས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སྐྱ་རེངས་འཆར་ཀའི་དུས་སུ་མདུན་དུ་མཆིས་ནས་པདྨ་དྲི་མ་མེད་པ་ཞེས་བགྱི་
བའི་ཞགས་པ་སྩོལ་བར་འགྱུར་རོ། །གྲུབ་པ་ཐམས་ཅད་སྩོལ་བར་འགྱུར་རོ། །རྒྱལ་བ་འོད་དཔག་མེད་ཀྱང་ལེགས་སོ་ཞེས་བགྱི་བ་སྩོལ་བར་འགྱུར་རོ། །གང་སུ་ཡང་རུང་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་མཐོང་ན། དེ་ནི་དེ་བཞིན་གཤེགས་པ་དྲུག་ཁྲི་ལ་དགེ་
བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་ལ་ལྷ་ཐམས་ཅད་དང་། ཚངས་པ་ལ་སོགས་ཏེ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོའི་ལྷའི་བུ་རྣམས་རྟག་ཏུ་བལྟ་འཚལ་བར་འགྱུར་རོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །མཆོག་ཐམས་ཅད་ཡོངས་སུ་རྫོགས་ནས། རྟག་ཏུ་རྗེས་སུ་འབྲང་
ཞིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བགྱིད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བརྒྱད་པ། དེས་ཅི་འབྱོར་བའི་གསེར་ལས་འཕགས་པ་སྤྱན་རས་གཟིགས་དབང་

ཕྱུག་དོན་ཡོད་པའི་ཞགས་པ་བྱས་ལ། དེ་ནས་ཞལ་ཤར་ཕྱོགས་སུ་བསྟན་ཏེ་གཞག་ལ་གུར་གུམ་གྱི་དཀྱིལ་འཁོར་གྲུ་བཞི་བ་ལེགས་པར་མཛེས་པ་བྱས་ཏེ། ལི་ཁྲིས་ཐིག་བཏབ་ལ་དཀྱིལ་འཁོར་གྱི་དབུས་སུ་པདྨ་བྲི། པདྨའི་དབུས་སུ་རིལ་བ་བྷྲྀང་གར་དང་བགྲང་ཕྲེང་བྲི།
མེ་ཏོག་སྣ་ཚོགས་བཀྲམ་ལ་བུམ་པ་སྤོས་ཆུས་བཀང་ལ། མེ་ཏོག་ཅི་འབྱོར་པས་ལེགས་པར་བརྒྱན་པ་བཞི་གཞག །མཆོད་ཡོན་གྱི་སྣོད་ལྔ་གཞག་པར་བྱ་ཞིང་། པོག་ཕོར་ལྔ་ནས་ཨ་ག་རུའི་བདུག་པས་བདུག་པར་བྱའོ། །སྤོས་སྣ་བཅུ་དྲུག་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་སྟེ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དག་ཀྱང་དབུལ་བར་བྱའོ། །འཇིག་རྟེན་དབང་ཕྱུག་ལ་མངོན་དུ་ཕྱོགས་ཏེ། སྐྱིལ་མོ་ཀྲུང་བཅས་ལ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་བཅིངས་ལ་བདག་ཉིད་ལ་དབང་བསྐུར་རོ། །
ཁྲོ་བོའི་རྒྱལ་པོ་ལན་ཅིག་བཟླས་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱས་ཏེ་ཡིད་ཀྱིས་ཕྱག་བྱས་ལ་ལུས་ཀྱིས་ཀྱང་ཕྱག་བྱས་ཏེ། བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱའོ། །བརྒྱ་རྩ་བརྒྱད་བཟླས་པས་ས་ཆེན་པོ་གཡོ་བར་འགྱུར་ཞིང་བདག་ཉིད་སྙིང་དགའ་
ལ་འབར་བར་སྣང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཞལ་ཉེ་བར་སྟོན་པར་མཛད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབུ་རལ་བའི་གསེབ་འབར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་ངོ་། །བརྒྱ་རྩ་བརྒྱད་བཟླས་པ་གཉིས་པས་ནི། དངོས་གྲུབ་ཆེན་པོའི་མཚན་མ་
སྟོན་ཏོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་བརྐྱང་སྟེ། རིག་སྔགས་འཆང་གི་མགོ་བོའི་སྤྱི་བོར་འཇོག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །རིག་སྔགས་འཆང་ལ་དོན་ཡོད་པའི་ཞགས་པ་
འགྲུབ་པར་འགྱུར་རོ། །ཐོ་རངས་དེ་བཞིན་གཤེགས་པ་དེ་དག་གི་ཞལ་སྟོན་པར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་ལྡན་པར་འགྱུར་རོ། །བཟླས་བརྗོད་བརྒྱ་རྩ་བརྒྱད་གསུམ་པས་ནི། སྐྱ་རེངས་ཤར་བའི་

དུས་ཀྱི་ཚེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་གི་གཟུགས་ཀྱིས་མདུན་ན་བཞུགས་ཏེ། པདྨའི་དྲི་མ་མེད་པ་ཞེས་བྱ་བའི་ཞགས་པ་སྦྱིན་པར་མཛད་ཅིང་། དངོས་གྲུབ་ཐམས་ཅད་སྦྱིན་པར་མཛད་དོ། །རྒྱལ་བ་འོད་དཔག་མེད་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་དོ། །གང་ལ་
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྟན་པ་དེ། དེ་བཞིན་གཤེགས་པ་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལ་དགེ་བའི་རྩ་བསྐྲུན་པར་འགྱུར་རོ། །ལྷ་ཐམས་ཅད་དང་། ཚངས་པ་ལ་སོགས་པ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་རྣམས་རྟག་ཏུ་ལུས་སྟོན་འདོད་པར་
འགྱུར་རོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་བ་དང་། མཆོག་ཐམས་ཅད་ཡོངས་སུ་རྫོགས་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་ཞིང་སྲུང་བ་དང་། སྐྱོབ་པ་དང་། སྦ་བར་བྱེད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་ནས་དངུལ་ལས་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་དོན་ཡོད་པའི་ཞགས་པའི་གཟུགས་སྔ་མ་བཞིན་དུ་བྱས་པ་ལ། ཙནྡན་དཀར་པོའི་དཀྱིལ་འཁོར་དུ་ཙནྡན་དཀར་པོའི་དྲི་ཆབ་ཀྱིས་བཀང་བ་གཞག་པར་བྱ་ཞིང་། མཆོད་ཡོན་གྱི་སྣོད་ལྔ་གཞག་པར་བྱའོ། མེ་ཏོག་སྣ་ཚོགས་པ་བཀྲམ་ཞིང་། ཙནྡན་དཀར་པོའི་བདུག་སྤོས་ཀྱིས་བདུགས་
ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བྱའོ། །དྲི་སྣ་བཞི་བཅུ་རྩ་གཉིས་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་པར་བྱ་ཞིང་། བདུག་སྤོས་ཀྱི་སྣོད་བཞི་བཅུ་གཞག་པར་བགྱིའོ། །ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་རིག་སྔགས་འཆང་གཙང་
མས་གོས་གཙང་མ་བགོས་ཏེ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་བདུན་བཅིང་ངོ་། །བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་ལ་ལག་པ་གཡོན་པའི་མཛུབ་མོ་བརྐྱང་བ་པདྨའི་ཚུལ་དུ་བྱས་ལ། བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱའོ། །ལན་བརྒྱ་རྩ་བརྒྱད་ཚང་བ་དང་། ཤར་
ཕྱོགས་ནས་ལེགས་སོ་ཞེས་བྱ་བའི་སྒྲ་གྲག་པར་འགྱུར་ཞིང་། བདག་ཉིད་དགའ་བར་སྣང་ངོ་། །རྒྱལ་པོ་བློན་པོ་དང་བཙུན་མོའི་འཁོར་དང་བཅས་པ་དབང་དུ་གྱུར་ཏེ། མིང་བརྗོད་པས་དཔག་ཚད་སྟོང་ནས་འོང་བར་འགྱུར་རོ། །ཐམས་ཅད་བགྱི་བ་ཅི་མཆིས་ཞེས་བྲན་བཞིན་དུ་འགྱུར་རོ། །གང་

བསྒོ་བ་དེ་བྱེད་པར་འགྱུར་རོ། །དེ་ཉིད་བླ་མར་འགྱུར་ཞིང་ཆེར་བརྗོད་པར་འགྱུར་རོ། །བརྒྱ་རྩ་བརྒྱད་ལན་གཉིས་བཟླས་པས་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་པ་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་ལ་སོགས་པ་དབང་དུ་འགྱུར་ཞིང་།
བསྒོ་བ་བཞིན་བྱེད་པར་འགྱུར་རོ། །གང་བསྒོ་བ་བྱེད་པར་འགྱུར་རོ། །རྒྱལ་པོ་བཞི་འཁོར་གནོད་སྦྱིན་གྱི་ཚོགས་དང་བཅས་པ་རྣམས་དབང་དུ་འགྱུར་རོ། །བརྒྱ་རྩ་བརྒྱད་ལན་གསུམ་དུ་བཟླས་པས་ཉི་མ་དང་ཟླ་བ་ནམ་མཁའ་ལས་འབབ་ཅིང་མདུན་ན་འདུག་པར་འགྱུར་རོ། །མཚན་མོའི་ལྷ་དང་
ནམ་མཁའི་ལྷ་འོངས་ནས་མདུན་ན་འདུག་པར་འགྱུར་ཞིང་དབང་དུ་འགྱུར་རོ། །ཐམས་ཅད་ཅི་བགྱི་ཞེས་པའི་བྱ་བ་བྱེད་ཅིང་འདུག་པར་འགྱུར་རོ། །བརྒྱ་རྩ་བརྒྱད་ལན་བཞི་བཟླས་པས། ཀླུ་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། །རྒྱ་མཚོའི་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་ལ་
སོགས་པའི་བར་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། །ཟངས་ལས་བྱས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་ལ། ཙནྡན་དཀར་པོའི་དཀྱིལ་འཁོར་བྱས་ཏེ། མེ་ཏོག་དམར་པོ་བཀྲམ་ལ། བདུག་སྤོས་ཀྱི་སྣོད་བཞི་ནས་བདུག་པར་བྱ་ཞིང་། མར་གྱི་མར་
མེ་ལྔ་བཅུ་རྩ་གཉིས་བལྟམ་པར་བྱའོ། །མཆོད་ཡོན་གྱི་སྣོད་བཞི་བཞག་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བྱའོ། །ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་རྗེས་སུ་དྲན་པར་བྱའོ། །དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་ཉི་ཤུ་རྩ་གཅིག་བཅིང་བར་བྱའོ། །རས་
ལ་བྲིས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་དུ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་དམིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱའོ། །ཕྱོགས་བཞིར་བྱམས་པའི་ལྟ་བས་བལྟ་བར་བྱའོ། །སེམས་ཅན་དམྱལ་བ་པ་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་དང་།
ཡི་དགས་ཀྱི་ཡུལ་ཐམས་ཅད་ཡིད་ལ་བྱའོ། །སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཡིད་ལ་བྱ་ཞིང་སྙིང་རྗེའི་སེམས་ཀྱིས་བལྟ་བར་བྱའོ། །བཟླས་བརྗོད་ཀྱི་ཕྱག་རྒྱ་པདྨའི་ཚུལ་དུ་བཅིངས་ཏེ་བཟླས་བརྗོད་བྱའོ། །བརྒྱ་རྩ་བརྒྱད་ཚང་བ་དང་། ཕྱོགས་བཞི་གཡོ་ཞིང་སྒྲ་གྲག་པར་འགྱུར་ལ། དམྱལ་

བ་པའི་སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །དམྱལ་བའི་སྒོ་ཐམས་ཅད་བཅད་པར་འགྱུར་ཞིང་། བཅོམ་པ་དང་ཐལ་བར་བརླག་པར་འགྱུར་རོ། །དམྱལ་བའི་སེམས་ཅན་དེ་དག་བདེ་འགྲོར་འགྲོ་བར་འགྱུར་རོ། །བདག་ཉིད་ཀྱང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་
དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ལུས་ཀྱང་མཚན་བཟང་པོས་བརྒྱན་པར་འགྱུར་ཞིང་། སེམས་ཅན་གང་དག་གིས་མཐོང་བ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ། །བརྒྱ་རྩ་བརྒྱད་ལན་གཉིས་བཟླས་བརྗོད་བྱས་པས་ནི། སའི་འོག་
གི་སེམས་ཅན་མུན་གནག་སྣང་བ་དང་བྲལ་བ་དེ་དག་དོན་ཡོད་པའི་ཞགས་པའི་སྙིང་པོའི་མཐུས་མུན་གནག་དང་བྲལ་བར་འགྱུར་ཞིང་། འོད་ཟེར་འབྱུང་བར་འགྱུར་རོ། །ཡོངས་སུ་གྲོལ་བའི་སེམས་ཅན་དེ་དག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སུ་བརྫུས་ཏེ་སྐྱེ་བར་འགྱུར་ཞིང་རྒ་བ་
དང་། འཆི་བ་སྤངས་པར་འགྱུར་རོ། །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཀུན་ནས་མཐུ་འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཞིང་། ཚེ་བསྐལ་པར་ཐུབ་པར་འགྱུར་རོ། །ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །བྱང་ཆུབ་ཀྱི་མཐར་ཐུག་གི་
བར་དུ། དེ་ཉིད་ཀྱི་ཞབས་ཀྱི་དྲུང་ན་གནས་པར་འགྱུར་ཞིང་། མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཙནྡན་དཀར་པོ་དང་། གླ་རྩི་དང་། ག་པུར་དང་། སྤོས་ཀྱི་རིགས་སྣ་ཚོགས་གཞན་དག་ཕྱེ་མ་ཞིབ་མོར་བྱས་ཏེ། ཡང་ལེགས་པར་བཏགས་ལ། ཀུན་ཏུ་རུ་དང་། སྲ་རྩི་པོག་དང་། གན་
དྷ་ར་ས་དང་། ཆུ་དང་ལྷན་ཅིག་སྦྱར་ཏེ། ཤ་ཁར་བཏབ་ལ། ལེགས་པར་བཏགས་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་སོར་བཞི་བའི་ཚད་དུ་བྱས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རལ་པའི་ཐོར་ཚུགས་དང་། ཨེ་ནེ་ཡའི་པགས་པས་བཞག་པ། ཕྱུགས་
བདག་གི་ཆ་ལུགས་འཛིན་པ། ཕྱག་བཞི་གཅིག་ན་པདྨ་ཐོགས། གཉིས་པ་ན་ཞགས་པ་ཐོགས། གསུམ་པ་ན་གསལ་ཤིང་ཐོགས་པ། བཞི་པ་དབུགས་འབྱིན་པ། གདན་པདྨ་འོད་ཀྱི་དཀྱིལ་འཁོར་འདོམ་གང་གིས་བརྒྱན་པར་བྱ་སྟེ། གཡས་སུ་འཕགས་མ་སྒྲོལ་མ། གཡོན་དུ་དྲི་མེད་

འགྲོ་བྱའོ། །འཇིག་རྟེན་དབང་ཕྱུག་གི་འོག་ཏུ་ནི་ཁྲོ་བོའི་རྒྱལ་པོའོ། །གོང་དུ་ནི་འོད་དཔག་མེད་དོ། །དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ཏེ། དུས་གསུམ་དུ་ཁྲུས་བྱ་ཞིང་གོས་སུམ་ཕྲུགས་སུ་བགོས་ལ་ཚེས་བརྒྱད་ནས་ཚེས་བཅྭ་ལྔའི་བར་དུ་དུས་གསུམ་
དུ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །སྤོས་སྣ་ཚོགས་ཀྱིས་དཀྱིལ་འཁོར་བྱུག་པར་བྱ་ཞིང་། ཚོན་སྣ་ལྔས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་སུ་དོན་ཡོད་པའི་ཞགས་པ་དང་། རིག་སྔགས་ཀྱི་ལྷ་པུས་མོ་བཙུགས་ཏེ་གྱེན་དུ་བལྟ་བ་བྲི་བར་བྱའོ། །གྲྭ་བཞིར་དབང་ཕྱུག་དང་། དབང་ཕྱུག་ཆེན་
པོ་དང་། གཤིན་རྗེ་དང་། ཆུ་ལྷ་བྲི་བར་བྱའོ། །སྒོ་བཞིའི་ཆ་འབྱེས་པར་བྱའོ། །དཀྱིལ་འཁོར་ཁོར་ཡུག་ཏུ་པདྨ་བྲི་བར་བྱའོ། །གྲྭ་བཞིར་སྤོས་ཀྱིས་བཀང་བ་གཞག་པར་བྱའོ། །སྒོ་བཞིར་དྲི་དང་གཏོར་མ་དང་བུམ་པ་བཀང་བ་གཞག་གོ། །དཀར་གསུམ་གྱི་གཏོར་མ་དང་མཆོད་ཡོན་གྱི་
སྣོད་བརྒྱད་གཞག་གོ། །མེ་ཏོག་སྣ་ཚོགས་པ་བཀྲམ་པར་བྱ་ཞིང་། ཨ་ཀ་རུ་དང་། ཙནྡན་གྱི་བདུག་པ་དབུལ་བར་བྱའོ། །སྤོས་སྣ་བརྒྱ་ཉི་ཤུ་རྩ་བརྒྱད་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་པར་བྱ། འཕན་གདུགས་བཟང་པོ་སྣ་ཚོགས་པས་ལེགས་པར་བརྒྱན་པར་བྱ་སྟེ། བྱང་ཆུབ་སེམས་
དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀྱིལ་འཁོར་དུ་ཞལ་ཤར་ཕྱོགས་སུ་བསྟན་ལ་མཆོད་པར་བྱའོ། །རས་ཀྱི་ཚོན་སྐུད་སྣ་ལྔ་པ། སྲིད་དུ་ཁྲུ་བཅུ་དྲུག་པ་ཐོར་ཏོ་གཅིག་ཏུ་གསེར་གྱི་ཡང་མིག་ཐོར་ཏོ་གཅིག་ཏུ་མུ་ཏིག་གི་ཆུན་ཀོར་བཏགས་ཏེ། སྦྲུལ་འཁྱིལ་པ་བཞིན་དུ་བསྐྱིལ་ལ་དཀྱིལ་འཁོར་གྱི་
དབུས་སུ་བཞག་སྟེ། གཙང་མས་གོས་གཙང་མས་གཡོགས་པར་བྱའོ། །རིག་སྔགས་འཆང་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ། སྐྱིལ་མོ་ཀྲུང་དུ་འདུག་ལ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་སུམ་ཅུ་རྩ་གཉིས་བཅིང་བ་བྱས་ལ་བདག་བསྲུང་ངོ་། །ཁྲོ་བོའི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་
བཟླས་པར་བྱས་ལ། དཀྱིལ་འཁོར་བཅིང་བ་དང་། ཕྱོགས་བཅིང་བ་ཡང་བྱའོ། །དེ་ནས་རིག་སྔགས་འཆང་གིས་བཞིན་འཛུམ་གྱིས་བརྒྱན་པར་བྱས་ལ། བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ཏེ། མི་སྨྲ་བར་ཡུངས་ཀར་འབྲུ་རེ་རེ་ནས་བཟླས་བརྗོད་སྟོང་རྩ་བརྒྱད་བརྗོད་ནས་རས་ཀྱི་སྲད་བུའི་སྟེང་དུ་

གཏོར་བར་བྱ་སྟེ། སྟོང་རྩ་བརྒྱད་ཚང་བ་དང་རས་ཀྱི་སྲད་བུ་དེ་འབར་བར་འགྱུར་ཞིང་། འོད་ཟེར་སྣ་ཚོགས་འབྱུང་བར་འགྱུར་རོ། །ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དོན་ཡོད་པའི་ཞགས་པ་གྲུབ་ཀྱིས་ལོང་ལ་དགོས་པ་
ཐམས་ཅད་བྱོས་ཤིག །ཁྱོད་ཀྱི་ཡིད་བཞིན་གྱི་ནོར་བུ་ཆེན་པོ་གཉིས་དོན་ཡོད་པའི་ཞགས་པ་པདྨ་གྲུབ་པས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགོས་པ་ཐམས་ཅད་སྒྲུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཡང་འབར་བར་འགྱུར་རོ། །འཇིག་
རྟེན་དབང་ཕྱུག་གི་སྐུ་ལས་སྤོས་ཀྱི་སྤྲིན་ཆེན་པོ་འབྱུང་བར་འགྱུར་ཏེ། སྤོས་དེས་དཔག་ཚད་དྲུག་ཙམ་དུ་ཁྱབ་པར་བྱེད་དོ། །གང་ལ་དྲི་མནམས་པ་ཙམ་གྱིས་ནད་ཐམས་ཅད་དང་བྲལ་བར་འགྱུར། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། སྡུག་བསྔལ་གྱི་སྒྲིབ་པ་ཐམས་ཅད་དང་། བྱད་
དང་། དུག་དང་། དབྱིག་དུག་དང་། ཕྱེ་མའི་སྦྱོར་བ་རྣམས་འཇིག་པར་འགྱུར་རོ། །ལུས་ཐམས་ཅད་དྲི་མ་མེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ཡིད་བཞིན་གྱི་ནོར་བུའི་ཞགས་པ་དེ་བླངས་ལ་ཟངས་ཀྱི་གབ་ཚེ་
བཟང་པོའི་ནང་དུ་བཅུག་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་གཞག་པར་བྱའོ། །ནམ་དགོས་པ་བྱུང་བའི་ཚེ། གཙང་མས་ཁྲུས་ལེགས་པར་བྱས་ཏེ། བླང་བར་བྱ་ཞིང་དགོས་པར་བྱའོ། །ཉིན་རེ་བཞིན་དུས་གསུམ་དུ་མཆོད་པར་བྱའོ། །རིག་སྔགས་འཆང་
དེ་ཡང་ནམ་མཁའ་ལ་འགྲོ་བར་འགྱུར་ཞིང་ལུས་ཡོངས་སུ་དག་པ་དང་། སྔོན་གྱི་རིག་སྔགས་འཆང་རྣམས་དང་ལྷན་ཅིག་རྩེ་ཞིང་ཐམས་ཅད་དབང་དུ་འགྱུར་རོ། །ཚེ་ལོ་སྟོང་ཐུབ་པར་འགྱུར་ཏེ། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པ་རྣམས་ཀྱི་ནང་དུ་པདྨའི་སྙིང་པོ་
ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །རིག་སྔགས་འཆང་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ཚེ་བསྐལ་པ་བརྒྱ་ཕྲག་སྟོང་ཐུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཡང་གང་གིས་མཐོང་བ་ཙམ་གྱིས་མཚམས་མེད་པ་ལྔ་

ལ་སོགས་པ་ཟད་པར་འགྱུར་རོ། །སྣ་མའི་མེ་ཏོག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རེ་རེ་ནས་དབུལ་བར་བྱ་སྟེ། ལན་བརྒྱ་རྩ་བརྒྱད་ཚང་བ་དང་། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་ཏེ།
རང་ཉིད་ནོར་དང་བཅས། དབྱིག་དང་བཅས། འབྲུ་དང་བཅས། བྲན་ཕོ་དང་བཅས། བྲན་མོ་དང་བཅས་ཏེ་ལས་བྱེད་པར་འགྱུར་རོ། །སྣ་མའི་མེ་ཏོག་རྙིང་པ་དེ་བསྡུས་ལ་གླ་རྩི་དང་། པྲི་ཡང་ཀུ་དང་། རྒྱ་སྤོས་དང་། རུ་རྟ་དང་། གུར་གུམ་དང་། སྤང་སྤོས་དང་། སྭ་མ་ཀ་དང་། སྤྲྀ་ཀ་དང་།
ན་ལ་ད་དང་། བོ་ལ་དང་། ཡུངས་ཀར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆར་པའི་ཆུ་དང་སྦྱར་བའི་རིལ་བུ་ནི་དུག་མེད་པར་བྱེད་པའི་མཆོག །པདྨ་ཞེས་བྱ་སྟེ། ཐོག་མར་གྲགས་པ་དང་དཔལ་དུ་བྱེད་ནད་ཐམས་ཅད་སེལ་བ་དང་རིམས་ནད་ཐམས་ཅད་ཉེ་བར་སེལ་བར་བྱེད་དོ། །བཙོག་ཤུ་དང་། འབྲས་
དང་། མེ་དབལ་དང་། རྐང་ཤུ་དང་། ཕོལ་མིག་དང་། ལྷོག་པ་དང་། དེ་ཐམས་ཅད་ལ་ནི་བསྐུས་ན་བདེ་བར་ཞི་བར་འགྱུར་རོ། །ཞེས་གསུང་ངོ་། །ནད་དེ་དག་ཐམས་ཅད་ལ་ཁྲུས་བྱས་ན་སྡིག་པ་སེལ་ཏོ་ཞེས་ཐུབ་པས་གསུངས་སོ། །ཚེ་སྦྱིན་པར་བྱེད། རྒྱལ་པོ་དག་ཡུལ་སྦྱིན་པར་བྱེད་དོ། །
ཐིག་ལེ་བྱས་ཏེ་གཡུལ་ངོར་སོང་ན་ཐམས་ཅད་ལས་རྟག་ཏུ་རྒྱལ་བ་དང་། བུད་མེད་རྣམས་དགའ་བ་དང་། དབང་དུ་འགྱུར་བར་བྱེད་པའི་མཆོག་ཡིན་ནོ། །བྱད་འཇོམས་ཤིང་དུག་དང་། དབྱིག་དུག་དང་། ཕྱེ་མའི་དུག་དང་། གསང་སྔགས་ཀྱི་སྦྱོར་བ་དག་ཀྱང་དེ་བཞིན་ནོ། །ཟས་ཟ་བ་
དང་ཁྲུས་བྱེད་པ་ན་ཐིག་ལེའི་བྱུག་པ་རྟག་ཏུ་བྱས་ན། དེ་ཐམས་ཅད་ལས་འགྲོ་བ་རྣམས་བདེ་བར་ཐར་བར་འགྱུར་རོ་ཞེས་འཇིག་རྟེན་དབང་ཕྱུག་གསུང་ངོ་། །ཀླད་པའི་ནད་མི་བཟད་པ་ལ་ནི་བྱུག་པར་བྱའོ། །མིག་ན་བ་ལ་ནི་མིག་སྨན་གྱི་ཐུར་མས་སོ། །སོ་ན་བ་ལ་ནི་ཁར་མུར་རོ། །ལྟོ་ན་བ་ལ་ནི་ཆུ་
དྲོན་དང་ངོ་། །རྩིབ་ལོགས་ན་བ་ལ་ནི་མར་དང་བྱུག་གོ། །ཡན་ལག་དང་ཉིང་ལག་ན་བ་ལ་ནི་བསྐུ་བར་བྱའོ། །དབང་དུ་བྱ་བ་ནི་ལག་མཐིལ་ལ་བསྐུ་བས་སོ། །ནད་ཚབས་ཆེ་བ་ལ་ནི་སྐུ་མཉེ་དང་ཁྲུས་བྱའོ། །གནོད་སྦྱིན་གྱི་གདོན་བསལ་བ་ལ་ནི་སྣ་ནས་བཏང་བའི་ལས་བྱའོ། །བདུག་པས་ནི་

གདོན་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །རྒྱས་ཐེབས་པ་ལ་ནི་མཚོག་མར་ཐིག་ལེ་བྱའོ། །སྙིང་ན་བ་ལ་ནི་ཆུ་དྲོན་དང་ལན་ཚ་བསྲེས་པའོ། །ཁྱིམ་ཞི་བར་བྱ་ལ་ནི་འབྲས་ཡོས་དང་གསུམ་སྦྱར་བས་ཞི་བ་ཆེན་པོར་འགྱུར་རོ། །ཐམས་ཅད་དུ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་
སོ། །འཐབ་པ་དང་། རྩོད་པ་རྣམས་ལ་ནི་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་མེ་ཏོག་བཀྲམ་སྟེ། དྲི་ཆུས་བཀང་བ་བཞི་བཞག་ཅིང་འོ་མས་བཀང་བ་བཞི་དང་། མཆོད་ཡོན་གྱི་སྣོད་བཞི་དང་། པོག་ཕོར་བཞི་བཞག་སྟེ། ཨ་ག་རུ་དང་དུ་རུ་སྐས་བདུག་གོ། །གུ་གུལ་ལ་ལན་ཉི་ཤུ་
རྩ་གཅིག་བཟླས་ཏེ་བདུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་ཆབ་ཀྱིས་མཆོད་པར་བྱའོ། །ཁྲོ་བོའི་རྒྱལ་པོ་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཕྱོགས་བཞིར་གཏོར་བར་བྱའོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་དགུ་བཅུ་རྩ་གཅིག་བཟླས་ན། འཐབ་
པ་དང་། རྩོད་པ་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ། །གཡུལ་འགྱེད་པ་ལས་རྒྱལ་བར་འགྱུར་རོ། །རང་གི་དཔུང་དང་གཞན་གྱི་དཔུང་ཡན་ལག་བཞི་པ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །གལ་ཏེ་བརྒྱ་བྱིན་རང་དང་། ལྷ་མ་ཡིན་ལྷན་ཅིག་པས་ཀྱང་མ་ཡིན་ན། མི་རྣམས་ཀྱིས་
ལྟ་ཅི་སྨོས། བརྒྱ་བྱིན་དགུག་པར་འདོད་ན་པདྨ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། བརྒྱ་བྱིན་གྱི་མིང་ནས་བརྗོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རེ་རེ་ནས་དབུལ་བར་བྱ་ཞིང་། དྲི་ཆབ་ཀྱང་དབུལ་ལོ། །གུ་གུལ་དང་། མར་དང་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་
བཟླས་ཏེ། ཤིང་ཨརྐའི་མེ་སྦར་ལ་ཚེས་བཅུ་བཞི་ལ་སྦྱིན་སྲེག་བྱའོ། །བཟླས་བརྗོད་ཀྱི་ཆོ་ག་རྫོགས་པ་དང་བརྒྱ་བྱིན་ལྷའི་དབང་པོ་དཔུང་དང་བཞོན་པར་བཅས་པ་འོངས་ནས་མདུན་དུ་འདུག་སྟེ། བསྒོ་བ་བཞིན་བྱེད་ཅིང་ཐམས་ཅད་དབང་དུ་འགྱུར་རོ། །བརྒྱ་བྱིན་གྱི་གོ་འཕང་མ་གཏོགས་
པ་གང་བསླངས་པ་དེ་སྦྱིན་པར་བྱེད་དེ་དེ་ནི་སེམས་མི་བཟོད་དོ། །ཚངས་པ་རྡོག་པས་མནན་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་ན་བརྒྱ་རྩ་བརྒྱད་ཚང་བ་དང་། ཚངས་པ་རང་གི་གཟུགས་ཀྱིས་མདུན་ན་འདུག་སྟེ། མཆོག་ཐམས་ཅད་སྦྱིན་པར་བྱེད་དོ། །ཡིད་ལ་ཅི་འདོད་པ་སྒྲུབ་པར་བྱེད་དོ། །གུ་གུལ་

ལ་ལན་དགུ་བཅུ་བཟླས་ཏེ། ཁྱབ་འཇུག་ལ་བདུག་ཅིང་ཆུ་དང་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྤྱི་བོར་གཏོར་ན། ཁྱབ་འཇུག་རང་གི་གཟུགས་ཀྱིས་མདུན་ན་འདུག་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གཟུགས་སྣ་ཚོགས་ཀྱི་བར་དུ་སྟོན་ཏོ། །ཧི་ར་ཎྱ་
ཀ་ཤི་བུ་ལ་ཡང་སྦྱིན་པར་བྱེད་ཅིང་ཁྱབ་འཇུག་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །དབང་ཕྱུག་ཆེན་པོའི་ཞལ་མཐོང་བར་འདོད་ན། རྣ་བ་གཡས་པར་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་སྤྱི་བོར་གཏོར་རོ། །གུ་གུལ་གྱི་བདུག་པས་བདུག་
ཅིང་། ཨརྐའི་ཆུ་ལ་ལན་བདུན་བཟླས་ཏེ་དབུལ་བར་བྱའོ། །དེ་ནས་དབང་ཕྱུག་ཆེན་པོའི་གཟུགས་འགུལ་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བར་སྒྲ་འབྱུང་ངོ་། །དེ་ནས་དབང་ཕྱུག་ཆེན་པོ་རང་གི་གཟུགས་ཀྱིས་མདུན་ན་འདུག་པར་འགྱུར་ཞིང་། རང་གི་ཚོགས་ཀྱི་འཁོར་དང་བཅས་པ་ཐམས་
ཅད་དབང་དུ་འགྱུར་རོ། །འདོད་པའི་མཆོག་ཐམས་ཅད་སྦྱིན་པར་མཛད་དོ། །མཆོག་གང་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །ནག་པོ་ཆེན་པོ་དགུག་པར་འདོད་པས་གུ་གུལ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཁྲག་དང་ཆང་དབུལ་བར་བྱ་ཞིང་། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་
ནས། ནག་པོ་ཆེན་པོའི་སྟེང་དུ་གཏོར་ན་ཁུགས་པར་འགྱུར་ཏེ། བྲན་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་ཞིང་། གར་མངགས་པ་དེར་འགྲོ་བར་འགྱུར་རོ། །འཁོར་གྱི་ཚོགས་དང་བཅས་པ་དབང་དུ་འགྱུར་རོ། །གནོད་སྦྱིན་གྱི་གནས་ཐམས་ཅད་ཀྱི་སྒོ་འབྱེ་བར་འགྱུར་ཞིང་གང་འདོད་པ་
བྱེད་དོ། །ཐམས་ཅད་བྱམས་པར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མི་སྨྲ་བར་མཚན་མོའི་དུས་མཚམས་གསུམ་དུ་ལན་ཉི་ཤུ་རྩ་རེ་རེ་བཟླས་ན་མཚན་མོའི་ལྷ་འཁོར་དང་བཅས་པ་དང་། མཚན་མོ་རྒྱུ་བ་དང་། ཉིན་པར་རྒྱུ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དབང་དུ་འགྱུར་ཏེ། ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཐམས་ཅད་རང་གི་གཟུགས་ཀྱིས་རྟག་ཏུ་མདུན་ན་ཉེ་བར་གནས་སོ། །མཚན་མོ་ལོངས་སྤྱོད་པར་གཞལ་མེད་

ཁང་ཐམས་ཅད་སྦྱིན་པར་བྱེད་དོ། །གཙང་མས་གོས་གཙང་མ་བགོས་ཏེ། ཁྲུས་ལེགས་པར་བྱས་ནས་བདེན་པར་སྨྲ་ཞིང་བྱམས་པའི་སེམས་ཉེ་བར་བཞག་ནས་སེམས་ཅན་ཐམས་ཅད་ལ་རྟག་ཏུ་བརྩེ་བ་དང་སྙིང་རྗེ་ཆེན་པོས་ལྷག་པར་དམིགས་ཏེ་བཟླས་བརྗོད་རྟག་ཏུ་བྱའོ། །བཟླས་བརྗོད་
ཀྱི་ཆོ་ག་རིམ་པར་ཕྱེ་བའོ། །དེ་ནས་རྟག་ཏུ་ལས་ཐམས་ཅད་བྱེད་པ་དགེ་བཞི་བ་རྒྱས་པ་དྲག་ཤུལ་སྤྱོད་པ་སྲུང་བ་ནད་ཐམས་ཅད་སེལ་པ། བྱང་འཇིག་པ། དབང་དུ་བྱེད་པ། སྦྱིན་སྲེག་གི་ཆོ་ག་བཤད་པར་བྱའོ། །ཁྱིམ་སྲུང་བར་འདོད་པས་ཨརྒའི་ཡམ་སྲེག་ཤིང་དང་། པདྨ་དང་།
ཡུངས་མར་བསྲེས་པ་ལས་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱས་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱས་ན། ཁྱིམ་ཆེན་པོ་བསྲུང་བར་འགྱུར་རོ། །འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་ཐམས་ཅད་དང་
ཕྱིར་རྒོལ་བ་དང་། མི་མཛའ་བ་ཐམས་ཅད་དང་། རིམས་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ནད་འགོ་བ་ཐམས་ཅད་དང་། གདོན་ཐམས་ཅད་དང་། མུ་གེའི་གནོད་པ་དང་། མི་ངས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའི་མི་ངས་ཐམས་ཅད་ཞི་བར་འགྱུར་རོ། །ལྷ་ཐམས་ཅད་ཀྱང་སྲུང་བ་དང་སྐྱོབ་
པ་དང་སྦ་བ་བྱེད་པར་འགྱུར་རོ། །དབང་ཕྱུག་དང་དབང་ཕྱུག་ཆེན་པོ་ཡང་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སྐུ་སྟོན་པར་བཞེད་པར་འགྱུར་རོ། །སྦྱིན་སྲེག་གི་མར་དང་། ཡུངས་ཀར་དང་། གུ་གུལ་གྱི་སྦྱིན་སྲེག་སྟོང་
རྩ་བརྒྱད་བྱས་ན། ཡུལ་དང་། ཡུལ་འཁོར་དང་། གྲོང་ཁྱེར་དང་། ཡུལ་གྲུ་དང་། རི་ཁྲོད་དང་། ལྗོངས་རྣམས་ཞི་བ་ཆེན་པོར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཟླ་བ་ཉ་ལ་མེ་ཏོག་དཀར་པོ་དང་། གན་དྷ་པྲི་ཡང་ཀུ་དང་། རྒྱ་སྤོས་རྣམས་ཡུངས་མར་དང་
བསྲེས་ཏེ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་རྒྱལ་པོ་དང་། བློན་པོ་བཙུན་མོའི་འཁོར་དང་བཅས་པ་དང་། ཡུལ་གྲུ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། མ་ཧེ་རྣམས་དབང་དུ་འགྱུར་རོ། །ཤིང་ཨ་པ་མརྒའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་

དང་། མར་བསྲེས་པ་དང་། མེ་ཏོག་དཀར་