Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
་ཆོས་ཆོ་ག་ཞིབ་མོའི་སྒྲུབ་པའི་དངོས་གྲུབ་ཆེན་པོ་སོ་སོར་ཐོབ་བོ། །དོན་ཡོད་པར་འཇིག་རྟེན་བའི་ལྷའི་དཔལ་ཉམས་སུ་མྱོང་ངོ་། །དོན་ཡོད་པར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བླ་མར་བྱེད་པ་དང་།
གུས་པར་བྱེད་པ་དང་། སྤྱི་བོར་འཇོག་པར་འགྱུར་རོ། །དེ་བཞིན་དུ་ཚོགས་ཆེན་པོའི་ཡོན་ཏན་དང་ལྡན་པ་དང་། ཕན་ཡོན་ཆེན་པོ་རྗེས་སུ་སོན་བར་འགྱུར་རོ། །དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་དང་བཅས་པ་ལ་ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་སྒྲུབ་པ་
དང་། ཞགས་པའི་ཆོ་ག་མཐའ་དག་རྫོགས་པ་གང་ཡིན་པ་འདི་ཉན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། ཀུན་ཆུབ་པར་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བཟླས་པའི་ཆོ་ག་བྱེད་པར་འགྱུར་བ་དང་། སངས་རྒྱས་རྗེས་སུ་དྲན་པ་སྒོམ་
པར་འགྱུར་བ་དེ་དག་སྐྱེ་བ་འདི་ཉིད་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་ཡོངས་སུ་དག་ཅིང་བསལ་བར་འགྱུར་རོ། །ནད་ཐམས་ཅད་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །འཁོར་བའི་རྒྱ་མཚོའི་ཆུ་བོའི་ཕ་རོལ་ཏུ་འགྲོ་

བར་འགྱུར་རོ། །བཅོམ་ལྡན་འདས་འོན་ཀྱང་གང་ལ་ལ་ཞིག་སེམས་ཅན་ཆེས་མང་པོ་ལ་དབང་བྱེད་པར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་ཕྱིར་མི་ལྡོག་པར་རིག་པར་བགྱིའོ། །ས་བཅུ་ལ་རབ་ཏུ་གནས་པ་དང་བཅས་པར་བརྗོད་པར་བགྱིའོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་
བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་འདི་ཆོ་ག་ཞིབ་མོའི་རྒྱལ་བོ་ཆེན་པོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། རས་རིས་ཡོངས་སུ་དག་ནས་དད་པ་དང་གུས་པ་ཡིད་ལ་བྱེད་པ་དང་། དེ་བཞིན་
གཤེགས་པ་ཐམས་ཅད་ལྷག་པའི་བསམ་པ་རབ་ཏུ་དང་བས་འདྲི་བར་འགྱུར་རོ། །འདྲི་མཁན་དད་པ་དང་། གུས་པ་དང་། བྱམས་པ་ཡོངས་སུ་དག་པའི་ཡིད་ཀྱིས་ཡོ་བྱད་ཡོངས་སུ་མ་ཚང་བ་མེད་པའི་མཆོད་པ་དང་། བསྙེན་བཀུར་བའི་འདྲི་མཁན་གྱིས་བྲི་བའམ་འདྲིར་གཞུག་པར་འགྱུར་
རོ། །སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་མཐུས་བྲིས་པའི་སེམས་ཅན་དེ་ཡང་ཕྱིར་མི་ལྡོག་པར་རིག་པར་བགྱི་སྟེ། འདི་ལ་དོགས་པ་དང་ཡིད་གཉིས་བསྐྱེད་པར་མི་བགྱིའོ། །གཞན་ཡང་སེམས་ཅན་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་པའི་སྲས་སུ་རིག་པར་
བགྱི། ཞལ་ལས་སྐྱེས་པ་དང་། །ཆོས་ལས་སྐྱེས་པ་དང་། ཆོས་ཀྱི་སྦྲུལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་འགྱུར་ཏེ། སེམས་ཅན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་ལུང་བསྟན་ཏོ། །དེ་ལྟར་རྫུ་
འཕྲུལ་ཆེ་བའི་ཕྱིར་ཆོ་ག་ཞིབ་མོའི་རྒྱལ་པོ་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་རིག་པར་བགྱིའོ། །དེའི་ཕྱིར་འདིའི་ཕན་ཡོན་དང་ཡོན་ཏན་ཆེན་པོ་ཡོངས་སུ་བསྒྲགས་སོ། །དེ་ནས་དོན་ཡོད་པའི་དངོས་གྲུབ་བླ་ན་མེད་པའི་ཡོ་བྱད་དང་ཆོ་ག་བཤད་པར་བགྱི་སྟེ། རས་ཁྲུ་གཉིས་པའི་ཚད་
དུ་བགྱི་ཞིང་། ཀུན་ནས་གྲུ་བཞི་པ། ཤིན་ཏུ་གསལ་བ། ཤིན་ཏུ་བཏགས་པ། ཤིན་ཏུ་གསར་བ། ལེགས་པར་བཅགས་པ་ལ། རི་མོ་མཁན་གཙང་མ་གོས་གཙང་མ་བགོས་པས། ཆང་དང་། ཤ་དང་། ཀུན་དོང་དང་། སྒོག་སྐྱ་དང་། ཀེའུ་དང་འདྲེས་པ་དང་། སྦགས་པ་དང་།

ཁ་ཟས་ངན་པ་ཡོངས་སུ་སྤངས་པས་ཚོན་རྣམ་པ་སྣ་ཚོགས་པ་འབར་བ་ལྷག་མ་མ་ཡིན་པ་སྣོད་གསར་པར་བཞག་པས་འདྲིར་གཞུག་པར་བགྱི་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་རི་མོར་བགྱིའོ། །དོན་ཡོད་པའི་ཞགས་པ་ཞི་བའི་
ཞལ་སྤྱན་གསུམ་པ་རལ་བའི་ཅོད་པན་གྱིས་བརྒྱན་པ་ཞལ་བཅུ་གཅིག་པ་བགྱི་སྟེ། ཕྱག་སུམ་ཅུ་སོ་གཉིས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་ན་མཚོན་ཆ་སྣ་ཚོགས་པ་དང་ཞགས་པ་ཐོགས་པ། པདྨ་དཀར་པོའི་ལུས་དང་ཁ་དོག་ཅན། སྣ་ཚོགས་པའི་གོས་
འཆང་བ། ཞལ་གཡས་པ་དབང་ཕྱུག་ཆེན་པོའི་ཞལ། གཡོན་པ་སྲེད་མེད་ཀྱི་བུའི་གཟུགས་འཛིན་པ། དབང་ཕྱུག་ཆེན་པོའི་སྟེང་དུ་གཤིན་རྗེའི་གཟུགས། སྲེད་མེད་ཀྱི་བུའི་སྟེང་དུ་ཆུ་ལྷའི་གཟུགས། གཤིན་རྗེའི་སྟེང་དུ་ལུས་ངན་གྱི་གཟུགས། ཞལ་ཁྲོ་གཉེར་ཅན།
ཆུ་ལྷའི་སྟེང་དུ་གཞོན་ནུ་ཞལ་ཁྲོ་གཉེར་ཅན། ལུས་ངན་གྱི་སྟེང་དུ་དབང་ཕྱུག་ཆེན་པོའི་གཟུགས་དྲག་པོ་མཆེ་བ་གཙིགས་པའོ། །གཞོན་ནུའི་སྟེང་དུ་དབང་ཕྱུག་དྲག་པོའི་གཟུགས་མཆེ་བ་གཙིགས་པའོ། །དབང་ཕྱུག་གི་སྟེང་དུ་ཉི་མའི་ཞལ། དབང་ཕྱུག་ཆེན་པོའི་སྟེང་དུ་ཟླ་བའི་
ཞལ། སྟེང་གི་རལ་པ་ལ་འཕགས་པ་འོད་དཔག་མེད་འོད་འདོམ་གང་དང་བཅས་པའི་ཕྱག་བརྐྱང་བས་དབུགས་འབྱིན་པར་བྱེད་པའོ། །ཕྱག་གཡས་པ་དང་། སྐྲའི་བར་དུ་རླུང་ལྷ་བྱ་སྟེ་ལུས་རྫོགས་པའོ། །གཞོགས་གཡོན་དུ་མེའི་ལྷ་སྟེ་ལུས་ཕྱེད་པའོ། །སྔར་བཤད་པའི་
ཕྱག་རྒྱ་དང་མཚོན་ཆ་ལག་ན་ཐོགས་པ་བགྱིའོ། །གཡས་སུ་འཕགས་པ་ཁྲོ་བོའི་རྒྱལ་པོ་བགྱི་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཁྲོས་པའི་གཟུགས་སོ། །གཡོན་དུ་རིག་པའི་རྒྱལ་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བགྱིའོ། །ཁྲོ་བོའི་རྒྱལ་པོ་ནི་པདྨ་དང་
ཞགས་པ་ཐོགས་པའོ། །རིག་པའི་རྒྱལ་པོ་ནི་ཡིད་བཞིན་གྱི་ནོར་བུ་དང་། མེ་ཏོག་གི་ཕུར་མ་ཐོགས་པར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་ཞལ་ནས་འོད་ཟེར་འཕྲོ་བཞིན་པ་བགྱི་སྟེ། པདྨའི་གདན་དང་། ལུས་ལ་པདྨའི་ཕྲེང་བ་འཕྱང་བའོ། །འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་གི་པདྨ་ལ། དཀྱིལ་འཁོར་གྱི་ལྷ་མོ་བགྱི་སྟེ། དྲག་མོ་དྲག་ཏུ་དགོད་པ། ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། པདྨ་དང་། ཞགས་པ་དང་། དགྲ་སྟ་དང་། རལ་གྲི་ཐོགས་པ། པདྨའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་
བཞུགས་པ་བགྱིའོ། །ཁྲོ་བོའི་རྒྱལ་པོའི་རྒྱབ་ཏུ་འཕགས་པ་སྒྲོལ་མ་བགྱི་སྟེ། ཕྱག་ན་གོས་འཛིན་པ་དབུ་སྨད་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །རིག་པའི་རྒྱལ་པོའི་རྒྱབ་ཏུ་དཀར་ཤམ་ཆེན་མོ་བགྱི་སྟེ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་ཐལ་མོ་སྦྱར་
ཞིང་མགོ་སྨད་པའོ། །དཀྱིལ་འཁོར་གྱི་ལྷ་དེ་དག་གི་བར་དུ་གཡས་ངོས་སུ་རིག་སྔགས་འཆང་པུས་མོ་བཙུགས་པ་བགྱི་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ལ་བལྟ་བཞིན་པ་ལག་ན་མེ་ཏོག་གི་ཕོར་པ་ཐོགས་པ་བགྱིའོ། །ངོས་བཞི་རུ་སངས་རྒྱས་བཅོམ་
ལྡན་འདས་ཀྱི་རི་མོ་བགྱི་སྟེ། སྐྱིལ་མོ་ཀྲུང་གིས་བཞུགས་པ། དཀྱིལ་འཁོར་གྱི་རྣམ་པ་སུམ་ཅུ་རྩ་བརྒྱད་རྣམ་པར་འབྱེས་པར་བགྱིའོ། །སྟེང་དུ་སོན་པར་དྲང་སྲོང་རྣམས་དང་ལྷའི་བུ་བགྱིའོ། །གྲྭ་བཞི་རུ་རྒྱལ་པོ་ཆེན་པོ་བཞི་བགྱི་སྟེ། གོ་ཆ་དང་ཡ་ལད་བགོས་པའོ། །ཞབས་
དག་གི་འོག་ཏུ་དཔལ་ལྷ་མོ་དང་། དབྱངས་ཅན་དང་། འཇིགས་མ་དང་། མཚན་མོའི་ལྷ་མོ་རྣམས་བགྱིའོ། །རས་རིས་ཡོངས་སུ་རྫོགས་པ་ལེགས་པར་བགྱིས་ཤིང་། ལས་བགྱིས་པ་བྲིས་ནས་དེའི་འོག་ཏུ་གསང་བའི་གནས་སུ་བཞག་སྟེ། ཕྱོགས་གཙང་མར་བ་བྱུང་གི་དཀྱིལ་
འཁོར་བགྱི་སྟེ། ཀུན་ནས་གྲུ་བཞི་པ་བགྱིའོ། །དེའི་སྟེང་དུ་དྲི་སྣ་ཚོགས་ཀྱི་བྱུག་པ་སྦྱིན་པར་བགྱི། མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་དགྲམ་པར་བགྱི། གང་བའི་བུམ་པས་སྤྲས་པར་བགྱི། ཕོག་ཕོར་གྱིས་སྤྲས་པར་བགྱིའོ། །ཙནྡན་དང་། ཀུན་དུ་རུ་དང་། ཨ་ག་རུ་དང་། དུ་
རུ་སྐ་དང་། གུ་གུལ་གྱི་བདུག་པ་སྲེག་ཅིང་། མཆོད་ཡོན་དང་། ཞབས་བསིལ་ཡང་གཞག་པར་བགྱིའོ། །རས་རིས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་ནས། རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་པ། ལེགས་པར་ཁྲུས་བྱས་པས་བགྱི་སྟེ། རས་རིས་

ལ་མཆོད་པ་བགྱི་ཞིང་མར་མེ་བཅུ་དྲུག་སྦར་བར་བགྱིའོ། །དེ་ནས་རས་རིས་ལ་མངོན་དུ་ཕྱོགས་ནས་སྐྱིལ་མོ་ཀྲུང་གིས་འདུག་ནས་ཕྱག་རྒྱ་བཅིང་བར་བགྱིའོ། །དོན་ཡོད་པ་ཆེན་པོའི་སྙིང་པོའི་གསང་སྔགས་ཀྱི་གཟུངས་ཀྱི་དམ་ཚིག་སྟོང་ཕྲག་བཅུར་བཟླས་སོ། །དོན་
ཡོད་རྒྱལ་པོའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོ་དུས་གསུམ་དུ་ལན་ཉི་ཤུ་རྩི་གཅིག་བཟླས་པར་བགྱིའོ། །སྟོང་ཕྲག་བཅུ་རྫོགས་པ་དང་། རིག་སྔགས་འཆང་གི་མགོ་ལ་འབར་བར་བགྱིད་ཅིང་། རས་རིས་དེ་ལ་ཡང་འོད་སྣ་ཚོགས་པ་རྣམས་འབར་བར་བགྱིད་དེ། ཐོ་རངས་སྐྱ་རེངས་སེར་
པོའི་ཐུན་མཚམས་ཀྱི་དུས་ཚོད་ལ་ཇི་ལྟ་བ་བཞིན་དུ་རས་རིས་མངོན་པར་འདྲི་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷའི་ལུས་ཀྱིས་མདུན་དུ་འདུག་སྟེ་རིག་སྔགས་འཆང་ལ་དབུགས་འབྱིན་པར་བགྱིད་ཅིང་། དེ་བཞིན་དུ་སྨྲ་བར་བགྱིད་དེ། རིག་སྔགས་འཆང་སྨྲོས་ཤིག་
མཆོག་སྦྱིན་པར་བྱ། ཡིད་ལ་ཇི་ལྟར་འདོད་པ་དེ་དག་ཐམས་ཅད་སྦྱིན་པར་བྱའོ། །རིག་སྔགས་འཆང་གིས་མཆོག་གཉིས་བླང་བར་བྱ་སྟེ། འཇིག་རྟེན་པའི་མཆོག་གི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པའི་མཆོག་སངས་རྒྱས་ཉིད་དོ། །གལ་ཏེ་འཇིག་རྟེན་པའི་མཆོག་
སློང་བར་བྱེད་ན། དེ་ཐམས་ཅད་སྦྱིན་པར་བགྱིད་དེ། དོན་ཡོད་ཞགས་པའི་རྣམ་པར་ཐར་བའི་དཀྱིལ་འཁོར་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་མཆོག་གི་སྒྲུབ་པའི་དངོས་གྲུབ་ཏུ་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་གྲུབ་པའི་དངོས་གྲུབ་ཇི་ལྟ་བ་དེ་བཞིན་དུ། རིག་
སྔགས་འཆང་ལ་མཆོག་གི་དངོས་གྲུབ་འགྲུབ་པར་བགྱིད་དོ་ཞེས་བྱ་བའི་དངོས་གྲུབ་ཆེན་པོར་འགྱུར་རོ། །དངོས་གྲུབ་ཡངས་པར་ཡང་འགྱུར་རོ། །འཇིག་རྟེན་པའི་བྱ་བ་ཐམས་ཅད་ཀྱི་མཆོག་སྒྲུབ་པའི་དངོས་གྲུབ་ཏུ་འགྱུར་རོ། །གཞན་པའི་མཆོག་ཐམས་ཅད་མངོན་པར་བླངས་ན་
སྩོལ་བར་བགྱིད་དེ། འདི་ལྟ་སྟེ། སྔགས་ཀྱི་དངོས་གྲུབ་ཡང་མིག་འཕྲུལ་དང་། འོད་ཟེར་གྱི་དྲ་བ་དང་། ལྷའི་གཟུགས་མཐོང་བ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཁུང་བུར་འཇུག་པ་དང་། ནགས་སུ་འཇུག་པ་དང་། ཀླུའི་གནས་སུ་འཇུག་པ་དང་།

མིའམ་ཅིའི་གནས་སུ་འཇུག་པ་དང་། ཆུ་ལ་འཇུག་པ་དང་། ནམ་མཁར་འཇུག་པ་དང་། ས་འོག་ཏུ་འཇུག་པ་དང་། ནོར་སྒྱུར་བ་སྨྲ་བ་དང་། ཞིང་དུ་སྨྲ་བ་དང་། ནོར་བུ་སྨྲ་བ་དང་། གཡུལ་ངོར་འཇུག་པ་དང་། འགུགས་པ་དང་། ཆར་འབེབས་པ་དང་། ཡང་དག་པར་
འཛིན་པ་དང་། དབང་དུ་བྱེད་པ་དང་། གནོད་སྦྱིན་ཕྱིར་འབྱིན་པ་དང་། རྣམ་པར་གཡོ་བ་མེད་པར་བྱེད་པ་དང་། ཆུ་ཀླུང་ཆེན་པོ་སྒྲོལ་བ་དང་། རྒྱུ་སྐར་སྨྲ་བ་དང་། སྔགས་སྨྲ་བ་དང་། རྫས་དང་། སྨན་གཡོ་བར་བྱེད་པ་དང་། བཅུད་ཀྱིས་ལེན་སྒྲུབ་པ་དང་། འཕོ་བར་བྱེད་པ་དང་། འབྱིན་
པར་བྱེད་པ་དང་། ལོ་ཐོག་སྒྲུབ་པ་དང་། གོས་འདོར་བར་བྱེད་པ་དང་། རྒྱལ་པོ་དབང་དུ་བྱེད་པ་དང་། འཇིག་རྟེན་པའི་སྒྲུབ་པའི་དངོས་གྲུབ་དེ་ཐམས་ཅད་འགྲུབ་པར་བགྱིད་དོ། །དེ་ནས་འཇིག་རྟེན་པ་གཞན་དོན་དུ་གཉེར་ཅིང་འདོད་ན། ཕྱག་གཡས་པ་སྤྱི་བོའི་གཙུག་ཏུ་འཇོག་པར་
བྱེད་དེ། བཞག་པ་ཙམ་གྱི་མོད་ལ། ལུས་མེད་པ་དྲི་མ་དང་བྲལ་བ་ཡོངས་སུ་དག་པ་ཞེས་བྱ་བའི་ཡོངས་སུ་དག་པའི་ལུས་སོ་སོར་ཐོབ་སྟེ། སྦྲུལ་གྱི་ཤུན་པ་བཞིན་དུ་ལུས་འདོར་བར་བགྱིད་དོ། །བསམས་པ་ཉིད་ཀྱི་མོད་ལ་དེ་མ་ཐག་ཁོ་ནར་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་
འགྲོ་བར་བགྱིད་དོ། །སྐྱེ་བ་བྱེ་བ་བརྒྱ་སྟོང་ཕྲག་གི་ཚེ་རབས་དྲན་པར་འགྱུར་རོ། །དེ་མ་ཐག་ཁོ་ནར་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་ལུང་བསྟན་པ་ཐོབ་པའི་མོད་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འདི་ཉིད་ནི་སྐྱེ་བར་
སྐྱེས་པའི་ཐ་མའོ་ཞེས་སོ། །སྒྲིབ་པ་ཐམས་ཅད་དང་བྲལ་བ་དོན་ཡོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་། ཏིང་ངེ་འཛིན་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཐོབ་བོ། །ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་
ཞིང་ལེགས་སོ་ཞེས་བྱ་བ་རྗེས་སུ་སྩོལ་བར་མཛད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་ཀྱང་འདི་ལ་ཀུན་ཏུ་སྲུང་བར་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་གཉིས་པོ་འདི་ནི་མཐོང་བའི་

ཆོས་ཉིད་ལ་རྗེས་སུ་སྩོལ་བར་འགྱུར་རོ། །བྱ་བ་གཞན་མང་ཞིང་ཆེས་མང་བ་ཐམས་ཅད་སྒྲུབ་པར་བགྱིད་དོ། །གདོན་གྲོལ་བར་བྱེད་པ་དང་། འབེབས་པར་བྱེད་པ་དང་། མདོ་སྡེ་ལ་རྟོག་པ་དང་། ཚེ་ལ་རྟོག་པ་དང་། ནད་རབ་ཏུ་ཞི་བར་བྱེད་པ་དང་། འབྲས་དང་། ཕོལ་
མིག་དང་། ལྷོག་པ་དང་། མཚན་བར་རྡོལ་བ་དང་། རྐང་ཤུ་དང་། ཤ་བཀྲ་དང་། མཛེ་དང་། འབྲུམ་བུ་ཕྲ་མོ་དང་། གཡན་པ་དང་། མེ་དབལ་དང་། ལྟོ་བ་ན་བ་དང་། མིག་ན་བ་དང་། མགོ་བོ་ན་བ་དང་། གཞོགས་ཕྱེད་ན་བ་དང་། མ་རོ་ཙ་ཀ་དང་། ཕོ་བའི་ནད་དང་། སོ་ན་བ་དང་།
མགུལ་པ་ན་བ་དང་། ལྕེ་དང་། རྐན་ན་བ་དང་། ཁ་ན་བ་དང་། སྣ་ན་བ་དང་། རྣ་བ་ན་བ་དང་། སྙིང་ན་བ་དང་། ལྟོ་བ་ན་བ་དང་། རྩིབ་ལོགས་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། རྗེ་ངར་ན་བ་དང་། སེན་མོ་ན་བ་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་།
ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རྟག་པའི་རིམས་དང་། མཚན་མོ་པ་དང་། ཉིན་མོ་པ་དང་། འདུས་པ་སྟེ་འདི་དག་ཐམས་ཅད་གསང་སྔགས་འདི་བཟླས་པ་ཙམ་གྱིས་རྣམ་པར་ཉམས་པར་བགྱིད་དོ། །སྡིག་པ་དེ་རྣམས་རྣམ་པར་ཉམས་པར་བགྱིད་དོ། །གདུག་པ་ཐམས་ཅད་དང་། ཕྱིར་རྒོལ་བ་
དང་། དགྲ་ཐམས་ཅད་རྣམ་པར་ཉམས་པར་བགྱིད་དོ། །དེ་ལྟར་གཟུངས་ཀྱི་སྙིང་པོ་འདི་ནི་སྟོབས་ཆེན་པོ་དང་ལྡན་པས་ཏེ། འཇིག་རྟེན་པའི་དངོས་གྲུབ་ཀྱི་མཆོག་འདི་དག་འགྲུབ་པར་འགྱུར་རོ། །དེ་ནས་ལས་བྱེད་པར་འདོད་ན། དེའི་འོག་ཏུ་རིག་སྔགས་འཆང་གཙང་མ་གོས་གཙང་
མ་བགོས་པ་ལེགས་པར་ཁྲུས་བྱས་པས་བགྱི་སྟེ། དེ་ནས་དོན་ཡོད་པ་ཆེན་པོའི་སྙིང་པོའི་གསང་སྔགས་ཀྱི་གཟུངས་འདི་སྒྲུབ་ཅིང་བཟླས་པས་དེ་དག་འགྲུབ་པར་འགྱུར་རོ། །སྟོང་ཕྲག་བཅོ་བརྒྱད་དུ་བཟླས་པས་སྡིག་པ་ཐམས་ཅད་ཞི་ཞིང་འཇིག་རྟེན་པའི་རིག་སྔགས་ཆེན་པོ་གྲུབ་པར་འགྱུར་
རོ། །ཐམས་ཅད་ལ་ལུས་ཐམས་ཅད་དུ་སྒྲུབ་པར་བྱེད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་བཟླས་པའི་ཆོ་ག་སྒྲུབ་པར་འདོད་པའི་རིག་སྔགས་འཆང་དེས་ཉི་མ་རེ་རེ་ཞིང་གཙང་མ་ལེགས་པར་ཁྲུས་བགྱིས་ཤིང་གོས་གཙང་མ་བགོས་པས་བགྱིས་ཏེ། ཉལ་ཚེས་གཅིག་ནས་

བརྩམས་ཏེ། ཉི་མ་རེ་རེ་ཞིང་སྟོང་ཕྲག་བཅུར་བཟླས་པ་དབུལ་བར་བྱའོ། །བཅུ་གཅིག་པའི་ཕྱོགས་ལ་ཚེས་གསུམ་གྱི་ཉིན་མཚན་ནས་བགྱི་སྟེ། ཉི་མ་རེ་རེ་ཞིང་སྟོང་ཕྲག་ཕྱེད་དང་གཉིས་བཟླས་པ་དབུལ་བར་བགྱིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་
མཆོད་པར་བགྱི། བཅོ་ལྔའི་ཉ་ལ་དཀར་གསུམ་གྱི་གཏོར་མ་དབུལ་བར་བགྱི། མཆོད་ཡོན་དང་ཞབས་བསིལ་དབུལ་བར་བགྱི། དེ་ནས་ཟས་དཀར་གསུམ་བཟའ་བར་བགྱི་ཞིང་། བཅོ་ལྔ་ཉའི་མཚན་མོ་སྟོང་རྩ་བརྒྱད་བཟླས་པ་དབུལ་བར་བགྱིའོ། །ཐུན་ཐ་མ་ལ་འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་འོངས་ཏེ། རིག་སྔགས་འཆང་ལེགས་སོ་ཞེས་སྨྲ་བར་བགྱིད་ཅིང་། ཁྱོད་ཀྱིས་དོན་ཡོད་རྒྱལ་པོའི་སྙིང་པོ་མཐའ་དག་ཡོངས་སུ་རྫོགས་པའི་ཆོ་ག་ཞིབ་མོ་དང་། རྣམ་པར་ཐར་པའི་དཀྱིལ་འཁོར་གྲུབ་བོ། །ཕྱག་གཡས་པ་བརྐྱང་ནས་པདྨ་སྩོལ་བར་བགྱིད་
དེ། རིག་སྔགས་འཆང་གིས་བླང་བར་བགྱིའོ། །བླངས་པ་ཙམ་གྱི་མོད་ལ། ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་ཞིང་། གང་དུ་འདོད་པའི་སངས་རྒྱས་ཀྱི་ཞིང་དེར་འགྲོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་དབུགས་འབྱིན་པར་བགྱིད་དོ། །དེ་ནས་སྦྱིན་
སྲེག་གི་ཆོ་ག་བགྱིད་པར་འདོད་པས་པདྨའི་སྙིང་པོ་བཟའ་བར་བགྱི། དཀྱིལ་འཁོར་གྱི་ཚད་ལ་པདྨའི་རྩ་བ་དང་། སྡོང་བུ་དང་། ལོ་མ་མར་དང་བསྲེས་པའི་སྦྱིན་སྲེག་བགྱིའོ། །དྲི་ཞིམ་པོའི་ཤིང་ལ་མེ་སྦར་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བགྱིའོ། །སྟོང་ཕྲག་བརྒྱད་རྫོགས་པ་དང་།
དཔལ་ལྷ་མོ་ཆེན་མོ་དངོས་སུ་འོངས་ཏེ། དེ་ལ་དྲི་ཞིམ་པོའི་མཆོད་ཡོན་ཕུལ་བས་རིག་སྔགས་འཆང་བགྱི་བ་ཅི་ཡོད་ཅེས་སྨྲ་བར་བགྱིད་དོ། །དེས་བཅོམ་ལྡན་འདས་མ་བདག་ལ་ནོར་མི་ཟད་པ་རྙེད་པ་དང་། གཏེར་རྙེད་པ་རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཁྱོད་ཀྱིས་དེ་
བཞིན་བྱའོ་ཞེས་དབུགས་འབྱིན་པར་བྱེད་ཅིང་མི་སྣང་བར་འགྱུར་རོ། །རིག་སྔགས་འཆང་གང་དང་གང་དུ་འགྲོ་བ་དེ་དང་དེར་གཏེར་ཆེན་པོ་མཐོང་སྟེ། ནམ་ཡང་ཟད་པར་ཉེ་བར་མི་འགྲོའོ། །སྦྱིན་པར་བགྱི། ལོངས་སྤྱད་པར་བགྱི། དཀོན་མཆོག་གསུམ་ལ་མཆོད་པར་བགྱི།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བགྱི། དཔལ་ལྷ་མོ་ཆེན་མོ་ལ་ཉི་མ་རེ་རེ་ཞིང་སོ་སོའི་ཆ་ཤས་དབུལ་བར་བགྱིའོ། །ཨུཏྤ་ལ་སྔོན་པོ་དང་། ཙནྡན་གྱི་ཕྱེ་མ་དང་། མར་གསར་བསྲེས་པས་ཨརྒའི་ཤིང་ལ་མེ་སྦར་ཏེ། འཕགས་པ་སྤྱན་
རས་གཟིགས་དབང་ཕྱུག་གི་རས་རིས་ཀྱི་མདུན་དུ་ཟླ་ཕྱེད་ཅིག་ཏུ་སྦྱིན་སྲེག་བགྱི་སྟེ། དཔག་ཏུ་མེད་པ་དབུལ་བར་བགྱིས་ན་རྫོགས་པ་ན་ལས་ཐམས་ཅད་ལ་ཀུན་ནས་ལོངས་སྤྱད་པ་ཐོབ་བོ། །རས་རིས་ཀྱི་མདུན་དུ་ཤིང་ཀུན་དང་། ཏིལ་མར་དང་། ཡུངས་ཀར་བསྲེས་ལ་པདྨའི་འདབ་
མ་དང་། ཐང་ཤིང་གི་ཡམ་ཤིང་གིས་ཞག་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་གྲོང་བརྒྱ་ཐོབ་བོ། །ཤིང་མྱ་ངན་མེད་པའི་ཡམ་ཤིང་མར་ལ་བཏགས་པས་ཟླ་ཕྱེད་ཅིག་ཏུ་ཐུག་གསུམ་དུ་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་པོ་ཉིད་ཐོབ་བོ། །མཚན་མོ་བདུན་དུ་ཐུན་
གསུམ་དུ་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་གནས་ངེས་པར་བསྟན་པའི་ཆོ་ག་སྨྲ་བར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་ལ་མཚན་མོ་བཅུ་གཉིས་སུ་མ་ལི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མཆོད་པར་བྱ་སྟེ། སངས་རྒྱས་བཅོམ་
ལྡན་འདས་ཐམས་ཅད་ལ་མངོན་པར་དད་པ་དང་། ལྷ་དང་། ཀླུ་རྣམས་མངོན་པར་དང་བར་འགྱུར་རོ། །མཆོག་ཐམས་ཅད་དང་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་དོ། །ནོར་བུ་བཟང་པོ་སྤྱན་དྲང་བར་འདོད་པས་སྙིང་གར་མིང་མེད་ཀྱི་སོར་མོ་བཞག་ནས་ཐུན་གསུམ་དུ་བརྒྱད་བརྒྱ་
བཟླས་པར་བྱ་སྟེ། མཚན་མོ་བཅུ་གཉིས་སུ་ལས་རྫོགས་པ་དང་། ནོར་བུ་བཟང་པོ་མཐོང་བ་སྩལ་བར་བྱེད་དོ། །སྙིང་གར་ཡོངས་སུ་བྱུགས་པ་ཙམ་གྱིས་ཉི་མ་རེ་རེ་ལ་དོང་ཚེ་བརྒྱ་སྩོལ་བར་བགྱིད་དེ། དེ་ཡང་ལྷག་མ་མེད་པར་ཟད་པར་བགྱི་སྟེ། ཡང་དང་ཡང་དུ་སྩོལ་བར་
བགྱིད་དོ། །གང་ཡིན་པ་དེ་དང་དེ་མ་བགྱིས་ན་ཕྱིས་སྩོལ་བར་མི་བགྱིད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མངོན་དུ་ཕྱོགས་པར་འདུག་ནས་སམ། ཡང་ན་རིང་བསྲེལ་ཅན་གྱི་མཆོད་རྟེན་ནམ་རས་རིས་ལ་མངོན་དུ་ཕྱོགས་པར་གཞག་པར་བགྱིའོ། །སེང་ལྡེང་

གི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པས་ཐུན་གསུམ་དུ་བརྒྱད་བརྒྱར་སྦྱིན་སྲེག་བགྱི་སྟེ། ཉི་མ་བདུན་ཡོངས་སུ་རྫོགས་པ་ན། ཟོང་སྟོང་ཕྲག་བཅུ་ཐོབ་བོ། །དེ་ལྟ་བུ་ལ་སོགས་པའི་རྒྱས་པའི་ལས་རྣམས་ཐམས་ཅད་དུ་སྦྱར་བར་བགྱིའོ། །དེ་ནས་མིག་
སྨན་སྒྲུབ་པར་འདོད་པའི་རིག་སྔགས་འཆང་དེས་གཙང་མས་བསྒྲུབ་པར་བགྱི་སྟེ་ཁྲུས་བགྱིའོ། །ལྡོང་རོས་ཟངས་ཀྱི་སྣོད་དུ་གཞག་པར་བགྱི་སྟེ། རས་རིས་ལ་མངོན་དུ་ཕྱོགས་ནས་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཚེས་བརྒྱད་དམ་བཅོ་ལྔ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་ཨ་
ཤྭཏྠའི་འདབ་མ་བཞི་ཡིས་དག་པར་བགྱི་སྟེ། ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དྲོ་བར་བགྱིད་པ་དང་། དུ་བ་འཐུལ་བར་བགྱིད་པ་དང་། འབར་བར་བགྱིད་པ་དེ་སྲིད་དུ་བཟླས་པ་བགྱིའོ། །དྲོ་བར་གྱུར་པ་འདིས་མིག་ལ་བྱུགས་པས་གང་མཐོང་བ་དེ་དབང་དུ་འགྱུར་རོ། །གང་
བླངས་པ་དེ་རྙེད་དོ། །འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་འོས་ཆེན་པོར་འགྱུར་རོ། །རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་ཀྱི་མཆོད་པ་བྱ་བའི་འོས་སུ་འགྱུར་ཏེ། སྤྱི་བོར་འཇོག་པར་འགྱུར་རོ། །དུ་བ་འཐུལ་བ་འདིས་མིག་ལ་བྱུགས་པས། སོར་
མོ་བཅུའི་ཚད་ཀྱི་ས་གཞི་ལ་རྐང་པས་རེག་པས་དཔག་ཚད་སྟོང་ཕྲག་ཏུ་སོང་ནས། སླར་ཡང་འོང་བར་བྱེད་དོ། །དཔག་ཚད་སྟོང་ཕྲག་ཏུ་ཉན་པར་བྱེད་དོ། །དཔག་ཚད་སྟོང་ཕྲག་ཏུ་ལྟ་བར་བྱེད་དོ། །ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ། །སུ་གང་གིས་ཀྱང་བཀའ་བསྒོ་བར་བྱེད་པར་
མི་འགྱུར་རོ། །རྟག་ཏུ་བདེ་བ་དང་བཅས་པ་ཡང་དག་པར་ཐོབ་པ་དང་། རྟག་ཏུ་བླ་མའི་གནས་སུ་བྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལྷག་པར་མཐོང་བར་འགྱུར་རོ། །འབར་བས་ནི་བདག་ཉིད་གཉིས་ཏེ། འཕུར་བར་བྱེད་པ་དང་ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་
དོ། །དེ་ནས་ལྡོང་རོས་ཀྱི་སྒྲུབ་པ་གཞན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་བར་བྱེད་པའོ། །དེ་ནས་ཀ་ར་བཱི་ར་དང་། ལྡོང་རོས་དཔའ་བོའི་རིན་གྱིས་བླངས་ནས་སྦྱོང་དུ་གཞུག་པར་བགྱི་ཞིང་བ་བྱུང་ལྔས་ཡང་དག་པར་སྦྱངས་ནས། རྫོགས་པ་ལ་ཞག་གསུམ་དུ་སྨྱད་

བར་གནས་པས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། པདྨའི་འདབ་མ་བཞི་རྣམས་ཀྱིས་ལྡོང་རོས་ལ་རབ་ཏུ་བཀོད་ནས། གསུམ་གྱིས་ཀུན་ཏུ་གཡོགས་ཏེ། ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དྲོ་བར་བྱེད་པ་
དང་། དུ་བ་འཐུལ་བར་བྱེད་པ་དང་། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་བྱེད་བཞིན་པས་ནི་ཐིག་ལེ་བྱས་ནས། ཇི་སྲིད་དུ་སེམས་ཅན་མཐོང་བ་དང་། གང་གིས་བལྟ་བ་དེ་ཐམས་ཅད་དབང་དུ་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་ཚེ་མེད་པ་ཡང་ཚེ་ཉིས་འགྱུར་
དུ་འཕེལ་བར་འགྱུར་རོ། །དུ་བ་འཐུལ་བཞིན་པས་ནི་ཐིག་ལེ་བྱས་པས་རིགས་བཞིའི་འཇིག་རྟེན་ཐམས་ཅད་དེའི་དབང་དུ་འགྱུར་རོ། །སྐྱེས་བུ་ཙམ་གྱིས་གཞི་ལ་རྐང་པས་རེག་པས་དཔག་ཚད་སྟོང་ཕྲག་གསུམ་མཐོང་ངོ་། །དཔག་ཚད་སྟོང་ཕྲག་གསུམ་ནས་ཉན་པར་བྱེད་དོ། །ལོ་
སྟོང་ཕྲག་བཅུ་གཉིས་སུ་འཚོ་བར་འགྱུར་རོ། །འབར་བར་བྱེད་པས་ནི་ཐིག་ལེ་བྱས་པས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལན་གྲངས་ཉི་ཤུར་འཕུར་བར་བྱེད་དོ། །ལྡོང་རོས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །དཔག་ཚད་སྟོང་ཕྲག་གསུམ་དུ་འཕུར་བར་
བྱེད་དོ། །ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་བྱེད་དོ། །གི་ཝང་སྒྲུབ་པར་འདོད་པས་བ་སེར་སྐྱའི་མར་གྱིས་གི་ཝང་ཡང་དག་པར་སྦྱངས་ཏེ། དཀར་པོའི་བཅོ་ལྔའམ་བརྒྱད་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས། བཅོམ་ལྡན་འདས་དང་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་
པ་རྒྱ་ཆེན་པོ་བྱས་ནས་རབ་ཏུ་བཀོད་དེ། ལག་པ་གཡས་པས་མནན་ནས་ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་བྱེད་བཞིན་པས་ནི་ཐིག་ལེ་བྱས་པས་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་རྣམས་ཀྱིས་
དེ་ལ་རི་མོར་བྱེད་དོ། །གང་བླངས་པ་དེ་སྟེར་རོ། །ཉི་མ་དེ་ནས་བརྩམས་ཏེ་ཚེ་ལོ་སྟོང་ཕྲག་ལྔར་འགྱུར་རོ། །དུ་བ་འཐུལ་བཞིན་པས་ནི་ཐིག་ལེ་བྱས་ན་མི་སྣང་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །རླུང་གི་ཕུང་པོ་རབ་ཏུ་ཞི་བས་བཞོན་པར་བྱེད་དོ། །དཔག་ཚད་སྟོང་ཕྲག་ཉི་ཤུར་

སོང་ནས་སླར་ཡང་འོང་བར་བྱེད་དོ། །ཚེ་ལོ་སྟོང་ཕྲག་དྲུག་ཅུར་འགྱུར་རོ། །དཔག་ཚད་སྟོང་ཕྲག་དྲུག་ཅུ་རྣམས་མཐོང་བར་བྱེད་དོ། །འབར་བར་བྱེད་པས་ཐིག་ལེ་བྱས་ནས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །བདག་ཉིད་ལན་བརྒྱར་འཕུར་བར་བྱེད་དོ། །གི་ཝང་གྲུབ་པ་ཐམས་ཅད་ཀྱི་
རྒྱལ་པོར་འགྱུར་ཏེ། ལོ་བྱེ་བར་འཚོ་བར་འགྱུར་རོ། །གང་གི་ཚེ་འཆི་བར་འགྱུར་བ་དེའི་ཚེ། གླིང་བཞི་ལ་དབང་བའི་རྒྱལ་པོར་འགྱུར་རོ། །དེ་ནས་བདག་ཉིད་གསེར་གྱི་ཁ་དོག་ཏུ་སྒྲུབ་པར་འདོད་པའི་རིག་སྔགས་འཆང་དེས། ཟླ་ཕྱེད་དྲུག་གི་བར་དུ་བཟླས་པའི་ཆོ་ག་བསྒྲུབ་པར་
བགྱིའོ། །དེ་ནས་རིག་སྔགས་འཆང་གཙང་མ་གོས་གཙང་མ་བགོས་པས་ལེགས་པར་ཁྲུས་བྱས་ཏེ། སྨན་འདི་རྣམས་བསྒྲུབ་པར་བགྱིའོ། །ཨུཥྨཱ་ཎི་དང་། ལྡོང་རོས་དང་། བ་བླ་དང་། སྦྲང་རྩི་དང་། ས་ཀཱི་དང་། རུ་རྟ་དང་། གུར་གུམ་དང་། གི་ཝང་དང་། ཤིང་མྱ་ངན་
མེད་ཀྱི་མེ་ཏོག་དང་། པཱཎྜུ་ཏྲ་བྱཾ་དང་། འཛམྦུ་ཆུ་བོའི་སྨན་དང་། གསེར་གྱི་ཕྱེ་མ་དང་། བའི་འོ་མ་དང་། ཤིང་ཨརྐའི་འོ་མ་དང་། གསེར་གྱི་འོ་མ་དང་། སྣུ་ཧའི་འོ་མ་དང་། བྱང་ཆུབ་ཤིང་གི་འོ་མ་དང་། ཁྱབ་འཇུག་གནོན་པའི་འོ་མ་སྟེ། འདི་རྣམས་ཆ་མཉམ་པར་སྦྱར་བར་
བྱས་ནས་ཟངས་ཀྱི་སྣོད་དུ་གཞག་པར་བགྱི་ཞིང་དཀྲུག་པར་བགྱི་སྟེ། ཟླ་བ་ཕྱེད་ལ་བའི་འོ་མ་ཉིད་དུ་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ། །རས་རིས་ལ་མངོན་དུ་ཕྱོགས་པར་གཞག་པར་བྱ་ཞིང་། དགོན་པའམ། གཙུག་ལག་ཁང་ངམ། འཆག་སའམ། སའི་ཕྱོགས་གཙང་མར་
རས་རིས་བཞག་ནས་བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་དང་། བསྟན་ཞིང་དཔའ་བས་ཕ་རོལ་གནོན་པའི་གོ་ཆ་ཆེན་པོ་བགོས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོག་ཏུ་དད་ཅིང་གུས་པ་དང་།
བྱང་ཆུབ་དོན་དུ་གཉེར་ཞིང་མངོན་པར་འདོད་བཞིན་པས་ཉི་མ་རེ་རེ་ཞིང་ཇི་ལྟར་ནུས་པའི་མཆོད་པ་སྔོན་དུ་འགྲོ་བས་ཟླ་ཕྱེད་དྲུག་ཏུ་བཟླས་པར་བྱའོ། །དེ་ནས་རིག་སྔགས་འཆང་གི་ཟླ་ཕྱེད་དྲུག་རྫོགས་པ་དང་། ས་སྨན་གྱི་མཆོག་སྐམས་ལ་ཕྱེ་མ་ཞིབ་མོར་བྱེད་དུ་བཅུག་སྟེ། ཟངས་

ཀྱི་སྣོད་དུ་བཞག་ནས་དོན་ཡོད་རྒྱལ་པོའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ཤིང་། ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་དུ་བཟླས་སོ། །དེ་ནས་ཚེས་བཅོ་ལྔའི་ཉལ་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་བྱུག་ལ་མཆོད་པ་
རྒྱ་ཆེན་པོ་བྱས་ནས། ཕྱོགས་བཞིར་གཏོར་མ་ཆེས་རྒྱ་ཆེ་བ་དབུལ་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་སྨན་གྱི་མཆོག་དང་། དངུལ་ཆུ་དང་། ལི་ཁར་དཀར་པོ་དང་། སྦྲང་རྩི་དང་ལྷན་ཅིག་སྦྱར་བར་བྱའོ། །དེ་ནས་སླར་ཡང་སྟོང་ཕྲག་བཅུར་བཟླས་སོ། །འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་གི་སྤྱན་སྔ་རུ། ཟངས་ཀྱི་སྣོད་ལ་འབར་བར་བགྱིད་དེ་དྲོ་བར་བགྱིད་དོ། །འོད་ཟེར་ཁ་དོག་སྣ་ཚོགས་པ་རྣམས་འབར་བར་བགྱིད་དོ། །རིག་སྔགས་འཆང་གི་ལུས་འབར་བར་འགྱུར་ཏེ། ས་ཡང་གཡོ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བ་བཞིན་འཛུམ་པ་ཡིད་ལ་བྱའོ། །འབར་
བ་དེ་དང་། བྲཧྨ་པུ་ཏྲ་ཀའི་མར་དང་ལྷན་ཅིག་ཏུ་སྦྱར་ལ་བདག་གི་ལུས་བསྐུ་བར་བྱའོ། །བསྐུས་པ་ཙམ་གྱི་མོད་ལ་རང་གི་ལུས་ཀྱི་པགས་པ་གསེར་གྱི་མདོག་ཏུ་འགྱུར་རོ། །ལུས་རྡོ་རྗེ་སྙིང་པོ་བཞིན་དུ་མི་ཆོད་པ་དང་། མི་ཕིགས་པར་གྱུར་ནས་འཁོར་བརྒྱ་ཕྲག་སྟོང་དང་བཅས་ཏེ་འཕུར་བར་
འགྱུར་རོ། །སྐྲ་ལ་བསྐུས་ན་སྐྲ་སྤུ་གསེར་མདོག་ཏུ་འགྱུར་རོ། །སེན་མོ་ལ་བསྐུས་ན་སེན་མོ་གསེར་དུ་འགྱུར་རོ། །སོ་ལ་བསྐུས་ན་སོ་གསེར་དུ་འགྱུར་རོ། །མི་ལུས་གང་དང་གང་དུ་བསྐུས་པ་དེ་དང་དེ་ཉིད་གསེར་མདོག་ཏུ་འགྱུར་རོ། །ཏིལ་མར་བཞག་སྟེ་བཅུད་ཀྱིས་ལེན་མཆོག་སྲང་གཅིག་
གིས་ཟངས་སྲང་སྟོང་གསེར་དུ་འགྱུར་རོ། །ཏིལ་མར་དང་སྦྱར་བཟངས་གླེབས་པ་ལ་བསྐུས་ཏེ་མེར་བསྲེགས་ན། སྲང་གཅིག་གིས་སྲང་བཅུའི་གསེར་དུ་འགྱུར་རོ། །བཅུད་ཀྱིས་ལེན་མཆོག་འདི་དང་། བའི་འོ་མ་དང་། ཞུན་མར་བཞི་ཆ་གཅིག་དང་སྦྱར་ཏེ། མེ་མི་ཆེ་བས་བསྐོལ་ཏེ། ཚོས་
པར་རིག་པ་དང་། འདི་དེ་ནས་ཕྱུང་ལ་ཁྲུས་ལེགས་པར་བྱས་ཤིང་། གོས་སར་པ་བགོས་ལ་གཙང་མར་བྱས་ཏེ། ཐོག་མར་བའི་རྣམ་ལྔ་ལ་རེག་པར་བྱའོ། །དེ་ནས་ཆུ་དྲོན་པོ་དང་། བཅུད་ཀྱིས་ལེན་གྱི་མཆོག་འདི་བཏུང་བར་བྱའོ། །སྦྱོར་བ་ཞག་བདུན་དུ་བྱས་ན་དེའི་ལུས་རྣམ་

བར་དག་པར་འགྱུར་རོ། །སྡིག་པ་ཐམས་ཅད་ཟད་པ་དང་། མོད་ལ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང་། ནད་ཐམས་ཅད་བྱང་བ་དང་། མོད་ལ་དུག་ཐམས་ཅད་སེལ་བ་དང་། དུག་སླར་ཞེན་པར་མི་འགྱུར་བ་དང་། མཚོན་གྱིས་མ་ཡིན། ཆུས་ཁྱེར་བར་མི་འགྱུར། མེས་ཚུགས་
པར་མི་འགྱུར། ཡང་དུག་མ་རུངས་པ་གཞན་གྱིས་མི་ཚུགས་པར་འགྱུར་རོ། །ཞག་བཅུ་བཞིར་སྦྱོར་བ་བྱེད་ན་ནད་ཐམས་ཅད་བྱང་བ་དང་། འདིའི་པགས་པ་རྣམ་པར་དག་པ་དང་། གཉེར་མ་དང་སྐྲ་དཀར་མེད་པར་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་སྦྱོར་བ་བྱས་ན་བྱིས་པ་ལོ་བཅུ་
པ་པདྨ་དཀར་ཤམ་དང་འདྲ་བའི་མདོག་ཅན་གྱི་ལུས་སུ་འགྱུར་རོ། །པདྨའི་ལོ་མ་དང་། ཀུ་མུ་ད་ལྟར་འཇམ་པ་དང་། ཨུཏྤ་ལ་སྔོན་པོ་ལྟ་བུ་ལྷའི་མིག་དང་། མིའམ་ཅིའི་དབྱངས་ལྟ་བུར་མ་ཞུམ་པ་དང་། དབུ་སྐྲ་འཁྱིལ་ལ་འཁྱིལ་ཅིང་བུང་བ་ལྟར་མདོག་གནག་པ་ལྷ་རྫས་ལྟ་བུར་
འགྱུར་རོ། །ཟླ་བ་གཅིག་ཏུ་སྦྱོར་བ་བྱས་ན་ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ། །དགྲ་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོའི་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །འབྱུང་པོ་དང་སྡིག་པ་བྱེད་པ་གཞན་རྣམས་ཀྱིས་ཀྱང་དེ་མི་མཐོང་བར་འགྱུར་རོ། །ལོ་གཅིག་ཚང་བར་བསྙེན་
ན་ལྷའི་བུ་མོ་དག་དང་ལྷན་ཅིག་རྩེ་ཞིང་ལྷ་རྫས་ཀྱི་ལོངས་སྤྱོད་དང་། གཞལ་མེད་ཁང་དང་། ཇི་ལྟར་ལྷ་རྣམས་རྩེ་བ་བཞིན་དུ་འགྱུར་རོ། །དྲོ་བར་གྱུར་བ་སྦྲང་རྩི་དང་ལྷན་ཅིག་ཟོས་ན་ལོ་ཁྲི་ཉིས་སྟོང་དུ་འཚོ་བར་འགྱུར་རོ། །ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཟངས་སྲང་སྟོང་དང་བཅུད་
ཀྱིས་ལེན་པའི་མཆོག་སྲང་གཅིག་དང་། དངུལ་སྲང་བཅུ་ཟངས་དང་སྦྱར་ཏེ་བཞུ་ན། བཅུད་ཀྱིས་ལེན་མཆོག་དངུལ་སྲང་སྟོང་དུ་འགྱུར་རོ། །སྲང་གཅིག་གིས་ཟངས་སྲང་སྟོང་དངུལ་དུ་འགྱུར་རོ། །ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་བྱུང་ན་ནི། ཁ་དོག་སྣ་ཚོགས་སུ་འགྱུར་ཏེ། གཟུགས་
མདོག་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེ་འཆང་ཞིང་། དངུལ་དང་གསེར་བཞུ་ལ་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་མགོ་བོ་ལ་བསྐུས་པ་ཙམ་གྱི་མོད་ལ་སྐྲ་མདོག་སྣ་ཚོགས་སུ་འགྱུར་རོ། །ལུས་ལ་བསྐུས་ན་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འབྱུང་བར་འགྱུར་རོ། །མིག་ལ་བསྐུས་ན་ནམ་མཁའ་

ལ་འགྲོ་ཞིང་ཁྱིམ་ཐམས་ཅད་ཀྱི་སྒོ་ཕྱེ་བར་མཐོང་སྟེ། ཁྱིམ་བདག་ཐམས་ཅད་ཀྱི་དཔོན་པོ་དང་། རྒྱལ་པོར་འགྱུར་རོ། །དཔྲལ་བ་ལ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །ཁར་བཅངས་ན་གང་དང་སྨྲས་པ་དེ་ནོར་གྱི་དབང་དང་བདག་གི་དབང་དུ་འགྱུར་རོ། །ཡང་ན་བ་སེར་
སྐྱའི་ཞུན་མར་དང་། མར་དཀར་དང་། འོ་མ་དང་། བཅུད་ཀྱིས་ལེན་གྱི་མཆོག་འབར་བ་དང་ལྷན་ཅིག་བསྐོལ་ཏེ་ཁ་ར་བཞིན་དུ་ལེགས་པར་ཚོས་པ་དང་བླངས་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བརྒྱ་སྟོང་བཟླས་བརྗོད་བྱས་ཏེ། རིག་སྔགས་འཆང་བ་བདག་ཉིད་བསྐུས་པ་ཙམ་གྱི་མོད་ལ་ཐམས་
ཅད་རིག་འཛིན་གྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །བསྐལ་བ་ཆེན་པོ་བཅུར་འཚོ་བར་འགྱུར་རོ། །བར་གྱི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཐིག་ལེ་བྱས་ན་ནམ་མཁའ་ལ་འཕུར་བར་འགྱུར་རོ། །
ཨོཾ་ཞེས་བྱ་བའི་སྒྲས་ཚངས་པ་གནས་ནས་ཕྱིར་འབྱུང་བར་འགྱུར་རོ། །སེ་གོལ་གཏོགས་པ་ཙམ་གྱིས་འོག་མིན་གྱི་གནས་ཀྱི་བར་དུ་འགྲོ་ཞིང་ཕྱིར་ཡང་འོང་བར་འགྱུར་རོ། །ནམ་གྱི་ཚེ་འཆི་བའི་དུས་བྱས་པར་འགྱུར་པ་དེའི་ཚེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ། །འདི་ནི་
སྐྱེ་བ་ཐ་མ་ཡིན་ཞིང་མངལ་ན་གནས་པ་ལས་ཡོངས་སུ་ཐར་བ་ཡིན་ནོ། །དེ་ནས་དོན་ཡོད་པའི་རིལ་བུ་བརྗོད་པར་བྱ་སྟེ། རིག་སྔགས་འཆང་སྒྲུབ་པར་བྱེད་པ་ལེགས་པར་བསྒྲུབས་ན་རིག་སྔགས་འཆང་བ་ལེགས་པར་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་གཙང་བར་བྱའོ། །པདྨ་དང་། ལིག་
བུ་མིག་དང་། ནཱ་ག་གེ་སར་དང་། གིའུ་ཝང་དང་། ཨུད་ཏ་མ་ར་ཎི་དང་། སྐྱེར་ཁཎྜ་དང་། ཨ་ག་རུ་རྣམས་དེ་བཞིན་དུ་དེ་དག་ཆ་མཉམ་སྟེ་ཞིབ་མོར་བཏགས་ལ་ཁར་དང་སྦྱར་ཏེ་གསེར་དང་དངུལ་གྱིས་དཀྲི་ཞིང་ཟངས་ཀྱིས་ཀྱང་དཀྲིས་ཏེ། ཙནྡན་དཀར་པོའི་ག་བ་ཚེ་ནང་དུ་བཅུག་ལ་ལག་
པའི་སྙིམ་པར་བཅང་བར་བྱའོ། །ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དང་། བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་

བཟླས་བརྗོད་བྱ། གསང་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་འགུལ་བར་གྱུར་ན་དེ་བླངས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །ལོ་སྟོང་ཐུབ་པར་འགྱུར་རོ། །སོར་བཞི་ཙམ་གྱིས་རྐང་པ་ས་ལ་མི་རེག་པར་འགྱུར་རོ། །དཔག་ཚད་བརྒྱར་འགྲོ་ཞིང་ཕྱིར་ཡང་འོང་བར་འགྱུར་རོ། །
མེ་ཏོག་ཅན་གྱི་རིག་འཛིན་འཁོར་ལོས་སྒྱུར་བར་འགྱུར་རོ། །ལུས་ལས་ཀུ་མུ་ད་དང་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་རོ། །ཨུཏྤ་ལ་སྔོན་པོ་དང་། ཙམ་པ་ཀ་དང་། ཀེ་ཏུའི་མེ་ཏོག་དང་དེ་དག་ཆ་མཉམ་སྟེ་སྦྱར་ལ་མཁས་པས་སྦྲང་རྩི་དང་ལྷན་ཅིག་སྦྱར་ཏེ་རིལ་བུ་བྱས་ལ་གསེར་དང་། དངུལ་དང་
ཟངས་ཀྱིས་དཀྲིས་ཏེ་ཟླ་བ་ཡར་གྱི་ཚེས་དྲུག་ནས་ཚེས་བརྒྱད་དམ། བཅུ་གཉིས་ནས་བཅུ་བཞིའམ། བཅུ་གསུམ་ནས་བཅོ་ལྔའི་ཚེ་ཉིན་ཞག་གསུམ་དུ་སྨྱུང་བར་བྱའོ། །ཤིན་ཏུ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་གཙང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་གི་སྐུ་གཟུགས་རས་ལ་བྲིས་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཤིང་ཨ་ཤྭད་ཐ་ལས་བྱས་པའི་གབ་ཚེའི་ནང་དུ་རིལ་བུ་བཅུག་ནས་ལག་པའི་སྙིམ་པར་བཅུག་ལ་རི་མོའི་སྤྱན་སྔར་ཇི་སྲིད་དུ་ཇི་སྲིད་འཁྲོལ་བའི་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བྱའོ། །དེ་ནས་གྲུབ་པ་ཡིན་
ཏེ་དེ་ལས་ཁར་བཅུག་ན་དཔག་ཚད་སྟོང་དུ་འདི་འགྲོ་བར་འགྱུར་ཞིང་སླར་ཡང་འོང་བར་འགྱུར་རོ། །སོར་བརྒྱད་ཙམ་དུ་རྐང་པས་ལ་མི་རེག་པར་འགྱུར་རོ། །ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ། །མིག་ཨུཏྤ་ལ་སྔོན་པོ་ལྟ་བུར་འགྱུར་རོ། །ཨུཏྤ་ལ་སྔོན་པོའི་དྲི་ཁ་ནས་འབྱུང་བར་འགྱུར་རོ། །
བཞིན་ཡོངས་སུ་རྒྱས་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་འགྱུར་རོ། །མདོག་པདྨ་ལྟ་བུར་འགྱུར་རོ། །ལུས་ལས་ཙམ་པ་ཀའི་དྲི་འབྱུང་བར་འགྱུར་རོ། །རིག་འཛིན་ནམ་མཁའ་ལ་འགྲོ་བ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཙནྡན་གྱི་ཕྱེ་མ་དང་། ཨ་ག་རུའི་ཕྱེ་མ་དང་།
རྒྱ་སྤོས་དང་། ཨ་རུ་ར་དང་། པ་ནི་ན་དང་། དེ་དག་རྣམས་ཆ་མཉམ་སྟེ་ཞིབ་མོར་བཏགས་ལ་དུ་རུ་སྐའི་མར་གྱིས་རིལ་བུར་བྱའོ། །གསེར་དང་། དངུལ་དང་ཟངས་ཀྱིས་དཀྲིའོ། །ཙནྡན་དཀར་པོ་ལས་བྱས་པའི་སྒྲོམ་བུར་བཅུག་སྟེ། ཚེས་བཅུ་གསུམ་ནས་ཉའི་བར་དུ་ཉིན་ཞག་

གསུམ་མི་ཉལ་བར་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེར་བྱ་ཞིང་གཏོར་མ་ཡང་རྒྱ་ཆེར་བྱིན་ལ། རྩྭ་དཱུར་བའི་སྟན་ལ་འདུག་སྟེ། ལག་པའི་སྙིམ་པར་བཅུག་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་
སྟོང་རྩ་བརྒྱད་ཀྱི་བར་དུ་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་རིལ་བུ་འགུལ་བར་འགྱུར་ན་རིག་སྔགས་འཆང་བས་དེས་ན་གྲུབ་པ་ཡིན་པར་རིག་པར་བྱ་སྟེ་རིལ་བུ་གྲུབ་པ་དེ་ཡིན་ནོ། །དེ་ནས་རིག་སྔགས་འཆང་བས་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་ལ་མཆོད་པ་བྱས་ཏེ། ནམ་ལངས་ཀ་སྐྱ་རེངས་སེར་པོ་འཆར་བའི་དུས་སུ་བཟའ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བྱའོ། །གྲོགས་བྱེད་པ་ལ་ཡང་བྱིན་ཏེ། རིལ་བུ་གཅིག་ཁར་གཞུག་
པར་བྱའོ། །རིལ་བུ་ཁར་བཅུག་པ་ཙམ་གྱི་མོད་ལ་མི་སྣང་བར་འགྱུར། ནམ་མཁའ་ལ་འགྲོ་བར་འགྱུར། དཔག་ཚད་ལྔ་སྟོང་དུ་འགྲོ་ཞིང་སླར་ཡང་འོང་བར་འགྱུར་རོ། །རིལ་བུ་སྒྲུབ་པར་བྱེད་པ་ཚེགས་མེད་པར་གྲུབ་པ་རྣམས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། ཚེ་ལོ་ལྔ་སྟོང་
ཐུབ་པར་འགྱུར། ཁྲུ་གང་ཙམ་གྱིས་རྐང་པ་ས་ལ་མི་རེག་པར་འགྱུར་རོ། །དེ་ནས་གཏེར་བརྐོ་བར་འདོད་པས་གནས་གང་ན་གཏེར་ཡོད་པར་དོགས་པའི་གནས་དེར་བའི་ལྕི་བས་མཎྜལ་བྱས་ལ། མེ་ཏོག་གཏོར་ཞིང་གུ་གུལ་གྱི་བདུག་པས་བདུག་ཅིང་། གཏོར་མ་གཙང་མ་དང་། ཤ་དང་།
ཁྲག་གི་གཏོར་མ་དང་། ཕྱེ་ཟན་དང་འབྲས་བུ་དང་། པདྨའི་གཏོར་མ་དང་། གཏོར་མ་རྣམ་པ་གསུམ་སྦྱིན་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱའོ། །སྟོང་ཕྲག་བཅུ་བཟླས་བརྗོད་བྱའོ། །སྟོང་ཕྲག་བཅུ་ཚང་བ་དང་གནས་གང་ན་གཏེར་ཡོད་པའི་གནས་དེར་
གཏེར་སྲུང་བ་མངོན་དུ་འབྱུང་ཞིང་གཏེར་འབྱུང་བར་འགྱུར་རོ། །གཏེར་སྲུང་བ་ལ་གཏོར་མ་དང་། མཆོད་ཡོན་སྦྱིན་པར་བྱས་ན་གཏེར་སྲུང་བ་དེ་ཇི་སྲིད་འཚོའི་བར་དུ་ལས་བྱས་པ་པོར་འགྱུར་རོ། །གང་དུ་མངགས་པ་དང་། གང་བསྒོ་བའི་ལས་དེ་ཐམས་ཅད་བྱེད་པར་འགྱུར་རོ། །ཡུངས་

ཀར་དང་ཐལ་བ་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་བརྗོད་བྱས་ཏེ་ཕྱོགས་བཞིར་གཏོར་ན་བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་བཅིངས་པར་འགྱུར་རོ། །མཚམས་ཆེན་པོ་བཅིང་བར་བྱས་པར་འགྱུར་རོ། །ལོག་
འདྲེན་ཕུང་བར་བྱ་ན་ཡུངས་མར་དང་། ཡུངས་ཀར་དང་། གུ་གུལ་དང་། སྐེ་ཚེའི་འབྲུ་དང་། ལན་ཚྭ་རྣམས་སྦྲང་རྩི་དང་བསྲེས་ལ་ཤིང་ཀར་བཱི་རའི་ཡ་མ་སྲེག་ཤིང་གི་མེ་བུས་ཏེ། ཉིན་བར་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ལོག་འདྲེན་གྱི་རིགས་ཐམས་ཅད་བཅོམ་པར་འགྱུར་
ཞིང་རྣམ་པར་ཞི་བར་འགྱུར་རོ། །དམག་བཅིང་བར་འདོད་པས་ཡུངས་ཀར་དང་། དུག་དང་། སྐེ་ཚེའི་འབྲུ་དང་། ས་བོན་བདུན་རྣམས་སྦྲང་རྩི་དང་སྦྱར་ལ་དམག་གི་མདུན་དུ་ཤིང་ནིམ་པའི་མེ་སྦར་ཏེ། ཐོག་མར་བརྒྱད་བརྒྱ་བྱས་ན་དམག་བཅིང་བར་འགྱུར་རོ། །ལན་གཉིས་བྱས་
ན་ནད་ཆེན་པོ་འབྱུང་བར་འགྱུར་རོ། །བརྒྱད་བརྒྱ་བཟླས་བརྗོད་ལན་གསུམ་པ་བྱས་ན། དམག་ཐམས་ཅད་ཞིག་པར་འགྱུར་ཞིང་ཕྱིར་ཡང་ལན་འགའ་ཡང་འོང་བར་མི་འགྱུར་རོ། །དེ་ནས་དབྱུག་པ་སྒྲུབ་པ་སེང་ལྡེང་ལས་གཤིན་རྗེའི་དབྱུག་པའི་ཚད་ཁྲུ་དོ་པ་བྱའོ། །དེ་ནས་འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཟས་དཀར་གསུམ་ཟོས་ཏེ། སྟོང་ཕྲག་བཅུར་བཟླས་བརྗོད་བྱའོ། །དེ་ནས་ཚེས་བཅོ་ལྔ་ཚང་བའི་ཚེ་སྨྱུང་བ་བྱས་ཏེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ན་དེ་ནས་
དབྱུག་པ་འབར་རོ། །དེ་ནས་གྲུབ་པ་ཡིན་པར་ཤེས་པར་བྱའོ། །དོན་ཡོད་པའི་དབྱུག་པ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་མཆོད་པ་བྱའོ། །དེ་ནས་རིག་སྔགས་འཆང་བ་དབྱུག་པ་བླངས་ཏེ་ཀུན་དུ་ལན་བདུན་བསྐོར་བར་
བྱའོ། །དེ་ནས་དབྱུག་པ་དེ་ས་ལ་བརྡབ་པར་བྱའོ། །དབྱུག་པས་ས་ལ་གྲུ་བཞིར་གཞལ་བར་བྱས་ན་ཀུན་ཏུ་གྲུ་བཞི་ལྷམ་པའི་ཁྱིམ་ཆེན་པོ་གཞལ་མེད་ཁང་འབྱུང་བར་འགྱུར་ཏེ། ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷའི་གཞལ་མེད་ཁང་འབྱུང་བར་འགྱུར་

རོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོའི་སྐྱེ་བོས་གང་བར་འགྱུར་རོ། །དེ་ནས་ལྷ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཟང་བ། མཛེས་པ། བལྟ་བར་འོས་པ་ཞིག་འོངས་ནས་རིན་པོ་ཆེ་བདུན་ལས་བྱས་པའི་སྣོད་བུམ་པ་གང་བ་ཞིག་ཐོགས་ཤིང་སྒོའི་ནང་
དུ་འདུག་གོ། །དེ་ནས་ལྷ་མོ་དོན་རེ་རིག་སྔགས་འཆང་གི་ཁྱིམ་ཡིན་གྱིས་ནང་དུ་ཞུགས་ཤིག་ཅེས་སྨྲ་བར་འགྱུར་རོ། །རིག་སྔགས་འཆང་བས་སྙིང་པོ་མེད་པར་འགྱུར་བའི་ཁྱིམ་གཞལ་མེད་ཁང་འདིས་ཅི་ཞིག་བྱ་ཞེས་བརྗོད་པར་བྱའོ། །དེ་ན་དེ་སྣོད་གང་བ་འདི་ལོང་ཤིག་དང་། རྒྱ་ཆེར་
འཕེལ་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་རོ། །རིག་སྔགས་འཆང་བས་དྷིག་དྷིག་ཅེས་ཁྲོས་པ་བྱས་པ་དང་། ལྷ་མོ་དེ་དུས་ཏེ་ཇི་ལྟར་ཆར་པ་ཆེར་འབབས་པ་དེ་བཞིན་དུ་འདིའི་མིག་ནས་མཆི་མ་བྱུང་བ་དང་རིག་སྔགས་འཆང་བས་བླང་བར་བྱ་ཞིང་རང་གི་ལུས་ལ་བསྐུ་བར་བྱའོ། །བསྐུས་པ་ཙམ་
གྱི་མོད་ལ་འཛམ་བུའི་གླིང་གི་གསེར་ལྟ་བུའི་ལུས་སུ་འགྱུར་རོ། །ཙནྡན་སྦྲུལ་གྱི་སྙིང་པོ་དང་། གོ་ཤིརྵའི་དྲི་ལུས་ལས་འབྱུང་བར་འགྱུར་རོ། །ཁར་བཅུག་ན་ལྟ་རྫས་ཀྱི་ཨུཏྤ་ལའི་དྲི་ཁ་ནས་འབྱུང་བར་འགྱུར་རོ། །མཆི་མ་དེ་མིག་ཏུ་བསྐུས་ན་ལྷ་རྫས་ཀྱི་ཨུཏྤལ་སྔོན་པོ་འདྲ་བའི་ལྷའི་མིག་ཏུ་འགྱུར་
རོ། །སྐྲ་ལ་བསྐུས་ན་ལྷའི་རྨ་བྱའི་མདོག་འདྲ་བའི་སྐྲར་འགྱུར་ཞིང་སྐྲ་འཁྱིལ་ལ་འཁྱིལ་བར་འགྱུར་རོ། །རྣ་བའི་བུ་གར་བླུགས་ན་ལྷའི་སྙན་དུ་འགྱུར་ཏེ། དཔག་ཚད་སྟོང་ཕྲག་གསུམ་དུ་ཐོས་པར་འགྱུར་རོ། །དཔག་ཚད་སྟོང་ཕྲག་གསུམ་དུ་མཐོང་བར་འགྱུར་རོ། །འཐུངས་ན་བསྐལ་པ་
སྟོང་ཕྲག་བཅུ་འཚོ་བར་འགྱུར་རོ། །བར་གྱི་བསྐལ་བ་རྗེས་སུ་དྲན་པར་འགྱུར་རོ། །གར་ཐབས་དང་། ཏྲོ་ཊ་ཀ་དང་། བརྡ་སྤྲོད་པ་དང་། བསྟན་བཅོས་དང་། བྷ་ར་ཏ་དང་། རཱ་མ་ཡ་ཎ་དང་། སྔོན་གྱི་གཏམ་རྙིང་དང་། ཚུལ་དང་། འདུལ་བ་དང་། སྐྱེས་རབས་དང་། སྙན་དང་གས་དང་བྱེ་བྲག་
པ་ཐམས་ཅད་དང་། ཆོ་ག་ཞིབ་མོ་ཐམས་ཅད་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་དང་། གཟུངས་དང་། མདོ་སྡེ་དང་། ཆོས་མངོན་པ་དང་། ཐེག་པ་ཆེན་པོ་དང་། དེ་དག་ཐམས་ཅད་མངོན་དུ་གྱུར་པར་གནས་སོ། །ཐམས་ཅད་དུ་རྟོགས་པ་ཁོང་དུ་ཆུད་པ་ཆེན་པོར་

འགྱུར་རོ། །དེ་ནས་བུད་མེད་དེ་ན་རེ་རྗེ་བཙུན་དམ་པ་རང་གི་ཁབ་མཆོག་ཏུ་གཤེགས་སུ་གསོལ་ཞེས་སྨྲ་བར་འགྱུར་རོ། །རིག་སྔགས་འཆང་བས་བརྗོད་པར་བྱ་ཞིང་རང་གི་རྐང་པ་རིམ་གྱིས་འཇུག་པར་བྱའོ། །དེ་ནས་བུད་མེད་དེ་ནུ་མ་གཉིས་སྟོན་པར་བྱེད་ན་རིག་སྔགས་འཆང་བས་ནུ་མ་
གཉིས་བཟུང་ལ་བཙིར་ན་དེ་ལས་འོ་མ་འཛག་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བས་བླང་བར་བྱ། བཏུང་བར་བྱ། རྐང་པ་ལ་བསྐུ་བར་བྱས་ན་བསྐུས་པ་ཙམ་གྱི་མོད་ལ་འཁོར་སྟོང་དང་ལྷ་མོ་དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཕུར་ཏེ་འགྲོ་བར་འགྱུར་རོ། །རླུང་གི་ཕུང་པོ་དང་པོ་ལ་
ཞོན་པར་འགྱུར་རིག་འཛིན་འཁོར་ལོས་སྒྱུར་པ་སྟོང་ཕྲག་བདུན་ཅུ་རྩ་བཞི་རྣམས་ཀྱི་རིག་འཛིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་དཔོན་པོར་འགྱུར་རོ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ། །དེ་ཉིད་རིག་འཛིན་རྣམས་ཀྱི་མཆོག་ཏུ་འགྱུར་ཏེ། འཇིག་རྟེན་པའི་ཆོ་ག་
བསྒྲུབ་པ་ཡིན་ནོ། །དབྱུག་པ་ལག་པ་གཡས་པས་བཟུང་སྟེ། དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་ཞིང་ལན་བདུན་བསྐོར་བ་བྱས་ན་དོན་གང་ཡིད་ལ་སེམས་པ་དང་། གང་འདོད་པ་དེ་དག་ཐམས་ཅད་སྐད་ཅིག་ཏུ་འགྲུབ་པར་འགྱུར་རོ། །གང་དགུག་པ་དེ་
དག་ཐམས་ཅད་བཀུག་ཅིང་མདུན་ན་གནས་པར་འགྱུར་རོ། །གནོད་སྦྱིན་དང་། གནོད་སྦྱིན་མོ་དགུག་པར་འདོད་ན་བཙག་གིས་རི་མོ་བྲིས་ལ་དབྱུག་པ་ལ་དོན་ཡོད་པའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱ་ཞིང་། གནོད་སྦྱིན་དང་། གནོད་སྦྱིན་མེའི་སྟེང་དུ་བསྐོར་བར་བྱའོ། །གུ་གུལ་
གྱི་བདུག་པ་སྦྱིན་པར་བྱའོ། །གཏོར་མ་དཀར་པོ་ཅན་གྱི་སྣོད་དབུལ་བར་བྱའོ། །ལན་བདུན་བསྐོར་བ་ཙམ་གྱི་མོད་ལ་གནོད་སྦྱིན་དང་། གནོད་སྦྱིན་མོ་མདུན་ན་འདུག་ཅིང་བཀའ་བཞིན་དུ་བྱེད་པར་འགྱུར་རོ། །གང་བསྒོ་བའི་ལས་དེ་བྱེད་པར་འགྱུར་རོ། །ཐམས་ཅད་མ་ཚང་བ་མེད་
པར་སྒྲུབ་པར་འགྱུར་རོ། །ནོར་དང་། འབྲུ་དང་། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། དངུལ་དང་། ས་ལེ་སྦྲམ་དང་། གོས་དང་། མལ་སྟན་དང་། ཆོས་གོས་དང་། རྒྱན་གྱི་རྣམ་པ་ལ་སོགས་པ་སྒྲུབ་པར་བྱེད་པར་འགྱུར་རོ། །གཞན་གང་བསྒོ་བ་དེ་ཐམས་ཅད་སྒྲུབ་པར་བྱེད་དོ། །

དཔལ་ལྷ་མོའི་མདུན་དུ་བསྐོར་ན་ནོར་གྱི་མཆོག་རྣམ་པ་མང་དུ་སྦྱིན་པར་བྱེད་དོ། །མདུན་ན་རང་གི་ངོ་བོ་གནས་པར་འགྱུར་རོ། །གང་འདོད་པ་དེ་ཐམས་ཅད་སྦྱིན་པར་བྱེད་དོ། །རྣམ་ཐོས་སྲས་ཀྱི་ཞབས་ལ་ལན་བདུན་བརྡབ་ཅིང་དོན་ཡོད་པའི་རྒྱལ་པོ་ལ་ལན་ཉི་ཤུ་རྩ་གཅིག་
དྲན་པར་བྱས་ན་རྣམ་ཐོས་ཀྱི་སྲས་རྒྱུག་ཅིང་མདུན་ན་གནས་པར་འགྱུར་རོ། །ནོར་མང་དུ་སྦྱིན་པར་མཛད་དོ། །གང་འདོད་པ་དེ་ཐམས་ཅད་མཛད་པར་འགྱུར་རོ། །མི་སྨྲ་བར་དབྱུག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་ཞིང་རྒྱལ་པོའི་སྒོར་ལན་བདུན་བསྐོར་བ་བྱས་ན་རྒྱལ་པོ་དང་། བཙུན་
མོའི་འཁོར་རྣམས་བདག་ཉིད་དང་། ནོར་ལ་དབང་བར་འགྱུར་རོ། །གྲོང་ཁྱེར་གྱི་སྒོར་བསྐོར་ན་གྲོང་ཁྱེར་ན་གནས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་བུ་མོ་རྣམས་དབང་དུ་འགྱུར་ཞིང་གནས་སོ། །དེ་གཅིག་པུ་མཆོད་པར་འོས་པར་འགྱུར་རོ། །དེ་དག་ཐམས་ཅད་བྲན་ཕོ་
དང་བྲན་མོ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ། །ལྷ་ཁང་དུ་སོང་ནས་ལྷའི་སྤྱན་སྔར་བསྐོར་ཞིང་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་བརྗོད་བྱས་ན་ལྷ་དེ་རང་གི་ངོ་བོ་མདུན་ན་གནས་པར་འགྱུར་རོ། །གང་བསྒོ་བ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །གང་འདོད་པ་དེ་ཐམས་ཅད་སྦྱིན་
བར་འགྱུར་རོ། །ཉི་མ་འཆང་བའི་ཚེ་ཉི་མའི་མདུན་དུ་བསྐོར་བར་བྱ་ཞིང་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་བཟླས་བརྗོད་བྱས་ན་ཉི་མ་བབས་ཏེ། མཆོག་གང་འདོན་པ་དེ་ཐམས་ཅད་སྦྱིན་པར་མཛད་དོ། །ཟླ་བ་ཉའི་ཞལ་དུ་བསྐོར་ཅིང་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱེད་
ན་ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་དང་བཅས་ཏེ་འབབ་པར་འགྱུར་རོ། །མཆོག་བསམ་པ་ཐམས་ཅད་སྦྱིན་པར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་སྐོར་བ་བྱེད་ཅིང་དོན་ཡོད་པའི་རྒྱལ་པོ་བཟླས་བརྗོད་བྱས་ཤིང་དབྱུག་པ་བསྐོར་ན་མཆོད་རྟེན་འབར་
ཞིང་སྒྲ་འབྱུང་བར་འགྱུར་རོ། །གང་བསམ་པ་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །གང་འདོད་པ་དེ་ཐམས་ཅད་སྦྱིན་པར་མཛད་དོ། །དེ་བཞིན་གཤེགས་པ་ལ་བསྐོར་བ་བྱ་སྟེ། དོན་ཡོད་པའི་སྙིང་པོའི་བཟླས་བརྗོད་བྱེད་ཅིང་དབྱུག་པ་བསྐོར་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་

འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དབུགས་འབྱིན་པར་མཛད་པ་དང་། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པར་འགྱུར་རོ། །ཡང་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་གི་སྐུ་བཞིན་ཐུན་ཐོ་རངས་ཀྱི་ཚེ་མདུན་ན་བཞུགས་པར་འགྱུར་
རོ། །མཆོག་བསམ་པ་ཐམས་ཅད་སྦྱིན་པར་མཛད་པར་འགྱུར་རོ། །དགོས་པ་ཐམས་ཅད་གྲུབ་པར་མཛད་པར་འགྱུར་རོ། །དོན་ཡོད་པའི་དབྱུག་པ་རིག་འཛིན་འཁོར་ལོས་སྒྱུར་བ་གྲུབ་པ་ཐོབ་པར་འགྱུར་རོ། །ཆར་མི་འབབ་པའི་ཚེ་ཀླུའི་གནས་སུ་སོང་སྟེ། དོན་ཡོད་པའི་རྒྱལ་པོའི་
སྙིང་པོ་དྲན་པར་བྱ། དབྱུག་པ་བསྐོར་བར་བྱའོ། །བསྐོར་བ་ཙམ་གྱི་མོད་ལ་ཀླུ་རྣམས་ཆར་པའི་རྒྱུན་ཆེན་པོ་འབྱུང་བར་འགྱུར་རོ། །ཅི་འདོད་པའི་ཆར་གྱི་རྒྱུན་འབེབས་སོ། །ཆར་ཆེས་ན་ཁང་ཐོག་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྐད་དྲག་པོས་བརྗོད་དེ། དབྱུག་པ་བསྐོར་ན་
ཆར་ཆེས་པ་འཆད་པར་འགྱུར་རོ། །སེར་བ་འབབ་པའི་ཚེ་སྤྲིན་ལོགས་སུ་བལྟས་ཏེ་ཁྲོས་པས་ཁྲོ་བོའི་རྒྱལ་པོ་སྐད་ཆེན་པོས་དྲན་པར་བྱ་ཞིང་ཁྲོས་པས་དབྱུག་པ་བསྐོར་ན་སད་དང་། རླུང་དང་སེར་བ་མི་འབབ་པར་འགྱུར་རོ། །དཔག་ཚད་ཚུན་ཚད་དུ་མཚམས་ཆེན་པོ་ཀུན་ཏུ་བཅད་པར་
འགྱུར་རོ། །གདོན་ཀུན་གྱིས་ཟིན་པ་ལ་ཁྲོ་བོའི་རྒྱལ་པོ་ལ་ལན་བདུན་དྲན་པར་བྱ་ཞིང་དབྱུགས་པ་བསྟན་ན་གདོན་ཐམས་ཅད་དུ་ཞིང་འབྲོས་པར་འགྱུར་རོ། །བརྗེད་བྱེད་ལ་སོགས་པའི་བར་ལ་བསྟན་པ་ཙམ་གྱིས་འབྲོས་པར་འགྱུར་རོ། །རིམས་ཐམས་ཅད་ལ་དོན་ཡོད་པའི་རྒྱལ་བོའི་སྙིང་
པོས་བྱབས་ན་བྱབས་པ་ཙམ་གྱི་མོད་ལ་རིམས་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཞག་བཞི་པའི་རིམས་ནི་ངུ་ཞིང་འབྲོས་པར་འགྱུར་རོ། །གཡུལ་འགྱེད་ཅིང་འཐབ་པའི་ཚེ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ཁྲོས་པས་བཟླས་བརྗོད་བྱ། དབྱུག་པ་བསྐོར་བ་བྱས་ན་མཚོན་དང་། དགྲ་སྟ་
དང་། ལག་ཆ་ཐམས་ཅད་མི་སྣང་བར་འགྱུར་ཞིང་། ཕ་རོལ་གྱི་དཔུང་རྣམས་ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་འབྲོས་པར་འགྱུར་རོ། །འབྲོག་དགོན་པའི་ནང་དུ་འགྲོན་པོ་རྣམས་སོང་བ་ན་དོན་ཡོད་པའི་རྒྱལ་པོ་དྲན་པར་བྱ་ཞིང་དབྱུག་པ་བསྐོར་བ་བྱས་ན་རྐུན་པོ་དང་། ཆོམ་པོ་དང་། མི་རྒོད་དང་།

སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། དུག་མི་བཟད་པ་དང་། གཅན་གཟན་ཁྲོ་བོ་དང་། གླང་པོ་ཆེ་དང་། མ་ཧེ་དང་། དུག་དང་བཅས་པའི་སྲོག་ཆགས་དེ་དག་ཐམས་ཅད་མི་སྣང་བར་འགྱུར་རོ། །རང་གི་ཁྱིམ་དུ་བདེ་བར་འགྲོ་བར་འགྱུར་རོ། །མི་ངས་
ཐམས་ཅད་དང་། བ་ལང་གི་ནད་དང་། ཕྱུགས་ངས་ཆེན་པོ་དང་། རྟ་ནད་ཆེན་པོ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་བུ་མོའི་ནད་ཆེན་པོ་བྱུང་བའི་ཚེ་དོན་ཡོད་པའི་རྒྱལ་བོའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོའི་སྐད་ཆེན་པོས་དྲན་པར་བྱ་ཞིང་དབྱུག་པ་གྲོང་ཁྱེར་གྱི་སྒོ་བཞིར་བསྐོར་
བ་བྱས་ན་བསྐོར་བ་ཙམ་གྱི་མོད་ལ་མི་ངས་དང་། གནོད་པ་དང་། ཉོན་མོངས་པ་དང་། འཁྲུག་པ་ཐམས་ཅད་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་ཞི་བར་འགྱུར་རོ། །འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །བུད་མེད་དང་། སྐྱེས་པ་དགུག་པར་
འདོད་ན་གནས་མཐོན་པོར་འདུག་སྟེ། སྐད་ཆེན་པོས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱའོ། །དབྱུག་པ་བསྐོར་བར་བྱའོ། །གང་གི་ཆེད་དུ་བྱ་བ་དེ་མིང་བརྗོད་པར་བྱས་ན་དཔག་ཚད་བརྒྱ་ནས་ཀྱང་དེ་འོང་ཞིང་བདག་དང་ནོར་ལ་དབང་བྱ་བར་ཡོད་ཅིང་
གནས་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་འགྱུར་རོ། །འོན་ཏེ་ནོར་བུ་བཟང་པོའི་སྲས་དགུག་པར་འདོད་ན་ཟླ་བ་ཡར་གྱི་ངོ་ཚེས་བཅུ་བཞི་ལ་སྨྱུང་བ་བྱས་ཏེ། དབྱུག་པ་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ་སྟེ། ནོར་བཟངས་ཀྱི་སྲས་ཀྱི་ལྟོ་བའི་
སྟེང་དུ་གཞག་པར་བྱ། ཁྲོ་བོའི་རྒྱལ་པོ་བཟླས་པ་བྱས་ན་བཞི་ཐུན་གྱི་ཐོ་རངས་ཙམ་ན་ནོར་བུ་བཟང་པོའི་སྲས་རང་ཉིད་རིག་སྔགས་འཆང་བའི་མདུན་ན་བཞུགས་པར་འགྱུར་ཞིང་གསེར་གྱི་དོང་ཙེ་སྟོང་ཕྲག་བཅུ་སྦྱིན་པར་མཛད་དོ། །དེ་ལས་དཀོན་མཆོག་གསུམ་གྱི་སྐུ་སྐལ་དབུལ་བར་
བྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བྱ། ནོར་བུ་བཟང་པོའི་སྲས་ལ་མཆོད་ཡོན་གྱི་ཆབ་དབུལ་བར་བྱ། ཉི་མ་རེ་རེ་ཞིང་ནོར་བཟངས་ཀྱི་སྲས་ལ་མཆོད་ཡོན་གྱི་ཆབ་ཕུལ་ན་ནམ་འཚོའི་བར་དུ་ཉི་མ་རེ་རེ་ཞིང་གསེར་གྱི་དོང་ཙེ་སྟོང་སྦྱིན་པར་མཛད་དོ། །དེ་

ནས་རིག་སྔགས་འཆང་བས་ཕྱེད་དང་བཞི་ཆ་གཅིག་དགོད་པར་བྱ་སྟེ། སྦྱིན་པ་སྦྱིན་པར་བྱ། བསོད་ནམས་བསགས་པར་བྱས་ལ། ནོར་བུ་བཟང་པོའི་སྲས་དང་ལྷན་ཅིག་ཏུ་རྗེས་སུ་ཡི་རང་བར་བྱའོ། །འབྲོག་དགོན་པའི་ནང་དུ་སོང་བ་ན། འབྲོག་དགོན་པ་གང་ན་ཆུ་དཀོན་པར་
དབྱུག་པ་ལ་ལན་ཉི་ཤུ་རྩ་གཅིག་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱ་ཞིང་གང་ན་ནེའུ་གསིང་སྔོན་པོ་ཡོད་པའི་གནས་དེར་ས་ལ་ལན་བདུན་བརྡབ་ཅིང་བསྐོར་ཏེ་སྐད་དྲག་པོས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བྱ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཉམ་ཐག་
ཐག་སྐད་དུ་བྱས་ན། དེ་ནས་གནས་གང་དུ་བརྡབས་པའི་གནས་དེར་ལྷ་རྫས་ཀྱི་ཆུ་ཧ་ཅང་གྲང་པ་ཡང་མིན། ཧ་ཅང་དྲོ་བ་ཡང་མིན། རོ་དང་ཆས་པ་ཡོད་པའི་རྫིང་བུ་འབྱུང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བས་དབྱུག་པ་ལ་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱ་སྟེ། རྫིང་བུའི་
ནང་དུ་ཆུ་ལ་བརྡབ་པར་བྱའོ། །དེ་ནས་རྫིང་བུའི་ནང་ནས་མི་སེར་སྐྱ་བོ་ཞིག་བྱུང་སྟེ། རིག་སྔགས་འཆང་བ་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མདུན་ན་འདུག་སྟེ་རིག་སྔགས་འཆང་བ་ཅི་འདོད་ཅེས་སྨྲས་བར་འགྱུར་རོ། །རིག་སྔགས་འཆང་བས་བདག་ནི་ཁ་ཟས་ཀྱི་ཁ་ཟས་ཀྱི་ཆེད་དུ་ལགས་ཀྱིས་སྩལ་
དུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ནས་རིག་སྔགས་འཆག་བས་མི་དེ་ལ་ཤིས་པའི་ཚིག་བརྗོད་པར་བྱའོ། །དེ་ནས་མི་དེ་རྫིང་བུའི་ནང་དུ་ཞུགས་པ་དང་། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཁ་ཟས་དང་བཏུང་བའི་རོ་ཞིམ་པོ་རྣམ་པ་སྣ་ཚོགས་ཡོད་པར་བྱེད་ཅིང་རིག་སྔགས་འཆང་བ་ལ་
སྦྱིན་པར་བྱེད་དོ། །སྐྱེ་བོ་སྟོང་ཕྲག་བརྒྱའི་སྟོན་མོ་བྱར་ཡོད་ཅིང་ཡོ་བྱད་ཕུན་སུམ་ཚོགས་པ་ཤིན་ཏུ་མང་པོར་འགྱུར་རོ། །གལ་ཏེ་རིག་སྔགས་འཆང་བས་རྫིང་བུ་མེད་པར་མི་བྱེད་ན་རྫིང་བུ་དེ་དུས་རྟག་ཏུ་གནས་པར་འགྱུར། མི་སྣང་བར་མི་འགྱུར་ཏེ། སེམས་ཅན་ཐམས་ཅད་དང་
འགྲོན་པོ་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་ཀྱིས་བྲེལ་བ་མེད་པར་འབྱུང་བར་འགྱུར་རོ། །འོན་ཏེ་དོན་ཡོད་པ་སྣ་ཚོགས་བྱ་བར་འདོད་ན་རིག་སྔགས་འཆང་བ་དེས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་དྲི་ཆུས་ཁྲུས་བྱས་ལ་སྤྱི་གཙུག་བཅིང་བར་བྱའོ། །མི་སྨྲ་བར་དབྱུག་པ་ལ་ལན་

བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་བསྐོར་བར་བྱའོ། །དེ་ནས་འཁོར་དང་སྐྱེ་བོ་མང་པོ་འཁོར་ཞིང་རྨོངས་པར་འགྱུར་རོ། །དེ་ནས་དབྱུགས་པ་བསྐོར་བ་བྱས་ན་ཡིད་ལ་ཇི་ལྟར་སེམས་པའི་ངོ་བོ་དེ་བཞིན་དུ་ཐམས་ཅད་སྟོན་པར་བྱེད་དོ། །འབྲས་བུ་དང་མེ་ཏོག་གི་ཆར་འབེབས་སོ། །
སྒྱུ་མ་རྣམ་པ་སྣ་ཚོགས་སྟོན་པར་བྱེད་དོ། །དེ་ནས་རོ་ལངས་བསླང་བར་འདོད་ན་རིག་སྔགས་འཆང་བ་དེས་ལེགས་པར་ཁྲུས་བྱས་ཤིང་གོས་གསར་བ་བགོས་ཏེ། གཙང་མར་བྱས་ལ་དུར་ཁྲོད་དུ་སོང་སྟེ། དབྱུག་པ་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ལན་བདུན་བཟླས་བརྗོད་བྱས་ནས་
ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་བརྗོད་བྱེད་ཅིང་དུར་ཁྲོད་ཀྱི་ནང་དུ་བསྐོར་བ་བྱས་ན་དཔག་ཚད་ཚུན་ཆད་དུ་ཀུན་ཏུ་མཚམས་བཅད་པར་འགྱུར་རོ། །བགེགས་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོ་མ་རུངས་པ་ཐམས་ཅད་བཅིངས་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བས་
མི་རོ་བླངས་ཏེ་བཀྲུ་བར་བྱའོ། །བའི་རྣམ་ལྔས་སྦྱང་བར་བྱའོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱའོ། །སེང་ལྡེང་གི་ཕུར་པ་ཚད་སོར་བཅུ་གཉིས་པ་བཞི་གྲྭ་བཞིར་གཟུགས་པར་བྱའོ། །ཚོན་སྣ་ལྔའི་སྐུད་པས་དཀྱིལ་འཁོར་ཀུན་ཏུ་བསྐོར་བར་བྱའོ། །མི་རོ་རས་
དཀར་པོས་དཀྲི་བར་བྱས་ལ་དཀྱིལ་འཁོར་དབུས་སུ་གཞག་པར་བྱའོ། །མེ་ཏོག་གིས་གཏོར་བར་བྱའོ། །གཏོར་མ་དཀར་པོ་གཞག་པར་བྱའོ། །མཆོད་ཡོན་གྱི་ཆུ་གཞག་པར་བྱའོ། །གུ་གུལ་གྱི་བདུག་པ་སྦྱིན་པར་བྱའོ། །རིག་སྔགས་འཆང་བ་ཤར་ཕྱོགས་སུ་ཁ་བལྟས་
ཏེ་འདུག་ལ། དབྱུག་པ་ལག་པ་གཡས་པར་བཞག་སྟེ། རིག་པའི་རྒྱལ་པོ་གདོན་པར་བྱའོ། །ཁྲོ་བོའི་རྒྱལ་པོ་ལན་དྲུག་ཅུ་དྲན་པར་བྱའོ། །གཡས་པས་བྱབ་པར་བྱའོ། །ལག་པ་གཡས་པའི་དབྱུག་པས་བརྡབ་པ་བྱས་ན་མི་རོ་དེ་འགུལ་བར་འགྱུར། གཡོ་བར་འགྱུར།
ལངས་ཏེ་ཕྱོགས་བཅུར་ལྟ་བར་འགྱུར། རིག་སྔགས་འཆང་བས་དབྱུག་པ་དེ་སྤྱི་བོར་གཞག་པར་བྱས་ན། མི་རོ་དེ་ཚིག་སྨྲ་བར་འགྱུར་རོ། །རིག་སྔགས་འཆང་བས་གསང་སྔགས་དྲན་པར་བྱའོ། །ཡིད་ཀྱིས་བསམ་པར་བྱས་ན་མི་རོ་དེ་ཐམས་ཅད་སྨྲ་བར་འགྱུར་ཏེ། འདས་

པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་ན་འབྱུང་བ་སྨྲ་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བས་དབྱུག་པ་སྙིང་གར་གཞག་པར་བྱས་ན་ཁྲག་ཏུ་སྐྱུག་པར་འགྱུར། ཁྲག་དེས་ཐིག་ལེ་བྱས་ན་ཁྱིམ་ཐམས་ཅད་ལ་སྒོ་སྲུང་མེད་ཅིང་། སྒོ་ཐམས་ཅད་
གདངས་པར་འགྱུར་རོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་དབང་དུ་གྱུར་ཅིང་འདུག་གོ། །དབྱུག་པ་སྙིང་གར་བཙིར་ན་སྐྱུག་པར་འགྱུར་རོ། །རིག་སྔགས་འཆང་བས་བླངས་ཏེ་མཐའ་དག་བཟའ་བར་བྱའོ། །ཟོས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་
བར་འགྱུར་རོ། །འབྱུང་པོ་ཆེན་པོའི་བདག་པོ་དང་། དབང་ཕྱུག་ཆེན་པོ་འདྲ་བར་འགྱུར་རོ། །ལྷའི་ལོ་སྟོང་དུ་འཚོ་བར་འགྱུར་རོ། །ཨོཾ་ཞེས་བྱ་བས་དབྱུག་པས་བཅིར་ལ་བསྡིགས་པ་བྱས་ན་དེ་ནས་ལྕེ་འབྱིན་པར་འགྱུར་རོ། །རིག་སྔགས་འཆང་བས་བཅད་ལ་རིག་སྔགས་
འཆང་བས་བླང་བར་བྱའོ། །བླངས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རིག་སྔགས་འཆང་བ་རལ་གྲིའི་འཁོར་ལོས་སྒྱུར་ཡར་འགྱུར་རོ། །ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ། །རིག་སྔགས་འཆང་བ་བཅྭ་བརྒྱད་ཀྱི་འཁོར་གྱིས་བསྐོར་བར་འགྱུར་རོ། །དེ་
ནས་རིག་སྔགས་འཆང་བས་མི་རོའི་སྤྱི་བོར་དབྱུག་པས་བརྡ་བས་ན་སྒྲ་འབྱུང་བར་འགྱུར་ཞིང་ཤི་བའི་རོ་གཅིག་ཏུ་མཁྲེགས་པའི་གསེར་ཡིན་པས་བླང་བ་བྱས་ན་སྲང་གཅིག་གིས་ཟངས་སྲང་སྟོང་གསེར་དུ་འགྱུར་རོ། །དེ་དག་ནི་འཇིག་རྟེན་པ་སྒྲུབ་པའི་ཆོ་ག་ཡིན་ནོ།། །།དེ་ནས་བྱང་ཆུབ་
སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དག་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་བདག་གི་འཇིག་རྟེན་པའི་ཆོ་ག་ལགས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་
བཀའ་སྩལ་པ། སེམས་ཅན་ཆེན་པོ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར། འཇིག་རྟེན་ལས་འདས་པའི་ཆོ་ག་དམ་པ་གསང་བའི་སྙིང་པོ་དང་། དཀྱིལ་འཁོར་དང་བློ་བརྟན་པོ་འཇིགས་པ་མེད་པ་ཐོབ་པར་འགྱུར་བ་དང་། རིག་སྔགས་འཆང་ཐམས་ཅད་ཀྱི་

དམ་པ་སྒྲུབ་པར་བྱེད་པ་དེ་ཁོ་ན་ཉིད་གྲུབ་པར་འགྱུར་བ་དང་། བཀླགས་པ་དང་། དྲན་པ་ཙམ་དང་། སྒྲུབ་པར་བྱེད་པ་ཙམ་གྱིས་དེ་དག་ཐམས་ཅད་གྲུབ་པ་ཆེན་པོ་ཐོབ་པར་འགྱུར་བ་དང་། བསམ་པ་ཆེན་པོ་ཡོངས་སུ་རྫོགས་བར་གྲུབ་པར་འགྱུར་བ་དང་། མཆོག་
གྲུབ་པ་ཆེན་པོ་སོ་སོར་ཐོབ་པར་འགྱུར་བ་དང་། རིག་སྔགས་འཆང་བའི་འདོད་པར་གཏོགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྲུབ་པར་འགྱུར་བ་སྨོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་
ལྡན་འདས་ཀྱི་དྲུང་ནས་དབུགས་འབྱིན་པ་དང་། བསྒོ་བ་ཐོས་ནས་ཤིན་ཏུ་ཡིད་དགའ་བ་ཆེན་པོར་གྱུར་ཏེ། དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ།
བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རྒྱན་སྣ་ཚོགས་དང་། སྤུད་པ་རྣམ་པ་སྣ་ཚོགས་
ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་དང་བསྙེན་བཀུར་ཆེན་པོ་བྱས་ཏེ་མཆོད་ནས་འཁོར་གྱི་དཀྱིལ་འཁོར་མང་པོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དཀྱིལ་འཁོར་གྱི་ལྟར་གཏོགས་པ་དང་། གང་དག་རིག་འཛིན་གྲུབ་པ་དང་། གང་དག་ལྷ་དང་། ཀླུ་དང་།
གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གང་དག་དོན་ཡོད་པའི་ཞགས་པའི་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་དམ་ཚིག་ལ་རྗེས་སུ་ཞུགས་པ་དང་། གང་དག་རི་བོ་པོ་ཊ་ལ་ལ་གནས་པ་དེ་དག་ཐམས་
ཅད་ཀྱིས་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། རྒྱན་སྣ་ཚོགས་དང་། ཆས་དང་། སྤུད་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་ཏེ་ཡིད་དགའ་བར་གྱུར་ཏོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་སྟོང་ཕྲག་བརྒྱ་བསྐོར་བ་

བྱས་འཁོར་གྱི་དཀྱིལ་འཁོར་དེ་ལ་ཡང་མཆོད་པ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཏུད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མིག་མི་འཛུམས་པར་འདུག་སྟེ། བཅོམ་ལྡན་འདས་ལ་ཚིག་འཇམ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
བདག་ལ་མཆིས་པ་ནི་རྨད་དུ་བྱུང་བ་རྣམ་པར་ལྟ་བ་དོན་ཡོད་པའི་ཆོ་འཕྲུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་དེ་ཁོ་ན་ཉིད་རྣམ་པར་འཕྲུལ་པ་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་
དང་། དམ་ཚིག་ཆེན་པོའི་དཀྱིལ་འཁོར་དོན་ཡོད་པའི་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་དང་། འཇིག་རྟེན་ལས་འདས་པའི་བཀླག་པ་དང་། སྒྲུབ་པར་བྱེད་པ་གྲུབ་པ་མཆོག་ཏུ་གྱུར་པའི་སྙིང་པོ་དང་། འཇིག་རྟེན་ལས་འདས་པའི་མཆོག་སྒྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱིས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་ལགས་ཏེ། དེ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་གྲུབ་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དམྱལ་བ་དང་། ཡི་དགས་
ཀྱི་གནས་དང་། གཤིན་རྗེའི་འཇིག་རྟེན་སེལ་བ་སྔོན་གྱི་སྒྲིབ་པ་དང་། སྡིག་པ་མི་ཟད་པ་འཇོམས་པ་ངན་སོང་ཐམས་ཅད་སེལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ངེས་པར་སྲེག་པར་བྱེད་པ། ཡོངས་སུ་བསྒྲགས་པར་བགྱིའོ། །མཚམས་མེད་པ་ལྔ་
དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤོང་བ་དང་། དམ་པའི་ཆོས་སྤོང་བ་དང་། མཚམས་མེད་པ་ལ་གཞོལ་བ་དང་། འཕགས་པའི་དགེ་འདུན་ལ་འཁུ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་སྤོང་བར་བྱེད་པ་དེ་
དག་གིས་མཉན་པ་དང་། མཐོང་བ་ཙམ་དང་། སྡོམ་པ་ཙམ་དང་། ལན་ཅིག་འབད་པ་དང་། འཆད་པ་ཙམ་གྱིས་ཐམས་ཅད་བྱང་བར་འགྱུར་རོ། །ང་མཐོང་བ་ཙམ་གྱིས་ཐམས་ཅད་ཟད་པར་འགྱུར། བྱང་བར་འགྱུར་རོ། །རིམས་ཐམས་ཅད་དང་། ནད་ཐམས་ཅད་དང་། དྲི་

མ་དང་། སེར་སྣ་དང་ཕྲག་དོག་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྡུག་བསྔལ་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། ནད་དང་མྱ་ངན་
དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕུང་བར་བྱེད་པ་དང་། བརྡེག་པ་དང་། བསྡིགས་པ་དང་། གསོད་པ་དང་། གཡུལ་འགྱེད་པ་དང་། ཤགས་
འགྱེད་པ་དང་། བཙོན་དུ་འཛིན་པ་དང་། ལྕགས་སུ་འཇུག་པ་དང་། རྐུན་མ་དང་། ཟོལ་བ་དང་། མི་རྒོད་དང་། སེང་གེ་དང་། གླང་པོ་ཆེ་དང་། མ་ཧེ་དང་། ནད་ངན་པ་དང་། དམུ་ཆུ་དང་། ཤ་བཀྲ་དང་། མཛེ་དང་། འབྲུམ་བུ་དང་། གཡོན་ཅན་དང་། ཤུ་བ་དང་། ཤུ་བྲན་
དང་། གཡན་པ་དང་། ཀླད་པན་པ་དང་། གཞོགས་ཕྱེད་ན་བ་དང་། དོམ་དང་། དྲེད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྦྲུལ་མ་རུངས་པ་དང་། ཁ་གདུག་པ་དང་། སྦྲུལ་ནག་པོ་དང་། སྲོག་ཆགས་གོ་ན་དང་། དུག་
དང་བཅས་པའི་སྲོག་ཆགས་འཇིགས་པ་སྣ་ཚོགས་དང་བཅས་པ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་དང་། གཡང་ས་དང་། ཁྱིམ་རྡིབ་པ་དང་། གྲང་བ་དང་། རླུང་དང་། ཉི་ཚན་དང་། བྱི་བ་ཁ་གདུག་པའི་འཇིགས་པ་ཐམས་ཅད་ནི། བཀླགས་པ་དང་། ཁ་ཏོན་
བྱས་པ་དང་། མཐོང་བ་ཙམ་གྱིས་ཐམས་ཅད་རྣམ་པར་ཞིག་པར་འགྱུར། ཕུང་བར་འགྱུར། མོད་ལ་ཕྱེ་མར་བརླག་པར་འགྱུར་རོ། །ཡོངས་སུ་ཐར་བར་འགྱུར་བ་འདི་ལ་དོགས་པར་མི་བྱ། ཡིད་གཉིས་བསྐྱེད་པར་མི་བྱ། ཐེ་ཚོམ་མི་བྱ། སེམས་ཅན་གཉིས་སུ་འགྱུར་བ་བསྐྱེད་པར་མི་
བྱའོ། །བཅོམ་ལྡན་འདས་བདག་རྟག་ཏུ་མངོན་དུ་དྲན་པར་བགྱི་བ་དང་། རྟག་ཏུ་ཡིད་ལ་བྱེད་པའི་བློ་འབྱུང་བར་བགྱིའོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོའི་སྙིང་པོ་ཡང་དང་བཟླས་པར་བགྱིའོ། །རྨད་དུ་བྱུང་བ་རྣམ་པར་ལྟ་བ། དོན་ཡོད་པ་རྣམ་པར་

འཕྲུལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་གྲོལ་བའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་རྨད་དུ་བྱུང་བའི་ཆོ་འཕྲུལ་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས། དམ་ཚིག་ཆེན་པོའི་དཀྱིལ་འཁོར་དོན་ཡོད་པར་རྣམ་པར་ལྟ་བའི་ཞགས་པའི་སྙིང་
པོ་ནི་རྟག་ཏུ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་ཡིད་ལ་ཁ་ཏོན་དུ་བརྗོད་པར་བྱའོ། །རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་དྲན་པར་བསྒོམ་པར་བྱའོ། །དེ་དག་དྲན་པ་བསྒོམས་པ་ཙམ་དང་། དྲན་པ་ཙམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་
ཐོབ་པར་འགྱུར་རོ། །ཕྱིར་མི་ལྡོག་པ་ཞེས་བྱའོ། །ཕྱིར་མི་ལྡོག་པའི་གནས་ལ་རབ་ཏུ་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་དང་། ལུང་སྟོན་པ་དང་། བྱིན་གྱིས་རློབ་པར་འགྱུར་ན། ལྟ་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། འཕགས་
པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་མཐོང་སྟེ་ཕྱག་འཚལ་བ་དང་། མཆོད་པ་དང་། དྲན་པ་དང་། དུས་གསུམ་དུ་ཤིན་ཏུ་གསལ་བར་ཡིད་ལ་བྱེད་པ་དང་། མཆོད་ཅིང་ཕྱག་བྱེད་པ་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་དེ་ནི་ང་དང་འདྲ་བ་ཡིན་པར་རིག་པར་བྱའོ། །འཇིག་
རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་ལུས་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བས་དབང་བསྐུར་བ་ཡིན་པར་རིག་པར་བྱའོ། །གང་ཞིག་ལན་མང་དུ་ཤིན་ཏུ་ལྷག་པར་བྱེད་པ་
ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་རིག་པར་བྱའོ། །བདག་ཀྱང་དུས་ཐམས་ཅད་དུ་རྟག་ཏུ་རྗེས་སུ་དྲན་པར་བགྱིའོ། །དུས་ཐམས་ཅད་དུ་མཐོང་བ་སྦྱིན་པར་བགྱིའོ། །བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་
བགྱིའོ། །དེའི་ཚེ་བདག་གིས་སེམས་ཅན་ཐམས་ཅད་མྱུར་བ་མྱུར་བར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གཞག་པར་བགྱིའོ། །བཅོམ་ལྡན་འདས་བདག་ནི་གོ་ཆ་ཆེན་པོ་བརྟན་པར་ཁས་བླངས་པ་ལ་འཚོལ་བ་ལགས་པས་སེམས་ཅན་ཐམས་

ཅད་བསྒྲལ་བའི་ཕྱིར་རེ་བའི་མཆོག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
སེམས་ཅན་དག་པའི་མཆོག་ལེགས་སོ་ལེགས་སོ། །འདི་ནི་མཆོག་ཏུ་དཀོན་པ་སྟེ། འཇིག་རྟེན་ལས་འདས་པའི་ཆོ་ག་དེའི་མིང་འཛིན་པ་ཙམ་གྱིས་སེམས་ཅན་ཡོངས་སུ་གྲོལ་བར་འགྱུར་ན། ལྟ་བ་དང་། ཀློག་པ་དང་། སྒྲུབ་པ་དང་། སྨྱུང་བའི་ཆོ་ག་བྱེད་པ་དང་། སྡོམ་པ་ལ་གནས་
པ་ལྷ་སྨོས་ཀྱང་ཅི་དགོས། སེམས་ཅན་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སེམས་ཅན་དག་པ་དུས་ལ་བབ་པ་གང་ཡིན་པར་ཤེས་ན་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་
ཕྱུག་བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་བཞིན་འཛུམ་སྟེ། དོན་ཡོད་པ་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོ་སྨྲས་སོ། །དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་
ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པ་འཕགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་རྗེ་འཆང་བའི་དཀྱིལ་འཁོར་གྱི་ལྷ་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། དྲང་སྲོང་གི་ཚོགས་ཀྱི་མཆོག་ལ་ཕྱག་འཚལ་
ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏེ་པ་ཤ་ཧྲྀ་ད་ཡེ། ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ། ཙ་ར་ཙ་ར།
མ་ཧཱ་པདྨ་པདྨ་བྷུ་ཛེ། དྷ་ར་དྷ་ར། མ་ཧཱ་བཱ་ཤ་དྷ་རེ། བ་ར་བ་ར་བ་ར་ད། རཤྨི་ཤ་ཏ་ས་ཧ་སྲ། པྲ་ཏི་མཎྜི་ཏ། ཤ་རཱི་རེ། ཏ་ར་ཏ་ར། བི་བུ་ལ་ཏེ་ཛ་དྷ་རེ། བྷ་ར་བྷ་ར། ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། ཀ་ལ་ཀ་ལ། མ་ཧ་བྲཧྨ། བེ་ཥ་དྷ་རེ། མ་ལ་མ་ལ། སརྦ་བཱ་བ་ཨཱ་བ་ར་ཎ་མ་ལ་

ཀིལྦི་ཥ། ནཱ་ཤ་ནི། དྷུ་རུ་དྷུ་རུ། བོ་དྷི་ས་ཏྭ། པི་ཤུད་དྷེ་བྷུ་རུ་བྷུ་རུ། མ་ཧཱ་ས་ཏྭ། བད་ས་ལེ། ཡ་མ་བ་རུ་ཎི་ཀུ་བེ་ར་ནམ་སྐྲྀ་ཏེ། ཧུ་རུ་ཧུ་རུ་བྲཧྨ། བིཋྞུ། མ་ཧེ་ཤྭ་ར། ཀུ་མཱ་ར། ནན་དི་ཀེ་ཤྭ་ར། ཨཱི་ཤྭར། མ་ཧེ་ཤྭ་ར་དེ་བ་པྲ་ཏྲ། བདྡི་ཏ། བདྡི་ཏ། ན་མ་སྐྲྀ་ཏེ། བི་བི་དྷ་མ་ཎི་
མཽ་ལི་དྷ་རེ། ཨ་མི་ཏཱ་བྷཱ་ཛི་ན། མ་ཀུ་ཊ། དྷ་རེ། དི་བྱ། མ་ཎི་ཀ་ན་ཀ །བཛྲ་བཻ་ཌཱུརྱ། མ་ར་ཀ་ཏ། པདྨ་རཱ་ག །ཨིནྡྲ་ནཱི་ལ་དི་བྱ་མུ་ཀ་ཏི་ཀ །ཨ་ལཾ་ཀྲྀ་ཏ། ཤ་རཱི་ར། ཤྭེ་ཏ་ཡད་ཛྙོ་པ་བཱི་ཏ་དྷ་ར། ཛ་ཊ་མ་ཀུ་ཊ། མཎྜཱི་ཏ་ནཱ་མ། ཙནྡྲ་རཱ་ཛི་ཏ། པདྨ་དྷ་ར། པདྨ་ཨཱ་ས་ན།
པདྨ་བྷུ་ཛ། ཏྲི་ལོ་ཙ་ན། ཏྲི་ཤཱུ་ལ་དྷ་ར། བཱ་ཤ་དྷ་ར། སརྦ་ཏ་ཐཱ་ག་ཏ། ཨ་བྷི་ཥེ་ཀ་ཏ། ས་ར་ས་ར། སརྦ་པཱ་པ་པྲ་ཤ་མ་ན་ཀ་ར། མ་ཧཱ་ཀཱ་རུ་ཎི་ཀ །ཏུ་རུ་ཏུ་རུ། སརྦ་བ་ར་དཱ་ཡ་ཀ །བོ་དྷི་བོ་དྷི། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། བོ་དྷི་མཎྜ། ཨ་བ་ལོ་ཀི་ཏེ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མ་ཧཱ་
ཙིན་ཏཱ་མ་ཎི། དྷཱ་ར་བི་ཤྭ་རཱུ་པ། མ་ཧཱ་སཽ་མྱ་བ་ད་ན། མ་ཧཱ་ཀཱ་རུ་ཎི་ཀ །བུད་དྷ་བུད་དྷ། བོ་དྷ་ཡ་བོ་དྷ་ཡ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏ་གརྦྷེ། མ་ཧཱ་པུཎྱ། ཏེ་ཛ་དྷ་ར་པྲ་བར་སིད་དྷི་ཀ་ར་སརྦ་བྱཱ་དྷི་ཧ་ར། སརྦ་སཏྭཱ་ཡ་བར་སརྦ་དུཿཁ། པྲ་མོ་ཙ་ཀ །མ་ཧཱ་ཀཱ་རུ་ཎི་ཀ་ན་
མོ་སྟུ་ཏེ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་འདི་ནི་རྨད་དུ་བྱུང་བ་རྣམ་པར་ལྟ་བའི་ཞགས་པའི་སྙིང་པོའོ། །དོན་ཡོད་པའི་ཞགས་པའི་སྙིང་པོའོ། །རྣམ་པར་གྲོལ་བའི་དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་གཟུངས་ཀྱི་སྙིང་པོའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་
སྙིང་པོའོ། །གཟུགས་སྣ་ཚོགས་ཆེན་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་འཕྲུལ་པ། ཕྱག་སྟོང་མངའ་བ། དབུ་སྟོང་མངའ་བ། སྤྱན་སྟོང་གིས་རྣམ་པར་གཟིགས་པ། ཕྱག་བརྒྱ་སྟོང་གིས་བྱིན་གྱིས་བརླབས་པ། གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བཅུའི་བྱེ་མའི་རྡུལ་ཤིན་
ཏུ་ཕྲ་བ་དང་མཉམ་པའི་དམ་ཚིག་གི་དཀྱིལ་འཁོར་དུ་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསང་བ་ལ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་འཇུག་པ། བྱང་ཆུབ་ཀྱི་སྙིང་པོར་བགྲོད་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། ཆོས་ཀྱི་སྒྲོན་མེ་འབར་

བ། བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་ཀྱི་བདུད་འཇོམས་པ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་རྒྱལ་མཚན་སྒྲེང་བ། དམྱལ་བ་ཐམས་ཅད་སེལ་བ། ཆོ་ག་ཞིབ་མོ་ཐམས་ཅད་གྲུབ་པར་མཛད་པ། ཆོ་ག་སྒྲུབ་པ་ཐམས་ཅད་ཀྱི་མཆོག་ས་བཅུ་ཆེན་པོ་ལ་