Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
་དབང་དུ་གྱུར་ནས་ཇི་སྲིད་འཚོའི་བར་དུ་ཉེ་བར་འདུག་གོ། །འདོད་དགུར་སྒྱུར་བའི་གཟུགས་ཅན་མ་ལ་བདུགས་ན་འདོད་དགུར་སྒྱུར་བའི་གཟུགས་ཅན་མ་འོངས་ནས་
ཆུང་མར་བྱའོ་ཞེས་སྨྲ་ན་ཇི་སྲིད་འཚོའི་བར་དུ་ཡོ་བྱད་དང་། ལོངས་སྤྱོད་དུ་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་ལ་འདོད་པའི་ཡོན་ཏན་ལྔ་ལ་རྩེ་བས་དགའ་བར་འགྱུར་བ་དང་། རྣམ་ཐོས་ཀྱི་བུ་ལ་འགྲན་པར་འགྱུར་རོ། །དྲིལ་བུ་ལ་བདུགས་ནས་སྒྲ་དཀྲོལ་ན་འཇིགས་པ་ཐམས་ཅད་
ལས་ཐར་བར་འགྱུར་ལ། སྲུང་བ་ཆེན་པོ་བྱས་པར་འགྱུར་ཁྱིམ་གྱི་ནང་དུ་དཀྲོལ་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། བརྗེད་བྱེད་དང་། གྲིབ་གནོན་ཐམས་ཅད་བྱུང་ནས་ཕྱོགས་བཅུར་བྲོས་པར་འགྱུར་རོ། །ཨོྃ་ཨ་མོ་གྷ་པཱ་ཤ་པདྨ་ཨུཥྜཱིཨུཥྞི་ཥ།
ཏ་ར་ཏ་ར། ཨ་པ་ཏ་ར་ཏུ། བྷ་བ་ན་གཙྪ་ཏུ། སྭ་བྷཱ་བ་ན་ན། ཏུ་རུ་ཏུ་རུ། མ་ཧཱ་པདྨ་བྷུ་ཛེ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་ཏེ། །བདུག་སྤོས་གུ་གུལ་དང་། ཆུ་དང་ཡུངས་ཀར་བསྲེས་པ་ལ་ལན་བདུན་བཟླས་བརྗོད་བྱས་ན་ཐམས་ཅད་དུ་སླར་གཤེགས་

སུ་གསོལ་བའི་སྔགས་བྱས་པར་འགྱུར་རོ། །གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་དང་བསྒྲུབ་པའི་ཆོ་གའོ།། །།དེ་ནས་ལྷ་མོ་ཆེན་མོ་སྒྲོལ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལྷའི་མཆོད་པའི་སྤྲིན་ཆེན་པོས་མཆོད་དེ། ལན་གསུམ་བསྐོར་བ་བྱས་ནས་མགོ་བཏུད་དེ་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་རིག་སྔགས་ཆེན་པོ་འཇིག་རྟེན་དུ་ཆེར་བསྟན་ལགས་སོ། །གསང་བ་ཆེན་པོའི་དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དང་། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་
སྔགས་ཀྱི་རྒྱལ་པོ་ཆེན་པོའི་སྙིང་པོ་རིག་སྔགས་འཆང་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་གཞག་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཀྱང་དོན་ཡོད་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱི་
རྒྱལ་པོ་དེའི་སྙིང་པོ་དང་། ཆོ་ག་ཞིབ་མོ་དོན་ཡོད་པར་སྒྲོལ་བ་དྲི་མ་མེད་པ་པདྨ་གཙུག་ཏོར་གྱི་ཞགས་པ་ཞེས་བགྱི་བ་རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོ་བཤད་པར་བགྱི་སྟེ། རིག་སྔགས་འཆང་གང་གིས་དྲན་པ་ཙམ་གྱིས་བདག་བཀུག་ཅིང་གཡར་དྲངས་པར་འགྱུར། རིག་
སྔགས་འཆང་གི་རིག་སྔགས་སྒྲུབ་ཅིང་ཡོངས་སུ་སྤྱོད་པ་ལ་རིམ་གྲོ་བགྱི་བ་དང་། རིག་སྔགས་འཆང་སྒྲུབ་པའི་དངོས་གྲུབ་མཆོག་སྩོལ་བར་བགྱི་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་བསྐང་བར་བགྱི་བ་དེ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་
མང་པོ་འདུས་པའི་མངོན་སུམ་དུ་རིག་སྔགས་ཀྱི་རྒྱལ་པོ་བཤད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལྷ་མོ་སྒྲོལ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མོ་ཆེན་མོ་སྒྲོལ་མ་རང་གི་རིག་སྔགས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ངའི་བྱིན་གྱི་རླབས་ཀྱི་ཕྱག་

རྒྱས་བྱིན་གྱིས་བརླབས་ཀྱིས་ཤོད་ཅིག། དེ་ནས་ལྷ་མོ་ཆེན་མོ་སྒྲོལ་མ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོན་ཡོད་པར་སྒྲོལ་བ་དྲི་མ་མེད་པ་པདྨ་གཙུག་ཏོར་གྱི་ཞགས་པ་ཞེས་བྱ་བ་རིག་སྔགས་ཀྱི་སྙིང་པོ་སྨྲས་པ། ན་མཿསྟཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ་ཤཱཀྱ་རཱ་ཛཱ་ཡ་ཨ་དྷིཥྛཱ་ན་ན་
མ་སྐྲྀ་ཏཱ་ནཱཾ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མ་སྟཱ་རཱ་ཡཻ། མ་ཧཱ་དེ་བི། ཨོྃ་ཏྭ་ར་ཎི་ཏཱ་ར་ཎི་ཏཱ་རེ། པདྨ་བི་བྷཱུ་ཥི་ཏ་ཏཱ་རེ། མ་ཎི་ཀ་ན་ཀ་བི་ཙི་ཏྲི་ཏ་མཱ་ལ། ཛ་ཊ་མ་ཀུ་ཊ་ན་ན། དི་ཏ་པདྨེ། དྷུ་རུ་དྷུ་
རུ། པདྨ་པཱ་ཤ་བྷུ་ཛེ། ཨ་མོ་གྷ་པཱ་ཤ་ཧ་སྟེ། ཏཱ་ར་ཡ་བྷ་ག་བ་ཏི། མ་ཧཱ་སིད་དྷི་བ་ར་དེ། ཏུ་རུ་ཏུ་རུ། མ་ཧཱ་ཏཱ་ར་ཎི། བ་ར་དེ། སཱ་དྷ་ཡ་སཱ་དྷ་ཡ། སི་ད་དྷེ། ཨ་མོ་གྷ་བ་ར་དེ་སྭཱ་ཧཱ། ཨོྃ་ཨ་མོ་གྷ་པདྨི་ནི་ཏཱ་རེ་སྭཱ་ཧཱ། སྙིང་པོའོ། ཨོྃ་མ་ཎི་ཏཱ་རེ་ཧཱུྃ། ཉེ་བའི་སྙིང་པོའོ།
བཅོམ་ལྡན་འདས་འདི་ནི་བདག་གི་གསང་སྔགས་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱི་སྙིང་པོའི་ཞགས་པ་ཆོ་ག་ཞིབ་མོའི་རིག་སྔགས་འཆང་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། སེམས་ཅན་ཐམས་
ཅད་ལ་མཆོག་སྩལ་བ་རབ་ཏུ་སྩལ་བར་བགྱི་བའི་སླད་དུ་རྗེས་སུ་སྩལ་བ་ལགས་སོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་འདིའི་ཡོ་བྱད་དང་། ཆོ་ག་བཤད་པར་བགྱི་སྟེ། དུ་རུ་སྐ་དང་། གུ་གུལ་དང་། སྤྲྀ་ཀ་གཅིག་ཏུ་བགྱིས་ལ་གསང་སྔགས་ཀྱི་སྙིང་པོ་འདིས་
ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་བཅོམ་ལྡན་འདས་བདག་ལ་བདུགས་ན་བདུགས་པ་ཙམ་གྱི་མོད་ལ་བཅོམ་ལྡན་འདས་བདག་དགུག་པ་དང་། གཡར་དྲངས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་རིག་སྔགས་འདི་སྒྲུབ་པའི་ཚེ་རང་གི་གཟུགས་ཀྱིས་མདུན་ན་མཆིས་
ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་དངོས་གྲུབ་རྗེས་སུ་སྩལ་བར་བགྱི། བགེགས་དང་། ལོག་འདྲེན་ཐམས་ཅད་བཟློག་པར་བགྱི། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་བཟློག་པར་བགྱི། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་

འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱི། བསམ་པ་ཐམས་ཅད་ཡིད་བཞིན་དུ་རྫོགས་པར་བགྱི། མཆོག་སྩལ་བར་བགྱི། བདེ་ལེགས་དང་། དགེ་ལེགས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བཅོམ་ལྡན་འདས་མཆིས་ཉལ་བ་ན་བདུག་སྤོས་ཀྱི་རྒྱལ་པོ་འདིས་
བདག་ལ་བདུགས་ཤིང་། བདག་གི་སྙིང་པོ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་གསུམ་པོ་དེ་དག་ལན་ཉི་ཤུ་རྩ་གཅིག་བརྗོད་ན་བདུགས་པ་ཙམ་གྱི་མོད་དང་། དྲན་པ་ཙམ་གྱིས་བཅོམ་ལྡན་འདས་བདག་ཉིད་ཀྱི་ངོ་བོ་རང་གི་གཟུགས་ཡོངས་སུ་དག་པ་བསྟན་ཅིང་། མངོན་སུམ་དུ་མཆིས་
པར་བགྱི། མཆོག་ཐམས་ཅད་རྗེས་སུ་སྩལ་བར་བགྱི། བྱུང་བ་དང་འབྱུང་བའི་བཀའ་མཆིད་བགྱིའོ། །དྲན་པ་ཙམ་གྱི་མོད་ལ་དོན་ཡོད་པདྨ་གཙུག་ཏོར་གྱི་ཞགས་པའི་སྙིང་པོ་འདི་དྲན་པ་ཙམ་གྱིས། བཅོམ་ལྡན་འདས་བདག་རིག་སྔགས་འཆང་དེའི་མདུན་དུ་མཆིས་ཤིང་བསམ་
པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱི། སྡང་བ་དང་། སྡིག་པ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་སོ་སོར་བཟློག་པར་བགྱི། དངོས་གྲུབ་ཆེན་པོ་བསྒྲུབ་པ་རྗེས་སུ་སྩལ་བར་བགྱི། བཀྲ་ཤིས་ཀྱི་སྒྲ་ཐམས་ཅད་འབྱུང་བར་བགྱི། རིག་
སྔགས་ཀྱི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱི། ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བའི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱི། བསོད་ནམས་དྲན་པའི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱི། དུས་མ་ཡིན་པར་འཆི་བ་ཐམས་
ཅད་སོ་སོར་བཟློག་པར་བགྱི། སྡིག་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བགྱི། རྟག་ཏུ་རྗེས་སུ་འབྲང་བར་བགྱི། རྟག་ཏུ་རྒྱུན་མི་འཆད་པར་རིག་སྔགས་འཆང་གི་བགེགས་དང་ལོག་འདྲེན་ཐམས་ཅད་སོ་སོར་བཟློག་པར་བགྱི། ནད་ཐམས་ཅད་བསལ་བར་བགྱིའོ།
བཅོམ་ལྡན་འདས་རིག་སྔགས་འཆང་འགུམ་པའི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་བབ་པ་དེ། བཅོམ་ལྡན་འདས་བདག་གིས་རྟག་ཏུ་མངོན་སུམ་དུ་བསྟན་ཅིང་མདུན་ན་ཉེ་བར་མཆིས་པར་བགྱི། སངས་རྒྱས་ཡིད་ལ་བགྱིད་པ་ཤིན་ཏུ་དྲན་པས་དུས་ལས་འདའ་བར་བགྱིས་པ་དང་། ཇི་

ལྟར་སྦྲུལ་པགས་པ་བརྗེས་པ་བཞིན་དུ་ལུས་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་སྐལ་བ་དང་མཉམ་པར་པདྨ་དག་ལས་རྫུས་ཏེ་སྐྱེ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་
བཟུང་ཞིང་བྱིན་གྱིས་བརླབ་པར་འགྱུར། ལུས་རྡོ་རྗེར་འགྱུར། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆུད་པར་འགྱུར། ས་བཅུ་ལ་གནས་པར་ཡང་འགྱུར། ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་ཡང་འགྱུར། དགེ་
བའི་རྩ་བ་ཐམས་ཅད་བསྐྱེད་པར་ཡང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་སྟོན་པར་འགྱུར། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པར་འགྱུར། སྡིག་པ་དང་། སྒྲིབ་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བའི་དམ་ཚིག་རྟོགས་པ་དང་། གསང་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་དུ་འཚལ་བར་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལྷ་མོ་ཆེན་
མོ་སྒྲོལ་མ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷ་མོ་ཆེན་མོ་ལེགས་སོ་ལེགས་སོ། །རིག་སྔགས་ཀྱི་རྒྱལ་པོ་འདི་ཁྱོད་ཀྱིས་བཤད་པ་མཆོག་ཏུ་ལེགས་སོ། །ཆོ་ག་ཞིབ་མོ་འདི་ཡོངས་སུ་རྫོགས་པར་བྱ་བ་དང་། རིག་སྔགས་འཆང་དེ་ཡང་ཡོངས་སུ་བསྲུང་བའི་ཕྱིར་དང་།
ཡོངས་སུ་བསྐྱང་བའི་ཕྱིར་དང་། དངོས་གྲུབ་རབ་ཏུ་སྦྱིན་པའི་ཕྱིར་ཁྱོད་ཀྱིས་ཡོངས་སུ་བསྐྱང་བར་བྱའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་རྣམས་ཀྱི་
དབང་པོ་བརྒྱ་བྱིན་དང་། ཚོགས་ཀྱི་བདག་པོ་ནག་པོ་ཆེན་པོ་དང་། རིག་སྔགས་འཆང་དང་དཀྱིལ་འཁོར་ཀྱི་ལྷ་དུ་མ་དང་། ནོར་བུ་བཟང་པོའི་བུ་དང་། ལྔས་རྩེན་དང་། གར་མཁན་མཆོག་དང་། སྟོབས་ཅན་དང་། སྟོབས་པོ་ཆེ་དང་། ལྗང་སྔོ་དང་། དུང་ཅན་དང་། དེ་བཞིན་

དུ་འཇིགས་བྱེད་དང་། དབྱངས་ལྡན་མ་དང་། དཔེ་མེད་མ་དང་། ལྷ་མོ་ཆེན་མོ་དཔལ་དང་། རལ་པ་གཅིག་མ་དང་། མེ་ཏོག་ཚེམས་ཏེ་ཐམས་ཅད་འདུས་ནས་མཐུན་པར་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་
ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་ཕྱི་མའི་དུས་ཕྱི་མའི་ཚེ་རིག་སྔགས་འཆང་དེ་དང་། རིག་སྔགས་སྨྲ་བ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་
སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོ་གང་ཞིག་དོན་ཡོད་པའི་ཞགས་པ་གཙུག་ཏོར་འདི་སྒྲུབ་པར་བགྱིད་དམ། ཀློག་པར་བགྱིད་དམ། འདོན་ནམ། ཐ་ན་མིང་ཙམ་ཡང་འཛིན་པར་བགྱིད་ན། བཅོམ་
ལྡན་འདས་དེ་ལ་བདག་ཅག་ཀུན་ནས་མཐུན་པར་རྟག་ཏུ་རྗེས་སུ་འབྲང་ཞིང་བསྲུང་བར་བགྱི། ཡོངས་སུ་བསྐྱང་པར་བགྱི། གཟི་བརྗིད་གཞུག་པར་བགྱི། དངོས་གྲུབ་ཆེན་པོའི་བསམ་པ་ཡོངས་སུ་རྫོགས་པར་བགྱི། བསམ་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་རྫོགས་པར་བགྱི།
ཉེས་པར་བགྱིས་པ་ཐམས་ཅད་སོ་སོར་བཟློག་པར་བགྱི། སྡིག་པ་དང་། སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱང་བར་བགྱི། བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གྲོགས་པོ་དག་ལེགས་སོ་ལེགས་སོ། །ཁྱོད་
ཀྱིས་བྱ་བ་དེ་ལྟར་ཡིན་ཏེ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་ངས་གཏམས་ཤིང་ཡོངས་སུ་གཏང་ངོ་ཞེས་བཀའ་སྩལ་ཏོ། །དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རྡོ་རྗེ་ཆེན་པོའི་སྙིང་པོ་གསང་བ་རྫོགས་སོ།། །།རྣམ་པར་ཐར་པ་ཆེན་པོའི་དཀྱིལ་འཁོར་གྱི་སྙིང་པོ་གསང་བ་བསྟན་
པ་བཀླགས་པས་གྲུབ་པ་ཆོ་ག་ཞིབ་མོ་རྒྱས་པ་མཆོག་ཏུ་གསང་བ་མཐའ་དག་རྫོགས་པ་ཡོངས་སུ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་མིག་

མི་འཛུམས་པར་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་ལ་པདྨ་ཡངས་པའི་དཀྱིལ་འཁོར་པདྨའི་རིགས་ཀྱི་སྙིང་པོར་གྱུར་པ་གསང་བ་དེ་ཁོ་ན་ཉིད་བསྟན་པ་མཆིས་ཏེ། རྣམ་པར་ཐར་པའི་
དཀྱིལ་འཁོར་གྱི་གསང་བའི་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོའི་རྒྱལ་པོ་རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ངོ་བོ་ཐ་དད་པ་དང་། ཕྱག་རྒྱ་ཐ་དད་པར་དང་། སྔགས་ཐ་དད་པ་དང་། དཀྱིལ་འཁོར་དང་། གཟུགས་བྲི་བ་ཡོངས་སུ་བསྒྲགས་པར་བགྱི།
སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་སླད་དུ། རིག་སྔགས་འཆང་བ་རྣམས་ཀྱི་དེ་ཁོ་ནར་གྱུར་པ་ནི་འདི་ལགས་ཏེ། རིག་སྔགས་འཆང་བ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་པདྨ་ཡངས་པའི་དམ་ཚིག་དོན་ཡོད་པའི་ཞགས་པ་བསྒྲུབ་པའི་ཆོ་ག་རྗེས་སུ་སྩལ་བར་བགྱི་ན་
བཅོམ་ལྡན་འདས་དེ་བདག་ལ་གནང་བར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། ནོར་བུའི་རིགས་དང་། རྡོ་རྗེའི་རིགས་དང་། སྤྱིའི་དམ་ཚིག་འགྲུབ་པར་
འགྱུར། སྤྱིའི་བྱིན་གྱིས་བརླབས་དང་། རིག་སྔགས་ཀྱི་རྒྱལ་པོའི་དཀྱིལ་འཁོར་དང་། གཟུགས་བྲི་བ་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ལ་རྗེས་སུ་འཇུག་པར་འགྱུར། ཆོ་ག་ཞིབ་མོ་སྒྲུབ་པ་ཐམས་ཅད་ཀྱི་དངོས་གྲུབ་དེ་ཁོ་ན་ཉིད་དུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
སངས་རྒྱས་ཀྱི་ཞིང་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་བྱིན་གྱིས་བརླབས་ཀྱི་དེ་ཁོ་ན་ཉིད་དུ་འགྱུར་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་དོན་ཡོད་པའི་ཞགས་པའི་དམ་ཚིག་རྣམ་པར་ཐར་པ་ཆེན་པོའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་

དམ་ཚིག་དཀྱིལ་འཁོར་ཆེན་པོ་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ཆོ་ག་ཞིབ་མོ་དེའི་དུས་ལ་བབ་པར་ཤེས་ན་ཤོད་ཅིག །ངས་བྱིན་གྱིས་བརླབས་ཤིང་རྗེས་སུ་ཡི་རང་ལ་ཕྱག་རྒྱ་ཆེན་པོས་བཏབ་ནས་བྱིན་གྱིས་བརླབས་སོ། སྔོན་གྱི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་
མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། དམ་ཚིག་ཆེན་པོར་བྱིན་
གྱིས་བརླབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞིན་འཛུམ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣམ་པར་ཐར་པའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ་བཀོད་པ། དོན་ཡོད་པ་མཐོང་བའི་
ཏིང་ངེ་འཛིན་མངོན་དུ་བྱས་ནས་ཏིང་ངེ་འཛིན་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཟེར་གྱིས་སྣང་བར་བྱས། ལྷའི་གནས་ཐམས་ཅད་སྣང་བར་བྱས། ཀླུའི་གནས་ཐམས་ཅད་སྣང་བར་བྱས། གནོད་སྦྱིན་དང་སྲིན་པོའི་
གནས་ཐམས་ཅད་སྣང་བར་བྱས། འབྱུང་པོའི་གནས་ཐམས་ཅད་སྣང་བར་བྱས། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་ཐམས་ཅད་སྣང་བར་བྱས། སའི་འོག་ཏུ་གཏོགས་པ་འོག་ན་གནས་པ་ཐམས་ཅད་སྣང་བར་བྱས།
བར་སྣང་གི་གནས་ནམ་མཁའ་ལ་རྒྱུ་བའི་ལྷ་རྣམས་སྣང་བར་བྱས་ཤིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ནས་གཡོ་བ་ཆེན་པོར་གྱུར་པ་དང་། གཡོ་བའི་མཐུ་དེས་དེ་དག་ཐམས་ཅད་བསྐུལ་བར་གྱུར་ཏོ། །བསྐུལ་བ་ཙམ་གྱི་མོད་ཉིད་ལ། དེ་དག་ཐམས་ཅད་
ལྷགས་ཏེ། རི་གྲུ་འཛིན་ན་འཁོར་མང་པོ་འདུས་པར་མཐུན་པར་ལྷགས་ནས་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་མང་པོ་འདུས་པར་མཁྱེན་ནས་དོན་ཡོད་པའི་ཞགས་པའི་ཆ་བྱད་དུ་ཞུགས་ཤིང་

བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། འདི་ལྟར་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་དུ་རིགས་སྤྱིའི་དམ་ཚིག་གི་ཚུལ་དུ་ཞུགས་ལ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཞིང་། རྒྱལ་བ་འོད་དཔག་མེད་ཐོར་ཚུགས་སུ་ཐོགས་པ།
ཚངས་པའི་གཟུགས་ཅན་ཕྱག་བཅོ་བརྒྱད་པ་རང་གི་ངོ་བོ་ཞགས་པ་ཐོགས་པ། ཐལ་མོ་སྦྱར་བ། སྐུ་ཕྱེད་ན་ཕྱག་གཡོན་པ་བརྟེན་པ། མདུང་རྩེ་གསུམ་པ་བསྣམས་པ། རིལ་བ་སྤྱི་བླུགས་དང་། བགྲང་ཕྲེང་བསྣམས་པ། པདྨ་བསྣམས་པ། པདྨའི་ཕྱག་རྒྱ་བསྣམས་
པ། ཡིད་བཞིན་གྱི་ནོར་བུ་དང་། རྒྱལ་མཚན་བསྣམས་པ། མེ་ཏོག་གི་ཕུར་མ་དང་། བཱི་ཛ་པཱུ་ར་བསྣམས་པ། དབུགས་འབྱིན་པར་མཛད་པ། རིན་པོ་ཆེའི་ཆར་འབེབས་པར་མཛད་པ། ཐལ་མོ་སྦྱར་བའི་ཕྱག་རྒྱ་མཛད་པ། སྤྱི་བོར་ཕྱག་རྒྱ་མཛད་པ། དམ་
ཚིག་གི་ཕྱག་རྒྱ་མཛད་པ། པདྨ་ཡངས་པའི་ཕྱག་རྒྱ་མཛད་པ། རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་མཛད་པ། དེ་བཞིན་གཤེགས་པ་དང་། ནོར་བུའི་ཕྱག་རྒྱ་མཛད་པ། གཟུགས་ཞི་བ། སྤྱན་གསུམ་པ། མཆོད་ཕྱིར་ཐོགས་པ། གདན་པདྨ། སྐུ་འོད་
ཟེར་སྣ་ཚོགས་འབར་བ། སྒྲོལ་མ་བདུན་རྗེས་སུ་འབྲང་བ། ཕ་རོལ་ཏུ་ཕྱིན་པ་བཅུས་བསྐོར་བ། བརྒྱ་བྱིན་དང་། ཚངས་པ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོས་བསྐོར་བ། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ལྷའི་བུ་དང་།
སྲེད་མེད་ཀྱི་བུ་དང་། དབང་ཆེན་དང་། རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་འཁོད་ནས་མིག་མི་འཛུམས་ཤིང་བཞིན་འཛུམ་པས། མེ་ཏོག་སྣ་ཚོགས་པ་རྣམས་བཅོམ་ལྡན་འདས་ལ་འཐོར་ཏེ།
འདི་ལྟ་སྟེ། མེ་ཏོག་ཤྭ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། ཨ་ཏི་མུག་ཏ་ཀ་དང་། ཤོ་ཀཱ་བར་ཏ་ཤ་དང་། ཁ་བྱེ་འཁྱིལ་པ་དང་། གན་དྷ་ར་ཥི་ཀ་དང་། མཐོན་ཀ་དང་། མཐོན་ཀ་ཆེན་པོ་དང་། ཀ་དམ་པ་དང་། མདོག་མཛེས་པ་དང་།

སུ་མ་ནྱ་ཀ་དང་། སྐུ་སྣར་དང་། ཆེར་གསལ་བ་དང་། དྲི་མེད་གཟི་བརྗིད་དང་། དྲི་དགའ་དང་། རབ་སིམ་དང་། པ་ལཱ་ཤ་དང་། ཟ་བ་དང་། མ་རཎྜ་ཀ་དང་། གཟི་བརྗིད་བསིལ་དང་། དྲི་མེད་དང་། གཟི་ཡངས་ལྡན་དང་། ཤིན་ཏུ་བསྟན་དང་། ལྷ་དགའ་
དང་། ཡིད་དགའ་དང་། ཡུ་ཐི་ཀ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་དང་། ཨུཏྤ་ལ་དམར་པོ་དང་། ཏ་ར་ཎ་གུ་ཧྱ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་
པ་ནི་མངོན་སུམ་དུ་རྣམ་པར་ཐར་པའི་དཀྱིལ་འཁོར་གསང་བ་དོན་ཡོད་པའི་རྒྱལ་པོ་འདི་སྨྲས་སོ། །དུས་གསུམ་དུ་གཤེགས་ཤིང་བཞུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིགས་ཀྱི་
དམ་ཚིག་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པ་རྣམ་པར་ཐར་བའི་དཀྱིལ་འཁོར་ཀྱི་རིགས་དང་། ཕྱག་རྒྱ་ཐམས་ཅད་ལ་ཕྱག་འཚལ་ལོ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་དང་། ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་
ཕྱག་འཚལ་ལོ། །ཡང་དག་པར་རྟོགས་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་འཕགས་པའི་ཚོགས་
ཀྱི་མཆོག་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་
ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དྲང་སྲོང་ཆེན་པོ་དེ་དག་དང་། འཕགས་པའི་ཚོགས་ཀྱི་མཆོག་དེ་དག་ལ་ཕྱག་འཚལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་བྱུང་བ། དོན་ཡོད་པའི་རྒྱལ་པོ་རྣམ་

པར་ཐར་པའི་དཀྱིལ་འཁོར་གྱི་སྙིང་པོ་དེ་བཞིན་གཤེགས་པས་མངོན་སུམ་དུ་གསུངས་པ་འདི་འཁོར་མང་པོའི་ནང་དུ་བདག་གིས་ད་བཟླས་ཀྱིས། བདག་གི་དགོས་པ་ཐམས་ཅད་གྲུབ་པར་གྱུར་ཅིག། འཇིགས་པ་ཐམས་ཅད་དུ་སྲུང་བར་གྱུར་ཅིག། །།
ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀཱ། བི་རི་བི་རི། པི་རི་པི་རི། ཙི་རི་ཙི་རི། པ་ར་མ་མ་ཧཱ་ཀཱ་རུ་ཎི་ཀཱ། སི་རི་སི་རི། ཙི་རི་ཙི་རི། པི་རི་པི་རི། བི་རི་བི་རི། མ་ཧཱ་པདྨ་ཧ་སྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུད་དྷ། ས་ཏྭ། ཨེཧྱེ་ཧི་
བུད་དྷྱ་བུད་དྷྱ། དྷཱ་བ་དྷཱ་བ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ། སཉྩ་ལ། བི་ཙ་ལ། བི་ཙ་ལ། ཨེ་ཊ་ཊ། ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་
ཎི་ཀཱ། མ་ཧཱ་པ་ཤུ་པ་ཏི། བེ་ཥ་དྷ་ར། དྷ་ར་དྷ་ར། ས་ར་ས་ར། ཙ་ར་ཙ་ར། ཧ་ར་ཧ་ར། ཧཱ་ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི་ཧཱི། ཧཱུ་ཧཱུ་ཧཱུ་ཧཱུ། ཨོྃ་ཀཱ་ར་བྲཧྨ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། པ་ར་པ་ར། ཙ་ར་ཙ་ར། བྷ་ར་བྷ་ར། རཤྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་
ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷ་ཏ་བཱ་ན། སཽ་མ་ཨཱ་དི་ཏྱ། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨ། ཨིནྡྲ། རི་ཥི། དེ་བ་ག་ཎ། ཨ་བྷྱརྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། པུ་རུ་པུ་རུ། མུ་རུ་མུ་རུ། ས་ནད་ཀུ་མཱ་ར། རུ་དྲ་བཱ་ས་བ། བིཋྞུ། དྷ་ན་དཱ། བཱ་ཡུ། དེ་བ་རྀ་ཥི་ནཱ་ཡ་ཀ།
བི་ནཱ་ཡ་ཀ། བ་ཧུ་བི་བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། མ་ར་མ་ར། པ་ར་པ་ར། ཙ་ར་ཙ་ར། བ་ར་བ་ར། བ་ར་དཱ་ཡ་ཀ། ས་མནྟ་ཨ་བ་ལོ་ཀི་ཏེ། བི་ལོ་ཀི་ཏེ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མུ་ཧུ་
མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ།། །།བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ཡམས་ཀྱི་ནད་ཐམས་ཅད་དང་། གདོན་

ཐམས་ཅད་དང་། ནད་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསོལ། གནོད་པ་དང་། འཆིང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། གནོད་བྱེད་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ལས་ཡོངས་སུ་ཐར་
བར་མཛད་པ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཨིནྡྲི་ཡ། བ་ལ་བོ་དྷྱང་ག། མཱརྒ་ཀ། ཙ་ཏུ་རཱ་རྱ་སཏྱ། སམ་པྲ་ཀཱ་ཤ་ཀ། ཏ་མ་ཏ་མ། ད་མ་ད་མ། ཤ་མ་ཤ་མ། ས་མ་ས་མ། མ་ཧཱ་ཏ་མོ྅ནྡྷ་ཀཱ་ར། བི་དྷ་མན། ཥ་ཊ་པཱ་ར་མི་ཏཱ། པ་རི་པཱུ་ར་ཀ །
མི་ལི་མི་ལི། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ནེ་ཡ་ཙ་ར་མ་ཀྲི་ཊ། པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་མ་ཧེ་ཤྭ་ར། མ་ཧཱ་ཏ་བྷུ་ཏ། ག་ན་བྷཉྫ་ཀ། ཀུ་རུ་ཀུ་རུ། པ་ར་པ་ར། ཀ་ཊ་ཀ་ཊ། མ་ཊ་མ་ཊ། བི་ཤུད་དྷ། བི་ཥ་ཡ། ནི་བཱ་
ས་ནི། མ་ཧཱ་ཀཱ་རུ་ཎི་ཀཱ། ཤྭེ་ཏ་ཡཛྙོ་པ་བཱི་ཏ་ཡ། རཏྣ་མ་ཀུ་ཊ། མཱ་ལཱ་དྷ་ར། སརྦ་ཛྙཱ་ཤི་ར་སི་ཀྲྀ་ཏ། ཛ་ཊཱ་མ་ཀུ་ཊ་མ་ཧཱ་ཏ་བྷུ་ཏ། ཀ་མ་ལ་ཀྲྀ་ཏ། ཀ་ར་ཏ་ལ་དྷྱཱ་ན་ས་མཱ་དྷི། བི་མོ་ཀྵ། ཨ་པྲ་ཀམ་པྱ། བ་ཧུ་ས་ཏྭ། སནྟ་ཏི། པ་རི་པཱ་ཙ་ཀ་མ་ཧཱ་ཀཱ་རུ་ཎི་ཀཱ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཀ།
སརྦ་བྱཱ་དྷི་པ་རི་མོ་ཙ་ཀ། སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀ། སརྦ་ས་ཏྭ། ས་མཱ་ཤྭཱ་ས་ན་ཀ་ར། ན་མོ་སྟུ་ཏེ་སྭཱ་ཧཱ། ཨོྃ་བྲཧྨ། བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ས་མནྟ། ཛྭ་ལ་ཨ་མོ་གྷ་ཧཱུྃ། དོན་ཡོད་པའི་སྙིང་པོ། ཨ་ཡི་གེ་གཅིག་པོ་ནི་ཀུན་ནས་གསང་བ་དེ་བཞིན་གཤེགས་
པའི་རིགས་ཀྱི་དམ་ཚིག་དང་། པདྨ་ཡངས་པའི་དཀྱིལ་འཁོར་དུ་ཞུགས་པ་རིགས་ཐམས་ཅད་ཀྱི་སྤྱིའི་ཡིན་ཏེ། བཀླགས་པས་གྲུབ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིང་པོ་ཡི་གེ་གཅིག་པོ་ཀུན་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བ་སྤྱིའི་རྣམ་པར་ཐར་པའི་དཀྱིལ་འཁོར་སྨྲས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་ལྷའི་མེ་ཏོག་གི་ཆར་རབ་ཏུ་བབ་ལ། ཀུན་ནས་རིན་པོ་ཆེའི་ཆར་རབ་ཏུ་བབ་བོ། །དེ་བཞིན་

གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་སྟོང་ཀུན་ནས་གཤེགས་ནས་ནམ་མཁའི་དཀྱིལ་ལ་རྫུ་འཕྲུལ་གྱིས་བཞུགས་སོ། །དོན་ཡོད་པའི་རིམ་པར་ཕྱེ་བའི་སྤྲིན་ལྷའི་རིན་པོ་ཆེ་སྣ་བདུན་ཕབ་ལ་འབབ་པས་ཁེབས་པ་དང་། ལྷའི་རིན་པོ་ཆེ་སྣ་བདུན་
གྱི་མེ་ཏོག་རྣམས་དང་། ལྷའི་རྒྱན་དང་། གོས་སྣ་ཚོགས་པའི་ཆར་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དོན་ཡོད་པའི་རྒྱལ་པོའི་ཚུལ་དུ་ཞུགས་པ་ལ་མཆོད་པ་དང་། བཀུར་སྟི་བྱ་བའི་ཕྱིར་རབ་ཏུ་ཕབ་བོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་
ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་པར་མཛད་དེ། སེམས་དག་པ་ཆེན་པོ་ཁྱོད་ཀྱིས་སངས་རྒྱས་འབྱུང་བ་མཆོག་བསྟན་པ་ལེགས་སོ་ལེགས་སོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། རིག་སྔགས་ཀྱི་གནས་
རིམ་པར་ཕྱེ་བ་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། ཡི་གེ་གཅིག་པའི་རྗེས་སུ་ཞུགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཉི་མ་གཅིག་ཤར་བ་ཡིན་ནོ། །གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་ཀྱི་སངས་རྒྱས་འབྱུང་བ་རྫོགས་པར་སངས་རྒྱས་འབྱུང་བ་གཅིག་གིས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་ཞིང་། སྙིང་པོ་ཡི་གེ་གཅིག་གིས་རྗེས་སུ་ཞུགས་པ་ཡིན་ལ་ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་།
དམ་ཚིག་གཅིག་གིས་རྗེས་སུ་ཞུགས་པ་ཡིན་ནོ། དོན་ཡོད་པའི་རྣམ་པར་འཕྲུལ་པ་རྣམ་པར་ཐར་པའི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་བ་བཟང་པོ་འདི་ནི་དོན་ཡོད་པའི་གསང་སྔགས་ཀྱི་ཞགས་པས་དྲངས་ཤིང་སྐུ་གཅིག་གི་དམ་ཚིག་ལ་བཀོད་པ་ཡིན་ཏེ། དེ་
ནས་དོན་ཡོད་པའི་ཞགས་པ་ཞེས་བྱ་བར་བྱིན་གྱིས་བརླབས་སོ། སྙིང་པོ་ཡི་གེ་གཅིག་པའི་གཟུངས་སྔགས་ནི་རྟག་ཏུ་བཀླགས་པས་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་

ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ལེགས་སོ་ལེགས་སོ། །དེ་ཁོ་ན་ཉིད་བསྒྲུབ་པ་གྲུབ་པ། དེ་བཞིན་གཤེགས་པའི་རིགས་སྤྱིའི་དམ་ཚིག་ཐམས་ཅད་གྲུབ་པ། དོན་
ཡོད་པའི་ཞགས་པའི་སྙིང་པོ་བསྒྲུབ་པ་བཀླགས་པས་འགྲུབ་པ་འདི་ནི་མཆོག་ཏུ་བཟང་བ་ཡིན་གྱིས་ཡོན་ཏན་གྱི་ཕུང་པོ་ཤོད་ཅིག །སྙིང་པོ་ཡི་གེ་འདི་ནི་དོན་ཡོད་པའི་ཞགས་པ་སྒྲུབ་པའི་ཆོ་ག་བསྒྲུབ་པ་བདེ་བ། བཀླགས་པས་གྲུབ་པ་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། སྐུ་
གཟུགས་རི་མོ་དང་བཅས་པ་བསྒྲུབ་པའི་ཆོ་ག་བླ་ན་མེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པ་པདྨ་ཡངས་
པའི་དཀྱིལ་འཁོར་དང་། པདྨའི་རིགས་ཀྱི་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། དེ་ཁོ་ན་ཉིད་ཀྱི་དམ་ཚིག་གསང་བ་ཆེན་པོ་དང་། རིགས་སྤྱིའི་སྒྲུབ་པ་བཀླགས་པས་འགྲུབ་པ་འདིའི་ཡོ་བྱད་དང་། ཆོ་ག་བཤད་པར་བགྱི་ཡིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་
ཏུ་གསོལ། བཅོམ་ལྡན་འདས་གང་གིས་དྲན་པ་ཙམ་གྱིས་བདག་མདུན་ན་ཉེ་བར་མཆིས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱི། རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་རྗེས་སུ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ། །དེ་ལྟར་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་ཞིང་། རིག་སྔགས་འཆང་རྣམས་ཀྱི་དངོས་གྲུབ་དམ་པ་མཆོག་དེ་ཁྱོད་ཀྱིས་རབ་ཏུ་སྦྱིན་པར་གྱིས་ཤིག། །དོན་ཡོད་པའི་ཞགས་པའི་སྙིང་པོ་གསང་བའི་དམ་
ཚིག་དང་། ཡི་གེ་གཅིག་པོ་རིགས་སྤྱིའི་རྗེས་སུ་ཞུགས་པས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཀྱིས་ཡོ་བྱད་དང་། སྒྲུབ་པའི་ཆོ་ག་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་

འདས་ཀྱིས་དབུགས་ཕྱུང་བ་དག་ཐོས་ནས། སྙིང་ཤིན་ཏུ་དགའ་སྟེ། ཡོ་བྱད་དང་། ཆོ་ག་སྨྲས་པ། བཅོམ་ལྡན་འདས་ཀྱིས་མངོན་སུམ་ཉིད་དུ་སྡིག་པ་བསྲེག་ཅིང་མ་ལུས་པར་ཟད་པར་བགྱིད་པ། སེམས་ཅན་དམྱལ་བ་རྩ་བ་ནས་འབྱིན་པའི་དཀྱིལ་འཁོར་
གྱི་ཆོ་ག་སྨྲས་པ། དཀྱིལ་འཁོར་གྲུ་བཞིར་བྱས་ནས་སུ། །དབུས་སུ་པདྨའི་འཁོར་ལོ་བྱ། །ཚོན་རྩི་སྣ་ཚོགས་རྣམ་པར་དབྱེ། །པདྨ་ཟེ་བའི་དབུས་སུ་ནི། །སྤྱན་རས་གཟིགས་དབང་བཞུགས་པར་བྱ། །བུམ་པ་བཀང་དང་འཕན་རྣམས་ཀྱིས། །དཀྱིལ་འཁོར་ཀུན་ནས་བརྒྱན་པར་བྱ། །
མེ་ཏོག་སྣ་ཚོགས་ལེགས་པར་དགྲམ། །སྤོས་དྲི་བཟང་པོས་བསྒོས་པ་ཡི། །མར་མེའི་ཕྲེང་བ་ཀུན་ཏུ་བྱེད། །མཆོད་ཡོན་ཆུ་དག་གཞག་པར་བྱ། །གུ་གུལ་དང་ནི་ས་ལ་ལ་ཀི། །ཨ་ག་རུ་དང་དུ་རུ་སྐ། །བདུག་སྤོས་སྣོད་བཞི་དག་ནས་བདུག །རིག་སྔགས་འཆང་བ་ཁྲུས་བྱས་
ནས། །གོས་གཙང་བགོས་ཏེ་སྨྱུང་བ་ལ། །ཉེ་བར་གནས་ནས་ཚེས་བརྒྱད་དམ། །བཅུ་བཞིའམ་ཚེས་ནི་བཅྭ་ལྔ་སྟེ། །ཟླ་བ་ཡར་གྱི་ངོ་ལ་བསྒྲུབ། །ཤར་དུ་ཁ་བལྟས་འདུག་ནས་སུ། །དོན་ཡོད་ཞགས་པ་དུས་གསུམ་དུ། །ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ། །སྙིང་པོའམ་བརྒྱ་
རྩ་བརྒྱད་དུ་བཟླས། །ཡི་གེ་གཅིག་པོ་འབུམ་དུ་ནི། །མཚན་མོ་བར་ཆད་མེད་པར་བཟླས། །སྐྱ་རེངས་ཤར་ནས་འཇིག་རྟེན་དབང་། །ཟེ་བའི་དབུས་ན་འབར་འགྱུར་ཞིང་། །འབུལ་འགྱུར་འགུལ་བ་དེ་ཡིས་ནི། །དམྱལ་བ་ཆེན་པོ་བཅུ་དྲུག་གི། །སྒོ་རྣམས་དག་ནི་བྱེ་བར་འགྱུར། །
དམྱལ་བའི་གནས་ནས་ཤུགས་ཆེན་གྱིས། །གཡོ་ལ་གཡོས་པ་ཙམ་དེས་ནི། །དམྱལ་བའི་ཚོར་ཀུན་རྣམ་པར་འཇིག །དམྱལ་བ་དེ་ཡང་རྣམ་པར་འཇོམས། །སེམས་ཅན་དམྱལ་བ་དེ་དག་ནི། །ཐར་ནས་ཕྱོགས་བཅུར་བརྒྱུག་པ་ཡི། །དམྱལ་བའི་སྡུག་བསྔལ་
ཀུན་ལས་གྲོལ། །མཐོ་རིས་ལམ་དུ་ཞུགས་པར་འགྱུར། །དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་ཐམས་ཅད་དུ་དུད་འགྲོ་རྣམས་ལས་ཡོངས་སུ་གྲོལ་བར་འགྱུར། བདག་ཉིད་ཀྱི་སྒྲིབ་པ་དང་། སྡིག་པ་དང་། སྡུག་བསྔལ་མི་བཟད་པ་ཐམས་ཅད་མཐར་གདུགས་པར་ཡོངས་

སུ་ཟད་པར་འགྱུར། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །གལ་ཏེ་སྡིག་པ་ཐམས་ཅད་ཟད་པར་གྱུར་ན། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་མདོག་གསེར་གྱི་མདོག་ཅན་དུ་སྟོན་པར་མཛད་ལ་མཆོག་ཐམས་ཅད་སྦྱིན་པར་
མཛད་དོ། །དོན་ཡོད་པ་དྲི་མ་མེད་པའི་ཡེ་ཤེས་རྒྱ་མཚོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། སྒྲིབ་པ་དང་བྲལ་བ་སེམས་ཀྱི་རྒྱན་རྣམ་པར་དག་པའི་བདག་ཉིད་ཀྱི་ངོ་བོ་ཐོབ་པར་འགྱུར། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་
དགུ་བཅུ་རྩ་དགུ་པོ་རྣམས་མོད་ཉིད་ལ་མངོན་སུམ་དུ་སྟོན་པར་མཛད་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཕྱག་གཡས་པ་མགོའི་སྤྱི་བོར་འཇོག་པར་མཛད། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར། །དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་གཟུང་
བར་འགྱུར། འཇིག་རྟེན་པ་ཀུན་གྱིས་གཅིག་པུ་མཆོད་པ་ཆེན་པོ་བྱས་པར་འགྱུར། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། ཟླ་བ་དང་། ཉི་མ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རང་གི་གཟུགས་ཀྱིས་མངོན་སུམ་དུ་སྟོན་ཅིང་ཉེ་འཁོར་
ལ་ཀུན་ནས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར། དངོས་གྲུབ་དང་། དགོས་པ་ཐམས་ཅད་གྲུབ་པར་འགྱུར། གལ་ཏེ་སྡིག་པ་ཐམས་ཅད་ཟད་པར་མ་གྱུར་ན། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་མདོག་གསེར་གྱི་ཁ་དོག་ཅན་དུ་མི་མཐོང་
དེས་སྒྲིབ་པ་དང་། སྡིག་པ་ལྷག་མ་ལུས་པར་ཤེས་པར་བྱ་སྟེ། དེ་ཉིད་དུ་བཟླས་བརྗོད་ཀྱི་ཆོ་ག་སྨྱུང་བ་གཉིས་པ་བྱས་པ་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་རྩ་བ་དང་བཅས་པ་ཐམས་ཅད་ཕྱུང་བར་འགྱུར་རོ། །གལ་ཏེ་བཟླས་བརྗོད་ཀྱི་ཆོ་ག་སྨྱུང་བ་གསུམ་པ་བྱེད་ན་བཟླས་
བརྗོད་ཀྱི་ཆོ་ག་གསུམ་རྫོགས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པ་བརྐྱང་ནས་རིག་སྔགས་འཆང་བཏེག་སྟེ་མོད་ལ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་སྤྱན་སྔར་འཇོག་པར་མཛད་ལ་མངོན་སུམ་དུ་བཞུགས་སོ། །དེ་བཞིན་གཤེགས་པ་ཚེ་

དཔག་མེད་ཀྱིས་དབུགས་འབྱིན་པར་མཛད་ཅིང་ཕྱག་སྤྱི་བོར་འཇོག་པར་མཛད་དེ། ཚེ་དཔག་ཏུ་མེད་པར་འགྱུར་རོ། གལ་ཏེ་སེམས་ཅན་གཞན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སྦྱོང་ངམ། བྲམ་ཟེའམ། སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་
མོའམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་གང་ཞིག་སྡིག་པ་དང་། སྒྲིབ་པ་ཟད་པར་འདོད་ན་རིག་སྔགས་འཆང་ཁྲུས་བྱས་ལ་གོས་གཙང་མ་བགོས། སྨྱུང་བ་བྱས་པ་དེས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་ལ། རིག་སྔགས་འཆང་ཆོ་ག་བྱེད་པས་གསང་སྔགས་
རྗེས་སུ་དྲན་པར་བྱས་ནས་རྨ་བྱའི་སྒྲོས་བྱབ་པར་བྱའོ། དེ་ཙམ་གྱིས་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར་ཏེ། སྡིག་པ་དང་། སྒྲིབ་པ་ཐམས་ཅད་ཟད་པར་འགྱུར། ནད་ཐམས་ཅད་དང་། གདུག་པ་ཐམས་ཅད་དང་། །ན་བ་ཐམས་ཅད་དང་། མཚམས་མེད་པ་ཐམས་ཅད་ཟད་པར་
འགྱུར་ཏེ། ཐེ་ཚོམ་མེད་དོ། །སྒྲིབ་པ་དང་བྲལ་བ་ཉིད་ཐོབ་པར་འགྱུར་ཞིང་ཚིག་གཟུང་བར་འོས་པར་འགྱུར། ལྷ་ཐམས་ཅད་ཀྱིས་གཟུང་ཞིང་ཀུན་ནས་བསྲུང་བར་འགྱུར། དེ་བཞིན་གཤེགས་པའི་གསུང་ཐོབ་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཟིགས་
བཞེད་པར་འགྱུར། ཚེ་རིང་བ་དང་། སྒྲིབ་པ་དང་། ནད་དང་བྲལ་བར་འགྱུར། ཚེ་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། དགེ་བའི་རྩ་བ་བསོད་ནམས་ཀྱི་ཚོགས་ཐམས་ཅད་དང་ལྡན་པར་འགྱུར་ཏེ། སྙིང་རྗེ་
དང་། བྱམས་པ་ཆེན་པོ་ཡིད་ལ་བྱ་བ་རྩེ་གཅིག་ཏུ་བྱ་ཞིང་སྨྱུང་བ་དང་། བཟླས་བརྗོད་བྱའོ། །སྡིག་པ་དང་སྒྲིབ་པ་ཟད་པར་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་གའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། །བམ་པོ་བཅུ་བདུན་
པ། དེ་ནས་རྟག་ཏུ་བཟླས་པའི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། དཀྱིལ་འཁོར་གྱི་ཚད་ཇི་ལྟ་བ་བཞིན་དུ། ལེགས་པར་ཕྱེ་བ། གྲུ་བཞི་པ། རྒྱར་གཟིངས་ཀྱི་ཚད་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་བྱ་སྟེ། དྲིའི་ཚོན་རྩི་རྣམ་པར་བཀྲ་བ་ཀུན་ནས་པདྨའི་ཕྲེང་བ་དང་། རྡོ་

རྗེའི་གེ་སར་ལ་བརྟེན་པའི་དབུས་སུ་པདྨ་བྱའོ། །རྡོ་རྗེའི་ཐིག་སྐུད་ཀྱིས་ཀུན་ནས་བསྐོར་བའི་དབུས་ཀྱི་པདྨའི་གེ་སར་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་ཆ་བྱད་འཛིན་པ་དོག་པར་བྱའོ། །ཉི་མ་རེ་རེ་ཞིང་མེ་ཏོག་དང་བདུག་པ་དབུལ་བར་བྱ་ཞིང་ཉི་མ་རེ་རེ་ཞིང་ཨ་
ག་རུའི་བདུག་པ་དང་། ཁྲུས་བྱས་གོས་གཙང་མ་བགོས་ཏེ། དོན་ཡོད་རྒྱལ་པོའི་བཟླས་བརྗོད་དང་། ཕྱག་རྒྱ་བཅིང་བར་བྱའོ། །ཡི་གེ་གཅིག་པའི་སྙིང་པོའི་བཟླས་བརྗོད་ཐུན་གསུམ་དུ་ལན་གསུམ་མམ། ལན་བདུན་ནམ། ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་སོ། །ཟས་ངན་པ་
བཅུ་ཡོངས་སུ་སྤང་བར་བྱ་ཞིང་། སེམས་ཅན་ངན་པ་ཡང་སྤང་བར་བྱའོ། །སྒྲུབ་ཐབས་ཀྱི་དེ་ཁོ་ན་ཉིད་ལས་ཐམས་ཅད་དུ་འཇིག་རྟེན་པའི་བྱ་བ་ཐམས་ཅད་འགྲུབ་བོ། །འཇིགས་པ་ཆེན་པོ་མི་བཟད་པ་བརྒྱད་པོ་དེ་རྣམས་ལས་གྲོལ་ལོ། །དོན་ཡོད་པའི་རྒྱལ་པོ་དྲན་པས་ནད་
ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །དུག་དང་སྦྱར་དུག་དང་། བྱད་སྟེམས་དང་། གདོན་ཐམས་ཅད་དང་། འཇིགས་པ་དང་། སྡང་བ་དང་། སྐྲག་པ་དང་། རིམས་དང་། ནད་ཐམས་ཅད་དང་། ཕོལ་མིག་དང་། ལྷོག་པ་དང་། མཚན་པར་རྡོལ་བ་དང་།
གཡན་པ་དང་། རྐང་ཤུ་དང་། མཛེ་དང་། མགོ་བོ་ན་བ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། སྣ་ན་བ་དང་། ཁ་ན་བ་དང་། རྐན་ན་བ་དང་། མགུལ་ན་བ་དང་། སྙིང་ན་བ་དང་། ལྟོ་ན་བ་དང་། སོ་དང་མཆུ་ན་བ་དང་། ལག་པ་ན་བ་དང་། རྩིབ་ལོགས་
ན་བ་དང་། ཆུ་སོན་བ་དང་། ཕོ་བའི་ནད་དང་། མ་ཞུ་བ་དང་། རྐང་པ་ན་བ་དང་། རྒྱབ་ན་བ་དང་། ཡན་ལག་དང་། ཉིང་ལག་ཐམས་ཅད་ན་བ་དང་། ཚད་པ་དང་། གཞང་ནད་དང་། གཅིན་ནད་དང་། གསུད་པ་དང་། འཁོགས་པ་ལ་ལན་ཅིག་བརྗོད་དེ་བྱས་
པ་ཙམ་གྱིས་ཐམས་ཅད་སེལ་བར་བྱེད་དེ། མྱུར་དུ་རབ་ཏུ་ཞི་བར་བྱེད་ཅིང་སྐད་ཅིག་དེ་ཉིད་ལ་ཡང་ཡང་དག་པར་གནས་པར་བྱེད་དོ། །འཇིག་རྟེན་པའི་བྱ་བ་གཞན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་

རྩ་དགུའི་དགེ་བའི་རྩ་བ་ཉི་མ་རེ་རེ་ཞིང་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །ཚིག་བཙུན་བར་ཡང་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་བླ་མར་ཡང་འགྱུར་རོ། །མཆོད་པའི་འོས་ཆེན་པོར་འགྱུར་རོ། །དོན་ཆེ་ཞིང་ཆེ་བ་དག་འོང་བར་འགྱུར་
རོ། །དབང་ཕྱུག་དང་། དཔོན་པོ་ལྷུན་གྱིས་གྲུབ་པ་ཉིད་དུ་རྙེད་དོ། །རྒྱལ་པོ་དང་། བཙུན་མོའི་འཁོར་དང་། གཡོག་ཏུ་བཅས་པས་གཅིག་ཏུ་མཆོད་པར་འོས་པར་འགྱུར་རོ། །ཉི་མ་རེ་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། །རྟག་ཏུ་ཡང་དེ་བཞིན་
གཤེགས་པའི་སྐུ་མཐོང་བ་སོ་སོར་ཐོབ་བོ། །སངས་རྒྱས་ཀྱི་ཞིང་ཡང་དག་པར་བརྒྱན་པ་མཐོང་ངོ་། །ཚེས་བརྒྱད་དང་བཅོ་ལྔ་ལ་པོ་ཊ་ལ་ཀའི་རི་བོའི་གཞལ་མེད་ཁང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་ཏེ།
འཁོར་ཆེན་པོ་ལ་ཆོས་སྟོན་པར་མཛད་བཞིན་པ་དང་། འོད་དཔག་མེད་བདེ་བ་ཅན་གྱི་གནས་ན་ཞུགས་པ་མཐོང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་མཐོང་ངོ་། །འཆི་འཕོས་པ་ན་བསམ་པ་ཉིད་ཀྱི་མོད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། རྒྱན་ཐམས་ཅད་ཀྱིས་
རྣམ་པར་བརྒྱན་པར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྒྲིབ་པ་དང་བྲལ་ཞིང་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པ་དོན་ཡོད་པའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། །ཏིང་ངེ་འཛིན་གང་ཞིག་ཐོབ་པས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་
སྟོང་ཕྲག་སྙེད་ལས་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་ཕྱག་བྱས་ནས། སེ་གོལ་གཏོགས་པ་ཙམ་ཉིད་ལ་སླར་ཡང་འོང་བ་དེ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། །ཏིང་ངེ་འཛིན་གཞན་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སོ་སོར་ཐོབ་ཅིང་། །བཟླས་པའི་ཆོ་ག་
གཅིག་པུས་ལས་ཐམས་ཅད་སྒྲུབ་པར་འགྱུར་རོ་ཞེས་སོ། །བཟླས་པའི་དཀྱིལ་འཁོར་ཆེན་པོའི་ཆོ་གའོ།། །།དེ་ནས་ཁྲུས་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཁྲུས་བྱེད་པ་ལ་མཁས་པ་གང་གིས་དྲི་མ་ཐམས་ཅད་སེལ་བར་བྱེད་ཅིང་མཛེས་པ། སྡིག་

པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། དངོས་གྲུབ་ཐམས་ཅད་བྱེད་པའི་དེ་ཁོ་ན་ཉིད་བསོད་ནམས་དང་གཟི་བརྗིད་རབ་ཏུ་འཕེལ་བར་བྱེད་པ། ནད་ཐམས་ཅད་སེལ་བར་གྲུབ་པ། སྡིག་པ་དང་། སྡིག་ཏོ་ཉམས་པར་བྱེད་པ། དེ་བཞིན་དུ་ཟད་པ་དང་ཉམས་པ་བཅོམ་པ། དུག་
དང་བྱད་སྟེམས་ཉམས་པ། ནད་ཡུན་རིང་པོ་ཡོངས་སུ་སྤངས་པ། དེ་བཞིན་དུ་གཅོད་ཡུན་རིང་པོ་དང་རིམས་ཡོངས་སུ་སྤངས་པ་སྟེ་འདི་དག་ཁྲུས་ཀྱིས་འགྲུབ་སྟེ། རིག་སྔགས་གང་ཡིན་པ་དེས་འགྲུབ་པར་དོན་ཡོད་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡོངས་སུ་བསྒྲགས་སོ། །
བགེགས་ཀྱིས་རེག་པ་གང་ཡིན་པ་དང་། གྲིབ་གནོན་གྱི་གདོན་མི་བཟད་པས་རེག་པ་གང་ཡིན་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་མི་བཟད་པ་དང་། འཐབ་པ་དང་། རྩོད་པ་ལ་ཡང་། དགྲ་རྣམས་ཀྱིས་ཕམ་པ་དང་། སྐྱེ་བོ་སྡང་བ་དང་། གང་གི་འཁྲུག་
པའི་གཡུལ་དུ་སོང་བ་དང་། རྒྱུ་སྐར་གྱིས་བཅོམ་པ་གང་ཡིན་པ་དང་། བློའི་སྐྱེ་བ་ཟད་པ་དང་། མ་ནིང་དང་། ཉམས་པའི་མ་ནིང་དང་། དབང་པོ་ཉམས་པའི་བར་གང་ཡིན་པ་རྣམས་དང་བུ་མི་འཚོ་བ་གང་ཡིན་པ་རྣམས་ཀྱི་བུ་མཐུན་པར་སྐྱེ་བར་འགྱུར་རོ། །བསད་ཅིང་གཞོམ་
པ་ཐོབ་པ་གང་ཡིན་པ་དང་། འཆིང་བ་དང་། གསོད་པར་སོང་བ་གང་ཡིན་པ་དང་། ཆོམ་རྐུན་ནམ། རྐུན་མོའི་ནང་ངམ། གནོད་སྦྱིན་ནམ་སྲིན་པོའི་ནང་དུ་སོང་བ་གང་ཡིན་པ་དང་། གཅན་གཟན་གཏུམ་པོའི་ནང་དུ་སོང་བ་གང་ཡིན་པ་དང་། མཆེ་བ་གདུག་པ་དང་། དུག་གི་
ཁྲོད་དུ་སོང་བས་དུག་འཇིགས་པ་མི་བཟད་པ་ཟོས་པ་གང་ཡིན་པ་དང་། ཁྱིམ་རྡིབ་པ་དང་། གཡང་ས་དང་། བྱི་བ་ཁ་གདུག་པའི་འཇིགས་པ་རྣམས་དང་། མི་མངོན་པར་སྡིག་པ་བྱེད་པ་གང་ཡིན་པ་དང་། མཚམས་མེད་པ་བྱེད་པ་གང་ཡིན་པ་དང་། འཕགས་པ་ལ་
སྐུར་པ་འདེབས་པ་དང་། དམ་པའི་ཆོས་སྤོང་བ་འདི་རྣམས་དཀྱིལ་འཁོར་དུ་ཁྲུས་བྱས་པས་ཐམས་ཅད་ཡང་དག་པར་ཟད་པར་འགྲོ་ཞིང་། མྱུར་དུ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དེ་རྩྭ་རྣམས་མེས་སྲེག་པ་བཞིན་དུ་སྔོན་བསགས་པའི་མི་བཟད་པའི་ལས་འདི་དག་

ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་དང་། རྟག་ཏུ་མཆོད་པར་འོས་པར་འགྱུར་རོ། །ཚེ་ཡུན་རིང་པོར་གནས་ཏེ། རྟག་ཏུ་བདེ་བ་དང་། དགའ་བར་བྱེད་དོ། །ཇི་སྲིད་འཚོའི་བར་དུ་ནད་མེད་ཅིང་རིམས་མེད་པ་ཉིད་དུ་གནས་སོ། །བདེ་
བླག་ཏུ་བྱ་བ་བྱེད་ཅིང་། དེའི་སྐྱེ་བ་བདུན་དྲན་པར་འགྱུར་རོ། །ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་ཅིང་། མཐར་ཐུག་རྟག་ཏུ་དཔལ་འབར་བར་བྱེད་དོ། །སངས་རྒྱས་རྣམས་རྟག་ཏུ་མཐོང་བ་དང་། རྟག་ཏུ་འཇིག་རྟེན་དབང་ཕྱུག་གི་མཆོག་སྦྱིན་པར་བྱེད་པ་དང་། རྟག་ཏུ་མཐོང་བར་འདོད་པ་
ཡང་ཐུན་མཚམས་རྟག་ཏུ་མངོན་སུམ་དུ་མཐོང་བས་གནས་པར་བྱེད་དོ། །རྟག་ཏུ་རིག་སྔགས་དང་། དཀྱིལ་འཁོར་གྱི་ལྷ་དང་། རིག་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། རྟག་ཏུ་དཀྱིལ་འཁོར་གྱི་མཆོག་གང་ཡིན་པ་ཡང་སྒྲུབ་པར་བྱེད་དོ། །རྒྱར་གཟིངས་ཀྱི་ཚད་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱ་སྟེ།
ཚོན་སྣ་ཚོགས་པས་རྣམ་པར་ཕྱེ་བའི་དཀྱིལ་འཁོར་གྱི་མཆོག་བྲི་བར་བྱའོ། །མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་བཀྲ་བ། སྒོ་བཞི་ཀུན་ནས་རྣམ་པར་ཕྱེ་བ་དང་། ལས་རྣམས་ལེགས་པར་ཟིན་ནས་དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར། འཁོར་ལོ་ཡང་དག་པར་བྲིའོ། །པདྨའི་ལྟེ་བ་དང་།
སྙིང་པོ་ཉིད་ཀྱང་འབར་བར་བྱའོ། །ཟུར་དང་ཟུར་རྣམས་སུ། ཞགས་པ་འབར་བ་པདྨ་ལ་གནས་པ་བྱའོ། །རིག་སྔགས་འདོད་པས་ཁྲུས་དང་གཏོར་མ་དཀར་པོ་ཡང་འདིར་དགོད་པར་བྱའོ། །ཨ་ག་རུའི་བདུག་པ་དབུལ་ཞིང་། དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ། དཀྱིལ་
འཁོར་ལེགས་པར་བརྒྱན་པར་བྱའོ། །ལས་གཞན་སྒྲུབ་པ་ནི་རོ་སྣ་ཚོགས་པའི་གཏོར་མས་མཆོད་པར་བྱ་ཞིང་སྣ་ཚོགས་པའི་བདུག་སྤོས་དབུལ་ལོ། །བུམ་པ་ཆུས་བཀང་ནས་རྫས་ཀྱི་ཕྱེ་མ་རྣམས་དེར་གཞུག་ཅིང་། རིན་ཆེན་སྣ་བདུན་བཅུག་སྟེ། དེ་ལ་རྒྱ་དར་གྱིས་བཅིངས་
ལ། དོན་ཡོད་ཞགས་པ་བརྒྱ་དང་། སྙིང་པོ་ཉིད་ཀྱང་ལན་བརྒྱར་བཟླས་སོ། །ཡི་གེ་གཅིག་པ་བརྒྱ་རྩ་བརྒྱད་དུ་བཟླས་སོ། །ཙནྡན་དང་། ས་མཱི་དང་། སི་རི་ཥ་དང་། ཧབ་ཤང་ཙིའུ་དང་། གུར་གུམ་དང་། ཡུངས་ཀར་དང་པདྨ་གེ་སར་རྣམས་ལེགས་པར་བཏགས་ནས་

བུམ་པ་བཀང་བར་བྱ་སྟེ། འདི་རྣམས་ཀྱིས་ཁྲུས་བྱའོ། ཉེའུ་ཤིང་། ཤུ་ཏི་དང་། བིལ་བ་སྟེ་འདི་རྣམས་ཀྱིས་ཉེད་པ་དང་། རྟག་ཏུ་སྔོན་ཏུ་བྱ་བ་པར་བྱས་ལ། དེ་ནས་མཁས་པས་ཁྲུས་བྱའོ། །དེ་ནས་སྲུང་བའི་ཆོ་ག་ནི་དོན་ཡོད་རྒྱལ་པོས་བྱའོ། །དེ་ནས་རྩྭ་དཱུར་བ་བཏིང་ནས། དེ་ལ་
སྐྱིལ་མོ་ཀྲུང་གིས་འདུག་སྟེ། བུམ་པའི་ཆུས་ཁྲུས་བྱ་ཞིང་པདྨའི་ཕྱག་རྒྱ་ཡང་བྱེད་དུ་གཞུག་གོ། །དེ་ནས་གཙང་མ་གོས་གཙང་མ་བགོས་ཏེ། གཙུག་ཏོར་བཅིང་བར་བྱ་ཞིང་། སྔོན་དུ་བཟླས་པ་འབུལ་བ་དང་བསྐོར་བ་བྱས་ནས། སྒོ་དང་སྒོ་ནས་ཕྱག་བྱའོ། །ཤར་གྱི་སྒོ་རུ་ཞུགས་ལ་
དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར། སྐྱིལ་ཀྲུང་གིས་འདུག་ལ། དོན་ཡོད་པའི་རྒྱལ་པོས་ལན་བདུན་དུ་བྱ་བ་པར་བྱའོ། །ལག་ཏུ་རྡོ་རྗེ་དང་། བགྲང་ཕྲེང་གིས་མངོན་པར་དབང་བསྐུར་ཞིང་། ཆུ་དང་། ཡུངས་ཀར་དང་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་
མཆོད་པ་བྱའོ། །འདི་ནི་ཁྲུས་ཀྱི་གཙོ་བོར་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཆེད་དང་། རིག་སྔགས་འཆང་རྣམས་ལ་ཁྱད་པར་དུ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། ལྷ་ཐམས་ཅད་ཀྱིས་མཆོད་པ་དང་། དོན་
ཡོད་པའི་ཕུན་སུམ་ཚོགས་པ་གདོན་མི་ཟ་བར་བྱེད་དོ། །གང་དང་གང་དུ་ལས་ལ་ངེས་པར་སྦྱར་བ་ཐམས་ཅད་དུ་དོན་ཡོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཐམས་ཅད་དུ་འདི་ལ་ཐེ་ཚོམ་མེད་དོ། སྔགས་ཀྱི་དངོས་གྲུབ་བླ་ན་མེད་པ་མ་གྲུབ་པ་ཡང་གྲུབ་པར་འགྱུར་ཏེ། དོན་ཡོད་པའི་དངོས་
གྲུབ་ཐོབ་ཅིང་འཕྲལ་ཉིད་དུ་འབྲས་བུ་མཐོང་བ་ཡིན་ནོ། །ལུས་ཡོངས་སུ་དག་ཅིང་ཤིན་ཏུ་དྲི་མ་མེད་པ་དང་། ལེགས་པར་ཁྲུས་བྱས་པར་དེ་བརྗོད་པར་བྱའོ། །སྡིག་པ་ཐམས་ཅད་ཉམས་པར་བྱེད་པ། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ། ནད་ཐམས་ཅད་ལས་ཡོངས་སུ་གྲོལ་
བར་བྱེད་པ་སྟེ། མདོར་ན། ཐམས་ཅད་དུ་དངོས་གྲུབ་སོ་སོར་རྙེད་ཅིང་། དཔལ་ཆེན་པོར་ལྷག་པར་འགྲོའོ། །རིག་སྔགས་དོན་དུ་གཉེར་བ་ཐོབ་སྟེ། རིག་སྔགས་དོན་ཡོད་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་ལ་ས་བུ་འདོད་པས་ནི་བུ་ཐོབ་བོ། །ནོར་འདོད་པས་ནི་ནོར་ཐོབ་བོ། །དབང་ཕྱུག་

འདོད་པས་ནི་དབང་ཕྱུག་ཐོབ་བོ། །མྱུར་དུ་དཔལ་འདོད་པས་ནི་དཔལ་ཐོབ་བོ། །མངོན་པར་འདོད་པ་ཐམས་ཅད་འཕྲལ་དུ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོ། ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་ནོར་བུའི་སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ་
འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། ཡིད་བཞིན་གྱི་ནོར་བུའི་སྒྲུབ་པ་རྨད་དུ་བྱུང་བ་དོན་ཡོད་པའི་ནོར་བུའི་དངོས་གྲུབ་དང་། བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པ། ཐམས་ཅད་དུ་ལྟུང་བའི་སྡུག་བསྔལ་ལས་བྱུང་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་པ་གསོད་ཐོབ་པ་མངོན་པར་
ཐར་བར་བྱེད་པ། མཚོན་ཆ་དང་། ཁོང་སྒྲིལ་གཅོག་པར་བྱེད་པར་ཐེ་ཙོམ་མེད་དོ། །སྡིག་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། མཚམས་མེད་པ་ཟད་པར་བྱེད་པ། རྟག་ཏུ་གསོད་པ་མེད་པའི་གནས་ཐམས་ཅད་དུ་སོན་པར་བྱེད་པ། རྟག་ཏུ་འཁྲུགས་པ་དང་། གཡུལ་ངོ་ལས་
རྒྱལ་བ་སྦྱིན་པར་འགྱུར་རོ། །ཆོམ་རྐུན་གྱི་ནང་ནས་གྲོལ་བར་འགྱུར་ཞིང་། རྐུན་མོ་ལས་ཀྱང་སྒྲོལ་བར་བྱེད་དོ། །གཅན་གཟན་གཏུམ་པོ་སེང་གེ་དང་། གླང་པོ་ཆེ་དང་། དོམ་དང་། གཟིག་དང་། དྲེད་དང་། ཁྱི་དང་། ཕག་དང་། ཅེ་སྤྱང་རྣམས་ལས་ནོར་བུའི་རྒྱལ་པོ་གང་དུ་གནས་པའི་མོད་
ལ་ཐམས་ཅད་དུ་སྒྲོལ་བར་བྱེད་དོ། །དུག་དང་། སྦྲུལ་ཐམས་ཅད་དམ། མཆེ་བ་སྡུག་པ་དང་། སྦྲུལ་གོ་ན་ས་དང་། བཏ་ས་ནཱ་བྷ་དང་། དུག་ཉིད་དང་། དུག་ཤྲིང་ག་དང་། དུག་མུ་སྟ་ཀ་ཉིད་དང་། ད་ར་དའི་དུག་དང་། ལུས་ལ་བྱས་པ་དང་། མི་བཟད་པའི་དུག་དང་། དུག་ཧ་ལ་ཧ་
ལ་དང་། སྡིག་པ་ལ་སོགས་པ་གང་ཡིན་པ་དང་། མཐོང་བའི་དུག་གང་ཡིན་པ་དང་། དབུགས་ཀྱི་དུག་མི་བཟད་པ་གང་ཡིན་པ་དང་། རེག་པའི་དུག་འཇིགས་པ་དང་། འཇོག་པོ་ཡིས་ཀྱང་ཟིན་པ་དང་། གཞན་ཡང་སྲོག་ཆགས་མི་བཟད་པ་རྣམ་པ་སྣ་ཚོགས་པའི་དུག་མི་བཟད་
པ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་དང་། ནོར་བུ་རེག་པ་ཙམ་གྱིས་དེ་རྣམས་ཐམས་ཅད་འཕྲལ་དུ་དུག་མེད་པར་འགྱུར་རོ། །གལ་ཏེ་གང་གར་འབབ་པའི་དུག་འཐུངས་ཀྱང་འཕྲལ་དུ་འཇོམས་པར་བྱེད་དོ། །ནམ་མཁའ་ལྡིང་གིས་སྦྲུལ་ཉིད་དང་ཀླུ་བཞིན་ནོ། །མེ་ཡིས་མི་འཚིག་

གོ། །སླར་ཡང་ཆུས་འཁྱེར་བར་མི་འགྱུར་རོ། །བྱི་བ་ཁ་གདུག་པའི་འཇིགས་པ་མི་འབྱུང་། དེ་ལ་རྒྱལ་པོ་ཁྲོ་བར་མི་བྱེད་དོ། །ནམ་ཡང་། ཕྱིར་རྒོལ་བ་དང་། དགྲ་དང་། འཐབ་མོ་དང་། འཁྲུལ་འཁོར་བྱེད་པ་དང་། སྡང་བ་གང་ཡིན་པ་དེ་རྣམས་མེད་དེ། ཆོ་ག་འདི་ནི་
མཆོག་གོ། །དུག་དང་བྱད་སྟེམས་དང་། ཕྱེ་མའི་སྦྱོར་བ་ལ་སོགས་པ་ཐམས་ཅད་སྐད་ཅིག་དེ་ལ་ཉམས་པར་བྱེད་དོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། གསང་བ་པ་དང་། བགེགས་དང་། ལོག་འདྲེན་རྣམས་
དཀྱིལ་འཁོར་མཐོང་བ་ཙམ་དང་། ནོར་བུ་བཟུང་བ་ཉིད་ཀྱིས་ཐམས་ཅད་འབྲོས་པར་བྱེད་དེ་འདི་ལ་ཐེ་ཙོམ་མེད་དོ། །འདི་ཐམས་ཅད་ཀྱིས་ཐུན་མོང་དུ་ནོར་བུའི་དཀྱིལ་འཁོར་མཐོང་བ་ལ། བསམ་པ་གང་ཡིན་པའི་བསམ་པ་དེ་ཐམས་ཅད་ཡིད་ལ་དོན་དུ་གཉེར་བར་བྱ་བ་གང་ཡིན་པ་རྣམས་
ཀྱང་ནོར་བུ་བཟུང་བ་ཉིད་ལ་ཐམས་ཅད་མྱུར་དུ་ཕུན་སུམ་ཚོགས་པར་བྱེད་དོ། །ཆེ་འཕེལ་བ་དང་། སྔགས་ཀྱི་དངོས་གྲུབ་བླ་ན་མེད་པ་གྲུབ་བོ། །བཀྲ་ཤིས་པ་དང་། དམ་པ་དང་། བསོད་ནམས་དང་། དག་པ་དང་། སྡིག་པ་ཉམས་པ་དང་། རྨི་ལམ་ངན་པ་ཉམས་པ་དང་། འཕྲལ་དུ་
རྨི་ལམ་བཟང་པོར་བྱེད་པ་ཉིད་དང་། རྟག་ཏུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དང་། རྟག་ཏུ་ལྷ་རྣམས་འགུགས་པ་ཉིད་དང་། རྟག་ཏུ་འབྱོར་པ་ཐམས་ཅད་བྱེད་པ་དང་། རྟག་ཏུ་ཟླ་བ་ཉ་བ་ལྟར་འོད་ཟེར་འབར་བས་རྣམ་པར་མཛེས་པ་དང་། ཚིག་བཙུན་པ་དང་།
རྟག་ཏུ་དགའ་བ་དང་། ཐམས་ཅད་ཏུ་མཆོད་པར་བྱ་བའོ། །དེ་ནས་རིག་སྔགས་འཆང་གིས་རྫས་ཀྱི་སྦྱོར་བ་བྱ་སྟེ། ཆ་མཉམ་པར་ལེགས་པར་ཕྱེ་ལ་གཙོ་བོའི་རྗེས་སུ་འབྲང་བར་བྱའོ། །འདི་ལྟ་སྟེ། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། ནཱ་ཀུ་ལི་དང་། དྲིའི་ནཱ་ཀུ་ལི་དང་། ཨ་རུ་ར་
དང་། ལག་པ་དང་། དབང་པོ་ལག་པ་དང་། དྲིའི་པྲི་ཡང་ཀུ་དང་། རྒྱ་སྤོས་དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། ཁྱབ་འཇུག་གནོན་པ་དང་། སོ་མ་རཱ་ཛ་དང་། སུ་ནན་ད་དང་། པདྨ་གེ་སར་དང་། མ་ལ་ཡའི་ཙནྡན་ན་ལ་ད་དང་། གུར་གུམ་དང་།

བ་བླ་དང་། ཨུཏྤལ་སྔོན་པོ་དང་། ཀླུ་ཤིང་གི་མེ་ཏོག་དང་། ཙམ་པ་ཀའི་མེ་ཏོག་དང་། པ་ཌཱ་དང་། བྲག་སྐྱེས་དང་། སྤང་སྤོས་དང་སཱ་མ་ཀ་རྣམས་མཉམ་པར་བྱས་ཏེ་ཕྱེ་མ་ཞིབ་མོར་ལེགས་པར་བཏགས་ལ་པུ་ཤེལ་ཙེ་དང་། ཙནྡན་གྱི་ཆུས་སྦྲུས་ཏེ། ཟངས་
ཀྱི་སྣོད་དུ་བཞག་ལ། ཁྲུས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་བཀོད་དེ། དོན་ཡོད་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས་སྙིང་པོ་བརྒྱ་རྩ་བརྒྱད་ཉིད་དང་། ཡི་གེ་གཅིག་པ་འབུམ་དུ་བཟླས་པས་རྫས་ཀྱི་སྣོད་འབར་བར་བྱེད་དོ། །དེ་ནས་ནོར་བུ་མགོ་བོ་ལ་བཅིངས་པ་འམ། ལག་པ་
ལ་བཅིངས་ལ་གཟུང་བར་བྱ་སྟེ། མཆོག་དུ་བསྐལ་བ་བཟང་པོ་ཐོབ་ཅིང་། དབང་ཕྱུག་གི་མཆོག་དང་དཔོན་པོ་ཐོབ་བོ། །རྗེ་རིགས་བུ་མེད་པས་ཀྱང་མི་དང་ནོར་འཕེལ་བར་འགྱུར་རོ། །རྒྱལ་པོ་དང་། དགྲ་རབ་ཏུ་འཇོམས་ཤིང་། སྲུང་བའི་མཆོག་ཏུ་རྙེད་པར་དཀའ་བ་སྟེ། ནོར་
བུ་གང་དུ་གནས་པ་དེར། གློག་གི་གནོད་པ་མེད་དོ། །དེར་བྱི་བ་ཁ་གདུག་པའི་འཇིགས་པ་དང་། གཡོ་བ་མི་འབྱུང་ངོ་། །ནོར་བུའི་རྒྱལ་པོ་གང་དུ་གནས་པའི་གནས་འདི་མཆོད་རྟེན་དུ་བཀུར་རོ། །སུམ་ཅུ་རྩ་གསུམ་ན་གནས་པའི་ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་ཅིང་། རྟག་ཏུ་ཡང་
རྒྱལ་པོ་ཆེན་པོ་བཞི་དང་། ལག་ན་རྡོ་རྗེ་སྟོབས་པོ་ཆེས་རྟག་ཏུ་ཡང་སྲུང་ཞིང་། དུས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ཏེ་ཐེ་ཙོམ་མེད་དོ།། །།དཀྱིལ་འཁོར་བཤད་པར་བྱ་སྟེ། རྒྱར་གཟིངས་ཀྱི་ཚད་ཀྱི་ལོགས་བཞི་པ་ཟུར་བཞི་པ་ཤིན་ཏུ་བཅགས་པ། ལེགས་པར་སྦྱར་བ་མཆོག་
ཏུ་མཛེས་པ་བྱའོ། །ཁོར་ཡུག་ཏུ་མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོགས་ཀྱིས་བཀྲ་བ་བྲིས་ལ་ཤར་གྱི་སྒོ་རྣམ་པར་ཕྱེ་སྟེ་དབུས་ཀྱི་དཀྱིལ་འཁོར་གྱི་པདྨ་རྡོ་རྗེའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བའི་དབུས་ཀྱི་པདྨའི་གེ་སར་ལ་ཡང་། འཇིག་རྟེན་དབང་ཕྱུག་དགོད་པར་བྱའོ། །
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ། རྫས་ཀྱི་སྣོད་གཞག་པར་བྱ་ཞིང་། མེ་ཏོག་གཅལ་དུ་བཀྲམ་པར་བྱ་ལ། དཀྱིལ་འཁོར་བརྒྱན་པར་བྱ་སྟེ། དྲི་དང་། ཡོན་ཆད་དབུལ་བར་བྱ་ཞིང་། ཙནྡན་གྱི་བདུག་པ་སྲེག་གོ། །ཉིན་མཚན་དུ་གོས་

གཙང་མ་བགོ་ཞིང་བཅིང་བར་བྱ། ཤིན་ཏུ་དྲི་མ་མེད་པའི་སེམས་དུ་འགྱུར་བར་བྱ། བྱམས་པ་དང་། སྙིང་རྗེ་མཆོག་ཏུ་འགྱུར་བར་བྱ་ཞིང་། དེ་ནས་ནོར་བུའི་རྫས་སྨྲས་པོ་ཞེས་སོ། །ནོར་བུའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་ལྡོང་རོས་ཀྱི་མིག་སྨན་གྱི་ཆོ་གའི་དཀྱིལ་
འཁོར་བཤད་པར་བྱ་སྟེ། རྒྱར་གཟིངས་ཀྱི་ཆའི་མཐར་ཐུག་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། དྲི་སྣ་ཚོགས་དང་། རྣམ་པར་བཀྲ་བའི་རིག་སྔགས་འཆང་ནི། གྲྭ་རྣམས་སུ་མཁས་པར་བྲི་བར་བྱའོ། །དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར། པདྨ་འདབ་མ་ཕྱེད་ཁ་བྱེ་བའོ། །ལག་
པ་གཉིས་ཀྱི་དབུས་སུ་པདྨ་གེ་སར་རྒྱས་པ་འཆང་བའོ། །ཤར་གྱི་སྒོ་རྣམ་པར་ཕྱེ་བ་བྱ་སྟེ། ལྡོང་རོས་དངུལ་གྱི་སྣོད་དུ་བཞག་ནས་དཀྱིལ་འཁོར་དུ་པདྨའི་སྟེང་དུ་དགོད་པར་བྱའོ། །སྣོད་ཀྱི་ཁོར་ཡུག་ཏུ། དར་དམར་པོའི་གོས་བཟང་པོས་གཡོག་པར་བྱའོ། །ཡང་ན་པདྨའི་འདབ་མའམ། ཡང་
ན་བྱང་ཆུབ་ཤིང་གི་འདབ་མའམ། ཡང་ན་ཤིང་འཛམ་བུའི་འདབ་མས་གཡོག་པར་བྱའོ། །ཨ་ག་རུའི་བདུག་པ་དབུལ་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་གཟུགས་འཛིན་པ་པདྨའི་འདབ་མའི་དྲུང་དུ་དགོད་པར་བྱའོ། །མེ་ཏོག་དང་།
དྲིས་མཆོད་པ་བྱ། རིག་སྔགས་འཆང་གིས་དཀར་གསུམ་ཟོས་ལ་འཕགས་པའི་ཡན་ལག་བརྒྱད་ཀྱི་བསྙེན་གནས་སུ་འགྱུར་བར་བྱའོ། །ཡང་ན་ཉིན་མཚན་དུ་སྨྱུང་བར་གནས་པ་བྱ། ཟླ་བ་ཡར་ངོ་འམ། ཚེས་བཅོ་ལྔའི་ཉའམ། ཚེས་བཅུ་བཞི་འམ། ཚེས་བརྒྱད་ལ། གཙང་མར་
ཁྲུས་བྱས་ཏེ། གོས་གཙང་མ་བགོ་བར་བྱ། དོན་ཡོད་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཤིང་། སྙིང་པོ་བརྒྱ་རྩ་བརྒྱད་ཀྱང་བཟླས་པར་བྱ། ཡི་གེ་གཅིག་པ་སྟོང་ཕྲག་བཅུར་བཟླས་ལ། དཀྱིལ་འཁོར་ཉེ་བར་སྤྲས་ཤིང་མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་
མེ་དང་། གཏོར་མ་དབུལ་བར་བྱའོ། །དེ་ནས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་འཕང་བར་བྱའོ། །འཕངས་པ་ཙམ་གྱི་མོད་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་ལས་འོད་ཟེར་སྣ་ཚོགས་འབྱིན་པར་བྱེད་དོ།

ལྡོང་རོས་ཀྱི་སྣོད་དེ་ཡང་འབར་བར་བྱེད་དེ། འབར་བ་ཙམ་གྱི་མོད་ལ་མིག་ལ་བསྐུས་ན་ནམ་མཁའ་ལ་འགྲོའོ། །དོན་ཡོད་པའི་ཡེ་ཤེས་ཡངས་པ་ཡིད་བཞིན་གྱི་ནོར་བུའི་འོད་ཟེར་གྱི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་བོ། །དོན་ཡོད་པའི་འཁོར་ལོ་ཀུན་ནས་
རྣམ་པར་གཟིགས་པ་ཞེས་བྱ་བའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆག་གི་འཁོར་ལོས་སྒྱུར་བ་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་ཡོངས་སུ་བསྐོར་བར་འགྱུར་རོ། །ཐམས་ཅད་དུ་གནས་ཀྱི་མངའ་བདག་རྒྱལ་
པོར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཞིང་། ཚེ་བསྐལ་པ་དཔག་ཏུ་མེད་པར་འགྱུར་རོ། །རྒྱལ་བ་འོད་དཔག་མེད་ཀྱི་ཅོད་པན་འཆང་བར་འགྱུར་རོ། །དོན་ཡོད་པ་དྲི་མ་མེད་པའི་སྤྱན་ཞེས་བྱ་བའི་རྫུ་འཕྲུལ་སོ་སོར་ཐོབ་སྟེ། རྫུ་འཕྲུལ་གང་གིས་སེ་གོལ་གཏོགས་པ་
ཙམ་གྱིས། སངས་རྒྱས་ཀྱི་ཞིང་། གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འགྲོ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་དངོས་གྲུབ་ཡངས་པའི་མཆོད་པ་བྱེད་པར་འགྱུར་ཞིང་སྐད་ཅིག་གིས་སླར་ཡང་འོང་བར་བྱེད་དོ། །རང་གི་
ལུས་ལ་འོད་ཟེར་བརྒྱ་སྟོང་ཕྲག་དུ་མ་འབར་བར་བྱེད་དོ། །གང་འདོད་པ་ཐམས་ཅད་བྱེད་དོ། །དེ་ནས་དུ་བ་འཐུལ་བཞིན་པ་ནི་བསྐུས་ན་མི་སྣང་བར་འགྱུར་ཏེ། མི་སྣང་བའི་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་རོ། །ལྷ་དང་། ཀླུ་
དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་ཀྱི་སྒོ་ཐམས་ཅད་བྱེ་ནས་གནས་ཏེ། གང་དུ་འདོད་པ་དེར་འཇུག་པར་བྱེད་དོ། །གནས་ཐམས་ཅད་ན་གནས་པ་རྣམས་འབངས་སུ་གྱུར་
ནས་གནས་ཏེ། ཅི་བསྒོ་བ་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱང་རྗེས་སུ་འཕྲང་བར་འགྱུར་རོ། །རྒྱལ་པོ་དང་བཙུན་མོའི་འཁོར་གཡོག་དང་བཅས་པས་མཆོད་པ་དང་། བླ་མར་བྱ་བའི་གནས་གཅིག་པུར་འགྱུར་རོ། །བཀའ་བསྒོ་བ་ཡང་། བདག་ཉིད་དང་། ནོར་གྱིས་

ཀྱང་བྱེད་ཅིང་གནས་སོ། །དབུ་བ་འབྱུང་བཞིན་པ་བསྐུས་ན། ཆོ་ག་ཞིབ་མོ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་གསང་བའི་དམ་ཚིག་མངོན་དུ་གྱུར་ནས་གནས་ཏེ། འདས་པ་དང་། མ་འོངས་པ་དང་། ད་
ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རྣམས་སྔོན་དུ་གྱུར་ནས་གནས་སོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཡང་དག་པར་རྗེས་སུ་འབྲང་ཞིང་། སྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཆེད་དུ་རྟག་པ་ཁོ་ནར་
རྗེས་སུ་འགྲོའོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་མཐོང་བ་སྦྱིན་པར་འགྱུར་རོ། །དོན་ཡོད་པའི་འོད་ཟེར་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་སྟེ། སའི་སྟེང་ནས་སོར་བཞི་ཚད་དུ་འཕགས་པའི་ནམ་མཁའ་ལ་གནས་སོ། །
ལྡོང་རོས་ལ་བཟླས་ནས་མིག་ལ་བསྐུས་ནས། མིག་གིས་གང་མཐོང་བ་དེ་དབང་དུ་གྱུར་ནས་གནས་ཏེ། རྒྱལ་པོ་དང་། བཙུན་མོའི་འཁོར་དང་། བློན་པོ་དང་། བཀྲབས་པ་དང་། མདུན་ན་འདོན་དང་། དཔུང་གི་ཚོགས་ཡན་ལག་བཞི་དང་། བུད་མེད་དང་། སྐྱེས་
པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་རྣམས་དབང་དུ་གྱུར་ནས་གནས་སོ། །ཐ་ན་རི་དགས་དང་། བྱ་ཡང་ལྟ་བར་བྱེད་བཞིན་དུ་དབང་དུ་གྱུར་ནས་ཉེ་བར་གནས་སོ། །འདིས་བྱུགས་པའི་མིག་
གི་ནད་དང་། གནོད་པ་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ལུས་ཀྱི་གདུང་བ་དང་། སེམས་ཀྱི་གདུང་བ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བཀྲ་མི་ཤིས་པར་གྱུར་པ་ཐམས་ཅད་རྣམས་པར་
ཉམས་པར་བྱེད་དོ། །སྐྱེ་བ་བརྗེས་ནས་ཀྱང་སྤྱན་ལྔ་ཡོངས་སུ་དག་པ་སོ་སོར་ཐོབ་བོ། །ཚེ་རབས་དྲན་པར་ཡང་སྐྱེ་བར་འགྱུར་རོ། །འཇིགས་པ་དང་། སྒྲིབ་པ་དང་བྲལ་ཞིང་། དོན་ཡོད་པ་ལེགས་པར་རབ་ཏུ་གནས་པ་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་ལུས་དག་པ་སོ་

སོར་ཐོབ་བོ། །ཀུན་ནས་དོན་ཡོད་པའི་དཀྱིལ་འཁོར་གྱི་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སོ་སོར་ཐོབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་གཟིགས་པའི་རྒྱལ་མཚན་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་དབང་བསྐུར་བ་སོ་སོར་ཐོབ་
བོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྟག་ཏུ་ཡང་འགྲོགས་ཤིང་གནས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་འགྱུར་རོ། །ཞེས་སོ་མིག་སྨན་གྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བདུག་པ་རིམ་པར་ཕྱེ་བའི་ཆོ་ག་བཤད་པར་བྱ་སྟེ།
རིག་སྔགས་འཆང་ཐམས་ཅད་ཀྱི་མཆོག་ཏུ་རྨད་དུ་བྱུང་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའི་དོན་དང་། དེ་བཞིན་ཉིད་དུ་འཇིག་རྟེན་གསུམ་པོ་ཐམས་ཅད་འགུགས་པ་གྲུབ་པ་དང་། ལྷ་ཐམས་ཅད་སྤྱན་དྲང་བ་དང་། དབང་པོ་དང་། ཚངས་པ་དང་།
ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་བསྡིགས་པར་བྱེད་པ། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གདོན་མ་རུངས་པ་དེ་རྣམས་ཐམས་ཅད་བདུག་པའི་དྲིས་འབྲོས་པར་བྱེད་པར་ཐེ་ཙོམ་མེད་དོ། །བགེགས་དང་ལོག་པར་འདྲེན་པ་ཉིད་དང་། སྡང་བ་དང་། དེ་
བཞིན་དུ་བདུད་ཀྱང་རུང་སྟེ། བདུག་པའི་དྲིས་རྣམ་པར་ཞིག་པར་འགྱུར་ཞིང་། ཡན་ལག་དང་ཉིང་ལག་རྣམ་པར་འཐོར་བར་བྱེད་དོ། །རང་གི་དམག་དང་། ཕ་རོལ་གྱི་དམག་ཚོགས་དང་། ཤིན་ཏུ་འགྲས་པ་དང་། ཕྱིར་རྒོལ་བ་དང་། དེ་བཞིན་དུ་དགྲ་བོ་ཉིད་དང་། སྐྱེ་བོ་སྡང་
བ་དང་། གང་དུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། གཡུལ་ཉིད་ཀྱང་བདུག་པའི་དྲིས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བར་ཐེ་ཚོམ་མེད་དོ། །གལ་ཏེ་སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོའམ། དགེ་སྦྱོང་ངམ། བྲམ་ཟེ་ཉིད་དང་། དེ་བཞིན་
དུ་དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སློང་དང་། དགེ་སློང་མ་དང་། རྒྱལ་པོ་འམ། རྒྱལ་ཕྲན་དང་། དེ་བཞིན་དུ་རྒྱལ་མོ་དང་། བཙུན་མོའི་འཁོར་ཀྱང་རུང་སྟེ། ལེགས་པར་ཁྲུས་བྱས། གོས་གཙང་མ་བགོས་ནས་བདུག་སྤོས་འདིས་བདུགས་ན་གང་གིས་

བདུགས་པའི་དྲི་མནམས་པ་དང་། དེ་ལུས་ལ་རེག་པ་ཙམ་གྱིས་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་ལོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །མཚམས་མེད་པ་ལྔའི་སྡིག་པ་རྣམས་འཕྲལ་དུ་ཐམས་ཅད་རྣམ་པར་
དག་པར་འགྱུར་རོ་ཞེས་སོ། །བདུག་པ་འདི་ཙམ་གྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དྲིས་ཀུན་ཏུ་འགེངས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ནས་ཇི་སྲིད་ཚངས་པའི་འཇིག་རྟེན་གྱི་བར་དྲིས་ཀུན་ཏུ་འགེངས་སོ། །སྟོབས་དང་ཤུགས་ཆེན་པོས་ལྷའི་གནས་
ཐམས་ཅད་འགུལ་བར་བྱེད་ཅིང་སྐྱོད་པར་བྱེད་དོ། །ཆུ་རྒྱུན་གྱི་ཀླུ་རྣམས་འགུལ་བར་བྱེད་ཅིང་། རི་རབ་ལས་གཞན་པའི་རི་གང་ཡིན་པ་འདར་ཡེད་ཡེད་བྱེད་དོ། །གསང་བར་གནས་པ་རྣམས་རྣམ་པར་སྐྲག་པར་བྱེད་དོ། །དམྱལ་བ་བཅུ་དྲུག་གི་འཇིགས་པ་རྣམས་རྣམ་པར་ཞིག་
པར་བྱེད་དོ། །དེ་བཞིན་དུ། སའི་མཐའི་ཐམས་ཅད་ཀྱང་དཀར་བསིལ་དུ་སྣང་བར་འགྱུར་རོ། །དམྱལ་བ་པའི་སེམས་ཅན་རྣམས་ཤིན་ཏུ་སྦྱངས་པ་དང་། སྡུག་བསྔལ་མི་བཟད་པ་དེ་རྣམས་ཐམས་ཅད་ཡོངས་སུ་གྲོལ་ཏེ། བདེ་བ་ཅན་དུ་ཡང་འགྲོའོ། །མཐོ་རིས་ཐམས་ཅད་
དུ་ཇི་ལྟ་བ་བཞིན་དུ་གནས་སོ། །དམྱལ་བ་ཐམས་ཅད་ཉམས་ཏེ། པདྨ་ཅན་དུ་རབ་ཏུ་འགྱུར་རོ། །ཉི་ཚེ་བའི་དམྱལ་བ་རྣམ་པ་སྣ་ཚོགས་པ་གཞན་རྣམས་དང་། ས་འོག་གི་ནང་དུ་སོང་བ་གང་ཡིན་པ་དང་། དགོན་པ་དང་། རི་དང་། ཚང་ཚིང་དང་། དགོན་དུང་དང་།
གཡང་སར་གནས་པའི་དམྱལ་བའི་སྡུག་བསྔལ་མྱོང་བ་གང་ཡིན་པ་དེ་རྣམས་ཐམས་ཅད་བདུག་པའི་དྲིས་ཡོངས་སུ་གྲོལ་ལོ། །མི་གཙང་བ་ཟ་བའི་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་གང་ཡིན་པ་རྣམས་དང་། བཤང་བ་དང་། གཅི་བ་ཟ་བ་གང་ཡིན་
པ་རྣམས་དང་། མཆིལ་མ་དང་། སྣབས་ཟ་བ་གང་ཡིན་པ་རྣམས་དང་། འདྲེས་པ་ཟ་བ་གང་ཡིན་པ་དེ་རྣམས་ཐམས་ཅད་བདུག་པའི་དྲི་མནམས་པ་ཙམ་གྱིས་ཡོངས་སུ་གྲོལ་ནས་འཕྲལ་ཉིད་དུ་ལྷའི་འཇིག་རྟེན་དུ་སྐྱེའོ། །རྣམ་པ་སྣ་ཚོགས་པའི་རོ་བྲོ་བའི་མཆོག་དང་།

དྲི་ཞིམ་པོའི་ཁ་ཟས་རྙེད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རི་དགས་དང་། བྱ་རྣམས་ཐམས་ཅད་དྲིལ་མནམས་པ་ཙམ་གྱིས་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། །བདུག་པ་མནམས་པ་ཙམ་འདིས་ནད་ཐམས་ཅད་ལས་
ཡོངས་སུ་གྲོལ་ལོ། །རིམས་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། །ན་བ་ཐམས་ཅད་ལས་ཡོངས་སུ་གྲོལ་ལོ། །འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། མེ་དབལ་དང་། ཤུ་བ་དང་། མཛེ་དང་། གཡན་པ་དང་། མིག་ན་བ་དང་། མགོ་བོ་ན་བ་དང་། གཞོགས་
ཕྱེད་ན་བ་དང་། རྣ་བ་ན་བ་དང་། སྣ་ན་བ་དང་། སོ་ན་བ་དང་། ཁ་ན་བ་དང་། སྦ་བ་དང་། འཇིགས་པ་དང་། སྐྲག་པ་དང་། ནད་འགོ་བ་དང་། འཁྲུག་པའི་སྡུག་བསྔལ་ཐམས་ཅད་བདུག་པའི་དྲི་བསྣམས་པ་ཙམ་གྱིས་རབ་ཏུ་ཞི་བར་བྱེད་དོ། །འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་དེ་དང་། དོན་ཡོད་པའི་རྒྱལ་པོའི་སྙིང་པོའི་མཐུ་ཡིས་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་། རྣམ་པར་གྲོལ་ཏེ་མི་འཇིགས་པའི་གྲོང་དུ་འགྲོ་བར་འགྱུར་རོ། །དེ་ནས་རྫས་རྣམས་ཀྱི་རང་གི་ཆ་
ཤས་རྣམ་པར་ཕྱེ་བ་དང་ལྡན་པ་བཤད་པར་བྱ་སྟེ། ཙནྡན་སྲང་གསུམ་དང་། ཨ་ག་རུ་སྲང་གསུམ་དང་། དུ་རུ་སྐ་སྲང་ལྔ་དང་། གུར་གུམ་སྲང་བཅུ་དང་། སྤྲྀ་ཀ་སྲང་གཉིས་དང་། ན་ལན་ད་སྲང་གཉིས་དང་། མ་ཧེའི་མིག་སྲང་ཉི་ཤུ་དང་། སྲ་རྩི་པོ་ག་སྲང་བཅུ་དང་། བོ་ལ་
སྲང་གསུམ་དང་། སལླ་ཀཱི་སྲང་བརྒྱད་དང་། རྒྱ་སྤོས་སྲང་གཉིས་དང་། སྤང་སྤོས་སྲང་གཅིག་དང་། ཤཱ་མ་ཀ་སྲང་གཅིག་དང་། གནྡྷ་པ་ཏྲ་སྲང་གཅིག་དང་། པདྨ་གེ་སར་སྲང་གཅིག་དང་། ཤྲིརཱི་མའི་མེ་ཏོག་སྲང་གཅིག་དང་། ལི་ཁ་ར་དཀར་པོ་སྲང་བཅུ་དང་། དྲིའི་
པྲི་ཡང་ཀུ་སྲང་གཅིག་དང་། པུ་ཤེལ་ཙི་སྲང་ལྔ་དང་། སྟག་སེན་སྲང་གཅིག་དང་། སུག་སྨེལ་སྲང་གསུམ་དང་། བཱ་ལ་ཀ་སྲང་ལྔ་དང་། གུར་གུམ་དང་། གླ་རྩི་ཚོར་བ་སྟེ། ཐམས་ཅད་ལེགས་པར་རྣམ་པར་དབྱེ་བར་བྱས་ནས། ཕྱེ་མར་བྱས་ལ་མཐར་ཐམས་

ཅད་གཅིག་ཏུ་བསྡོམས་ཏེ། སྦྲང་རྩིས་སྦྲུ་བར་བྱའོ། །ཚེས་བཅོ་ལྔ་ལ། རྒྱུ་སྐར་དང་། ཚེས་གྲངས་ཀྱི་ལྷ་དགེ་བ་ལ། རིག་སྔགས་འཆང་གཙང་མར་གྱུར་པས་གོས་གཙང་མ་བགོས་ཏེ། ལེགས་པར་ཁྲུས་བྱས་པར་གྱུར་པས་བརྟུལ་ཞུགས་སྤྱད་པས་བདུག་པའི་མཆོག་སྦྱར་
བར་བྱའོ། །དེ་ནས་བདུག་པའི་རྒྱལ་པོ་སྒྲུབ་པའི་དཀྱིལ་འཁོར་གྲུ་བཞི་པ་ཚད་ཤིན་ཏུ་རྣམ་པར་ཕྱེ་བ་བྱ་སྟེ། གཟིངས་ཀྱི་ཚད་ཀྱི་ཤིན་ཏུ་བཅགས་པ། འཇམ་ཞིང་བསྙེན་པ་ལ། ཚོན་རྣམ་པ་སྣ་ཚོགས་པས་སྒོ་བཞི་ཤིན་ཏུ་རྣམ་པར་ཕྱེ་བ། མཛེས་པར་བྲི་བར་བྱའོ། །དབུས་ཀྱི་
དཀྱིལ་འཁོར་གྱི་སྙིང་པོར། པདྨའི་ཕྲེང་བ་བྲིའོ། །དབུས་ཀྱི་པདྨ་ཕྱེད་ཁ་བྱེ་བའི་ཕྲེང་བ་བྲི་སྟེ། ལག་པ་གཉིས་འཐོན་ནས་སྣ་ཚོགས་པའི་སྤྲིན་འཁྲིགས་པ་འཛིན་པར་བྱེད་པའོ། །དེའི་སྟེང་དུ་བདུག་པའི་སྣོད་བཀོད་ནས། མེའི་ཁ་དོག་ཅན་གྱི་གོས་ཀྱིས་གཡོགས་ལ། དཀྱིལ་
འཁོར་གྱི་གྲྭ་བཞི་རྣམས་སུ། རླུང་གི་རྒྱལ་པོ་བྲིའོ། །སྒོ་བཞིར་ཞགས་པ་བྲིས་ནས་ཁོར་ཡུག་ཏུ་ལག་པའི་ཕྱག་རྒྱའོ། །པདྨའི་ཕྲེང་བ་ལས་ངེས་པར་འཐོན་པའོ། །བདུག་སྤོས་འཁྱིལ་པ་འཆང་བར་བྱེད་པ་དཀྱིལ་འཁོར་གྱི་སྟེང་དུ་སྤྲས་པར་བྱའོ། །ཇི་ལྟར་འབྱོར་
པའི་གཏོར་མ་དང་མེ་ཏོག་དབུལ་བར་བྱ། མཆོད་ཡོན་གྱི་སྣོད་དང་། གང་བའི་བུམ་པ་དང་། བ་དན་དང་། རྒྱན་དང་། སྐུད་པ་དམར་པོས་མཚམས་བཅིང་བ་དང་། དཀྱིལ་འཁོར་ལ་དངུལ་དང་། གསེར་བཞག་ཅིང་། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་། དྲི་
སྣ་ཚོགས་རྒྱ་ཆེན་པོའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀོད་ནས་ཁ་ཤར་དུ་ཕྱོགས་ནས་པདྨའི་ཕྲེང་བ་ལ་ཉེ་བར་དགོད་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་བདུག་པའི་རྒྱལ་པོ་ལ་ཡོངས་སུ་བཟླས་པར་བྱ་སྟེ། ཉི་མ་བདུན་ལ་ཐུན་གསུམ་དུ་དོན་ཡོད་པའི་
རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་ཤིང་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །དོན་ཡོད་པའི་སྙིང་པོ་ཡི་གེ་གཅིག་པའི་བཟླས་བརྗོད་འབུམ་རྫོགས་པ་སྟེ། སྟོང་ཕྲག་བརྒྱ་རྫོགས་པ་ནི་བཟླས་བརྗོད་ཀྱི་ཆོ་གའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་།

སླར་ཡང་དོན་ཡོད་པའི་རྒྱལ་པོའི་བཟླས་བརྗོད་ཉི་ཤུ་རྩ་གཅིག་དང་། ཁྲོ་བོའི་རྒྱལ་པོའི་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱའོ། །དེ་ནས་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ལ་བདུག་པ་དབུལ་བར་བྱ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདུག་
པ་དབུལ་ལོ། །འདི་ནི་བདུག་པ་སྒྲུབ་པའི་ཆོ་ག་གྲུབ་པར་འགྱུར་རོ། །བདུག་པའི་རྒྱལ་པོ་འདིས་བྱ་བ་དེ་སྒྲུབ་པར་འགྱུར་རོ། །གལ་ཏེ་རིག་སྔགས་འཆང་གིས་ཡུངས་ཀར་གྱི་འབྲས་བུ་གཅིག་གི་ཚད་ཙམ་གྱི་བདུག་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འདོད་པ་
དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དྲི་གཅིག་གིས་རྒྱས་པར་འདོད་པ་དང་། བདུག་པའི་སྤྲིན་འཁྲིགས་པས་ཀུན་ནས་གཡོགས་པར་འདོད་པ་དང་། དྲི་སྣ་ཚོགས་པའི་ཆར་འབེབས་པར་བྱེད་པར་འདོད་པ་དེས། བདུག་པའི་རྒྱལ་པོས་བདུག་པ་དེ།
རིག་སྔགས་འཆང་གིས་རྟག་ཏུ་རྒྱུན་མི་འཆད་པར་མངོན་པར་བརྩོན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཉི་མ་རེ་རེ་ཞིང་སངས་རྒྱས་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ལ་མེ་ཏོག་གཅལ་དུ་བཀྲམ་པར་བྱའོ།
མཆོད་ཡོན་དང་། ཞབས་བསིལ་ཡང་གཞག་པར་བྱ། བདུག་པའི་རྒྱལ་པོ་འདིས་བདུག་པར་བྱ་ཞིང་། དོན་ཡོད་པའི་རྒྱལ་པོ་དུས་གཅིག་ཏུ་བརྗོད་པར་བྱ་སྟེ། ཕྱོགས་བཅུར་བདུག་པའི་པོག་ཕོར་དབུལ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་
བྱེད་པར་འགྱུར་བ་དང་། སེམས་ཅན་འབྱུང་པོ་ཐམས་ཅད་ལ་བྱམས་པ་བསྒོམ་པར་བྱ། སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་ཐམས་ཅད་དྲི་མ་མེད་པའི་སེམས་ཀྱིས་ཡིད་ལ་བསྒོམ་པར་བྱ། དཀྱིལ་འཁོར་ལ་མེ་ཏོག་དང་བདུག་པ་དང་། མཆོད་ཡོན་དང་། ཞབས་
བསིལ་ཕུལ་ཏེ་ཡི་གེ་གཅིག་པ་ཡིད་ལ་བརྗོད་ཅིང་། ཕྱག་རྒྱ་ཡང་ལན་ཅིག་བཅིངས་ལ་ཕྱག་བྱའོ་ཞེས་སོ། །ཕུལ་བ་ཙམ་གྱི་མོད་ལ་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་སངས་རྒྱས་བྱེ་བ་ལ་དྲིས་ཁྱབ་པར་བྱེད་ཅིང་། བདུག་

པ་ཆེན་པོ་འཁྲིགས་པས་ནམ་མཁའི་མཐིལ་དུ་ཁྱབ་པར་འགྱུར་རོ། །དྲི་སྣ་ཚོགས་ཀྱི་ཆར་འབབ་པར་འགྱུར་ཏེ། བཅོམ་ལྡན་འདས་མཆོད་པའི་ལས་སངས་རྒྱས་ཀྱི་ཞིང་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བྱེ་བ་དགུ་བཅུ་རྩ་དགུའི་སངས་རྒྱས་བཅོམ་ལྡན་
འདས་ལ་མཆོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་རིག་སྔགས་འཆང་ལ་དུས་དུས་སུ་དོན་ཡོད་པའི་རྒྱལ་པོ་དྲན་པར་བྱེད་པ་སྲུང་བའི་དོན་དང་། ཕྱག་རྒྱ་འཆིང་བར་བྱེད་པ་དེ་སྲུང་བའི་དོན་དུ། ལེགས་
སོ་ཞེས་བྱ་བའི་སྒྲ་རྗོད་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་བྱམས་པ་རྒྱས་པར་བྱེད་པ་དེ་བཞིན་དུ་བྱའོ། །དོན་ཡོད་པ་ཆེན་པོའི་དངོས་གྲུབ་ཀྱང་སྦྱིན་པ