Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
ཐོང་བར་འགྱུར་ལ་གསེར་དང་། དངུལ་དང་། ཕྲ་མེན་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་དང་། དུང་དང་། མན་ཤེལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། མ་རྒད་དང་། མཐོན་ཀ་དང་། གོས་དང་། སྤུད་པ་དང་། རྒྱན་དང་། ལྷབ་ལྷུབ་གང་

ཡང་རུང་བ་ཉིད་འདོད་ན་ཐམས་ཅད་བླངས་ནས་སོང་ན་སུས་ཀྱང་མི་མཐོང་ལ་གར་དགའ་བར་འགྲོ་བར་འགྱུར་རོ། །ཇི་སྲིད་དུ་ཁྲུས་མ་བྱས་པ་དེ་སྲིད་དུ་རང་མི་མཐོང་ལ་ཁྲུས་བྱས་ན་ཐམས་ཅད་དུ་མཐོང་ངོ་། །རིག་སྔགས་འཆང་བུད་མེད་ཀྱི་ནང་
དུ་འཇུག་པར་འདོད་པས་གཙང་མར་ཁྲུས་བྱའོ། །དེ་ནས་སྤོས་ཆུས་ཁྲུས་བྱའོ། །དེའི་འོག་ཏུ་བ་གཅིན་གྱིས་ཁྲུས་བྱའོ། །ཡང་ན་གུར་གུམ་གྱིས་ཁྲུས་བྱའོ། །དེའི་འོག་ཏུ་བའི་རྣམ་ལྔས་ཁྲུས་བྱའོ། །དེའི་འོག་ཏུ་བའི་ཏིལ་མར་དང་ལྷན་ཅིག་བསྲེས་པ་
དེས་ལུས་བསྐུ་བར་བྱའོ། །དེའི་འོག་ཏུ་བུད་མེད་གཞོན་ནུའི་ནུ་ཞོ་དང་སྦྱར་བས་མིག་ལ་བསྐུས་ལ་དེ་ནས་རིལ་བུ་གསུམ་དཔུང་པ་གཡས་པ་ལ་གདགས་པར་བྱའོ། །དེ་ནས་གོས་གཙང་མ་བགོས་ནས་གསང་སྔགས་བརྗོད་ཅིང་དྲན་པར་བྱས་ལ་རྒྱལ་པོའི་ཕོ་བྲང་དུ་ཞུགས་
ན་མི་མཐོང་བར་འགྱུར་ཏེ་ལུས་སུས་ཀྱང་མི་མཐོང་ངོ་། །ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་བདུན་ནམ། ཉི་མ་བཅུ་བཞིའམ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཁྲུས་བྱས་ལ་བུད་མེད་དེ་དག་གི་ནང་ན་རྩེ་ཞིང་དགའ་བར་བྱེད་ལ། ཡོངས་སུ་སྤྱོད་པར་བྱེད་ཀྱང་སུས་
ཀྱང་མི་ཤེས་ལ་འཇུག་ཅིང་ཕྱིར་འགྲོ་བ་ན་སུས་ཀྱང་གླགས་མི་རྙེད་དེ། ཇི་སྲིད་དུ་ཁྲུས་མ་བྱས་པའི་བར་དུ་རང་གི་ལུས་མི་སྣང་བར་འགྱུར་རོ། །ཕུག་ཏུ་འཇུག་ན་ལུས་ཀུན་སྤོས་ཀྱི་ཏིལ་མར་གྱིས་བྱུགས་ལ་ཕུག་ཏུ་ཞུགས་ན་ཕུག་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར་
གྱིས། གནས་དེའི་ནང་དུ་ཞུགས་ལ་ཇི་ལྟ་ཇི་ལྟར་ལས་སུ་བྱ་བ་དེ་ལྟ་དེ་ལྟར་གྱིས་ཤིག །ཆུའི་ནང་དུ་ཞུགས་ན་ཇི་ལྟར་ཁྱིམ་གྱི་ནང་ན་འདུག་པ་བཞིན་ཆུས་མི་རླན་ལ། ཆུས་གོས་པར་ཡང་མི་འགྱུར་རོ། །མེའི་ནང་དུ་ཞུགས་ན་མེས་ལུས་ལ་མི་རེག་ཅིང་ཙནྡན་
ལྟར་བསིལ་བར་འགྱུར་རོ། །ཀླུའི་གནས་མཚོར་ཞུགས་ན་གནས་ན་འཁོད་པ་རྣམས་ཀྱིས་དེ་མི་མཐོང་གིས་ཇི་ལྟར་རང་གིས་ཡིད་ལ་ལས་སུ་བྱ་བར་འདོད་པའི་ལས་ཀྱི་རྣམ་པ་གཞན་དག་ཀྱང་གྱིས་ཤིག །མི་སྣང་བར་བྱ་བ་རིལ་བུ་སྒྲུབ་པའི་ཆོ་གའོ།། །།

འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་དྲུག་པ། དེ་ནས་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། ལས་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། དངོས་གྲུབ་ཐམས་ཅད་བྱེད་པའི་གནས། སྡིག་པ་ཐམས་ཅད་འཕྲོག་པ། དེ་བཞིན་དུ་
སྒྲིབ་པ་ཐམས་ཅད་རྣམ་པར་དག་པ། རིག་སྔགས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པ། གནོད་སྦྱིན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་ལེགས་པར་རྒྱལ་བ་སྦྱིན་པ། དགྲ་ཐམས་ཅད་ཟློག་
པར་བྱེད་པ། འཐབ་པ་དང་། རྩོད་པ་ཉིད་དང་། འགྱེད་པ་དང་། མཚོན་ཆའི་དྲ་བ་ཐམས་ཅད་ལས་སྒྲོལ་བར་བྱེད་པ། གྲུབ་པ་དོན་ཡོད་པ་མཆོག་ཏུ་རྙེད་པར་དཀའ་བ། རིག་སྔགས་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དུ་གསང་སྔགས་དང་དཀྱིལ་འཁོར་
གྱི་དངོས་གྲུབ་ཕྱག་རྒྱ་འཕོ་བ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བའི་སྒྲུབ་པ་ལས་ཐམས་ཅད་དུ་མཆོག་གི་དངོས་གྲུབ་ཀྱང་འགྲུབ་སྟེ་འདི་ལ་ཐེ་ཚོམ་མེད་དོ། །བདེ་བ་ཐམས་ཅད་རྟག་ཏུ་རབ་ཏུ་སྦྱིན་པ་དང་། དབང་ཕྱུག་མ་ཡིན་པ་ཐམས་ཅད་ཀྱི་སྒྲུབ་པ་དང་འགུགས་
པ་དང་། ལྷ་དང་། ཀླུ་ཐམས་ཅད་སྤྱན་འདྲེན་པ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་རབ་ཏུ་འཇོམས་པ་དང་། བདུད་དང་། འབྱུང་པོ་དང་། ཤ་ཟ་དང་། གདོན་མི་བཟད་པ་དང་། བརྗེད་བྱེད་མི་བཟད་པ་དང་། ཚངས་པའི་སྲིན་པོ་རྣམས་ཐམས་ཅད་ཐམས་
ཅད་དུ་སྒྲོལ་བར་བྱེད་པར་གྲུབ་པ་དང་། ཉིན་མོ་དང་མཚན་མོའི་དུས་རྟག་ཏུ་ཚར་གཅོད་པར་ཐེ་ཚོམ་མེད་དོ། །རིམས་ཐམས་ཅད་རྟག་ཏུ་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་ཟློག་པར་བྱེད་པ། དུག་ཐམས་ཅད་གསོད་པར་བྱེད་པ། འཕྲལ་དུ་སྲེག་བླུགས་
བྱིན་པ་ཙམ་གྱིས་ཐམས་ཅད་དུ་རྟག་ཏུ་གནང་ཆེན་པོ་དང་། ཐམས་ཅད་དུ་མཐོང་ན་དགའ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་མཆོད་པར་བྱ་བ་དང་། ཐམས་ཅད་དུ་སྟོབས་དང་། བརྩོན་འགྲུས་དང་ཕ་རོལ་གནོན་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་

མཐོང་བ་ཡང་སྦྱིན་པར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ཀུན་དུ་སྣང་བ་དང་། དུས་ཐམས་ཅད་ཀྱི་ཚེ་ལས་ཐམས་ཅད་ལ་ཤིན་ཏུ་དགའ་བ་དང་། སྐྱེ་བ་ནས་སྐྱེ་བར་ཚིག་བཙུན་པར་འགྱུར་རོ། །ཐམས་ཅད་དུ་བླ་མ་
ལ་སྲི་ཞུ་ཆེ་བ་དང་། ཐམས་ཅད་དུ་མཆོད་པར་འོས་པའི་བླ་མའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་པས་རྟག་ཏུ་ཡང་སྲུང་བ་དང་། ཡོངས་སུ་སྐྱོང་བར་བྱེད་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་ཉིད་ཀྱིས་ཀྱང་། དུས་རྟག་ཏུ་སྲུང་བ་དང་། སྐྱོབ་
པ་དང་། སྦ་བར་བྱེད་པར་ཐེ་ཚོམ་མེད་དོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། ལྷའི་བུ་རྫུ་འཕྲུལ་ཆེ་བ་རྣམས་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བར་བྱེད་ཅིང་རྟག་ཏུ་ལེགས་པར་ཁ་ལོས་སྒྱུར་བར་གནས་པར་འགྱུར་
རོ། །ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དྲག་པོ་དང་། གཞོན་ནུ་དང་། ནོར་བུ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། གར་མཁན་མཆོག་སྟེ་འདི་རྣམས་ཀྱིས་རྟག་ཏུ་སྲུང་བ་དང་། སྐྱོབ་པར་བྱེད་ཅིང་
གནས་ཏེ་འདི་ལ་ཐེ་ཚོམ་མེད་དོ། །མེའི་ལྷ་གཟི་བརྗིད་ཆེན་པོ་དང་། ཉི་མ་དང་། ཟླ་བ་དང་། རྒྱུ་སྐར་གྱི་ལྷ་རྣམས་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བར་བྱེད་ཅིང་། མཆོག་ཏུ་མཆོད་པ་བྱེད་པས་གནས་པར་འགྱུར་རོ། །སྦྱིན་སྲེག་ཙམ་འདི་ནི། བྱ་བ་ཐམས་
ཅད་བླ་ན་མེད་པའི་དངོས་གྲུབ་རྣམས་ལའོ། །འབྲས་ཐུག་པོ་ཆེ་དང་། ཡུངས་ཀར་དང་། གུ་གུལ་དང་། མར་དང་སྦྲང་རྩི་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་མཆོག་སྦྱིན་པར་འགྱུར་ཏེ། བྱ་བ་
ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །ཙནྡན་དང་། པདྨའི་ཆུ་བ་དང་། འབྲས་ཡོས་དང་། ཡུངས་ཀར་དང་། ཨ་ག་རུ་དང་། ཞོ་དང་། སྦྲང་རྩི་དང་། མར་བསྲེས་པས། ས་མཱའི་ཤིང་གི་ཞི་བའི་མེ་སྤར་ཏེ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་མདུན་དུ་ཉེ་བར་གནས་ཏེ། མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ། །བྱ་བ་ཐམས་ཅད་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ། །ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། །ཆོ་ག་
ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ། །ཐམས་ཅད་དུ་དོན་ཡོད་པ་ཐོགས་པ་མེད་པའི་དངོས་གྲུབ་ཏུ་ཡང་འགྱུར་རོ། །བསོད་ནམས་ཐམས་ཅད་འགུགས་པའི་དངོས་གྲུབ་ཏུ་ཡང་འགྱུར་རོ། །དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་
ག་ཞིབ་མོ་དང་། སྒྲུབ་པའི་ཆོ་ག་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིགས་གསང་བ་ལ་རྗེས་སུ་ཞུགས་པར་འགྱུར་རོ། །སེང་ལྡེང་དང་། ནིམ་པའི་ཤིང་གི་ཡམ་ཤིང་གི་འབྲས་སཱ་ལུ་དང་། ཏིལ་
དང་། ཡུངས་ཀར་དང་། ཞོ་དང་། མར་དང་། ལན་ཚྭ་དང་བསྲེས་པ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། བགེགས་དང་། ལོག་པར་འདྲེན་པ་དང་། གནོད་སྦྱིན་དང་། སྲིན་པོའི་གདོན་ཐམས་ཅད་དང་། གདུག་པ་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་
ཅད་རབ་ཏུ་ཞི་བར་བྱེད་དོ། །འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་སྒྲོལ་བར་བྱེད་དོ། །མཚོན་ཆ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ལས་རྒྱལ་བ་སྦྱིན་པར་འགྱུར་རོ། །
ཙནྡན་དང་། འབྲས་ཡོས་དང་། ཞོ་དང་། སྦྲང་རྩི་དང་། མར་བསྲེས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཡུལ་འཁོར་དང་། རི་བྲགས་དང་། གྲོང་དང་། གྲོང་ཁྱེར་དང་། ལྗོངས་རྣམས་སུ། ཀུན་ནས་དཔག་ཚད་སྟོང་ཕྲག་གཅིག་ཁོ་ར་ཁོར་ཡུག་ཏུ་
ཞི་བ་ཆེན་པོར་འགྱུར་རོ། །སེམས་ཅན་ཐམས་ཅད་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ལ་བསྲུང་བ་དང་། བསྐྱབ་པའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །ནད་ཐམས་ཅད་ཐམས་ཅད་དུ་རབ་ཏུ་ཞི་བར་འགྱུར་རོ། །གཅན་གཟན་

གཏུམ་པོ་ཐམས་ཅད་དང་། སྦྲུལ་གདུག་པ་དང་། མ་རུངས་པ་ཐམས་ཅད་བྱམས་པར་འགྱུར་རོ། །རྒྱལ་པོ་དང་། ཡུལ་འཁོར་དང་། བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་བ་ཐམས་ཅད་ཤིས་པ་དང་བདེ་བར་འགྱུར་རོ། །མ་ཏམ་ག་དང་།
ཡུངས་ཀར་དང་། མར་དང་། ཀླུ་ཤིང་གི་མེ་ཏོག་དང་། འབྲས་ཡོས་རྣམས་བསྲེས་པས་ཨརྐའི་ཤིང་གི་ཡམ་ཤིང་གི་མེ་སྦར་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཆར་མི་འབབ་པར་བྱེད་པ་ལ། དེ་ནས་ཀླུ་ཆེན་པོ་རྣམས་ཀྱིས་ཆར་གྱི་རྒྱུན་འབྱིན་པར་བྱེད་དེ་ཇི་སྲིད་ཆར་པ་
འབབ་པར་འདོད་པའི་བར་དུའོ། །ལོ་ཐོག་དང་། ཤིང་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་གྱི་རྫས་དང་། མེ་ཏོག་དང་། འབྲས་བུ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ལེགས་པར་ཡོངས་སུ་རྫོགས་པར་འགྱུར་རོ། །ཀླུའི་རྒྱལ་པོ་ཆེན་པོ་འཁོར་དང་
བཅས་པ་ཐམས་ཅད་ཀྱིས་དགའ་བ་ཆེན་པོར་འགྱུར་ཞིང་། དུས་དུས་སུ་ཇི་ལྟར་བ་བཞིན་དུ་ཆར་གྱི་རྒྱུན་འབྱིན་པར་བྱེད་དོ། །ཧ་ཅང་ཆར་ཆེས་ན་དེ་ཉིད་ཀྱི་ཐལ་བས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཧ་ཅང་ཆར་ཆེས་པ་རབ་ཏུ་ཞི་བར་བྱེད་དོ། །འབྲས་ཡོས་དང་། གོ་ལ་དང་།
ཡུངས་ཀར་དང་། གཏུམ་པོའི་ས་བོན་མར་དང་བསྲེས་པའི་སྦྱིན་སྲེག་བྱས་ན། རླུང་དང་སེར་བ་ཐམས་ཅད་ཟློག་པར་བྱེད་དོ། །དཔག་ཚད་སྟོང་ཕྲག་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་བར་བྱས་པར་འགྱུར་རོ། །རླུང་བཅིང་བ་ལ་ཡུངས་ཀར་དང་འབྲས་ཐུག་པོ་ཆེའི་
སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རླུང་གི་དཀྱིལ་འཁོར་ཐམས་ཅད་བཅིང་བར་བྱས་པར་འགྱུར་ཏེ། ཇི་སྲིད་དུ་བེ་རམ་བྷའི་རླུང་གི་བར་དུ་བཅིངས་པར་འགྱུར་རོ། །ཀླུ་བཅིང་བ་ལ་ནི་ཡུངས་ཀར་དང་། ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ལོ་བཅུ་གཉིས་སུ་ཀླུ་
བཅིང་བ་བྱས་པར་འགྱུར་རོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་ནི། ཡུངས་ཀར་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་ཟློག་པ་ནི། ཀ་ར་བཱི་རའི་ཤིང་གིས་མེ་སྦར་ཏེ། ནི་མ་

པའི་འདབ་མ་དང་། ལན་ཚྭ་དང་། ཕུབ་མའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་པ་དང་། དགྲ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དེ། ཇི་སྲིད་འཚོའི་བར་དུ་ཕྱིས་འབྱུང་བར་མི་འགྱུར་རོ། །ཕྱོགས་བཅིང་བ་ལ་དཔག་
ཚད་སྟོང་ཕྲག་ཁོར་ཡུག་གིས་སོ། །ཏིལ་དང་། ཡུངས་ཀར་དང་། འབྲས་ཡོས་དང་། པདྨའི་འདབ་མ་མར་དང་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། དཔག་ཚད་སྟོང་ཕྲག་ཁོར་ཡུག་ཏུ་མཚམས་ཆེན་པོ་བཅིང་པ་བྱས་པར་འགྱུར་རོ། །ལོག་འདྲེན་
ཐམས་ཅད་བཅིང་བ་ལ་ནི། ཡུངས་ཀར་ནག་པོ་དང་། ཏིལ་ནག་དང་། སྲན་མ་དང་། ཏིལ་དང་མར་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་མ་རུངས་པ་དང་། གནོད་སྦྱིན་དང་སྲིན་པོ་རྣམས་བཅིང་བ་བྱས་པར་
འགྱུར་རོ། །གནོད་སྦྱིན་འབྱིན་པ་ལ་ནི། བྷཾ་གའི་ས་བོན་དང་། ལན་ཚྭ་དང་། ཏིལ་མར་བསྲེས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་ལ་སོགས་པ་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱི་
མངོན་སུམ་དུ་ངེས་པར་འབྱིན་པར་འགྱུར་རོ། །ཡམས་དང་། ཉེ་བར་འཚེ་བ་དང་། ནད་འགོ་བ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །དགེ་ལེགས་ཐམས་ཅད་འབྱུང་བར་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ། འབྲས་ཡོས་དང་།
ཨརྐའི་ཡམ་ཤིང་མར་གྱིས་བཏགས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་བྲམ་ཟེ་ཐམས་ཅད་དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ། བུ་རམ་དང་། མར་དང་། འབྲས་ཡོས་དང་། ཨརྐའི་འདབ་མས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རྒྱལ་རིགས་
ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དམངས་རིགས་དབང་དུ་བྱེད་པ་ལ། མྱོས་བྱེད་ཀྱི་འབྲས་བུ་དང་། དོང་ཀའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། དམངས་རིགས་ཐམས་ཅད་དབང་དུ་བྱེད་པའི་མཆོག་འགྲུབ་བོ། །རྗེ་རིགས་དབང་དུ་བྱེད་པ་ལ། མར་རྣམ་

པ་གསུམ་གྱིས་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། རྗེ་རིགས་ཐམས་ཅད་དབང་དུ་བྱེད་དོ། །སྣ་མའི་མེ་ཏོག་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། བུད་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །གཞོན་
ནུ་མ་དབང་དུ་བྱེད་པ་ལ། ཆུའི་མེ་ཏོག་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གཞོན་ནུ་མ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལ། འབྲུ་དང་མར་གྱི་སྦྱིན་སྲེག་ཕྲག་བརྒྱད་བྱས་ན། །
འཇིགས་པ་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ནོར་དང་འབྲུ་འཕེལ་བར་བྱེད་པ་ལ། འབྲུ་བདུན་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ནོར་དང་འབྲུ་འཕེལ་བར་འགྱུར་རོ། །དབང་
ཕྱུག་ཐོབ་པ་ལ། ཡུངས་ཀར་དང་། མངྔྷཱཿདང་། སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་ཕྱུག་ཆེན་པོ་འཕེལ་བར་འགྱུར་རོ། །ཡུལ་ཐོབ་པ་ལ། ཚབ་གསུམ་མར་དང་། མདྡྷཱཿདང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། ཡུལ་ཆེན་པོ་ཐོབ་པར་འགྱུར་རོ། །གྲོང་
གི་དོན་དུ་ཀ་ར་བཱི་རའི་མེ་ཏོག་དང་། ཡུངས་ཀར་དང་། འབྲས་ཡོས་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གྲོང་རྙེད་པར་འགྱུར་རོ། །གཏེར་གདོན་པ་ལ་ནི། པདྨའི་ཆུ་བ་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཏེར་ཆེན་པོ་སོ་སོར་རྙེད་
དོ། །གནོད་སྦྱིན་སྤྱན་དྲང་བར་འདོད་པས། གུ་གུལ་དང་། གཏུམ་པོའི་ས་བོན་དང་། སྦྲང་རྩི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། གནོད་སྦྱིན་རང་གི་གཟུགས་ཀྱིས་མདུན་དུ་ཉེ་བར་འདུག་སྟེ། ཅི་བསྒོ་བ་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་
རོ། །འདོད་པའི་གཟུགས་ཅན་མ་སྤྱན་དྲང་བར་འདོད་པས་འབྲས་ཡོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དྲི་དང་། པྲི་ཡང་ཀུའི་ཀར་བཱི་རའི་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དེའི་འོག་ཏུ་

འདོད་པའི་གཟུགས་ཅན་མ་འོངས་ཏེ། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པར་བྱེད་དོ། །རྣམ་པ་གསུམ་བརྗོད་པར་བྱ་སྟེ། མ་དང་། ཆུང་མ་དང་། སྲིང་མོའོ། །གལ་ཏེ་མ་ཡིན་ན་བུ་ལ་ཞེན་པས། ནོར་དང་། འབྲུ་དང་། ལོངས་སྤྱོད་ཆེན་པོ་རྣམ་པར་འཕེལ་ཞིང་ཕུན་སུམ་
ཚོགས་པར་བྱེད་དེ། ཇི་སྲིད་འཚོའི་བར་དུ་མི་འབྲལ་བར་ཀུན་དུ་གནས་པར་བྱེད་དོ། །གལ་ཏེ་ཆུང་མ་ཡིན་ན། རྣམ་པ་སྣ་ཚོགས་པའི་དགའ་བ་དུ་མས་རྩེ་ཞིང་། ལོངས་སྤྱོད་ལ་ཡོངས་སུ་སྤྱོད་པར་བྱེད་དེ། རྣམ་པ་སྣ་ཚོགས་པའི་གོས་དང་། རྒྱན་དང་།
ལྷབ་ལྷུབ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། བཟའ་བ་དང་། བཏུང་བ་རྣམ་པ་སྣ་ཚོགས་པའི་རོ་བྲོ་བའི་ལོངས་སྤྱོད་ལ་ཡོངས་སུ་སྤྱོད་ཅིང་། རྣམ་པ་སྣ་ཚོགས་པའི་མལ་སྟན་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་དང་བཅས་པ་རྣམ་པར་
འཕེལ་བ་ལ་ཡོངས་སུ་སྤྱོད་དེ། ཇི་སྲིད་འཚོའི་བར་དུ་གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ། །སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །གལ་ཏེ་སྲིང་མོ་ཡིན་ན་དེའི་ཚེ། རྣམ་པ་སྣ་ཚོགས་པའི་དབང་ཕྱུག་དང་། ལྷའི་གཞལ་མེད་ཁང་ན་ལོངས་སྤྱོད་ལ་
ཡོངས་སུ་སྤྱོད་ཅིང་། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་དང་རིམ་གྲོ་བྱེད་དོ། །ཕ་རོལ་གྱི་དམག་ཚོགས་བཟློག་པ་ལ་ཕུབ་མ་དང་། ལན་ཚྭའི་སྦྱིན་སྲེག་གིས་དཔག་ཚད་བརྒྱ་སྟོང་ཕྲག་གི་ནང་དུ་དགྲ་མི་འབྱུང་སྟེ། སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཡུལ་དང་འཁྲུག་པ་
ཆེན་པོ་ལས་རྒྱལ་བར་འགྱུར་རོ། །ཉི་མ་འབབ་པར་བྱེད་པ་ལ། རིའི་རྩེ་མོར་སྦྲང་རྩི་དང་། ན་ལེ་ཤམ་དང་། འབྲས་ཐུག་པོ་ཆེ་དང་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཉིན་རེ་རེ་ཞིང་ཉི་མ་འབབ་པར་བྱེད་དོ། །མཆོག་ཐམས་ཅད་རྗེས་སུ་སྩོལ་བར་བྱེད་ཅིང་། ཇི་
སྲིད་འཚོའི་བར་དུ་འདོད་པ་ཙམ་གྱིས་བསྙེན་བཀུར་དང་། རིམ་གྲོ་བྱེད་ཅིང་ཉེ་བར་གནས་སོ། །ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་འབབ་པར་འདོད་པས་གནས་མཐོན་པོར་ཚ་བ་གསུམ་དང་། རྒྱམ་ཚྭ་དང་། ལན་ཚྭ་དང་། འོ་མ་དང་། སྦྲང་རྩི་དང་མར་གྱིས་བཏགས་

པའི་སྦྱིན་སྲེག་བྱས་ན་ཟླ་བ་དང་། རྒྱུ་སྐར་དང་། སྐར་མའི་ཚོགས་འབབ་པར་བྱེད་དེ། འདོད་པ་དང་། ཡིད་ཀྱི་ཤིང་རྟ་དང་། བསྐལ་པ་དང་། དབང་ཕྱུག་ཐམས་ཅད་ཆེར་འཕེལ་བ་རབ་ཏུ་སྦྱིན་ནོ། །ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་ཏེ། ཇི་སྲིད་
འཚོའི་བར་དུ་སྲུང་བ་དང་། སྐྱོབ་པ་དང་། སྤ་བ་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་ཞིང་མཐོང་བར་འདོད་ན་འབབ་པར་བྱེད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་
དང་། མི་མ་ཡིན་པ་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་ཐམས་ཅད་འགུགས་པ་ལ་ཏིལ་དང་། ཡུངས་ཀར་དང་། འབྲས་ཐུག་པོ་ཆེ་དང་། སྨན་སྣ་ཚོགས་
དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན། འགུགས་པ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་ཏེ། འཇིག་རྟེན་ཐམས་ཅད་དགའ་བར་ཡང་འགྱུར་རོ། །རྒྱལ་པོ་དང་། བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པ་འཁོར་དུ་
འགྱུར་ཏེ། རྟག་ཏུ་དེ་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་ལ་ངག་གི་རྗེས་སུ་འཇུག་པར་འགྱུར་རོ། །བདག་ཉིད་ཀྱིས་སམ་ནོར་གྱིས་ཀྱང་རུང་སྟེ། ཐམས་ཅད་དུ་བླ་མ་གཅིག་པུར་མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ། །སྦྱིན་སྲེག་གི་ཆོ་གའི་སྒྲུབ་ཐབས་སོ།། །།
དེ་ནས་མིག་འཕྲུལ་བཤད་པར་བྱ་སྟེ། དོན་ཡོད་པ་པདྨ་གཙུག་ཏོར་གྱི་རིག་སྔགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཆེད་དུ་ལས་ཐམས་ཅད་བྱེད་པ། དགེ་བ་ལ་མཁས་པ་རྣམས་ཀྱི་བདེ་བ་སྦྱིན་པ། རྟག་ཏུ་དབུལ་པོ་རྣམས་ཀྱིས་བདེ་བ་ཐོབ་པར་བྱེད་
པའོ། །དེ་ནས་རྟོགས་པའི་མོད་ལ་འབྲུ་མཆོག་ཏུ་འཕེལ་བར་འགྱུར་ཞིང་། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་ཉིད་དུ་མཆོད་པར་བྱ་བ་དང་། མི་འཇིགས་པ་དང་། དབང་ཕྱུག་སྦྱིན་ཞིང་། ལོངས་སྤྱོད་ཆེན་པོ་འཕེལ་བ་དང་། རྒྱལ་པོའི་བདེ་བ་དང་ལྡན་པ་དང་ཕྱོགས་

ཕྱོགས་སུ་རབ་མཆོག་སྦྱིན་པར་བྱེད་དོ། །གི་ཝང་དང་། ཅུ་གང་དང་། ལྡོང་རོས་དང་། མུ་ཟི་དང་། པདྨ་གེ་སར་དང་། ཨུཏྤལ་སྔོན་པོ་དང་། ལི་ཁ་ར་དང་། གུར་གུམ་དང་། རྒྱ་མཚོ་ལྦུ་བ་དང་། གཉིས་དང་། གསེར་གྱི་འདབ་མ་སྟོང་ཕྲག་སྦྱར་ཏེ། ཕྱེ་མ་
ཤིན་ཏུ་ཞིབ་མོར་བྱས་ལ་ལེགས་པར་བསྒོངས་ལག་པུར་དང་། གླ་རྩི་ཙམ་གྱི་བླངས་ལ། སྔགས་ཀྱི་སྟོང་ཕྲག་བརྒྱད་བཟླས་པ། མཁས་པས་རྣམ་པ་གསུམ་དུ་སྦྱར་བར་བྱ་སྟེ། སྐྱེ་བོས་གང་བ་ཉིད་ལ་ལྔ་མཉམ་པའོ། །དེ་ནས་རིག་སྔགས་འཆང་གིས་མིག་
སྨན་གྱི་སྙིང་པོས་སྟོང་རྩ་བརྒྱད་བཟླས་ལ་མིག་ལ་བྱུག་པར་བྱ་སྟེ་མི་སྣང་བར་འགྱུར་རོ། །སྐྱེ་བོ་མང་པོའི་དབུས་སུ་ནམ་མཁའ་ལ་ཉེ་བར་གནས་པར་བྱེད་དོ། །ཧཱུྃ་ཡིག་གིས་མཐོང་བར་བྱའོ། །ནམ་མཁའ་ལ་འགྲོ་བར་བྱེད་དོ། །གནས་པར་བྱེད་དོ། །ཉལ་བར་བྱེད་དོ། །
རྒྱུག་པར་བྱེད་དོ། །བསྐུས་ན་ལུས་ལ་མེ་འབར་བར་མཐོང་སྟེ། དེ་སྟོན་པར་བྱེད་དོ། །དུ་བའི་རྒྱལ་མཚན་སྟོན་པར་བྱེད་དོ། །རྐང་པའི་མཐིལ་ལ་ཀུན་དུ་བྱུགས་ན། ཆུ་བོ་དང་། ཆུ་ཀླུང་ཆེན་པོའི་སྟེང་ནས་འགྲོ་སྟེ་རྐང་པ་ལ་ཆུས་གོས་པར་མི་འགྱུར་རོ། །མེ་ཆེན་པོ་འབར་
བའི་ནང་དུ་འཇུག་སྟེ། སྲེག་པར་མི་བྱེད་ཅིང་། བ་སྤུའི་ཁུང་བུ་གཅིག་ཀྱང་འབྱི་བར་མི་འགྱུར་རོ། །ཕྱེ་མས་ཕྱོགས་བཞིར་ནམ་མཁའ་ཀུན་དུ་གཏོར་ན། མེ་ཏོག་དང་། འབྲས་བུ་སྣ་ཚོགས་པའི་ཆར་གྱི་རྒྱུན་ལྟུང་བར་བྱེད་དོ། །རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་
མཐོང་བར་བྱེད་དོ། །ལུས་མཐའ་དག་ལ་བྱུག་པར་བྱ་ཞིང་། སྐྱེ་བོའི་མིག་སྨན་བསྐུ་ཞིང་ཕྱེ་མས་གཏོར་ནས། ལྗོངས་ཆེན་པོའི་ནང་དུ་འཇུག་པར་བྱ་སྟེ། དེ་ཅུང་ཟད་ཀྱང་མི་མཐོང་ངོ་། །ཇི་ལྟར་ཡིད་ལ་བྱེད་པ་བཞིན་དུ་རྨོངས་པ་ཆེན་པོའི་སྒྱུ་མ་སྟོན་པར་བྱེད་དེ། རྒྱལ་
པོ་དང་། དམག་སྡེ་ཆེན་པོ་དང་། དྲང་སྲོང་གི་གཟུགས་དང་། གསེར་གྱི་བུམ་པ་ཅན་དང་། མིའི་སེང་གེ་དང་། ཕག་དང་། དགའ་བྱེད་ཀྱི་མཚན་ཉིད་དང་། རོལ་སྙེད་མ་ཕྲོགས་པ་དང་། ཟླ་འོད་མགོ་བོ་ཡོངས་སུ་གཏོང་བ་སྟོན་པར་བྱེད་དོ། །འཇོམས་པ་དང་། གསོད་

པ་དང་། སྲོག་འདོར་བ་སྟོན་པར་བྱེད་དོ། །མེ་ཏོག་གི་ཆར་རམ། འབྲས་བུའི་ཆར་རམ། རླུང་དང་། སྤྲིན་དང་། སེར་བ་དང་། འབྲུའི་ཆར་སྟོན་པར་བྱེད་དོ། །རྣམ་པ་སྣ་ཚོགས་པའི་རྣམ་འགྱུར་རྣམས་སྟོན་པར་བྱེད་དེ། གཞལ་མེད་ཁང་ཆེན་པོའི་
རྣམ་པ་རྣམས་བསམས་པ་ཙམ་གྱིས་སྟོན་པར་བྱེད་དོ། །དགེ་འདུན་གྱི་ནང་དུ་འཇུག་ན། རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་པ་ལ་སོགས་པ་ཡ་མ་ཟུང་གཞལ་དུ་མེད་པ་སྟོན་པར་བྱེད་དོ། །བདག་ཉིད་ཀྱི་མགོ་བོ་ལ་བསྐུས་ནས་མགྲིན་པ་ཙམ་གྱིས་དྲི་ཟ། ཏིལ་མར་
བསྒོས་པའི་ཕྱེ་མས་གཏོར་བར་བྱ་ཞིང་། མིག་སྨན་གྱིས་བྱུག་པར་བྱ། ཕྱེ་མས་ལུས་མཐའ་དག་ལ་བདུག་པར་བྱ་རྐང་པ་ལ་བྱུག་པར་བྱ་སྟེ། དགེ་འདུན་གྱི་ནང་དུ་ཞུགས་ན་ཡང་དག་པར་ཤེས་བཞིན་དང་། ཞི་བ་དང་། དུལ་བ་དང་། ཟུང་ཙམ་དུ་མཐོང་ངོ་། །དེ་ནས་
ཞུགས་པ་ཙམ་གྱིས་མེའི་ཁམས་སུ་མཐོང་བར་བྱེད་དོ། །སེམས་པར་མཐོང་བར་བྱེད་དོ། །ནམ་མཁའ་ལ་གནས་པར་བྱེད་དོ། །འཆག་པར་བྱེད་དོ། །འདུག་པར་བྱེད་ཅིང་མལ་སྟན་ལ་རྟོག་པར་བྱེད་དོ། །འོང་བར་བྱེད་ཅིང་འགྲོ་བར་བྱེད་དོ། །མེ་ཏོག་འབབ་
པར་བྱེད་དོ། །ནམ་མཁའ་ལ་རྔའི་སྒྲ་སྟོན་པར་བྱེད་དོ། །རིག་བྱེད་བཞི་བའི་ནང་དུ་ཤིང་ཨརྐའི་འོ་མས་བསྒོས་ནས་བྱུགས་པ་ཙམ་གྱིས་འཇིག་རྟེན་གསུམ་པའི་གཟུགས་སུ་མཐོང་བར་བྱེད་དོ། །ལྷའི་གར་མཁན་སྣ་ཚོགས་པའི་གཟུགས་སུ་མཐོང་བར་བྱེད་དོ། །ཇི་
ལྟ་ཇི་ལྟར་ཡིད་ལ་བྱེད་བཞིན་པའི་བྷཱ་ར་ཏ་དང་། དགའ་བྱེད་རྣམས་མཐོང་བར་བྱེད་དོ། །འཁོར་ཆེན་པོའི་དབུས་སུ་རྣམ་པ་སྣ་ཚོགས་པའི་གར་མཁན་རྣམས་སུ་སྟོན་པར་བྱེད་དོ། །རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་དབུས་སུ། ལྷའི་གར་མཁན་
སྣ་ཚོགས་པ་རྣམས་སུ་མཐོང་བར་བྱེད་དོ། །གླིང་གི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣ་ཚོགས་པ་དང་། མཱན་དྷཱ་ཏ་དང་། ཡིད་ལྡན་དང་། ཤིང་རྟ་བཅུ་པ་དང་། རིན་ཆེན་འོད་དང་། དྲག་པོས་འོད་བྱིན་དང་། མི་བདག་དང་། མངའ་བདག་དང་། ཚོང་བདག་

དེད་དཔོན་དང་། ཞི་བ་དང་། མཆེ་བཟང་དང་། སྙིང་རྗེ་ཅན་དང་། པདྨ་དཀར་པོ་ལ་སོགས་པ་རྣམས་དང་ལྷན་ཅིག་པའི་གར་མཁན་རྣམས་སུ་མཐོང་ངོ་། །རིན་པོ་ཆེའི་ཆར་དང་། གོས་ཀྱི་ཆར་དང་། སྤུད་པའི་ཆར་དང་། ལྷབ་ལྷུབ་ཀྱི་ཆར་མཐོང་བར་བྱེད་དོ། །མེ་
ཏོག་གི་གཞལ་མེད་ཁང་དང་། འབྲས་བུའི་གཞལ་མེད་ཁང་མཐོང་བར་བྱེད་དོ། །གཞལ་མེད་ཁང་ལ་སོགས་པ་རྣམ་པ་སྣ་ཚོགས་པ་མཐོང་པར་བྱེད་དོ། །དེ་ལྟར་ན་མིག་སྨན་དང་ཕྱེ་མ་མཐུ་ཆེན་པོ་བསྐུ་བ་དང་སྦྱོར་བས་གཞལ་མེད་ཁང་དང་། གར་མཁན་དང་།
གཞལ་མེད་ཁང་མཐོང་བར་བྱེད་དེ། ཇི་སྲིད་སྒྲ་སྒྲོགས་དང་། འཇིགས་བྱེད་དང་། བུམ་པ་དང་། གཞལ་མེད་ཁང་མཐོང་བ་དང་། ཧ་ནུ་མའི་གཞལ་མེད་ཁང་མཐོང་བར་བྱེད་པ་དང་། གར་མཁན་རྨོངས་པ་ཆེན་པོའི་གཞལ་མེད་ཁང་མཐོང་བར་བྱེད་དོ། །ཇི་སྲིད་
བདུད་འཇོམས་པ་ལ་སོགས་པ་དམག་སྡེ་སྣ་ཚོགས་པའི་མཆོག་གི་གཟུགས་ཀྱི་བར་དུ་མཐོང་བར་བྱེད་དོ། །སྟོབས་དང་། བརྩོན་འགྲུས་ཆེན་པོ་མཐོང་བར་བྱེད་དོ། །མིག་སྨན་དང་ཕྱེ་མའི་སྦྱོར་བ་གསུམ་གྱི་དངོས་གྲུབ་ནི། བསྐུ་བ་དང་། བཀླགས་པ་དང་། ཡང་
དག་པར་སྦྱར་བས་ཚེའི་དངོས་གྲུབ་ཆེན་པོར་འགྱུར་རོ། །སྒྱུ་མའི་རྣམ་འཕྲུལ་སྣ་ཚོགས་པ་འགྲུབ་སྟེ། ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་སྦྱོར་བའི་དངོས་གྲུབ་ཏུ་འགྱུར་རོ། །རབ་ཏུ་སྦྱར་བ་ཙམ་གྱིས་དངོས་གྲུབ་ཆེན་པོ་རྒྱ་ཆེ་བ་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་
དུ་འགྲུབ་པར་འགྱུར་རོ། །སྒྲུབ་པའི་དངོས་གྲུབ་བླ་ན་མེད་པའི་ཆོ་ག་རྨོངས་པ་ཆེན་པོའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་དང་། དོན་ཡོད་ཞགས་པའི་པདྨ་གཙུག་ཏོར་གྱི་དངོས་གྲུབ་དང་། རིག་པ་
འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་བླ་ན་མེད་པའོ། །དང་པོར་སྡིག་པ་ཟད་པར་བྱེད་པ་དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་ཉམས་པར་བྱེད་པ། འདོད་པ་ཐམས་ཅད་ཀྱི་དངོས་གྲུབ་དང་། དོན་ཡོད་པའི་དངོས་གྲུབ་བླ་ན་མེད་པ་དང་། སྔགས་ཀྱི་

དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། གཟུངས་ཐོབ་པའི་དངོས་གྲུབ་རྣམས་དང་། ས་བཅུ་ལ་རབ་ཏུ་འཇུག་པར་བྱེད་པ་གྲུབ་པ། སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་དེ་ཁོ་ན་ཉིད་མཐོང་བ་རྨད་དུ་བྱུང་བ། བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་བྱེད་
པ། རྡོ་རྗེ་གདན་གྱི་གནས་སུ་ཡང་དག་པར་ལྷག་པར་གནས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ། བདུད་འཇོམས་ཤིང་ཚར་གཅོད་པ། བགེགས་ཐམས་ཅད་ལྷུང་བར་བྱེད་པ། སངས་རྒྱས་ཀྱི་ཞིང་གི་གནས་མཐོང་བར་བྱེད་པ། དེ་ཉིད་ལས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པའི་གནས་དང་མཉམ་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་བའོ། །དེ་ནས་པོ་ཊ་ལ་ཀའི་གཞལ་མེད་ཁང་དང་མཉམ་པའི་གནས། དོན་ཡོད་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས། སྐད་ཅིག་ལ་མནར་མེད་
པའི་གནས་དང་། མཚམས་མེད་པ་ལྔ་རྣམ་པར་སྦྱོང་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་དང་མཉམ་པ་དང་། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་གཞིའི་གནས་དེ་བཞིན་དུ་རྡོ་རྗེ་སྙིང་པོའི་དགེ་བ་འཕེལ་
བ་དེ་གཤེགས་པའི་རིགས་ཀྱི་རིག་སྔགས་ཀྱི་དངོས་གྲུབ་དང་། དེ་བཞིན་དུ་པདྨའི་རིགས་དང་། དེ་བཞིན་དུ་ནོར་བུའི་རིགས་དང་། དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་དང་། དཀྱིལ་འཁོར་གྱི་གཙོ་བོ་གཅིག་པུར་ཞུགས་པ་དཀྱིལ་འཁོར་གྱི་མཆོག་རི་རབ་ཆེན་
པོ་དང་མཉམ་པའི་གནས། དེ་བཞིན་དུ་རྒྱ་མཚོ་ཆེན་པོ་ལྟ་བུ། ཁྱད་པར་དུ་འཕགས་པའི་གནས་ཐམས་ཅད་དུ་སོན་པ། ཡིད་བཞིན་གྱི་ནོར་བུའི་མཆོག་རབ་ཏུ་སྦྱིན་པ། དཔག་བསམ་ཤིང་དང་མཚུངས་པའི་གནས། ཡིད་ཀྱི་ཤིང་རྟ་ཐམས་ཅད་ཡོངས་སུ་རྫོགས་
པར་བྱེད་པ། རེ་བ་ཕུན་སུམ་ཚོགས་པར་བྱེད་པའི་གནས་ཐམས་ཅད་དུ་མཆོག་སྦྱིན་པ་པོ་འདི་ནི་བྱང་ཆུབ་ཀྱི་ས་བོན་གྱི་གནས་ཏེ། སེམས་ཅན་ཐམས་ཅད་རྟག་ཏུ་སྒྲོལ་བར་བྱེད་པ། དོན་ཡོད་པའི་གནས་གསང་ཞིང་རྡོ་རྗེ་བྱིན་གྱིས་རློབ་པ་བླ་ན་མེད་པའོ། །བསོད་ནམས་

ཐམས་ཅད་འགུགས་པར་བྱེད་པའི་གནས། དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པ། འདི་ནི་བསོད་ནམས་ཀྱི་ཕུང་པོའི་གནས། ཆོས་ཀྱི་མཛོད་དང་རྟག་ཏུ་མཉམ་པ། སངས་རྒྱས་ཀྱི་མཛོད། མཛོད་ཆེན་པོ་སྤྱན་རས་གཟིགས་ཀྱི་མཛོད་ལ་
མཁས་པ་རྟག་ཏུ་པདྨའི་མཛོད། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད། རྡོ་རྗེའི་མཛོད། དེ་བཞིན་དུ་ནོར་བུ་ཆེན་པོ་ཉིད་ཀྱི་མཛོད། རྒྱ་མཚོ་ཆེན་པོ་ལྟར་ཟབ་པ། མི་གཡོ་བ། མི་འགུལ་བ། ཟིལ་གྱིས་མི་ནོན་པའོ། །བདུད་དང་། ལོག་
པར་འདྲེན་པ། བགེགས་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། སྲིན་པོ་ཐམས་ཅད་ཀྱིས་སྡང་བའི་སེམས་ཀྱིས་འཇུག་པར་མི་ནུས་སོ། །དེ་ལ་མི་གཡོ་བའི་གནས་རྙེད་དཀའ་ཞིང་བླ་ན་མེད་པའོ། །དཀྱིལ་འཁོར་གྲུ་བཞི་པར་བྱ་སྟེ། བ་བྱུང་
དང་ཡང་དག་པར་ལྡན་པ། ཁྲུ་སུམ་ཅུ་རྩ་གཉིས་པ་བྱའོ། །ཡང་ན་ཁྲུ་བརྒྱད་པར་བྱ་སྟེ། དེ་ཕྱེད་དང་གཉིས་ཀྱི་ཁྲུའི་ཚད་ཀྱི་ཐིག་སྐུད་ཀྱིས་ཚད་རྣམ་པར་ཕྱེ་སྟེ་གདབ་པར་བྱའོ། །གྲྭ་བཞི་མཉམ་པར་ཕྱེ་བ། ལོགས་བཞི་ལེགས་པར་རྣམ་པར་ཕྱེ་བ། ཤིན་ཏུ་འཇམ་པ།
ཤིན་ཏུ་ལེགས་པར་བཅགས་པ། བསྙེན་ལ་འཇམ་ཤིང་བརྒྱན་པ། ས་གཞི་བཻ་ཌཱུརྱའི་ཁ་དོག་ལ་དཀྱིལ་འཁོར་མཛེས་པ་ཐིག་གིས་ཆར་རྣམ་པ་དབྱེ་བར་བྱ་སྟེ། སྒོ་བཞི་རྣམ་པར་ཕྱེ་བ། སྐུད་པ་ལ་ཚོན་སྣ་ལྔ་བྱིན་ཏེ། དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་གྲུ་བཞི་པར་
རྣམ་པར་དབྱེའོ། །ཁྲུ་གཉིས་ཀྱི་ཚད་ཀྱིས་རེ་ཁཱ་ལྔ་རྣམ་པར་དབྱེའོ། །དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ཀུན་ནས་རྒྱས་པ་བྲི་བར་བྱ་སྟེ། དབུས་ཀྱི་པདྨའི་གེ་སར་ལ། དོན་ཡོད་པ་པདྨའི་གཙུག་ཏོར་བྱ་སྟེ། པདྨ་ཕྱེད་ཁ་བྱེ་པའི་པདྨའི་
འདབ་མའི་སྟེང་དུ། པདྨ་ལ་ཞལ་གསུམ་པར་བྲི་བར་བྱ་སྟེ། བདེ་བའི་གཟུགས་དང་མཚན་གྱིས་བརྒྱན་པ། གཙུག་ཏོར་གྱི་རྣམ་པ་འབར་བའི་སྙིང་པོ་ལ་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་བྲིའོ། །གཞོགས་གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་

གཟུགས་རལ་པའི་ཅོད་པན་གྱིས་བརྒྱན་པ་དབུལ་འོད་དཔག་མེད་འབར་བའི་སྙིང་པོའི་ལུས་ཅན་ནོ། །གཞོགས་གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་རལ་པ་དང་རྒྱན་བཅིངས་པ། འབར་བའི་སྙིང་པོའི་ལུས་དང་དབུ་ལ་པདྨ་
གཙུག་ཏོར་གྱི་ཁོར་ཡུག་ཏུ་འོད་ཟེར་སྣ་ཚོགས་འབར་བའོ། །ཕྱི་རོལ་དུ་ཙམ་པ་ཀ་དང་། བཱརྵི་ཀ་དང་། ཨུཏྤལ་སྔོན་པོའི་མེ་ཏོག་གི་ཕྲེང་བ་བཅིང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྙིང་པོའི་གྲྭ་བཞིའི་གནས་རྣམས་སུ་རྒྱལ་པོ་ཆེན་པོ་བཞི་བྲི་བར་བྱ་སྟེ། གོ་ཆ་དང་ཡ་ལད་
བགོས་པ་དྲག་པོའི་གཟུགས་ཅན་འཇིགས་པར་བྱེད་པ་འབར་བའི་ཕྲེང་བའི་སྙིང་པོའི་ལུས་སོ། །དཀྱིལ་འཁོར་གྱི་རེ་ཁཱ་སྔོན་མ་ལ། རྡོ་རྗེ་དང་མདུང་རྩེ་གསུམ་པའི་རེ་ཁཱ་འབར་བ་དང་བཅས་པ་བྲི་བར་བྱའོ། །རེ་ཁཱ་རིམ་པར་ཕྱེ་བ་གཉིས་པ་ལ་མེ་ཏོག་གི་རེ་ཁཱ་བྲི་བར་བྱའོ། །གསུམ་པ་ལ་
ནོར་བུ་རིན་པོ་ཆེ་ཆེན་པོའི་སྐུད་པ་རེ་ཁཱ་བྲི་བར་བྱའོ། །རེ་ཁཱ་བཞི་པ་ལ་ལག་པའི་ཕྱག་རྒྱ་མཚོན་ཆ་སྣ་ཚོགས་པ་འཛིན་པ་བྲི་བར་བྱའོ། །རེ་ཁཱ་ལྔ་པ་ལ་ཁ་ཁྱེར་གྱི་རྣམ་པ་བྲི་བར་བྱ་སྟེ། ཚོན་སྣ་ཚོགས་པས་རྣམ་པར་ཕྱེ་བ་རྣམ་པར་བཀྲ་བའོ། །དཀྱིལ་འཁོར་གྱི་ཕྱིའི་ཁོར་ཡུག་ཏུ་མཚན་
མའི་ཕྱག་རྒྱ་མཚོན་ཆ་སྣ་ཚོགས་པ་རྣམས་བྲི་བར་བྱའོ། །དཀྱིལ་འཁོར་གྱི་སྒོ་བཞི་རྣམས་སུ་གནོད་སྦྱིན་ཆེན་པོ་བཞི་བྱ་སྟེ། དྲག་པོ་དྲག་ཏུ་རྒོད་པའི་གཟུགས་ཅན་མཆེ་བ་གཙིགས་པ་བཞིན་རྣམ་པར་འགྱུར་བ་བུམ་པ་གང་བ་ཐོགས་པ། སྐྲ་བརྫེས་པ། རྒྱན་ཐམས་ཅད་ཀྱིས་
རྣམ་པར་བརྒྱན་པ་ཐོད་པའི་ཅོད་པན་ཅན་འབར་བའི་སྙིང་པོའི་ལུས་ཅན་རི་བོའི་གདན་ལ་གནས་པར་བྱའོ། །དཀྱིལ་འཁོར་གྱི་རེ་ཁཱའི་ཕྱི་རོལ་དུ་ཕྲེང་གསུམ་འགྱུར་དུ་བྲི་བར་བྱའོ། །པདྨ་དང་། ཨུཏྤལ་སྔོན་པོ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། བཱརྵི་ཀ་དང་། ཨ་དྷི་མུཀྟ་ཀ་
རྣམས་རྣམ་པར་དབྱེ་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་དཀྱིལ་འཁོར་ལེགས་པར་བྲི་བར་བྱས་ནས་ཤིན་ཏུ་རྣམ་པར་ཕྱེ་བ། ཤིན་ཏུ་མཁས་པ་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རྒྱན་དང་། རྟ་བབས་བཞིས་མཛེས་པར་བྱས་པ། ཁོར་ཡུག་ཏུ་མདའ་དང་། ཚོན་སྣ་ཚོགས་ཀྱིས་རྣམ་

པར་བཀྲ་བའི་བ་དན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། དར་དཔྱངས་དང་། ཁོར་ཡུག་ཏུ་བུམ་པ་གང་བ་བཅུ་དྲུག་དང་། གཏོར་མའི་བུམ་པ་བཅུ་དྲུག་དང་། དེ་བཞིན་དུ་བདུག་པའི་སྣོད་བཅུ་དྲུག་དང་། གཞོང་པ་བཅུ་དྲུག་ཏུ་རབ་ཏུ་བརྗོད་དོ། །ཁམ་པོར་
བཅུ་དྲུག་ཏུ་བཤད་པ་དང་། དྲི་སྣ་ཚོགས་པའི་སྣོད་དང་། ལྷུང་བཟེད་བཅུ་དྲུག་ཉིད་དང་། མཆོད་ཡོན་གྱི་སྣོད་བཅུ་དྲུག་དང་། དངུལ་གྱི་སྣོད་བཞི་དང་། དྲིའི་ཕྱེ་མ་རྣམས་བཞག་ཅིང་གཏོར་མའི་བུམ་པ་བཅུ་དྲུག་བཞག་ནས་པོག་ཕོར་བཞིའི་ནང་དུ་ཙནྡན་དང་། ཨ་ག་རུ་དང་དུ་རུ་སྐ་
དང་པོག་དང་། གུ་གུལ་གྱི་བདུག་པ་སྲེག་ཅིང་དེ་བཞིན་དུ་སྤྲྀ་ཀ་དང་། སྲ་རྩི་པོག་དང་། གུར་གུམ་དང་། གླ་རྩི་དང་། བོ་ལ་དང་། ག་པུར་ཙམ་དང་ཡང་དག་པར་ལྡན་པའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་བྱུག་པ་འདི་ཉེ་བར་གཞག་པར་བྱའོ། །ཙནྡན་དང་། གུར་གུམ་
དང་། དེ་བཞིན་དུ་ཛཻ་གྷ་དང་། བལླི་ཀའི་ཕྱེ་མ་རྣམས་ཐམས་ཅད་ཡང་དག་པར་སྦྱར་བ་འདིས་ཕྱེ་མར་སྦྱར་བས་བསྒོས་པའོ། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་ཞིང་ཇི་ལྟར་འདོད་པ། ཇི་ལྟར་སྟོང་པ་དང་། ཇི་ལྟར་ཐོབ་པའི་མེ་ཏོག་མཛེས་པ་མངོན་པར་གཏོར་བར་བྱའོ། །
དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་དྲིའི་ཆུས་གང་བའི་བུམ་པ་མ་རེག་པ་དང་གསེར་དང་། དངུལ་ལས་བྱུང་བའི་སྣོད་གསར་པ་ཉིད་དང་། ཟངས་དང་ས་ལས་བྱུང་བའི་མཆོག་དང་། དྲི་སྣ་ཚོགས་སྦྱར་བས་དགང་བར་བྱའོ། །བུམ་པ་དང་བཀྲ་ཤིས་བཅིང་བར་བྱ་ཞིང་པི་ཝང་དང་། གོས་
བཟང་པོ་དང་། རྒྱན་དང་། ལྷབ་ལྷུབ་རྣམས་ཀྱིས་བརྒྱན་པར་བྱའོ། །རིང་བསྲེལ་པདྨའི་སྟེང་དུ་བཞག་ནས་བུམ་པ་དང་། གཙུག་ཏོར་གྱི་མཚན་ཉིད་དང་། སྣ་མའི་མེ་ཏོག་དང་། གདུ་བུ་བྱས་ནས་གཞག་པར་བྱའོ། །དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་སྙིང་པོ་དང་། ཉེ་བའི་སྙིང་
པོ་ཉིད་ཀྱི་གསང་སྔགས་སྟོང་ཕྲག་བརྒྱད་བཟླས་སོ། །དེ་ནས་གཏོར་མའི་ལས་ལ་མཉམ་པར་བཞག་ནས་སྣ་ཚོགས་པའི་གཟུགས་རྣམ་པ་སྣ་ཚོགས་དང་། དཀར་པོ་དང་། དེ་བཞིན་དུ་སྣ་ཚོགས་པའི་གཟུགས་ཉིད་དང་སྣ་ཚོགས་པའི་རོ་གཞག་པར་བྱའོ། །རྣམ་པ་སྣ་ཚོགས་སུ་

ཕྱེ་བའི་སྣ་ཚོགས་པའི་གཟུགས་དང་། སྣ་ཚོགས་པའི་ཁ་དོག་དང་རོ་ཉིད་དང་སྣ་ཚོགས་པའི་ཡུལ་དུ་རྒྱུ་བ་སྟེ། འདི་ནི་གཏོར་མར་བརྗོད་དེ། འབྱོར་བའི་གཏོར་མར་བཤད་དོ། །དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རྒྱན་གདགས་ཏེ་སྣ་ཚོགས་
པའི་འབྲས་བུ་རྒྱ་ཆེན་པོ་དང་། སྣ་ཚོགས་པའི་ལོ་མ་སྔོན་པོའི་ཕྲེང་བ་དང་། མར་མེའི་ཕྲེང་བ་བརྒྱ་རྩ་བརྒྱད་དང་། ཇི་ལྟར་རྙེད་པའི་མར་དང་ཏིལ་མར་གྱིས་ཀུན་ནས་བཀང་བ་བརྒྱ་རྩ་བརྒྱད་དོ། །བདག་དངོས་གྲུབ་འདོད་པ་རྣམས་ཕྱེ་དང་། ལ་ཕུག་དང་། དཀར་དང་། ལ་དུ་དང་།
སྲན་མ་མུད་གའི་ལ་དུ་དང་། འབྲས་བུ་རྣམས་དེ་བཞིན་དུ་ལོག་འདྲེན་ལ་གཏོར་མར་བྱིན་པས་ལས་ཐམས་ཅད་བདེ་བླག་ཏུ་འགྲུབ་བོ། །ཕྱེའི་ཟན་དང་། ཞོའི་ཉིང་ཁུ་དང་། ལོ་མ་སྔོན་པོ་ཉིད་གནོད་སྦྱིན་དང་། སྲིན་པོ་ཀུན་ནས་ཕྱོགས་བཞིར་གནས་པ་རྣམས་ལ་གཏོར་
མར་སྦྱིན་པར་བྱའོ། །ཞོའི་ཟན་དང་འོ་མ་ཡང་སྟེ། འདི་ནི་འབྱུང་པོའི་གཏོར་མར་བཤད་དོ། །ལོ་མའི་གོང་བུ་དང་། ཕྱེ་དང་། འབྲས་ཐུག་པོ་ཆེའི་ཟན་དང་། དེ་བཞིན་དུ་འཁུར་བ་ཟླུམ་པོ་སྟེ། འདི་ནི་ཕྱོགས་བཞིར་ཡི་དགས་དང་ཤ་ཟ་རྣམས་ལ་གཏོར་མར་སྦྱིན་
པར་བྱའོ། །འབྲས་ཐུག་པོ་ཆེ་དང་། འོ་མའི་ཟན་ནི་ཟླ་བ་དང་། ཉི་མའི་ཚོགས་ཀྱིས་ལྷན་ཅིག་པའི་ལྷ་དང་རྒྱུ་སྐར་རྣམས་ཀྱི་གཏོར་མར་བྱའོ། །རྟག་ཏུ་ཙནྡན་གྱི་ཆུ་དང་། དེ་བཞིན་དུ་མེ་ཏོག་དང་འོ་མའི་ཟན་ནི་མཚན་མོའི་ལྷ་ལ་གཏོར་མར་སྦྱིན་པར་བྱ་སྟེ་ལས་ཀྱི་དངོས་གྲུབ་བླ་ན་
མེད་པའོ། །འབྲུ་བདུན་མཛེས་པ་ཆེན་པོ་དང་། ཤིང་སྣུ་ཧ་མཆོག་ཏུ་མཛེས་པ། འབྲས་ཨཱ་མ་ཁུ་བསྐོལ་བ་མཛེས་པ་དང་། ཞོ་དང་འོ་མ་སོ་སོར་མཉམ་པ་དང་། མེ་ཏོག་དང་། འབྲས་བུ་དང་བཅས་པ་རྣམ་པ་བདུན་པོ་སའི་དཀྱིལ་འཁོར་གྱི་ལྷ་ལ་གཏོར་མར་སྦྱིན་པར་བྱའོ། །ས་ཀུརྦ་
དང་། རྩབ་མོ་དང་། འབྲས་ཐུག་པོ་ཆེ་བཙོས་པའི་ཁུ་བ་དང་ལྡན་པ་འདི་རླུང་ལྷའི་གཏོར་མར་བརྗོད་དེ། རླུང་གི་དཀྱིལ་འཁོར་ཐམས་ཅད་དགྱེས་པར་བྱེད་དོ། །ཞོ་དང་འོ་མ་བསྐོལ་བ་དང་། འབྲས་ཐུག་པོ་ཆེ་དང་། ཧྭགས་དང་བཅས་ཤིང་བུ་རམ་དང་བཅས་པར་ལྡན་པ་འཁུར་བ་ཟླུམ་པོ་

དང་། མར་གྱིས་གང་བའི་འཁུར་བ་འདི་ནི་ཀླུའི་རྒྱལ་པོ་རྣམས་ཀྱི་གཏོར་མར་བརྗོད་དེ་ལས་ཐམས་ཅད་སྒྲུབ་པའོ། །འཁུར་བ་ཟླུམ་པོ་དང་། བ་བྱུང་ལྔ་དང་། པུ་ཤེལ་ཙེ་དང་། མ་ལ་ཡའི་ཙནྡན་དང་། འབྲས་ཐུག་པོ་ཆེ་དང་། ཞབས་བསིལ་དང་། མཆོད་ཡོན་རྣམས་བདུད་ཀྱི་དཀྱིལ་འཁོར་
ལ་གཏོར་མར་སྦྱིན་པར་བྱའོ། །གུར་གུམ་གྱི་ཆུ་དང་འབྲས་ཐུག་པོ་ཆེ་ལ་དྲི་བཟང་པོས་བསྒོས་ཏེ། ཆུ་ཀླུང་གི་རྒྱལ་པོ་ལ་གཏོར་མར་སྦྱིན་པར་བྱའོ། །ཐམས་ཅད་དུ་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །རྩྭ་དཱུར་བའི་ཆུ་དང་། འོ་མ་དང་། གཏུམ་པའི་ས་བོན་བཙོས་པ་དང་། འབྲས་ཐུག་
པོ་ཆེ་ནི་ཚངས་པའི་སྲིན་པོ་ཉིད་དང་། གསང་བ་པ་རྣམས་ལ་གཏོར་མར་དབུལ་བར་བྱ་སྟེ་ཐམས་ཅད་རིག་པས་སོ། །འདི་ནི་གཏོར་མར་བརྗོད་དེ། བགེགས་རྣམས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་པ་ལ་བགེགས་རྣམས་ཇི་སྲིད་འཚོའི་བར་དུ་དགའ་བར་འགྱུར་ཏེ་ཐེ་ཙོམ་མེད་དོ། །
དེའི་ཕྱིར་རིག་སྔགས་འཆང་མཁས་པས་ཐམས་ཅད་ལེགས་པར་བསྒྲུབ་པར་བྱའོ། །ཞོ་དང་འོ་མ་དང་འོ་ཐུག་དང་། བུ་རམ་དང་མར་དང་། ལི་ཁ་ར་དང་ལྡན་པ་འདིས་བདག་སྐྱེས་པའི་རྒྱུ་སྐར་གྱི་ལྷ་ལ་གཏོར་མར་སྦྱིན་པར་བྱ་སྟེ། ཚེའི་དངོས་གྲུབ་དང་། དེ་བཞིན་དུ་རྒྱས་པ་དང་།
ཞི་བ་དང་། སྡིག་པ་ཐམས་ཅད་ཟློག་པར་བྱེད་དོ། །འདི་ནི་གཏོར་མར་བརྗོད་དེ་རིག་སྔགས་འཆང་རྣམས་ཀྱི་བདེ་བ་ཐོབ་པའོ། །བྱ་བ་གང་ཡིན་པ་དེ་རྣམས་ལ་བདག་གི་གཏོར་མཐུན་གསུམ་དུ་བྱས་ན། རིག་སྔགས་འཆང་རྣམས་ཀྱི་རིག་སྔགས་དང་། གསང་སྔགས་བདེ་བླག་ཏུ་
འགྲུབ་སྟེ་ཐེ་ཙོམ་མེད་དོ། །དེའི་བགེགས་ཐམས་ཅད་དང་སྡིག་པ་དང་། སྡང་བ་རྣམས་ནམ་ཡང་བར་དུ་གཅོད་པར་མི་ནུས་ཏེ་ནམ་ཡང་ཕྱིས་སྡིག་པ་མི་འབྱུང་ངོ་། །རྟག་ཏུ་གཏོར་མ་རྒྱས་པ་ཐོབ་པར་བྱེད་ཅིང་། སྟོབས་དང་བརྩོན་འགྲུས་དང་ལྡན་པ་དང་ཐམས་ཅད་ཐོགས་པ་མེད་
པར་འགྱུར་རོ། །དེ་ལྟ་བུ་བྱེད་བཞིན་པའི་རིག་སྔགས་སྨྲ་བའི་མཁས་པ་དེ་བགེགས་རྣམས་ཐམས་ཅད་ཀྱིས་དེ་ནམ་དུ་ཡང་མཐོང་བར་མི་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་ཤ་ཟས་སྡང་བར་བྱེད་པ་མེད་དོ། །ནད་མེད་ཅིང་རྒྱལ་པོའི་དཔལ་མིན་མེད་ལ་

སྐེམ་བྱེད་དང་། སྐེམ་པ་མེད་ལ་བརྗེད་བྱེད་དང་། ཀླུ་དང་། གཟའ་དང་། རིམས་མེད་ཅིང་ཐམས་ཅད་ཀྱི་ཚེ་ཅུང་ཟད་ཀྱང་མེད་དོ། །དུག་མེད་ཅིང་སྦྱར་བའི་དུག་ཉིད་ཀྱང་མེད་ལ་བྱད་སྟེམས་ཐམས་ཅད་ཀྱང་ནམ་ཡང་མི་ཡོང་སྟེ། ཀུན་ནས་དཔག་ཚད་སྟོང་
ཕྲག་ཏུ་རིང་དུ་འབྲོས་པར་བྱེད་དོ། །ཀུན་ནས་སྟོབས་ཉིད་རྒྱས་པ་དང་དེ་བཞིན་དུ་ཡང་དགའ་བ་དང་། དེ་བཞིན་དུ་ཡང་སྟོབས་དང་བརྩོན་འགྲུས་དང་གཟི་བརྗིད་འཕེལ་བར་འགྱུར་རོ། །ཐམས་ཅད་དུ་ཕྱག་རྒྱ་དང་གསང་སྔགས་དང་ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་
བྱེད་དོ། །ཚེ་རིང་དུ་འཕེལ་ཞིང་ལྷ་དང་མི་རྣམས་ཀྱི་མཆོད་པའི་འོས་སུ་འགྱུར་རོ། །སྐྱེས་པའི་རྒྱུ་སྐར་གྱི་ལྷ་གང་ཡིན་པ་ཡང་དྲི་ཡོངས་སུ་འཛིན་པར་འགྱུར་ཞིང་དེ་རྣམས་ཐམས་ཅད་ཀྱི་ཇི་སྲིད་འཚོའི་བར་དུ་སྟོབས་དང་བརྩོན་འགྲུས་འཕེལ་བར་བྱེད་པར་ཐེ་ཙོམ་མེད་དོ། །དེ་
ལ་དགྲ་མི་འབྱུང་ཞིང་ནམ་དུ་ཡང་ཕྱིར་རྒོལ་བ་དང་དགྲ་བོ་མེད་དེ་ཕྱག་རྒྱ་འཛིན་པ་ཉིད་མེད་ཀྱང་དཀྱིལ་འཁོར་གྱི་མཆོག་ཏུ་ཞུགས་པ་ཙམ་གྱི་མོད་ལའམ། ཡང་ན་འཇུག་པའི་དཀྱིལ་འཁོར་མཐོང་བ་ཙམ་ལ་དེ་རྣམས་ཀྱི་ལུས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་ཕྲག་བཅུའི་བྱིན་གྱིས་བརླབས་པའི་ལུས་སུ་འགྱུར་རོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་སྐྱེ་བར་འགྱུར་ཏེ། རི་རབ་ཆེན་པོ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་
ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་དང་མཉམ་པའི་དྲུང་དུ་དགེ་བའི་རྩ་བ་ཆེན་པོ་དང་ཡང་དག་པར་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་
གསང་བ་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་རྣམས་ཀྱི་དངོས་གྲུབ་ཆེན་པོ་སོ་སོར་རྙེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིས་ཐུན་མོང་བའི་ཚོགས་བསྡུས་པའི་སར་བགྲོད་དེ་ཕྱིར་མི་ལྡོག་པར་འགྱུར་རོ། །སུམ་ཅུ་རྩ་གཉིས་ཀྱི་ལྷའི་གནས་ན་གནས་པ་དང་། ལྷའི་

དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་ཚོགས་དང་ལྷན་ཅིག་ཐམས་ཅད་དུ་སྲུང་པ་དང་བསྐྱབ་པ་དང་སྦ་བའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །ལག་ན་རྡོ་རྗེ་དང་རིག་པ་འཛིན་པའི་དབང་པོ་དུ་མ་རིག་པ་འཛིན་པ་བྱེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་རྟག་
ཏུ་རྗེས་སུ་འབྲང་བ་རྣམས་སྲུང་བ་དང་བསྐྱབ་པ་དང་སྦ་བའི་ཆེད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །སྟོབས་ཆེན་པོ་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་དང་མདངས་ཀྱི་རྣམ་པ་སོ་སོར་རྙེད་པར་འགྱུར་རོ། །དཀྱིལ་འཁོར་མཐོང་བ་ཙམ་གྱི་མོད་ལ་བསྐལ་པ་བྱེ་བར་བརྒྱུད་
ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང་། མཚམས་མེད་པ་ལྔའི་འགྲོ་བ་རྣམས་དང་མནར་མེད་པ་ལ་གཞོལ་བ་དེ་ཐམས་ཅད་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ། །ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དོན་ཡོད་པའི་བྱ་བའི་དངོས་གྲུབ་སོ་སོར་རྙེད་དོ། །
སྒྲིབ་པ་དང་ཉོན་མོངས་པའི་རྙོག་པའི་དྲི་མ་དང་སེར་སྣའི་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཇིག་རྟེན་ཐམས་ཅད་དགའ་བ་དང་བླ་མ་ཆེན་པོ་མཆོད་པར་འོས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འདོད་པར་ཡང་འགྱུར་རོ། །འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་གིས་རྟག་ཏུ་མཆོག་སྩོལ་བར་བྱེད་ཅིང་བླ་མར་འགྱུར་རོ། །འཆི་འཕོས་ཏེ་སྐྱེ་བ་རྗེ་བ་ན་བསམས་པ་ཉིད་ཀྱི་མོད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །དཀྱིལ་འཁོར་གྱི་སློབ་དཔོན་ལ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་དམ་ཚིག་གི་བླ་མར་ཤེས་པར་བྱ། མཆོད་པར་བྱ། འོད་དཔག་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་མཐུ་ཆེན་ཐོབ་ཀྱི་བཀོད་པ་དང་འདྲ་བར་བལྟ་བར་བྱའོ། །དེས་ན་རིག་སྔགས་འཆང་དཀྱིལ་འཁོར་གྱི་སློབ་དཔོན་དེས་ཀྱང་དཀྱིལ་འཁོར་དུ་འཇུག་པ་
བྱས་ནས་ཀུན་ནས་མཚམས་བཅིང་བ་བྱས་ཤིང་། སྲུང་བའི་ཆོ་ག་བྱས་ལ་བདག་བཅིང་བ་དང་། གཙུག་ཏོར་བཅིང་བ་དང་མཚམས་བཅིང་བ་བྱས་ཏེ། དེའི་འོག་ཏུ་ཁ་ཤར་དུ་ཕྱོགས་ཏེ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་སྐྱིལ་མོ་ཀྲུང་གིས་འདུག་ལ་དོན་ཡོད་པ་པདྨའི་གཙུག་

ཏོར་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །གུ་གུལ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པའི་བདུག་སྤོས་དབུལ་བར་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་པདྨའི་གེ་སར་གྱི་དབུས་སུ་ཚངས་པའི་ཆ་བྱད་འཆང་བ་པདྨ་དང་
ཞགས་པ་ཐོགས་ཏེ། བཞེངས་ནས་ཕྱོགས་བཅུར་རྣམ་པར་གཟིགས་པར་མཛད་དེ་རིག་སྔགས་འཆང་ལ་བཀའ་སྩལ་པ། རིག་སྔགས་འཆང་ལེགས་སོ་ལེགས་སོ། ཁྱོད་ཀྱིས་རིག་པ་འཛིན་པ་གྲུབ་པོ་དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་རིག་པའི་རྒྱལ་པོ་འདི་རྗེས་སུ་ཟུང་
ཤིག །རིག་སྔགས་འཆང་ཇི་ལྟར་ཡིད་ལ་བྱེད་པ་བཞིན་དུ་འདོད་པའི་མཆོག་ཐམས་ཅད་སྦྱིན་པར་འགྱུར་རོ། །འདི་ནི་རིག་སྔགས་འཆང་དེ་རྣམས་ཀྱི་མངལ་དུ་གནས་པའི་སྐྱེ་བའི་ཐ་མ་ཡིན་ཏེ་སྐྱེ་བ་རྗེས་ནས་ཐམས་ཅད་དུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཐམས་ཅད་དུ་ཚེ་རབས་
དྲན་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་དོན་ཡོད་ཞགས་པའི་དཀྱིལ་འཁོར་མཐའ་དག་དང་ཆོ་ག་ཞིབ་མོའི་རྒྱལ་པོ་མཐའ་དག་ཁ་ཏོན་དུ་བྱེད་དོ། །དོན་ཡོད་ཞགས་པའི་གཙུག་ཏོར་དྲི་མ་མེད་པ་ཁ་ཏོན་དུ་ཀུན་ཏུ་གནས་སོ། །དེ་ནས་
རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་མཆོད་ཡོན་དང་ཞབས་བསིལ་དབུལ་བར་བྱ། ཨ་ག་རུའི་བདུག་པ་དབུལ་བར་བྱ། མེ་ཏོག་ཇི་ལྟར་འབྱོར་པ་དབུལ་བར་བྱ། གཤེགས་སུ་གསོལ་བར་བྱ་སྟེ། དེ་ནས་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་མི་སྣང་བར་འགྱུར་རོ། །དེ་ལྟ་བུ་བྱས་ནས་རིག་སྔགས་འཆང་ནམ་མཁའ་ལ་འགྲོའོ། །དོན་ཡོད་པའི་གཙུག་ཏོར་པདྨ་དྲི་མ་མེད་པའི་འོད་ཟེར་གྱི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་སྟེ། རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞིས་ཡོངས་སུ་
བསྐོར་བར་འགྱུར་ཞིང་པདྨའི་རིས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །ཚེ་ལོ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་དང་སྒྲུབ་ཐབས་ཀྱི་ཆོ་གའོ།། །།དེ་ནས་དེའི་རས་རིས་བཤད་པར་བྱ་སྟེ། དོན་ཡོད་པའི་ཞགས་པ་

པདྨ་གཙུག་ཏོར་གྱི་རིག་པས་རས་ཁྲུ་བཞི་པ་བྱས་ནས་སམ་ཡང་ན་དར་ལ་བལ་ཚོན་སྣ་ཚོགས་པས་རྣམ་པར་ཕྱེ་སྟེ། ལྷའི་གཟུགས་མཆོག་ཏུ་མཛེས་པ་ཕྱག་གཉིས་པ་འོད་ཟེར་གྱིས་འཁོར་བར་བྱའོ། །རས་རིས་སྒྲུབ་པ་ནི་དཀར་པོའི་ཕྱོགས་ཀྱི་ཚེས་བཅྭ་ལྔ་ལ་ཚོན་ལྷག་མ་
མིན་པ་སྣོད་གསར་བར་བཞག་པས་རི་མོ་མཁན་གཙང་མ་ལེགས་པར་ཁྲུས་བྱས་པས་འདྲིར་གཞུག་པར་བྱའོ། །དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་ཆ་བྱད་འཆང་བ་པདྨ་རྒྱས་པས་ཡོངས་སུ་བསྐོར་བ་བྱ་སྟེ། ཁོར་ཡུག་ཏུ་འོད་འདོམ་གང་
བ་ཀུན་ནས་འབར་བའི་ཕྲེང་བ་ཅན་ཕྱག་བཞི་པ། ཞལ་གསུམ་པ་རལ་པའི་ཅོད་པན་གྱིས་བརྒྱན་པ་ཟླ་བ་ཚེས་པས་སྤྲས་པ། འོད་དཔག་མེད་ཀྱི་ཅོད་པན་འཆང་བ་མདུང་རྩེ་གསུམ་འཆང་བ། པདྨའི་འདབ་མ་རྣམ་པར་བཀྲ་བའི་པདྨའི་ཞགས་པ་འཆང་བ། ཕྱག་གཡོན་པར་པདྨ་
འཆང་བ་པདྨའི་སྟེང་དུ་པདྨ་གཙུག་ཏོར་བྱའོ། །འདབ་མ་ཕྱེད་ཁ་བྱེ་བའི་དབུས་ཀྱི་པདྨའི་འདབ་མ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགུལ་ཡན་ཆད་ཙམ་ཅོད་པན་འཆང་བ་དབུ་འབར་བའི་སྙིང་པོར་ཡོད་པར་བྲི་བར་བྱའོ། །ཕྱག་གཅིག་ནི་དབུགས་འབྱིན་པ་
འཆང་ཞིང་རིན་པོ་ཆེའི་ཆར་འབེབས་པ། འབར་བའི་སྙིང་པོ་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྣ་ཚོགས་པའི་གོས་འཆང་བ་བྱའོ། །པདྨའི་གདན་ལ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་མགོ་བོ་དགུ་པ། ཀླུས་ཡོངས་སུ་བསྐོར་བ་དང་བཅས་པ་ཐལ་མོ་འཆང་ཞིང་ལུས་
ཕྱེད་པར་བྱའོ། །ཉ་དང་ཆུ་སྲིན་དང་། མེ་ཏོག་སྣ་ཚོགས་དང་། ནོར་བུ་ཤེལ་དང་། ངང་པ་དང་། ངུར་པ་དང་། ཤང་ཤང་ཏེའུས་ཡང་དག་པར་བརྒྱན་པའི་ཁ་ཁྱེར་དང་བཅས་པས་སྤྲས་པའོ། །གཞོགས་གཡས་སུ་སྒྲོལ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐལ་མོ་སྦྱར་བ་སྨད་དེ་འཛིན་པ།
འབར་བའི་སྙིང་པོའི་ལུས་ཅན་བྱའོ། །གཡོན་དུ་གོས་དཀར་མོ་གོས་དཀར་པོ་འཆང་བ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འབར་བའི་སྙིང་པོའི་ལུས་ཅན་ཐལ་མོ་སྣང་དེ་འཆང་བའོ། །གཞོགས་གཡས་སུ་ཁྲོ་གཉེར་ཅན་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ། །དེའི་འོག་ཏུ་དཀར་

ཤམ་མ་གོས་དཀར་པོ་འཆང་བ་བྱའོ། །གཡོན་དུ་སྲིན་མོ་ཆེན་མོ་རལ་པ་གཅིག་མ་བྱ་སྟེ། ཕྱག་བརྒྱད་པ་དྲག་མོ་དྲག་ཏུ་རྒོད་པའི་ཕོ་ཉ་མོ་བྱའོ། །བཞིན་ཁྲོ་གཉེར་ཅན་ཐམས་ཅད་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཐམས་ཅད་པདྨའི་
གདན་ལ་བཞུགས་པ་བྱའོ། །སྟེང་དུ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་དབང་པོ་རྣམས་ནམ་མཁའ་ནས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་ལ་མཆོད་པ་བྱེད་བཞིན་པ་བྱའོ། །འོག་ཏུ་པདྨ་ལ་གཤིན་རྗེ་དང་ཆུ་ལྷ་དང་། ལུས་ངན་དང་གཞོན་ནུ་རྣམས་ཁྲུས་བྱ་
སྟེ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱའོ། །རྒྱལ་པོ་ཆེན་པོ་བཞི་རྣམས་བྱ་སྟེ། དྲག་པོའི་གཟུགས་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཏེ་དེ་རྣམས་ཐམས་ཅད་ཀྱང་པདྨ་འཛིན་པའི་གཟུགས་སུ་བྱའོ། །རིག་སྔགས་འཆང་ནི་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་
གི་ཞབས་དྲུང་དུ་པདྨའི་གདན་ལ་རིག་སྔགས་འཆང་པུས་མོ་བཙུགས་པ་བྱ་སྟེ། པོག་ཕོར་དང་ལག་ན་མེ་ཏོག་གི་ཕོར་པ་དང་། བགྲང་ཕྲེང་འཛིན་པ་བཅོམ་ལྡན་འདས་ཀྱི་ཞལ་ལ་ལྟ་བར་བྱེད་བཞིན་པ་བྱའོ། །དེ་ལྟ་བུའི་རས་རིས་ཀྱི་བྱ་བ་པདྨ་ཡངས་པའི་དཀྱིལ་འཁོར་མཐའ་དང་།
རས་རིས་དཀྱིལ་འཁོར་མཐའ་དག་གི་ནང་དུ་གཏོགས་པར་འགྱུར་རོ། །མཐོང་བ་ཙམ་གྱི་མོད་ལ་སྡུག་བསྔལ་དང་སྡིག་པ་དང་ངན་འགྲོ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འགྲོ་བ་ཐམས་ཅད་གཅོད་པར་འགྱུར་རོ། །ཉེས་པར་བྱས་པ་ཐམས་ཅད་
འཇོམས་པར་ཡང་འགྱུར་རོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་མཚམས་མེད་པ་ལྔ་ལས་རྣམ་པར་ཐར་བར་བྱེད་དོ། །མཐོང་བ་ཙམ་གྱི་མོད་ལ་དོན་ཡོད་པའི་དངོས་གྲུབ་སོ་སོར་ཐོབ་བོ། སེམས་ཅན་ཐམས་ཅད་ཀྱིས་ཀུན་དུ་བསྐོར་བར་བྱ་བ་དང་མཆོད་པར་བྱ་བའི་འོས་སུ་འགྱུར་རོ། །དགོངས་པ་ཐམས་
ཅད་ལེགས་པར་གྲུབ་པར་བྱེད་པར་འགྱུར་རོ། །བདེ་བར་བྱེད་པར་འགྱུར་རོ། །ནོར་དང་། གཟུགས་བྱེད་པ་དང་། བཀྲ་ཤིས་དང་། ལོངས་སྤྱོད་དང་། རིགས་དང་། དབང་ཕྱུག་དང་། སྟོབས་དང་། སྤོབས་པ་དང་། བསོད་ནམས་དང་། སྐལ་བ་བཟང་པོར་བྱེད་པ་དང་། བདག་ཉིད་ཆེན་པོའི་ཡོན་ཏན་གྱི་བྱེ་

བྲག་འཕེལ་བ་དང་བསོད་ནམས་བསགས་པ་དང་། དགེ་བའི་རྩ་བ་མངོན་པར་འཕེལ་པ་དང་ཕུན་སུམ་ཚོགས་པར་བྱེད་དོ། །མཐོང་བ་ཙམ་གྱི་མོད་ལ་ལས་སུ་བྱ་བར་འོས་པའི་བྱ་བ་ཐམས་ཅད་བྱེད་དོ། །དེ་ལྟར་རས་རིས་མཐོང་བ་ཙམ་གྱི་མོད་ལ་ཡོན་ཏན་གྱི་བྱེ་བྲག་ལྷག་པར་རྟོགས་པར་
འགྱུར་རོ་ཞེས་སོ། །རས་རིས་སྒྲུབ་པའི་ཆོ་ག་དང་སྒྲུབ་ཐབས་ཀྱི་ཆོ་གའོ།། །།དེ་ནས་ཕྱག་རྒྱ་བཤད་པར་བྱ་སྟེ། ཕྱག་རྒྱ་རྣམས་ཀྱི་དོན་ཡོད་པའི་འཁོར་ལོས་སྒྱུར་བ་ཕྱག་རྒྱ་ཆེན་པོ་བླ་ན་མེད་པ་འཇིག་རྟེན་དབང་ཕྱུག་གི་རྒྱས་བཏབ་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་དོན་
ཡོད་པའི་ཕྱག་རྒྱ་ཐམས་ཅད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་དངོས་གྲུབ་བླ་ན་མེད་པ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ་ཉིད་དང་ཕྱག་རྒྱའི་དམ་ཚིག་གི་དངོས་གྲུབ་བླ་ན་མེད་པ། ཕྱག་རྒྱ་གཟུང་བ་ཙམ་གྱིས་མནར་མེད་པ་ཡང་སྐེམས་པར་བྱེད་པ་དམྱལ་བ་པ་རྣམས་སྐེམས་པར་བྱེད་པ་སྟེ།
གང་གིས་གཟུང་བ་ཙམ་ལ་སོགས་པས་དམྱལ་བ་པའི་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་ཅིང་སྐེམས་པར་བྱེད་དོ། །དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་རྒྱལ་བ་དེ་རྣམས་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །ཕྱོགས་བཅུ་ཀུན་དུ་གཟིགས་པར་འགྱུར་
ཏེ་ཐེ་ཚོམ་མེད་དོ། །དུས་གསུམ་པའི་རྒྱལ་བ་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། དེ་བཞིན་དུ་པདྨའི་ཕྱག་གི་རྟག་ཏུ་མཆོག་སྦྱིན་པ་དང་རྟག་ཏུ་མཐོང་བར་འདོད་པ་དང་། ལྷ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་ཅིང་དགའ་བ་དང་། འོག་མིན་གྱི་ལྷ་དང་ལྷའི་དབང་པོ་བརྒྱ་
བྱིན་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཐམས་ཅད་ཀྱིས་སྲུང་བར་བྱེད་ཅིང་ཀུན་ནས་ཡོངས་སུ་སྐྱོང་བར་བྱེད་དེ། ཐམས་ཅད་ལ་ཆོ་ག་བཞིན་དུ་བདག་ཉིད་ཀྱི་སྙིང་ལས་སྐྱེས་པའི་བུ་བཞིན་དུ་དགེ་བ་དང་ཞི་བ་དང་། སྟོབས་དང་། བརྩོན་འགྲུས་ཉིད་དང་། མདངས་ཀྱང་རབ་ཏུ་འཇུག་པར་
བྱེད་ཅིང་དེ་བཞིན་དུ་ཡང་ཚེ་འཕེལ་ལོ། །ཕྱག་རྒྱ་འདི་རྣམས་བཟུང་བས་བཀྲ་མི་ཤིས་པ་ཐམས་ཅད་ཉམས་པར་བྱེད་དོ། །བགེགས་ཐམས་ཅད་ཉམས་པར་བྱེད་ཅིང་། བདུད་དང་། ལོག་པར་འདྲེན་པ་དང་། གདུག་པའི་གནོད་སྦྱིན་རྣམ་པར་ཉམས་པར་བྱེད་དོ། །གདུག་པའི་སྲིན་པོ་

དང་ཡི་དགས་ཐམས་ཅད་ཀྱང་ཕྱག་རྒྱ་འཛིན་བཞིན་པའི་སྐད་ཅིག་དེ་ལ་མགོ་བོ་ཚལ་པ་བདུན་དུ་འགས་ཤིང་མིག་འབྱིན་པར་བྱེད་དོ། །བརྒྱ་བྱིན་དང་ཚོགས་དང་བཅས་པའི་གདུག་པ་ཐམས་ཅད་རབ་ཏུ་ཉམས་པར་བྱེད་དོ། །དེའི་ཕྱིར་ཡང་དག་པར་འཛིན་པར་བྱེད་
པ་ལ་ལག་པའི་ཐལ་མོ་པདྨ་འདྲ་བ་པདྨ་འབྱུང་བའི་གཙུག་ཏོར་དོན་ཡོད་ཞགས་པའི་ཕྱག་རྒྱས་སྡིགས་མཛུབ་ཡོངས་སུ་དཀྲིས་ལ་མཐེ་བོང་གི་སོར་མོ་དང་། གུང་མོའི་སོར་མོ་རབ་ཏུ་བརྐྱངས་ལ་ལྕགས་ཀྱུའི་རྣམ་པར་བཀུག་སྟེ་མིང་མེད་དང་། མཐེའུ་ཆུང་ལག་པའི་ནང་དུ་བཅུག་
ནས་རྟག་ཏུ་སྙིང་གའི་གནས་སུ་གཞག་པར་བྱ་སྟེ། འདི་ནི་དོན་ཡོད་པ་པདྨ་གཙུག་ཏོར་གྱི་རྩ་བའི་གསང་སྔགས་ཀྱི་སྔགས་དང་ཕྱག་རྒྱར་བརྗོད་དོ། །དེ་བཟུང་བ་ཙམ་དང་ཕྱག་རྒྱ་དང་། གསང་སྔགས་བརྗོད་པ་ཉིད་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་
ཐམས་ཅད་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ་ཆར་འབབ་པར་བྱེད་དོ། །མེ་ཏོག་གི་ཆར་དང་། ལྷ་རྫས་ཀྱི་གོས་དང་། རྒྱན་དང་། ལྷབ་ལྷུབ་རྣམས་མཆོད་པའི་དོན་དུ་ཀུན་ནས་ཆར་བབ་བོ། །དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་
པ་ཐམས་ཅད་ཀྱིས་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྟོང་ཕྲག་བསྐྱེད་དོ། །ཕྱག་རྒྱ་དེ་བཟུང་བ་ཙམ་གྱིས་སྐད་ཅིག་དེ་ལ་ཕྱག་རྒྱ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་བྱེ་བ་སྟོང་ཕྲག་བྱེ་བའི་གྲངས་སུ་བགྲངས་པའི་ཕྱག་རྒྱ་བཅིངས་པར་འགྱུར་རོ། །ཕྱག་རྒྱ་བཟུང་བཙས་གྱིས་དེ་བཞིན་གཤེགས་
པ་ཐམས་ཅད་དང་། དེ་བཞིན་དུ་ཐུབ་པ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱས་བྱིན་གྱིས་རློབ་བོ། །རི་རབ་ཀྱི་ཚད་དང་མཉམ་པའི་རིན་པོ་ཆེ་སྣ་བདུན་གྱི་རིན་པོ་ཆེའི་ཕུང་པོར་བྱས་ཏེ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་སོ་སོ་སོ་སོ་ལ་ཕུལ་བ་དང་། རྒྱལ་བ་ཐམས་ཅད་ཀྱི་
བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པའི་གྲངས་ཀྱི་ཚོགས་ཉིད་ཀྱང་ཕྱག་རྒྱ་བཅིངས་པ་ཙམ་གྱིས་འདིའི་འབྲས་བུར་འགྱུར་ཏེ། དེ་བཞིན་གཤེགས་པས་ཉིན་མཚན་རྟག་ཏུ་རྣམ་པར་གཟིགས་པར་ཐེ་ཙོམ་མེད་དོ་ཞེས་སོ། །ཕྱག་རྒྱ་འདི་ཉིད་ལས་གཡས་པའི་མཛུབ་མོ་བརྐྱངས་ཏེ་རྩ་བའི་

གསང་སྔགས་ལན་ཅིག་བརྗོད་དོ། །ཕྱག་རྒྱ་འདི་ནི་དོན་ཡོད་ཞགས་པའི་གཙུག་ཏོར་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་སྟོབས་སྤྱན་རས་གཟིགས་ཀྱི་སྙིང་པོ་ཞེས་བྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་ལེགས་པར་ཐོབ་པར་བྱེད་དོ། །ཕྱག་རྒྱ་འདི་བཅིངས་པ་ཙམ་གྱིས་ཀྱང་བསོད་
ནམས་ཀྱི་ཚོགས་ཐམས་ཅད་དང་སྤྱན་རས་གཟིགས་དོན་ཡོད་པ་དྲི་མ་མེད་པའི་དངོས་གྲུབ་ཏུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟིགས་པ་དག་པའི་སྙིང་པོའི་ཕྱག་རྒྱ་ཡང་དག་པར་འཛིན་པར་འགྱུར་རོ། །སྡིག་པ་དང་ངན་འགྲོ་དང་ལོག་པར་ལྟུང་
བའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཕྱག་རྒྱ་འདི་བཟུང་བ་ཙམ་དང་དང་པོ་བཅིངས་པ་ཙམ་གྱིས་རི་རབ་ཆེན་པོ་ལྟར་འགྱུར་ཏེ། བདུད་དང་བགེགས་ལ་སོགས་པ་ཐམས་ཅད་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཀྱིས་མི་འགུལ་ཞིང་མི་
གཡོ་ལ་ཟིལ་གྱིས་མི་ནོན་པར་ཡང་འགྱུར་རོ། །ཕྱིར་རྒོལ་བ་དང་དགྲའི་འཇིགས་པ་ཐམས་ཅད་ནས་ཡོངས་སུ་གྲོལ་ལོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དྲུང་དུ་དགེ་བའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཀུན་
དུ་འཛིན་པར་འགྱུར་རོ། །དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མངོན་སུམ་དུ་མཐོང་བ་དང་ལྡན་པར་འགྱུར་རོ། །ཕྱག་རྒྱའི་གསང་བའི་ལྷག་པར་འདྲེན་པ་འདི་འཆིང་བཞིན་པ་དེ་དེ་བཞིན་གཤེགས་པའི་ཕྱག་རྒྱ་གང་ཅུང་
ཟད་ཡོད་པ་དེ་མིག་གིས་གསལ་བར་མཐོང་ངོ་། །ཐམས་ཅད་དུ་རབ་ཏུ་འཆིང་ཞིང་འཛིན་པར་འགྱུར་རོ། །གང་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་གང་ཡིན་པ་དང་། ཕྱག་སྟོང་གི་ཕྱག་རྒྱ་གང་ཡིན་པ་དང་། ནོར་བུའི་རིགས་ཀྱི་
དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། གླང་པོའི་རིགས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་གང་ཡིན་པ་དང་། དོན་ཡོད་ཞགས་པའི་ཡངས་པ་རྒྱ་ཆེན་པོའི་དཀྱིལ་འཁོར་གང་ཡིན་པ་དང་། རྟ་མགྲིན་གྱི་ཕྱག་རྒྱ་གང་ཡིན་པ་དང་། མགྲིན་སྔོན་གྱི་ཕྱག་རྒྱ་གང་ཡིན་པ་དང་། གཞན་ཕྱག་རྒྱའི་

དམ་ཚིག་གསང་བ་རྣམ་པ་སྣ་ཚོགས་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ཀྱང་ཕྱག་རྒྱ་འདི་གཅིག་པུ་བཅིངས་པ་ཙམ་གྱིས་དེ་རྣམས་ཐམས་ཅད་བཅིངས་པར་འགྱུར་ཞིང་ཡང་དག་པར་བཟུང་བར་འགྱུར་ལ། ཀུན་དུ་བཅངས་པ་དང་མཆོད་པར་ཡང་འགྱུར་རོ། །འདི་ནི་
ཕྱག་རྒྱ་ཐམས་ཅད་ཀྱི་ཕྱག་རྒྱའི་གསང་བའི་དཀྱིལ་འཁོར་དུ་གདུགས་གཅིག་པུར་གྱུར་པ་སྟེ། ཇི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བཞིན་དུ་ཕྱག་རྒྱ་འདི་ནི་སྒྱུ་མ་ལྟ་བུའི་ཕྱག་རྒྱའི་རྣམ་པར་འཕྲུལ་པ་སྟེ། ལས་
ཐམས་ཅད་ལ་ཕྱག་རྒྱ་འདི་སྦྱར་ན། གང་དང་གང་ལ་རབ་ཏུ་སྦྱར་བ་དེ་ཐོགས་པ་མེད་པར་འགྲུབ་བོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོའི་སོར་མོ་གཉིས་བརྐྱངས་ལ་ལྕགས་ཀྱུའི་རྣམ་པ་ཙམ་དུ་བཀུག་པ་འདི་ནི་གནས་པའི་ཕྱག་རྒྱ་འདི་སྤྱན་དྲང་བ་དང་། བོད་པ་དང་ཡང་དག་
པར་བསྐུལ་བ་དང་། མཆོད་པའི་སྤྲིན་ཉིད་ཀྱང་ཡིན་ཏེ། དམ་ཚིག་དང་། ཕྱག་བྱེད་པ་དང་། འཇུག་པ་དང་། བསྐོར་བ་བྱེད་པ་ཉིད་དག་གདན་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བཞེས་པ་དང་། གཙུག་ཏོར་བཅིང་བ་དང་། བདག་སྲུང་
པ་དང་། གཞན་སྲུང་བ་དང་། དེ་བཞིན་ཉིད་དུ་གྲོགས་སྲུང་བ་དང་། ཁྲུས་དང་། གོས་བགོ་བ་དང་། ཉེ་རེག་བྱེད་པ་ཉིད་དང་། སྦྱིན་སྲེག་དང་། དེ་བཞིན་དུ་སྔགས་བཟླས་པ་དང་། བདུག་པ་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གཏོར་མ་འབུལ་བའི་ལས་དང་།
དེ་བཞིན་དུ་གཤེགས་སུ་གསོལ་བ་ཉིད་དང་། དེ་བཞིན་དུ་འགུགས་པ་སྟེ། ཐམས་ཅད་ལ་ཕྱག་རྒྱ་འདི་བྱའོ། །ས་བཅུ་གནོན་པའི་ཕྱག་རྒྱ་དང་། གསང་སྔགས་བཅུ་ལ་ཡང་ཕྱག་རྒྱ་འདི་བྱ་སྟེ། སྙིང་པོ་དང་། ཉེ་བའི་སྙིང་པོ་འདི་ཉིད་ཀྱང་ཐམས་ཅད་དུ་སྦྱར་བར་བྱའོ། །ཁྲོ་བོའི་
རྒྱལ་པོ་ཉིད་དང་། མངོན་པར་དབང་བསྐུར་བ་དང་། རིགས་ཀྱི་གསང་སྔགས་དང་། གཞན་ལ་ཡང་ཕྱག་རྒྱ་འདི་དང་། ཕྱག་རྒྱ་འདིའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ཉིད་ཀྱང་རབ་ཏུ་སྦྱར་བར་བྱའོ། །ཁྲོ་བོའི་རྒྱལ་པོའི་མངོན་པར་དབང་བསྐུར་བ་དང་། རིགས་ཀྱི་གསང་སྔགས་གཞན་

ལ་ཡང་གནས་ཐམས་ཅད་དུ་སྦྱར་བར་བྱའོ་ཞེས་སོ། །ཕྱག་རྒྱའི་ཆོ་ག་དང་སྒྲུབ་ཐབས་ཀྱི་ཆོ་གའོ།། །།ཕྱག་རྒྱ་གསུམ་ནི་རྣམ་སྤྲུལ་པ། །ཕྱག་རྒྱ་དེ་དག་ཡང་དག་བསྟན། །བཟང་པོ་གཙོ་བོ་ཆེན་པོ་སྟེ། །མཆོག་དང་རབ་མཆོག་ཉིད་ཡིན་ནོ། །ཕྱག་རྒྱ་གྱ་ནོམ་བླ་ན་མེད། །འཇིག་
རྟེན་འདྲེན་པས་བསྟན་པ་ཡིན། །སྙིང་པོ་དེ་ཉིད་གྱུར་པ་སྟེ། །ཕྱག་རྒྱ་དཀྱིལ་ཆེན་ལེགས་པར་བསྒྲུབས། །སངས་རྒྱས་བྱང་ཆུབ་ཕྱག་རྒྱ་འདི། །དུས་གསུམ་གཏོགས་པའི་དེ་བཞིན་གཤེགས། །ཀུན་གྱིས་འདི་ནི་བྱིན་གྱིས་བརླབས། །ཕྱག་རྒྱ་དུས་གསུམ་གཤེགས་པ་ཡི། །དེ་བཞིན་
གཤེགས་པས་ཕྱག་རྒྱར་བཏབ། །དེ་བཞིན་སངས་རྒྱས་ཆེན་པོ་པ། །ཐུབ་པ་སྣང་མཛད་ཀྱིས་ཀྱང་བཏབ། །དེ་བཞིན་གཤེགས་པའི་རིགས་དཀྱིལ་གྱི། །གསང་ཉིད་ཀུན་དུ་བཞུགས་པ་ཡིན། །དེ་ནས་གསང་སྔགས་གསང་བ་ཉིད། །དངོས་གྲུབ་བླ་མེད་བཤད་པར་བྱ། །ཨོྃ་ཨ་མོ་གྷ་ཧྲྀ་
ད་ཡ་པདྨ་ཨུཥྞཱི་ཥ་སཱ་དྷ་ཡ། བྷ་ར་ས་མ་བྷ་ར། མ་ཧཱ་པདྨེ་སྭཱ་ཧཱ། བསྐུར་བ་ལ་དང་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བའི་སྔགས་སོ། །ཨོྃ་པདྨ་ཨུཥྞཱི་ཥ་ཨ་མོ་གྷ་མཎྜ་ལེ་ཧཱུྃ། དཀྱིལ་འཁོར་བསྲུང་བ་དང་། ཕྱོགས་བཅིང་བ་དང་། མཚམས་བཅད་པ་དང་། དྲི་ཆབ་དང་། ཆུ་དང་།
ཡུངས་ཀར་བསྲེས་པ་ལ་ལན་བདུན་བཟླས་བརྗོད་བྱས་པས་བྱའོ། །ཨོྃ་པདྨ་ཤི་ཁ་རེ་ཧཱུྃ། སྤྱི་གཙུག་བཅིང་བ་ཡིན་ཏེ། ལན་བདུན་བཟླས་བརྗོད་བྱས་པས་སོ། །ཨོྃ་པདྨ་ཨུཥྞཱི་ཥ་ཨ་མོ་གྷ་ཛ་ལེ་ཧཱུྃ། ཁྲུས་བྱ་བའི་སྔགས་ཏེ་ཡུངས་ཀར་དང་། ཆུ་ལ་ལན་བདུན་བཟླས་བརྗོད་བྱས་
པས་སོ། །ཨོྃ་བི་མ་ལེ་ཤུད་དྷེ་ཧཱུྃ། ཉེ་རེག་བྱ་བའི་སྔགས་སོ། །ཨོྃ་སཾ་ཙྪ་ད་ཡ་པདྨེ་ཧཱུྃ། གོས་བགོ་བའི་སྔགས་སོ། །ཨོྃ་མི་ལི་མི་ལི་ཤུད་དྷེ་ཧཱུྃ། ལུས་ཡོངས་སུ་སྦྱང་བའི་སྔགས་ཏེ། བའི་རྣམ་ལྔའི་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་པས་སོ། །ཨོྃ་པདྨ་ཨུཥྞཱི་ཥ་ཨ་མོ་གྷ་ཨ་བྷི་
ཥིཉྩ་ཨཱཏྨ་ཤུད་དྷེ་ཧཱུྃ། དབང་བསྐུར་བའི་སྔགས་ཏེ་དྲི་ཆབ་ལ་ལན་བདུན་བཟླས་བརྗོད་བྱས་པས་སོ། །ཨོྃ་པདྨ་ཀ་བ་ཙེ་དྲྀ་ཌྷ་བ་ན་དྷ་ཧཱུྃ་ཛྭ་ལ་སྭཱ་ཧཱ། གོ་ཆའི་སྔགས་ཏེ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས་སོ། །ཨོྃ་བཛྲ་ཨ་དྷིཥྛཱ་ན་པདྨེ་ཧཱུྃ། བྱིན་གྱིས་བརླབ་པའི་སྔགས་སོ། །

ཨོཾ་ཛྭ་ལ་པདྨེ་དྷ་ར་དྷ་ར་ཧཱུྃ། སའི་སྔགས་སོ། །ཨོྃ་པདྨ་ཨ་ཤྲ་ཡ། རུ་ཧ་ཙ་ལ་ཙ་ལ་ཧཱུྃ། གདན་གྱི་སྔགས་སོ། །ཨོྃ་དི་བྱ་པདྨེ་མྃ། མེ་ཏོག་གི་སྔགས་སོ། །ཨོྃ་པདྨ་ཨ་མོ་གྷ་སཾ་བ་ར་ནི་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་སོ། །ཨོྃ་པདྨ་གན་དྷ་ཨཱི་ཤྭ་རི་ཧཱུྃ། བྱུག་
སྤོས་ཀྱི་སྔགས་སོ། །ཨོྃ་པདྨ་པྲ་ཀིརྞ་དྷ་ར་ཎི་སོ་མེ་སྭཱ་ཧཱ། འབྲས་ཡོས་དང་མེ་ཏོག་དགྲམ་བའི་སྔགས་སོ། །ཨོྃ་པདྨ་ཛ་ལེ་སུ་གན་དྷ་བ་ཏི་ཧཱུྃ། མཆོད་ཡོན་དབུལ་བའི་སྔགས་སོ། །ཨོྃ་ཤུ་ག་ལ་བཱ་རེ་རཱ་ས་ཡ་ཤུད་དྷེ་ཧཱུྃ། ལྷ་བཤོས་ཀྱི་སྔགས་སོ། །ཨོྃ་སུ་རུ་སུ་རུ་ཀུ་མ་བྷ་བ་ཏི་སྭཱ་
ཧཱ། གཏོར་མའི་སྔགས་སོ། །ཨོྃ་མ་ཧཱ་པདྨ་ཨ་ཤི་ནི་སཱ་དྷ་ཡ་ཧཱུྃ། གཏོར་མ་ཟར་གཞུག་པའི་སྔགས་སོ། །ཨོཾ་ཕ་ལ་བི་ཤུད་དྷེ་པྲ་བ་ར་ཧཱུྃ། འབྲས་བུའི་སྔགས་སོ། །ཨོྃ་པྲ་བར་པུཥྤེ་ཛ་ཡ་སྭཱ་ཧཱ། ཕྲེང་བའི་སྔགས་སོ། །ཨོྃ་ཛྭ་ལ་ཛྭ་ལ་ཡ་ར་ས་ར་གྲྀ་ཎི་ཧཱུྃ། གཏོར་
མ་བཅོས་པའི་སྔགས་སོ། །ཨོཾ་པདྨ་དཱི་པ་ཡ་ཛྭ་ལ་ཧཱུྃ། མར་མེའི་སྔགས་སོ། །ཨོྃ་ས་མ་པདྨ་བྷུ་བ་ནེ་ཥུ་ས་ར་ཧཱུྃ། འཇུག་པའི་སྔགས་སོ། །ཨོྃ་པདྨ་ཨུཥྞཱི་ཥ་ཨ་མོ་གྷ་མུ་ནི་ཧཱུྃ། ཕྱག་བྱ་བའི་སྔགས་སོ། །ཨོྃ་ཙཀྲ་མཎྜ་ལེ་ས་མནྟ་པདྨེ་ཧཱུྃ། བསྐོར་བའི་
སྔགས་སོ། །ཨོྃ་ས་མནྟ་པྲ་ཀིར་ཎཱ་པདྨེ་སཾ་བྷ་ར་ཧཱུྃ། མེ་ཏོག་དོར་བའི་སྔགས་སོ། །ཨོྃ་པདྨ་ས་མ་ཡ་ཨུཥྞཱི་ཥ་མ་ཧཱ་ཨ་མོ་གྷ་ས་མ་ཡ་ཧཱུྃ། དམ་ཚིག་གི་སྔགས་སོ། ཨོཾ་ས་མནྟ་སཱ་དྷ་ར་ཎི་དྷ་ར་པདྨེ་ཧཱུྃ་ཕཊ། སྐྱིལ་མོ་ཀྲུང་གི་སྔགས་སོ། །ཨོྃ་ཨ་པ་རི་མི་ཏཱ་ཛྭ་ལ་
པདྨེ་ཧཱུྃ། བགྲང་ཕྲེང་གི་སྔགས་སོ། །ཨོྃ་ཤ་ཏ་ས་ཧ་སྲ་ཛྭ་ལི་ཏ་པདྨེ་དྷ་ར་དྷ་ར་ཧཱུྃ། བཟླས་བརྗོད་ཀྱི་སྔགས་སོ། །ཨོྃ་ས་མནྟ་ད་ཪྵ་པདྨེ་ཧཱུྃ། རྨི་ལམ་གྱི་སྔགས་སོ། །ཨོྃ་ས་མནྟ་རཀྵ་ར་ཀྵ་ནི་པདྨེ་ཧཱུྃ། སྲུང་བའི་སྔགས་སོ། །ཨོཾ་ས་མནྟ་མེ་རུ་དྲྀ་ཌྷ་སྴི་རི་ཧཱུྃ། ར་བའི་
སྔགས་སོ། །ཨོྃ་ས་མནྟ་ཛྭ་ལཱ་མ་ལ་གརྦྷེ། ཛྭ་ལ་ཛྭ་ལ། མ་ཧཱ་པདྨེ་ཛྭ་ལེ་ཧཱུྃ། མེའི་སྔགས་སོ། །ཨོྃ་དྷུ་རུ་དྷུ་རུ་པྲ་ས་ར། དྷུ་ས་རི་མན་ཏྲེ་སྭཱ་ཧཱ། སྦྱིན་སྲེག་གི་སྔགས་སོ། །ཨོྃ་ས་མནྟ་པྲ་ཛྭ་ལི་ཏེ་བྷུད་དྷེ་ས་མ་ཡ་ཧཱུྃ། སྲེག་བླུགས་ཀྱི་སྔགས་སོ། །ཨོྃ་ས་མནྟ་ཨ་བ་ལོ་ཀི་ཏ་

གུ་ཧྱེ་བཱ་ཡུ་ཛཱ་བེ་པདྨ་བེ་གི་ནི་སྭཱ་ཧཱ། ནམ་མཁའ་ལ་འགྲོ་བའི་སྔགས་སོ། །ཨོྃ་ཤུ་བྷ་ཤ་སྟ་དྷཱ་རི་ཎི་པདྨ་བྷུ་ཛེ་ཧཱུྃ། མཚོན་ཆའི་སྔགས་སོ། །ཨོྃ་སམནྟ་ཨ་ཀཪྵ་ཎི་པྲ་ས་ར་གུ་ཧྱེ་ཧཱུྃ། དྲང་བའི་སྔགས་སོ། །ན་མོ་ཏྲི་བྷུ་བ་ན། ཨཱི་ཤྭ་རཱ་ཡ། ལོ་ཀེ་ཤྭ་རཱ་ཡ། མ་ཧེ་ཤྭ་རཱ་ཡ། དྷ་
ར་དྷ་ར། ས་མནྟ། ཨ་བ་ལོ་ཀི་ཏ། གུ་ཧྱེ། ཨཱ་གཙྪ་བྷ་ག་བཱ་ན། དྷི་རི་དྷི་རི། མ་ཧཱ་བི་རི། མ་ཎི་ཀ་ན་ཀ་བཛྲ་བཻ་ཌཱུརྱ། མ་ར་ཀ་ཏ་པདྨ་རཱ་ག །ཨིནྡྲ་ནཱི་ལེ། མ་ཧཱ་མུཀྟི་ཀཱ། བི་བྷཱུ་ཥི་ཏ་ཤ་རཱི་ར། མ་ཧཱ་པདྨ་བྷུ་ཛ། ཨ་མོ་གྷ་པྲ་ཤ་དྷ་ར། ས་མཏྣ། ཨ་བ་ལོ་ཀི་
ཏ། བ་ར་དཱ་བ་ར་དཱ་ཡ་ཀ། ཛྭ་ལ་ཛྭ་ལ། ས་མནྟ། ཨ་བ་ལོ་ཀི་ཏ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བཱ་ན། ཤཱི་གྷྲཱཾ་ས་མ་ཡ། མ་ནུ་སྨ་ར། བི་བི་དྷ་བེ་ཥ་དྷ་ར། ཡ་མ་བ་རུ་ཎ། ཀུ་བེ་ར། ན་མ་སྐྲྀ་ཏ། ཨཱི་ཤྭ་ར། མ་ཧེ་ཤྭ་ར། པདྨེ་ཤྭ་ར། ཨེ་ཧི་བྷ་ག་པཱ་ན། ཤཱི་གྷྲཾ་
ཨཱ་གཙྪ། སརྦ་བིདྱཱ་མཎྜ་ལ། ས་མ་ཡ་མ་ནུ་སྨ་ར། ད་རི་ཤ་ན་སྭ་པྣ། བི་བི་དྷ་ཏེ་ཛ་དྷ་ར། ས་མནྟ་རཤྨི། ཛྭ་ལ་གརྦྷ་ཤ་རཱི་ར། མ་ཧཱ་ཀཱ་རུ་ཎི་ཀ་ཡ། སཽ་མ་སྱ་མུ་ཁ། པ་རི་པཱུ་ར་ཎ། ཙནྡྲ་མཎྜ་ལ། ན་བ་ཙནྡྲ་ཛ་ཊ་དྷ་ར། ཨ་མི་ཏཱ་བྷ། མུ་ཀུ་ཊ་དྷ་ར་ཡ།
མ་ཧཱ་བྲཧྨ་བེ་ཥ་དྷ་ར། ཏྲི་ལོ་ཙ་ན་ཨ་མོ་གྷ་བ་ར་དཱ། བྷུ་རུ་བྷུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། པདྨ་པཱ་ཤ་ཨ་བ་ལོ་ཀི་ཏེ། ཤུད་དྷ་ས་ཏྭ། བ་ར་དཱ་ཡ། ན་མོ་སྟུ་ཏེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཤེགས་སུ་གསོལ་བའི་སྔགས་སོ། །རིག་སྔགས་འདིས་
གུ་གུལ་ནག་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདུག་པར་བྱའོ། །བདུགས་པ་ཙམ་གྱི་མོད་ཉིད་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱིས་སྟོན་པར་མཛད་ཅིང་། མཆོག་ཐམས་
ཅད་སྦྱིན་པར་མཛད་དོ། །གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་མནར་མེད་པར་གཞོལ་བ་དེས་ཀྱང་། བདུགས་པ་ཙམ་གྱིས་ངེས་པར་སྟོན་པར་མཛད་ན། དགེ་སློང་ཚངས་པར་ལེགས་པར་སྤྱོད་པ་བསམ་པ་དག་པ། དད་པ་ཅན་མོས་པ་ལ་ལྟ་སྨོས་ཀྱང་ཅི་དགོས།

མོད་ཉིད་ལ་རང་གི་གཟུགས་རང་གི་ངོ་བོ་ཡོངས་སུ་དག་པ་མངོན་སུམ་དུ་སྟོན་པར་མཛད་ཅིང་། མཆོག་ཐམས་ཅད་སྦྱིན་པར་མཛད་ལ་དོན་ཡོད་པ་ཆེན་པོའི་དངོས་གྲུབ་སྦྱིན་པར་མཛད་དོ། །དྲག་པོ་ལ་བདུགས་ན་གཟུགས་མངོན་སུམ་དུ་མདུན་ན་འདུག་ཅིང་།
འདོད་པ་དང་། དགོས་པའི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ། །སྲེད་མེད་ཀྱི་བུ་ལ་བདུགས་ན་གཟུགས་བརྙན་འགུལ་ཞིང་། ཚིག་འབྱིན་ལ་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། རྟག་ཏུ་རྗེས་སུ་འབྲང་བར་འགྱུར། སྟོབས་དང་། ཤུགས་དང་།
བརྩོན་འགྲུས་དང་། ཕ་རོལ་གནོན་པར་བྱེད་པའི་དངོས་གྲུབ་སྦྱིན་པར་བྱེད་དོ། །མ་མོའི་གནས་སུ་ནག་པོ་ཆེན་པོ་ལ་བདུགས་ན་ནག་པོ་ཆེན་པོ་མ་མོའི་ཚོགས་དང་བཅས་པ་དབང་དུ་གྱུར་ནས་འདུག་ལ་ལས་དང་བྱ་བ་ཐམས་ཅད་གྲུབ་པར་བྱེད། ཐམས་ཅད་དུ་དངོས་གྲུབ་ཆེན་
པོ་སྒྲུབ་པར་བྱེད་དོ། །ཚོགས་ཀྱི་དབང་ཕྱུག་ལ་བདུགས་ན། །བགེགས་དང་ལོག་འདྲེན་ཐམས་ཅད་བཅིངས་པར་འགྱུར་རོ། །འདོད་པའི་དབང་ཕྱུག་ལ་བདུགས་ན་སྡང་བ་དང་། གདུག་པ་དང་། བར་ཆད་བྱེད་པ་གཞན་གང་ཡིན་པ་དེ་དག་ཐམས་ཅད་བཅིངས་པར་འགྱུར་ཞིང་
མི་སྣང་བར་འགྱུར་རོ། །རྒྱལ་པོའི་སྒོར་བདུགས་ན་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་བཀུག་ནས་དབང་དུ་གྱུར་ཏེ། ཉེ་བར་གནས་པ་འདོད་པ་དང་བྱ་བ་ཐམས་ཅད་བྱེད་དོ། །ཉི་མ་ཤར་བའི་ཚེ་ཉི་མ་ལ་མངོན་དུ་ཕྱོགས་ནས་བདུགས་ན་ཉི་མ་འབབ་ཅིང་འདོད་པའི་དངོས་གྲུབ་
ཐམས་ཅད་སྦྱིན་བར་བྱེད་དོ། །ཟླ་བ་ཉལ་བདུགས་ན་ཟླ་བ་འབབ་ཅིང་དབང་ཕྱུག་འབྱོར་པ་ཆེན་པོ་སྦྱིན་པར་བྱེད་དོ། །རྣམ་ཐོས་ཀྱི་བུ་ལ་བདུགས་ན་ནོར་འཕེལ་བ་ཆེན་པོ་སྦྱིན་པར་བྱེད་དོ། །ལྷ་མོ་ཆེན་མོ་དཔལ་ལ་བདུགས་ན་དཔལ་འཐོབ་པར་འགྱུར་རོ། །གདོན་ཐམས་
ཅད་ལ་བདུགས་ན་བདུགས་པ་ཙམ་གྱིས་འབབ་ཅིང་ཕྱོགས་བཅུར་འབྲོས་སོ། །ཟིན་པ་འམ་མ་ཟིན་པ་ལ་བདུགས་ན་མོད་ལ་འོང་ངོ་། །དུར་ཁྲོད་ཀྱི་མི་རོ་ལ་བདུགས་ན་རོ་ལངས་ལྡང་བར་འགྱུར་རོ། །ཐོད་པ་ལ་བདུགས་ན་འབབ་ཅིང་གར་བྱེད། གླུ་ལེན་རྒྱུག་པར་བྱེད་

ཅིང་སྦོད་གཏོང་བྱེད་དོ། །རྡོ་རྗེ་བདུགས་ན་འབར་རོ། །མདུང་རྩེ་གསུམ་པ་ལ་བདུགས་ན་འབབ་པར་བྱེད་དོ། །འཁོར་ལོ་ལ་བདུགས་ན་ནམ་མཁའ་ལ་འགྲོའོ། །ཐག་པ་ལ་བདུགས་ན་སྦྲུལ་བཞིན་འཁྲིལ་བར་བྱེད་དོ། །རྫ་མ་དང་། བུམ་པ་ལ་བདུགས་ན་འབབ་པར་བྱེད་
ཅིང་རང་ཉིད་འགྱུར་བར་བྱེད་ལ་ཕན་ཚུན་འགྲོ་བར་བྱེད་དོ། །ལྷུང་བཟེད་ལ་བདུགས་ན་རང་ཉིད་འགྲོ་བར་བྱེད་དོ། །རལ་གྲི་ལ་བདུགས་ན་འབབ་པར་བྱེད་ཅིང་འབར་བར་བྱེད་ལ་རང་ཉིད་འགོར་བར་བྱེད་དོ། །དུང་ལ་བདུགས་ནས་བུས་ན་སྒྲ་གང་དུ་གྲག་པ་དེ་དག་ཐམས་ཅད་དུ་འཐབ་
པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་དང་། ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། སྡིག་པ་དང་། གདུག་པ་ཐམས་ཅད་དང་། དགྲ་ཐམས་ཅད་ལས་ཐར་པར་འགྱུར་
ཞིང་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །རིམས་ཐམས་ཅད་ལ་བདུགས་ན། རིམས་ཐམས་ཅད་ཞི་བར་འགྱུར་རོ། །རིམས་ཉིན་བཞི་པ་ལ་བདུགས་ཤིང་གསང་སྔགས་ཀྱང་རྗེས་སུ་དྲན་ན་རིམས་ཉིན་བཞི་པ་ཀུ་ཅོ་འདོན་ཅིང་འབྲོས་པར་འགྱུར་རོ། །ཀླུའི་མཚོར་བདུགས་ན་མོད་
ཉིད་ལ་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བྱེད་དོ། །ཆར་ཆེས་ན་གནས་མཐོན་པོར་བདུགས་ན་ཆར་ཆེས་པ་གཅོད་པར་བྱེད་དོ། །སྤྲིན་ལ་མངོན་དུ་ཕྱོགས་ནས་བདུགས་ན་གྲང་ལྷགས་དང་། རླུང་དང་། སེར་བ་ཐམས་ཅད་གཅོད་པར་བྱེད་ལ། ལོ་གཅིག་གི་བར་དུ་མཚམས་ཆེན་པོ་
བཅད་པར་འགྱུར་རོ། །རི་མཐོན་པོའི་རྩེར་བདུགས་ན། ཕྱོགས་བཞི་ཐམས་ཅད་ཀྱི་ཕ་རོལ་གྱི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་ཐམས་ཅད་དང་། དཔག་ཚད་སྟོང་གི་བར་དུ་རྨུགས་པ་དང་། རེངས་པ་དང་། བཅིངས་པར་འགྱུར་ལ་དཔག་ཚད་སྟོང་
གི་བར་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ། །བདག་ཉིད་ལ་བདུགས་ན་སེམས་ཅན་ཐམས་ཅད་ལ་མཆོད་པའི་གནས་ཆེན་པོར་འགྱུར་ལ་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །བུ་མོ་ལ་བདུགས་ན་བག་མར་བླངས་བར་འགྱུར་རོ། །ཚོང་ཟོང་ལ་བདུགས་ན་རིན་ཆེ་བར་ལོན་པར་

འགྱུར་རོ། །བང་བལ་བདུགས་ན་འབྲུ་འཕེལ་བ་མང་པོར་འགྱུར་རོ། །བཏུང་བའི་གནས་སུ་བདུགས་ན་བཏུང་བ་འཕེལ་བ་མང་པོར་འགྱུར་རོ། །གོས་ལ་བདུགས་ན་གོས་ཐོབ་པར་འགྱུར་རོ། །མེ་ཏོག་དང་འབྲས་བུ་ལ་བདུགས་ནས་གང་ལ་བྱིན་པ་དེ་དག་བདག་ཉིད་དམ་
ནོར་གྱི་སྒོ་ནས་དབང་དུ་འགྱུར་རོ། །ཕྲེང་བ་ལ་བདུགས་ལ་གསང་སྔགས་ལན་བདུན་བཟླས་བརྗོད་བྱས་ན་གང་གི་མགོ་ལ་བཅིངས་པ་དེ་ལ་འབབ་པར་བྱེད་ཅིང་། ཡ་མཚན་བྱུང་བ་དང་འབྱུང་བ་སྨྲའོ། །འཕགས་པ་རྡོ་རྗེ་འཆང་ལ་བདུགས་ན་རིག་སྔགས་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་
ཞིང་། འཕགས་པ་རྡོ་རྗེ་འཆང་སྟོན་པར་མཛད་ལ་དགོས་པ་ཐམས་ཅད་སྒྲུབ་པར་མཛད་དོ། །གནོད་སྦྱིན་མོའི་གཟུགས་བྲིས་པ་ལ་བདུགས་ལ་གསང་སྔགས་ལན་བདུན་དྲན་པར་བྱས་ན། གནོད་སྦྱིན་མོ་འོངས་ནས་འདོད་པ་ཐམས་ཅད་སྦྱིན་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་ལ་ཇི་སྲིད་
འཚོའི་བར་དུ་ཉེ་བར་འདུག་གོ། །སྦྱོར་བ་མོ་ལ་བདུགས་ན། སྦྱོར་བ་མོ་ཐམས་ཅད་དང་། མཁའ་འགྲོ་མ་ཐམས་ཅད