Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ
Văn bản gốc(Tây Tạng)
Trang 16 / 20 (50.000 ký tự/trang)
་ཀུན་གྱི་དེ་དག་ཐམས་ཅད་བསྟན་པར་བྱའོ། །དེ་ནས་ དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོར་བཞག་ལ་རིག་སྔགས་འཆང་སྦྱང་བའི་ཆོ་ག་བྱས་པས་འཕགས་པ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ཀྱང་སྟོང་རྩ་བརྒྱད་དུ་དབང་བསྐུར། ཕྱག་རྒྱས་ཀྱང་སྟོང་རྩ་བརྒྱད་དུ་དབང་ བསྐུར་ལ། ཕྱག་རྒྱ་བཅིངས་ནས་རྣམ་པ་གསུམ་འདྲ་བར་དབང་བསྐུར་རོ། །དེ་ནས་ལས་ཐམས་ཅད་བྱས་ཏེ་ཡུངས་ཀར་དཀར་པོ་གྲུབ་པ་ལ་རིག་སྔགས་འཆང་གིས་བརྒྱད་སྟོང་བཟླས་བརྗོད་བྱས་ལ་པདྨའི་མཆོག་གཙོ་བོ་གཙང་བ། གཙང་མར་བྱས་པ། ལེགས་ པར་བཀྲུས་པ། སྦྱངས་པ། ཕྱེ་མ་ཞིབ་ཏུ་བཏགས་པ་ཐལ་བ་ལྟ་བུ་ལ་བརྒྱད་སྟོང་བཟླས་བརྗོད་བྱས་ནས་སྣོད་དགང་། གུ་གུལ་དང་། ཙནྡན་དང་། ཨ་ག་རུ་དང་། སྤྲྀ་ཀ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་སྣོད་ཀྱི་ནང་དུ་བཀང་ལ། དབུས་ཀྱི་དཀྱིལ་ འཁོར་དམ་པའི་སྟེང་དུ་སོ་སོར་གཞག་གོ། །དེ་ནས་ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཅིང་ཕྱག་རྒྱས་ཀྱང་དབང་བསྐུར་བ་བྱས་ན། གང་གི་ཚེ་དོན་དུ་བྱ་བ་བྱུང་བའི་ཚེ་བྱ་བ་ཐམས་ཅད་བྱེད་དོ། །གསེར་རམ། ཡང་ན་དངུལ་ལམ། ཟངས་ལས་པདྨའི་ཚད་ དུ་བྱས་པ་འདབ་མ་ཉི་ཤུ་རྩ་གཅིག་དང་། སྙིང་པོ་དང་། ཟེ་བ་ཅན་དང་། དེ་བཞིན་དུ་སོར་བཅུ་གཉིས་པའི་ཚད་ལ་སྡོང་བུ་སོར་བཅུ་དྲུག་པའི་ཚད་རྡོ་རྗེའི་རྣམ་པ་ཅན་དུ་བྱ། སྐུད་པ་དམར་པོའི་ཞགས་པ་པདྨའི་ཚོན་དམར་པོས་བཞེན་པ། གཞོན་ནུས་ བཀལ་བ་གྲུབ་པ། དེ་དག་ལ་བརྒྱ་སྟོང་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ཅིང་ཕྱག་རྒྱས་ཀྱང་དབང་བསྐུར་བ་བྱས་ལ་མཁས་པས་གསང་བའི་གནས་སུ་གཞག་གོ། །གང་གི་ཚེ་དོན་དུ་བྱ་བ་བྱུང་བ་དེའི་ཚེ་ལས་ཐམས་ཅད་གྲུབ་པ་སྟན་ཏོ། ། ཤིན་ཏུ་གཙང་ཞིང་གཙང་བར་བྱ་སྟེ། སུ་ལ་ཡང་མི་སྦྱིན་ནོ། །སངས་རྒྱས་རྣམས་ལ་སྐུ་བརྙས་པར་གྱུར་པ། དམ་ཚིག་ཉམས་པ་ལ་བགེགས་འཇུག་པར་འགྱུར་ཞིང་། འཕྲལ་དུ་མཚམས་མེད་པ་ལྔ་བྱེད་པ་རྨོངས་པའི་དྲ་བ་དེ་ལ་དངོས་གྲུབ་རྣམས་ཀྱང་ཤེས་པར་མི་ འགྱུར་རོ། །གཞན་ནི་བླ་མ་ལ་གུས་ཤིང་། །སངས་རྒྱས་ཆོས་ལ་རྟེན་བྱེད་པ། །འཕགས་པའི་ཚོགས་ལ་དང་བ་དང་། །བྱམས་སེམས་སྙིང་རྗེའི་བདག་ཉིད་ཅན། །དེ་ཡི་ལག་ཏུ་རབ་ཏུ་སྦྱིན། །བདག་གི་སྲོག་བཞིན་གཏད་པར་བྱ། །དེ་དག་དངོས་གྲུབ་མཆོག་སྦྱིན་ཏེ། ། བཀླགས་དང་མཐོང་བ་ཙམ་གྱིས་ནི། །ཇི་ལྟར་ཡིད་ལ་བྱས་པ་བཞིན། །རྗེས་སུ་མཐུན་པའི་ལས་བྱེད་དོ། །འཇིག་རྟེན་འདིར་ནི་རྟག་ཏུ་བདེ། །འཇིག་རྟེན་ཕ་རོལ་བདེ་བ་ཡིན། །འགྲོ་བ་ལམ་ནི་བདེ་བར་འགྲོ། །གང་ན་འོད་དཔག་མེད་པ་བཞུགས། །བདེ་བ་ཅན་ དུ་རྟག་ཏུ་འགྲོ། །བརྫུས་ཏེ་སྐྱེ་བའི་པདྨ་ལས། །རྒྱན་རྟགས་ཀུན་གྱིས་རྣམ་པར་བརྒྱན། །ཚེ་རབས་དག་ནི་དྲན་འགྱུར་ཏེ། །སྔོན་གྱི་ཚེ་རབས་དྲན་པར་འགྱུར། །དེ་ནས་རིག་སྔགས་འཆང་རྨོངས་པ་ཆེན་པོའི་དམ་ཚིག་སྟོན་པར་འདོད་པ་གཙང་མས་ལེགས་པར་ ཁྲུས་བྱ། གོས་གཙང་མ་བགོས་ནས་ཉིན་ཞག་གཅིག་སྨྱུང་བ་བྱས་པས་ལག་ན་རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་མངོན་དུ་བཞག་སྟེ། མེ་ཏོག་དང་བདུག་སྤོས་དབུལ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ དང་། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ལ་མཆོད་པ་ཡང་བྱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཨ་ག་རུའི་བདུག་སྤོས་ཀྱིས་བདུག །ལག་ན་རྡོ་རྗེ་ལ་གུ་གུལ་གྱི་བདུག་སྤོས་ཀྱིས་བདུག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལྷ་ བཤོས་དཀར་པོ་འབུལ། ལག་ན་རྡོ་རྗེ་ལ་རོ་སྣ་ཚོགས་དང་ལྡན་པའི་ལྷ་བཤོས་ཕུལ་ལ། ཉིན་པར་དོན་ཡོད་པའི་རྒྱལ་པོ་བཟླས་བརྗོད་བྱ། མཚན་མོ་ཁྲོ་བོའི་རྒྱལ་པོ་ངལ་བ་མེད་པར་བཟླས་བརྗོད་བྱ་སྟེ། ཁ་གདོང་ཁྲོ་གཉེར་མེད་པ་དང་། དྲི་མ་ དང་སེར་སྣ་མེད་པས་ནམ་ལངས་ཀྱི་བར་དུ་བཟླས་བརྗོད་བྱས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འབར་བར་འགྱུར་ལ། ལག་ན་རྡོ་རྗེ་ཡང་པུས་མོ་འཛུགས་པར་འགྱུར་ཏེ། དེ་གཉིས་ཀྱི་མིག་ནས་འཛག་པ། རིག་སྔགས་འཆང་གིས་ བླངས་ནས་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །མིག་ལ་བསྐུས་ན་ནམ་མཁའ་ལ་འགྲོའོ། །ཁར་བཅུག་ན་རིག་སྔགས་དང་ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། དཀྱིལ་འཁོར་མངོན་དུ་འགྱུར་རོ། །ལག་ན་རྡོ་རྗེའི་སྟོབས་དང་། ཤུགས་དང་། བརྩོན་འགྲུས་ཀྱིས་ཕ་རོལ་ གནོན་པར་འགྱུར། ལག་ན་རྡོ་རྗེའི་རང་གི་གཟུགས་ཀྱིས་མདུན་ན་ཉེ་བར་འདུག་ཅིང་འདོད་པ་ཐམས་ཅད་ཀྱི་མཆོག་རྗེས་སུ་སྦྱིན་པར་བྱེད་ལ། རང་གི་གཟུགས་ཀྱིས་སྤྱོད་པར་བྱེད། ལག་ན་རྡོ་རྗེའི་སྟོབས་དང་། ཤུགས་དང་། བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པ་རྗེས་སུ་སྦྱིན་པར་ བྱེད། དེ་ལྟར་ལག་ན་རྡོ་རྗེས་འགུགས་པར་འགྱུར་རོ། །ཉི་མ་འཆར་བའི་དུས་སུ་ཏིལ་མར་ཆེན་པོ་རན་པར་བདག་ཉིད་ལ་བསྐུ། མིག་སྨན་གྱིས་མིག་བྱུག །ཕྱེ་མས་གཏོར་ཞིང་བདག་ཉིད་ཐིག་ལེ་བྱ། ནོར་བུ་མགོ་ལ་བཞག་ནས་གུ་གུལ་གྱིས་བདུག །བདག་ ཉིད་གོས་ངུར་སྨྲིག་བགོས་ནས་སངས་རྒྱས་ཡིད་ལ་བྱ་བ་སྒོམ་ཞིང་། ཞི་བ་དང་དུལ་བའི་ཡིད་ཀྱིས་སྡེ་ཅན་གྱི་ནང་ངམ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དེ་ནས་དགེ་སློང་དེ་དག་གི་སྡེ་ཅན་གྱི་ནང་དུ་ཞུགས་སམ། དགེ་འདུན་གྱི་ནང་དུ་ཞུགས་པའི་རིག་སྔགས་ འཆང་དེ་བཅོམ་ལྡན་འདས་ཀྱི་སྐུ་དང་། མདོག་དང་། རྟགས་དང་། སྤྱོད་ལམ་དུ་མཐོང་སྟེ། མཚན་ཉི་ཤུ་རྩ་བརྒྱད་ཡོད་པ་འོད་འདོམ་གང་བ། སྟན་པདྨ། བརྒྱ་བྱིན་དང་། ཚངས་པའི་མདུན་གྱི་བདར་བའི་ལྷ་ཚོགས་སྣ་ཚོགས་ཀྱིས་གཟུགས་མཐོང་བར་སྟོན་ཏོ། ། དགེ་སློང་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་དང་། མདོག་ཏུ་མཐོང་ནས་ཐམས་ཅད་ཞབས་གཉིས་ལ་འདུད་པར་བྱེད་དོ། །རིག་སྔགས་འཆང་དེས་བརྙས་པར་མི་བྱ་ཞིང་། བདག་ལ་བསྟོད་པར་ཡང་མི་བྱ། བརྙས་པ་ཙམ་གྱིས་ཁྱོད་ཀྱི་བསོད་ནམས་ ཡོངས་སུ་ཉམས་པར་མི་འགྱུར་བར་བྱའོ། །འཕགས་པའི་དགེ་སློང་གི་དགེ་འདུན་རྫུ་འཕྲུལ་ཆེན་པོས་སྟོབས་བཅུ་དང་ལྡན་པར་དབུགས་དབྱུང་བར་བྱ་སྟེ། རྒྱུ་དེས་ན་བརྙས་པར་མི་བྱའོ། །དེ་ནས་གྲོང་ཁྱེར་དང་། རྒྱལ་པོའི་ཕོ་བྲང་དུ་འཇུག་པར་བྱ། དེ་ནས་འདུས་ པའི་ནང་དུ་འཇུག་པར་བྱ། དེ་ནས་གྲོང་དང་། ཚང་ཚིང་དང་། ཡུལ་དང་། རི་བྲགས་ཀྱི་ནང་དུ་འཇུག་པར་བྱ། དེ་ནས་བཙུན་མོའི་ནང་དུ་འཇུག་པར་བྱ་སྟེ། ཡུལ་གྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་སྐུ་དང་། མདོག་ དང་། རྟགས་དང་། དབྱིབས་སུ་མཐོང་ཞིང་མཆོད་པ་ཆེན་པོ་དང་། རིམ་གྲོ་སྣ་ཚོགས་བྱེད་པར་འགྱུར་ལ། དེ་བཞིན་གཤེགས་པ་སངས་རྒྱས་ཡིན་ནོ་ཞེས་སྨྲ་སྟེ། དེ་བཞིན་གཤེགས་པའི་ཆོ་ག་འཐོབ་བོ། །ཡུངས་ཀར་དང་། ཏིལ་མར་གྱིས་རང་གི་འཁོར་གྱི་སྤྱི་བོར་གཏོར་ཅིང་བྱུགས་ ན། ཐམས་ཅད་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་སུ་སྟོན་ཏོ། །རྐང་པ་ཏིལ་མར་གྱིས་བསྐུས་ན་སའི་སྟེང་ནས་སོར་བརྒྱད་ཙམ་གྱིས་སྤགས་ཏེ་ནམ་མཁའ་ལ་འགྲོ་སྟེ། ཇི་སྲིད་དུ་མ་ བཀྲུས་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཆ་བྱད་དུ་སྟོན་ཏོ། །མགོན་པོ་སྤྱན་རས་གཟིགས་མཐོང་བར་འདོད་པའི་རིག་སྔགས་འཆང་དེ་ནང་པར་སྔར་ལངས་ནས་གཙང་མ་ཁྲུས་བྱས་ཏེ། གོས་གཙང་མ་བགོས་ནས་ཁང་སྟེང་དུ་འདུག་ལ་ཡུངས་ཀར་ལ་ཏིལ་མར་གྱིས་བྱུགས་ནས་ ཕྱོགས་བཞིར་གཏོར་ན། རྒྱལ་པོ་དང་། བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། བཙུན་མོ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་སྒྱུ་མ་ཆེན་པོས་རྨོངས་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་དེས་ནོར་བུ་བཞིས་དབུ་རྒྱན་དང་ ཕྲེང་བ་བྱས་ལ་མགོ་ལ་གདགས་སོ། །ཏིལ་མར་གྱིས་ཡན་ལག་ཙམ་ལ་བསྐུ་བར་བྱ། དཔྲལ་བར་ཐིག་ལེ་བྱ། མིག་སྨན་གྱིས་མིག་བསྐུ། ཕྱེ་མས་བདག་ཉིད་ལ་གདབ། རས་བཟང་པོ་ཡུག་གཅིག་བགོ། །བྱང་ཆུབ་སེམས་དཔའི་ཆ་བྱད་དུ་བགྱི་བ་དང་། ནོར་བུ་དང་། གདུ་བུ་དང་། དཔུང་རྒྱན་དང་། གསེར་སྐུད་ཀྱིས་བཅིངས་ན་དེ་དག་ཐམས་ཅད་རྒྱན་དང་། སྤུད་པ་དང་། ནོར་བུ་དང་། དངུལ་དང་། རྡོ་རྗེ་དང་། བཻ་དཱུརྱ་སྣ་ཚོགས་ཀྱིས་ལུས་བརྒྱན་པར་སྣང་ངོ་། །ལག་ན་པདྨ་ཐོགས་ན། འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གི་གཟུགས་སུ་སྣང་ངོ་། །ཡིད་ལ་ཇི་ལྟར་བསམས་པ་དོན་ཡོད་པའི་ཞགས་པའི་ཚུལ་དང་། འཇིགས་པ་བརྒྱད་དང་། ཚངས་པའི་ཚུལ་དང་། ཡིད་བཞིན་ནོར་བུ་དང་། རྒོད་མའི་ཁ་དང་། མགུལ་སྔོན་དང་། རྟ་མགྲིན་དུ་སྟོན་ཏོ། །ཇི་ལྟར་གཟུགས་ཡིད་ལ་བྱས་པ་དེ་ལྟར་ སྟོན་ཏེ། ཇི་སྲིད་དུ་ཐིག་ལེ་ཡོད་ཅིང་དབུ་རྒྱན་ཐོགས་པ་དེ་སྲིད་དུ་ཚུལ་སྣ་ཚོགས་སྟོན་པར་བྱེད་དོ། །ཏིལ་མར་དང་། ཡུངས་ཀར་དང་བསྲེས་ན། ཀིང་ཀུཥྛ་དང་ལྷན་ཅིག་སྦྲུས་ནས་ལག་པ་གཡས་ན་རྡོ་རྗེ། དཔྲལ་བར་དབང་ཕྱུག་ཆེན་པོའི་ཐིག་ལེ་བྱས་ནས་པདྨའི་ཕྱེ་མས་གཏོར་ ལ། ནོར་བུ་སྤྱི་གཙུག་ཏུ་བཅིང་། མིག་སྨན་གྱིས་མིག་བསྐུ། གུ་གུལ་གྱིས་བདུགས་ལ་ཤེས་རབ་ཅན་ཁྲོ་བོའི་ལྟ་བའི་ཚུལ་བྱས་ན་མངོན་སུམ་དུ་རྡོ་རྗེ་འཆང་གི་གཟུགས་སུ་སྣང་སྟེ། དེ་ལ་ཐེ་ཚོམ་མི་བྱའོ། །ཇི་སྲིད་དུ་བདག་ཁྲུས་མ་བྱས་པ་དེ་སྲིད་དུ་རྡོ་རྗེའི་གཟུགས་ཅན་དུ་སྣང་ལ་ ལས་སྣ་ཚོགས་བྱེད་ཅིང་མི་དང་། འཇིག་རྟེན་ཐམས་ཅད་ཀྱིས་རྡོ་རྗེ་འཆང་ཉིད་དུ་སེམས་ཏེ། དེ་ལ་ཐེ་ཚོམ་མི་བྱའོ། །སེང་གེའི་ཁྲག་གིས་ཏིལ་མར་དང་ནོར་བུ་སྦྲུས་ནས་ལུས་ལ་བསྐུས་ན་མིའི་སེང་གེ་ཆེན་པོའི་གཟུགས་སུ་སྟོན་ཏོ། །ཕག་གི་ཁྲག་གིས་སྦྲུས་ནས་ལུས་ལ་བསྐུས་ ན་ཕག་གི་གཟུགས་ཆེན་པོར་སྟོན་ཏོ། །ཏིལ་མར་དང་། ཕྱེ་མ་ལྷན་ཅིག་སྦྲུས་ནས་ཡུང་བ་དང་། ཤིང་པ་ལ་ཤའི་མདོག་ཏུ་བྱས་ལ་ལུས་ལ་བསྐུས་ན་སྲེད་མེད་ཀྱི་བུའི་གཟུགས་སུ་སྟོན་ཏོ། །རིག་སྔགས་འཆང་གིས་པདྨ་དང་། ཏིལ་མར་ལྷན་ཅིག་སྦྲུས་ལ་ལུས་ལ་བསྐུས་ན་དབང་ཕྱུག་ ཆེན་པོའི་གཟུགས་སུ་སྟོན་ཏོ། །ཤིང་ཨརྐའི་འོ་མ་དང་། ཏིལ་མར་དང་། མཉམ་པར་སྦྱར་ལ་ལུས་ལ་བསྐུས་ན་ཚངས་པའི་གཟུགས་སུ་སྟོན་ཏོ། །གླང་པོ་ཆེའི་ཁྲག་དང་ཏིལ་མར་སྦྱར་ནས་ལུས་ལ་བསྐུས་ན་ཚོགས་ཀྱི་དབང་ཕྱུག་ཆེན་པོའི་གཟུགས་སུ་སྟོན་ཏོ། །རའི་ཁྲག་ དང་སྦྲུས་ནས་ལུས་ལ་བྱུགས་ན་རའི་གཟུགས་སུ་སྟོན་ཏོ། །ཏིལ་མར་དང་། ཐིང་ཤིང་དང་། པདྨའི་ཕྱེ་མ་དང་། གླང་པོ་ཆེའི་ཁྲག་དང་ལྷན་ཅིག་སྦྱར་ནས་ལུས་ལ་བསྐུས་ན་ནག་པོ་ཆེན་པོའི་གཟུགས་མངོན་སུམ་དུ་རང་གི་གཟུགས་སུ་སྟོན་ལ། གང་དང་གང་དག་ལ་ཐིག་ ལེ་བྱས་ན་མ་མོའི་ཚོགས་ཀྱི་གཟུགས་སུ་སྟོན་ཏོ། །སྦྲུལ་གྱི་ཁྲག་དང་། པགས་པ་དང་། ཏིལ་མར་གྱི་རྒྱལ་པོ་དང་ལྷན་ཅིག་སྦྲུས་ལ་སྒལ་ཚིགས་སུ་བསྐུ་ཞིང་། དཔུང་པ་གཡོན་པར་ཡང་བསྐུས་ན་ཀླུའི་རྒྱལ་པོ་ཆེན་པོའི་གཟུགས་སུ་སྟོན་ཏེ། ཇི་ལྟར་ཇི་ལྟར་ཁྲག་དང་སྦྱར་ ཞིང་ཇི་ལྟ་ཇི་ལྟར་ཡིད་ལ་བསམས་པ་དེ་ལྟ་དེ་ལྟར་གཟུགས་སྟོན་ཏོ། །དེ་ནས་གཞལ་མེད་ཁང་ལྟ་བར་འདོད་ན་ཡུངས་ཀར་ལ་ཏིལ་མར་གྱིས་བསྐུས་ནས་དགེ་འདུན་གྱི་ནང་དུ་སྟེང་འོག་ཏུ་གཏོར། ཕྱེ་མས་ནོར་བུ་རྒྱལ་མཚན་གྱི་རྩེ་མོ་ཀུན་ཏུ་བསྐུས་ན་དགེ་འདུན་རྒན་རིམས་སུ་བཀོད་ པའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རྒྱན་གྱིས་བརྒྱན་པ་སྟོན། དགེ་སློང་རྣམས་ཀྱི་སྟེང་དུ་གཏོར་ན་དགེ་སློང་ཐམས་ཅད་གཟུགས་སྣ་ཚོགས་ཡིད་ལ་ཇི་ལྟར་བྱས་པ་བཞིན་རྒྱལ་པོའི་གཟུགས་སུ་སྣང་བ་དང་། གཞན་དག་བློན་པོ་དང་། གཞན་དག་བཀྲབས་པ་དང་། གཞན་ དག་མདུན་ན་འདོན་པ་དང་། གཞན་དག་ཡོངས་སུ་སྤྱོད་པའི་གཟུགས་སུ་སྟོན་ལ། ཡུངས་ཀར་ལ་བསྐུས་པས་གཏོར་ན་སླར་ཡང་དགེ་སློང་རྣམས་སུ་སྣང་ངོ་། །ཤིང་ཨརྐའི་འོ་མ་ཡུངས་ཀར་ལ་བསྐུས་ནས་དགེ་འདུན་གྱི་དབུས་སུ་དགེ་སློང་རྣམས་ཀྱིས་མལ་སྟན་གྱི་སྟེང་དུ་ གཏོར་ན། ཇི་ལྟར་དགེ་སློང་ཐམས་ཅད་འཁོད་པ་ལྟར་སྣང་ངོ་། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ་ལ་གཏོར་ན་རྒན་པོ་འཁར་བ་ཐོགས་པ་སྒུར་པོ་ལྟག་དགྱེ་སྐྲ་དཀར་ཅན་ཉམ་ཆུང་བར་སྣང་ངོ་། །མལ་སྟན་གྱི་སྟེང་དུ་ཡུངས་ཀར་གཏོར་བ་གལ་ཏེ་མཚན་ཐོག་ཐག་བཞག་ ན་གཟུགས་གཞན་དུ་མི་འགྱུར་རོ། །ལུག་གི་སྟེང་ན་སྣོད་ཡོད་པ་ལ་གཏོར་ན་དེ་ཐུར་མའི་གཟེབ་དང་། སྦྲུལ་ནག་པོ་སྣང་ངོ་། །སྣོད་ཀྱི་སྟེང་དུ་གཏོར་ན་ཁམ་ཕོར་དུ་སྣང་བར་འགྱུར་རོ། །བཏུང་བའི་སྣོད་སྦྲང་རྩིས་བྱུགས་པའི་སྟེང་དུ་གཏོར་ན་ཕྱག་དར་གྱི་ཕུང་པོར་སྣང་ངོ་། གྲོང་ཁྱེར་གྱི་སྒོ་དང་གྲོང་ཁྱེར་ཀུན་ཏུ་གཏོར་ན་གྲོང་ཁྱེར་ཀུན་ནས་མི་སྣང་བར་འགྱུར་རོ། །གྲོང་ཁྱེར་ཀུན་ལ་ཡུངས་ཀར་དང་པདྨའི་ཕྱེ་མ་གཏོར་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་མི་སྣང་བ་ཐམས་ཅད་སྣང་བར་འགྱུར་རོ། །སེང་གེའི་ཁྲག་ དང་སྦྱར་ནས་དུད་འགྲོའི་སྐྱེ་གནས་ཀྱི་སྟེང་དུ་གཏོར་ན་ལམ་གྱི་བཞི་མདོ་ཐམས་ཅད་དུ་སེང་གེའི་གཟུགས་སུ་སྟོན་ཏོ། །སྡེ་དྲག་ཅིང་གཏུམ་ལ་ཡན་ལག་མཆོག་གི་གཟུགས་དང་ལྡན་པའི་སྟེང་དུ་གཏོར་ན་ཐམས་ཅད་ཝའི་གཟུགས་སུ་སྣང་ལ་ཕྱོགས་བཅུར་རྒྱུག་གོ། །གཡུལ་ འགྱེད་སར་གཏོར་ན་ཐམས་ཅད་གཉིད་ལོག་པར་བྱས་པར་འགྱུར་ལ་མཚོན་ཆ་ཐམས་ཅད་དང་། གོ་ཆ་ཐམས་ཅད་མི་སྣང་བར་འགྱུར་རོ། །མེའི་ནང་དུ་གཏོར་ན་མི་སྣང་བ་རྣམས་སྣང་བར་འགྱུར་རོ། །ཏིལ་མར་དང་སྦྱར་ནས་མེའི་ནང་དུ་གཏོར་ན་རྟག་ཏུ་འབར་བར་འགྱུར་རོ། ། ཆུའི་ནང་དུ་གཏོར་ན་ཆུ་མི་མངོན་པར་འགྱུར་རོ། །བུམ་པ་ཆུས་བཀང་བ་ལ་གཏོར་ན་སྲོག་ཆགས་ཆུའི་ནང་ན་གནས་པ་ཐམས་ཅད་ཆུའི་ནང་ནས་འབྱུང་ཞིང་ཐང་ལ་གནས་སོ། །ཚལ་གྱི་ནང་དུ་ཡུངས་ཀར་གྱིས་གཏོར་ན་མེ་ཏོག་དང་འབྲས་བུ་མི་སྣང་བར་འགྱུར་པ་ཐམས་ཅད་སྣང་ཞིང་ཤིང་ སྐམ་པོ་དང་། ཚལ་གྱི་མཐར་མེ་ཏོག་དང་འབྲས་བུ་ཐམས་ཅད་སྟོན་ཏོ། །ནམ་མཁའ་ལ་གཏོར་ན་ཕྱོགས་བཞིའི་དགེ་འདུན་གྱི་ནང་ངམ། འདུས་པའི་ནང་ངམ། སྐྱེ་བོ་མང་པོའི་ནང་དུ་མེ་ཏོག་གི་ཆར་རྣམ་པ་སྣ་ཚོགས་དག་འབབ་སྟེ། ལྷའི་དྲི་ལེགས་པར་སྨིན་པ་ཡིད་དགའ་ བ་སིམ་པར་བྱེད་པ་འབབ་བོ། །ལས་དང་ལྡན་པའམ། བཟོའི་གནས་ཀྱི་ལས་ཏེ། ལས་ཀྱི་སྣོད་ཐམས་ཅད་ལ་ཏིལ་མར་གྱི་རྒྱལ་པོས་བྱུགས་ལ་ཕྱེ་མས་བསྐུ། པདྨ་ཆེན་པོའི་ཕྱེ་མས་འཁོར་གྱི་གནས་བསྐུ། ཡུངས་ཀར་གྱིས་ཕྱོགས་བཞིར་གཏོར་ལ། དེ་ནས་ལས་ཀྱི་ བཟོ་བཟང་པོ་ཇི་ལྟ་བ་བཞིན་སྟོན་པར་འདོད་ན་ལས་ཀྱི་སྣོད་དེ་དང་དེ་དག་ཉིད་གཡོ་ལ། ལས་ཀྱི་བཟོའི་ཚུལ་བཟང་པོས་མཐར་ཕྱིན་པ་རྣམ་པ་དུ་མ་དག་སྟོན་པར་བྱེད་ལ་ཉོ་ཚོང་བྱེད་པར་འབྱུང་སྟེ། གལ་ཏེ་ཕྱིར་བཟློག་པ་མ་བྱས་ན་རིན་ཇི་ལྟ་ཇི་ལྟ་བ་དེ་ལྟ་དེ་ལྟར་ཉོ་ཚོང་བྱེད་དོ། ། ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་མི་སྣང་བར་འགྱུར་ལ་དཔག་ཚད་བརྒྱ་སྟོང་ཙམ་གྱི་བར་དུ་ཁྲིད་ན་དེ་དང་དེ་ཉིད་དུ་མི་སྣང་བར་འགྱུར་རོ། །རྫ་མཁན་གྱི་འཁོར་ལོ་ལ་ཕྱེ་མས་བྱུག་ཅིང་ཡུངས་ཀར་ཆགས་པར་བྱས་ལ། པདྨ་ཆེན་པོའི་ཕྱེ་མས་གཏོར་ནས་འཇིམ་པ་ བཞག་ལ་སྣོད་ཀྱི་ངོ་བོ་ཇི་ལྟར་འདོད་པ་བཞིན་བྱ་སྟེ། སྣོད་ཀྱི་ངོ་བོ་དངུལ་ལས་བྱས་པའམ། གསེར་ལས་བྱས་པའམ། ཟངས་ལས་བྱས་པའམ། ལྕགས་ལས་བྱས་པའམ། ལྕགས་ལྔ་ལས་བྱས་པ་རིན་པོ་ཆེ་བཟང་པོ་སྣ་ཚོགས་ཀྱིས་སྤྲས་པ་ཇི་ལྟ་བ་དེ་ལྟ་བུའི་སྣོད་ བཀྲ་བ་རྣམ་པ་སྣ་ཚོགས་དག་འབྱུང་བར་འགྱུར་ལ། ཉོ་ཚོང་བྱེད་པ་ཡང་འབྱུང་སྟེ། རིན་ཆེན་པོས་ཚོང་བྱེད་དོ། །ཡུངས་ཀར་གྱི་ཕྱེ་མ་དང་། པདྨའི་ཕྱེ་མ་ལྷན་ཅིག་སྦྱར་ནས་ཚོང་དུས་ཀྱི་དབུས་སུ་གཏོར་ན་ཀུན་ཏུ་ཟོང་བཀྲམ་པའི་སྣོད་མི་སྣང་བར་བྱས་པ་ཐམས་ཅད་སྣང་ བར་བྱེད་དོ། །ཐག་པའི་སྟེང་དུ་གཏོར་ན་སྦྲུལ་ཆེན་པོ་སྟོན་ཏོ། །ཁྱིམ་དང་། ར་བའི་ངོས་དང་། སྒོ་དང་། ཤིང་སྦྱར་བ་དང་། ཀ་བའི་སྟེང་དུ་གཏོར་ན་ཁང་པ་དང་། ར་བ་དང་། འཁོར་གྱི་ཁྱམས་རྣམས་སྦྲུལ་དུ་སྟོན་ཏོ། །ཇི་སྲིད་དུ་ཆུ་དང་ཡུངས་ཀར་གྱིས་བཟློག་པ་མ་ བྱས་པ། དེ་སྲིད་དུ་སྦྲུལ་རྣམས་འདུག་གོ། །བཟློག་པ་བྱས་ན་མི་སྣང་བར་འགྱུར་རོ། །གཙུག་ལག་ཁང་ངམ། ལྷའི་གནས་སམ། ཁང་བཟངས་ཀྱི་ངོས་ལ་གཏོར་ན་སྦྲུལ་ཆེན་པོར་སྣང་ངོ་། །ལྷའི་སྟེང་དུ་གཏོར་ལ་མིག་སྨན་གྱིས་བསྐུ། རིལ་བུས་ཐིག་ལེ་བྱས་ན་ ལྷའི་གཟུགས་བརྙན་དེ་ཀུ་ཅོ་འདོན་ཅིང་འགྲོ་སྟེ། གར་འདོད་པ་དེར་འགྲོའོ། །བཟློག་པ་བྱས་ན་ཕྱིར་འདུག་གོ། །སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཞབས་ལ་བྱུགས་ལ་ཕྱེ་མས་གཏོར་ན་སངས་རྒྱས་ཀྱི་སྐུ་གཟུགས་གཡོ་བར་མཛད། བཞུད་པར་མཛད་དོ། །འཇུག་ པར་མཛད་དོ། །འཆག་པར་མཛད་དོ། །ཙནྡན་ལ་བཟླས་བརྗོད་བྱས་ནས་བདུགས་ན་ཕྱིར་བཞུགས་སོ། །བུམ་པ་སྦྲང་རྩིས་བསྐུས་པ་རྣམས་ལ་གཏོར་ན་གཡོ་བར་བྱེད་དོ། །ཇི་ཙམ་དུ་ཕྱིར་བཟློག་པ་མ་བྱས་པ་དེ་ཙམ་དུ་གཡོའོ། །ཆུ་དང་ཡུངས་ཀར་ གྱིས་བཟློག་ན་ཕྱིར་འདུག་གོ། །དེ་ནས་རྡོ་རྗེ་བསྐྱོད་པར་འདོད་ན་སྤོས་ཀྱི་དཀྱིལ་འཁོར་བྱས་ལ་མེ་ཏོག་བཀྲམ་སྟེ། གུ་གུལ་གྱི་བདུག་པས་བདུག །དེ་ཡང་ཡུངས་ཀར་དང་། ཕྱེ་མ་དང་བཅས་པས་གཏོར་ལ་དོན་ཡོད་པའི་རྒྱལ་པོ་ལན་བདུན་བཟླས་བརྗོད་ བྱས་ན། རྡོ་རྗེ་དཀྱིལ་འཁོར་ལས་ལངས་ནས་ནམ་མཁའ་ལ་འགྲོ་བར་བྱེད། འཕར་བར་བྱེད། འདུག་པར་བྱེད། འབར་བར་བྱེད་ཅིང་། ཕན་ཚུན་འགྲོ་བར་བྱེད། མཐོ་བར་འགྲོ་བར་བྱེད། དམའ་བར་འགྲོ་བར་བྱེད། རྣམ་པར་འགྲོ་བར་བྱེད། འབར་བ་ཆེན་པོས་འབར་བར་ བྱེད་དེ་ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་ནམ་མཁའ་ལ་འགྲོའོ། །ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་དེ་ཉིད་དུ་སྣང་ངོ་། །དེ་ནས་འཁོར་ལོ་བསྐྱོད་པར་འདོད་ན་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་སྤོས་སྣ་ཚོགས་ཀྱིས་བྲིས་ནས་མེ་ཏོག་སྣ་ཚོགས་དགྲམ་པའང་བྱ། གུ་ གུལ་གྱི་བདུག་པས་ཀྱང་བདུགས་ནས་འཁོར་ལོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་ཏིལ་མར་གྱི་རྒྱལ་པོས་བསྐུ། ལྟེ་བའི་དབུས་སུ་ཐིག་ལེ་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱ། དེ་ལ་ཡང་ཡུངས་ཀར་དང་། པདྨ་ཆེན་པོའི་ཕྱེ་མས་གདབ་པར་བྱ། འཁོར་ལོ་ཀུན་ནས་གུ་གུལ་གྱི་བདུག་པས་བདུག་ཅིང་སེ་གོལ་གྱི་སྒྲ་ཡང་བྱས་ན་འཁོར་ལོ་དེ་དཀྱིལ་འཁོར་ལས་ལངས་ནས་ནམ་མཁའ་ལ་འཕར་ཞིང་སྡང་བ་ཐམས་ཅད་ལ་འབབ་པར་བྱེད་དེ། གལ་ཏེ་གཡུལ་འགྱེད་པར་འབབ་ན། དེའི་ཚེ་དགྲ་ཐམས་ཅད་ཀྱི་མགོ་གཅོད་ པར་བྱེད། སྡང་བ་ཐམས་ཅད་དང་ཕྱིར་རྒོལ་བ་ཐམས་ཅད་ལ་བབ་ན་འཇིག་པར་བྱེད། བགེགས་ཐམས་ཅད་ལ་འབབ་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་དང་། གདོན་རྣམས་ལ་འབབ་པ་དང་། ཀླུ་སྡང་བ་ཐམས་ ཅད་ལ་བབ་ན་འཇིག་པར་བྱེད་དེ། ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་འཕར་རོ། །ཆུ་དང་ཡུངས་ཀར་གྱིས་བཟློག་པ་བྱས་ན་སླར་དཀྱིལ་འཁོར་ལ་འདུག་གོ། །མདུང་རྩེ་གསུམ་པ་བསྐྱོད་པར་འདོད་ན་དཀྱིལ་འཁོར་བྱས་ལ་ཐོད་པ་གཞག་པར་བྱ། མེ་ཏོག་ དགྲམ་པ་འང་བྱ། གུ་གུལ་གྱི་བདུག་པས་ཀྱང་བདུགས་ལ། མདུང་རྩེ་གསུམ་པ་ལ་ཏིལ་མར་གྱི་རྒྱལ་པོས་བསྐུ། ཕྱེ་མས་གདབ་ཅིང་ཐིག་ལེ་བྱ། རྩེའི་རྒྱུན་གསུམ་ལ་པདྨ་ཆེན་པོའི་ཕྱེ་མས་གཏོར་ནས་ཐོད་པའི་སྟེང་དུ་གཞག་པར་བྱ། ཡུངས་ཀར་གྱིས་གཏོར་ཞིང་ཧཱུྃ་ ཞེས་སེ་གོལ་བྱས་ན་མདུང་རྩེ་གསུམ་པ་འབར་བར་བྱེད། ལྡང་བར་བྱེད། ནམ་མཁའ་ལ་འགྲོ་བར་བྱེད། ཀུན་དུ་འབར་བར་བྱེད། འགྲོ་བར་བྱེད། ཕྱོགས་བཅུར་འཕར་བར་བྱེད་དེ། ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་འཕར་བར་བྱེད་དོ། །ཆུ་དང་ཡུངས་ཀར་གྱིས་བཟློག་ པ་བྱས་ན་སླར་དཀྱིལ་འཁོར་ལ་འདུག་གོ། །དུང་ལ་ཏིལ་མར་གྱིས་བྱུགས་ལ་ཕྱེ་མས་གཏོར་ལ་ཐིག་ལེ་བྱ། ཡུངས་ཀར་གྱིས་ཀྱང་ཕྱི་ནང་གཏོར་ལ་བུས་ན་ཇི་སྲིད་དུ་སྒྲ་ཐོས་པ་དེ་སྲིད་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་བྲོ་རྡུང་བར་བྱེད། རྒྱུག་པར་བྱེད། མཆོད་པར་བྱེད་ཅིང་ཕྱོགས་བཅུར་རབ་ཏུ་རྒྱུ་པར་བྱེད་དོ། །གཡུལ་ངོར་བུས་ན་འགྱེད་པའི་མི་ཐམས་ཅད་དང་། མཚོན་ཆ་ཐམས་ཅད་དང་། གོ་ཆ་ཐམས་ཅད་བཏང་ནས་བྲོ་རྡུང་བར་བྱེད་དེ། གཅེར་བུར་འགྱུར་བར་བྱེད། ཕྱོགས་བཅུར་རྒྱུག་པར་ བྱེད་དོ། །གལ་ཏེ་དུང་ལན་བདུན་བུས་ན་ཕྱིར་རྒོལ་བ་དང་། ཕ་རོལ་གྱི་དམག་ཚོགས་དེས་ཉོན་མོངས་པ་སྐྱེད་པར་འགྱུར་ཏེ། །ཇི་སྲིད་དུ་བཟློག་པ་མ་བྱས་པ་དེ་སྲིད་དུ་མཆོད་ཞིང་ཕྱོགས་བཅུར་རྒྱུག་གོ། །སྤོས་ཆུས་བཟློག་ཅིང་ཁྲུས་བྱས་ན་ཕྱིར་བདེ་བར་གནས་ པར་འགྱུར་ལ། རྟག་ཏུ་རྒྱལ་བ་དང་། དཔལ་གྱི་མཆོག་སྦྱིན་པར་འགྱུར་རོ། །དེ་ནས་སྒྱུ་མ་དེ་ཁོ་ན་ཉིད་སྒྲུབ་པའི་གསང་སྔགས་དང་། རྣམ་པར་འཕྲུལ་པའི་དངོས་གྲུབ་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། སྒྱུ་འཕྲུལ་གྱི་དྲ་བ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་ གང་དུ་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་། ཀུན་ནས་བརྒྱན་པར་ཡུངས་ཀར་དང་ཏིལ་མར་གྱི་རྒྱལ་པོ་དང་། ཕྱེ་མར་བསྲེས་པས་བྱུག་པ་དང་། ཐིག་ལེས་ཀྱང་དབང་བསྐུར་ཅིང་པདྨ་ཆེན་པོའི་ཕྱེ་མས་བྱུགས་ལ་ལག་པ་པདྨའི་ཕྱག་རྒྱ་དང་། ཧཱུྃ་ཞེས་བྱ་བའི་སྒྲ་ བརྗོད་ན་བརྗོད་པ་ཙམ་དང་། ཡུངས་ཀར་གྱིས་གཏོར་བའི་མོད་ལ། གཏོར་མའི་སྣོད་དང་། སྣོད་རྫ་མ་དང་། བུམ་པ་དང་། བུམ་པ་བཀང་བ་ཐམས་ཅད་དང་། མཚོན་ཐམས་ཅད་དང་། དཀྱིལ་འཁོར་གྱི་སྟེང་ནས་ནམ་མཁའ་ལ་སོར་བཞི་ ཙམ་གྱིས་སྤགས་ཏེ། འདུག་ལ་ཇི་སྲིད་དུ་དཀྱིལ་འཁོར་གྱི་ལས་སུ་བྱ་བ་ཐམས་ཅད་རྫོགས་རྫོགས་ཀྱི་བར་དུ་ནམ་མཁའ་ལ་འདུག་གོ། །རིག་སྔགས་འཆང་བ་སའི་སྟེང་གི་སོར་བཞི་ཙམ་གྱི་ཚད་ཀྱི་སྟེང་གི་ནམ་མཁའ་ལ་འདུག་གོ། །ལས་སུ་བྱ་བ་ཐམས་ཅད་ཟིན་ནས་དཀྱིལ་ འཁོར་གྱི་ཡོད་བྱད་དྲི་ཆབ་ཀྱི་ཆོ་གས་དབང་བསྐུར་ན་གཏོར་མ་དང་། སྣོད་རྫ་མ་དང་། བུམ་པ་དང་། བུམ་པ་ཐམས་ཅད་རང་ཉིད་འཕར་བར་བྱེད་ལ། སླར་ཡང་རང་གི་གནས་སུ་འདུག་གོ། །གོ་ཆ་དེ་ལྟ་བུ་ནི་དཀྱིལ་འཁོར་ཐམས་ཅད་ལ་བྱ་སྟེ། ཐམས་ཅད་དུ་ཡོན་ཏན་སྟོན་པར་སྣང་ ལ། བྱས་པ་ཙམ་གྱིས་ལས་ཐམས་ཅད་སྒྲུབ་པར་འགྱུར་ཏེ། ཐེ་ཙོམ་མི་བྱའོ་ཞེས་བཤད་དོ། །དེའི་ཕྱིར་པདྨའི་དངོས་གྲུབ་བཤད་པར་བྱ་སྟེ། གསེར་རམ་དངུལ་ལམ་ཟངས་ལས་ཤིན་ཏུ་ལེགས་ཤིང་མཛེས་པ་སྙིང་པོ་དང་། ཟེ་བ་དང་བཅས་ཤིང་སྡོང་བུ་ཚད་དང་ལྡན་པར་ བྱས་ལ། འདབ་མ་ཕྱེད་ཁ་ཕྱེ་བ་འཁོར་བར་འདབ་མ་དྲུག་ཅུ་རྩ་བཞི་ཡོད་པ་ཁྲུ་གང་ཙམ་གྱི་ཚད་སྡོང་བུ་དང་། སྙིང་པོ་དང་། ཟེ་བའི་ཚད་སོར་བཞི་ཙམ་དུ་བྱས་པ་ལ་ཏིལ་མར་གྱི་རྒྱལ་པོས་བསྐུ། པདྨའི་ཕྱེ་མ་དང་། མིག་སྨན་དང་། མིག་བསྐུ་བ་དང་། ཐིག་ ལེར་བྱས་པ་དང་བཅས་པས་ཀུན་ལེགས་པར་བསྐུས་ལ། པདྨའི་སྡོང་བུའི་བར་དུ་ནོར་བུ་རིན་པོ་ཆེ་བཞག་ནས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱ། ཁྲོ་བོའི་རྒྱལ་པོས་ལན་བདུན་གྱི་བར་དུ་དབང་བསྐུར་ནས་རིག་སྔགས་འཆང་གཙང་མ་ལེགས་པར་ཁྲུས་བྱས་ལ། གོས་ གཙང་མ་བགོས་པས་ཏིལ་མར་གྱིས་བདག་ཉིད་ལ་བསྐུ་བར་བྱ། མིག་བསྐུ་བ་དང་། ཐིག་ལེ་དང་། བདུག་པས་བདག་ཉིད་ཀྱི་ལུས་ལ་བདུག་པར་བྱའོ། །ལག་པ་གཡས་པ་ལ་ནོར་བུ་གདགས། ལག་པ་གཡོན་པ་པདྨ་གཟུང་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ འདུག་སྟེ། འཁོར་གྱི་ནང་དུ་བཅོམ་ལྡན་འདས་ལ་པདྨའི་མཆོད་པ་འབུམ་བྱ་སྟེ། པདྨ་འབུམ་འབྱུང་བར་འགྱུར་རོ། །མཆོད་པའི་ཆོ་ག་བྱས་ནས་ཆུ་དང་ཡུངས་ཀར་གྱིས་བཏབ་ན་ཡང་འབྱུང་བར་འགྱུར་རོ། །པདྨ་སྤྲུལ་པ་གང་ཡིན་པ་དེ་དག་ཐམས་ཅད་ཆུའི་ནང་དུ་བོར་ན་པདྨ་མགལ་མེ་བསྐོར་བ་ ལྟར་འཁོར་བར་འགྱུར་ལ། པདྨ་འབུམ་རྣམས་ཆར་དུ་འབབ་པར་འགྱུར་རོ། །པདྨའི་ཆུའི་ནང་དུ་གཞག་པར་བྱ་བ་ནི་མཚོ་བྲན་ནམ། ལྟེང་ཀའམ། ཆུ་བོའམ། ཆུ་བོ་ཆེན་པོའམ། འོབས་སམ། རྫིང་ངམ། མཚོའི་ནང་གང་ཡང་རུང་བའི་གནས་སུ་བཞག་ན་གནས་དེ་དང་དེ་ཐམས་ཅད་དུ་པདྨའི་ མཚོ་ཆེན་པོ་འབྱུང་སྟེ། ཇི་སྲིད་དུ་པདྨ་མ་ཕྱུང་བ་དེ་སྲིད་དུ། དུས་རྟག་ཏུ་པདྨའི་མཚོར་འདུག་སྟེ། སྟོན་ཀའམ། དགུན་ནམ། དཔྱིད་དམ། སོས་ཀ་ཚ་བའི་དུས་སུ་རྟག་ཏུ་པདྨའི་མཚོར་འདུག་གོ། །ཚལ་གྱི་འགྲམ་དུ་ཞུགས་ནས་ཡུངས་ཀར་ལ་ཏིལ་མར་གྱིས་བསྐུས་པ་ཕྱེ་མ་དང་སྦྱར་ ནས་མེ་ཏོག་གང་ཡང་རུང་བ་ཞིག་ལག་གིས་བཟུང་སྟེ་བསྐོར་ལ་ཡུངས་ཀར་གྱིས་གཏོར་ན། ཚལ་གྱི་མཐའི་ཤིང་ཐམས་ཅད་ལ་མེ་ཏོག་རྒྱས་པར་སྣང་ངོ་། །དགེ་འདུན་གྱི་ནང་ངམ། ཚོགས་པའི་ནང་ངམ། རྒྱལ་པོའི་ཕ་བྲང་འཁོར་རམ། སྐྱེ་བོའི་ནང་དུ་མེ་ཏོག་ཇི་སྙེད་པ་ལག་གིས་བསྐོར་ལ། ཡུངས་ཀར་གྱིས་གཏོར་ན་མེ་ཏོག་མང་པོ་འབྱུང་བར་འགྱུར་རོ། །ཆུ་དང་ཡུངས་ཀར་གྱིས་ཐམས་ཅད་དུ་ཟློག་པར་བྱེད་པ་ཡིན་ནོ། །འབྲས་བུ་ཇི་སྙེད་པ་ལག་གིས་བཟུང་ནས་ཡུང་ཀར་གྱིས་གཏོར་ན་འབྲང་བུའི་ཆར་འབབ་པར་འགྱུར་རོ། །གོས་ལག་པས་བཟུང་ནས་ཡུངས་ཀར་གྱིས་གཏོར་ ཏེ་བསྐོར་ན་གོས་དང་བླ་རེ་སྣ་ཚོགས་སྟོན་པར་བྱེད་དོ། །རྒྱན་ལག་པས་བཟུང་ནས་ཡུངས་ཀར་གྱིས་གཏོར་ན། །ལྷའི་རྒྱན་བཟང་པོ་སྣ་ཚོགས་པ་ལག་ཏུ་འབྱུང་བར་འགྱུར་ཞིང་སྐྱེ་བོ་འདུས་པ་ཐམས་ཅད་ཀྱི་རྒྱུན་དུ་བྱེད་ལ་ཐམས་ཅད་ལ་རྒྱན་བཏགས་པར་འགྱུར་རོ། །ཡུངས་ཀར་དང་ཆུས་ བཟློག་པར་བྱའོ། ཡུངས་ཀར་ལ་ཏིལ་མར་གྱིས་བསྐུས་ཕྱེ་མས་བསྒོ། །གིའུ་ཝང་དང་། གུར་གུམ་དང་། ཤིང་ཀུན་དང་། སྣུ་ཧའི་འོ་མས་ཀྱང་བསྒོས་ལ་དེ་དག་གཅིག་ཏུ་བྱས་ནས་གྲིབ་མ་ལ་བསྐམ་མོ། །དེ་ནས་འབྲས་བུ་གཅིག་ཁར་བཅུག་ལ་ཕྱོགས་བཞིར་གཏོར་ན་ཁ་ནས་མེ་འབར་ བར་སྣང་ཞིང་ལུས་ལས་འབར་བ་སྣ་ཚོགས་འབྱུང་བར་སྣང་སྟེ། ཇི་སྲིད་དུ་ཡུངས་ཀར་ཁ་ན་ཡོད་པའི་བར་དུ་ལུས་ལས་འོད་ཟེར་འབར་བ་ཁ་དོག་རྣམ་པ་སྣ་ཚོགས་འབྱུང་ངོ་། །ཏིལ་མར་དང་ལྷན་ཅིག་བཏགས་པའི་སྙིང་པོར་བྱ། ཀོང་བུར་ཏིལ་མར་གྱི་རྒྱལ་པོས་ བཀང་སྟེ་མར་མེ་འབུམ་སྟོན་པར་བྱེད་དོ། །མེ་ཐབ་ཁང་བུའི་ནང་དུ་བཅུག་ན་ཇི་སྲིད་དུ་མ་ཕྱུང་བ་དེ་སྲིད་དུ་མ་ཕྱུང་བ་དེ་སྲིད་དུ་མེ་འབར་བར་སྟོན་ཏོ། །མར་མེའི་སྡོང་བུའི་ནང་དུ་བཅུག་ལ་མ་ཕྱུང་ན་རྟག་ཏུ་འབར་རོ། །མགལ་མེ་འབར་བའི་ནང་དུ་བཅུག་ན་འབར་བའི་ཕྲེང་བ་འབུམ་སྙེད་དུ་སྣང་ ངོ་། །གཏོར་མའི་རྫ་མ་དང་། བུམ་པའི་ནང་དུ་གཏོར་ན་གཏོར་མའི་རྫ་མ་དང་། བུམ་པ་ཐམས་ཅད་འབར་བར་སྣང་ངོ་། །ལག་ཆ་དང་། མཚོན་ཆ་ཐམས་ཅད་ལ་བྱུགས་ན་གཅིག་ཏུ་འབར་བར་འགྱུར་རོ། །བདག་ཉིད་ཀྱི་ལུས་ལ་བྱུགས་ལ་རིལ་བུ་གཙང་མ་སྤྱི་བོར་བཞག་ན་ ལུས་ཐམས་ཅད་གཅིག་ཏུ་འབར་བར་སྣང་བ་ནས་ལུས་རིལ་བསྲེགས་པ་ལྟར་སྣང་ངོ་། །འོ་མ་དང་ཡུངས་ཀར་གྱིས་གཏོར་ན་ལུས་སླར་སྣང་བར་འགྱུར་རོ། །ལག་པ་དང་རྐང་པ་ལ་བསྐུས་ལ། རིལ་བུ་གཙང་མ་འབར་བ་ལག་པ་གཡས་པས་གཟུང་བའམ། །རྐང་པའི་མཐེ་ བོས་བཟུང་ན་ལག་པ་དང་། །རྐང་པ་གཅིག་པུ་འབར་བ་དང་། འབྲེལ་བར་སྣང་ངོ་། །འདུས་པའི་ནང་ངམ། སྐྱེ་བོ་འདུས་པ་མང་པོའམ། རྒྱལ་པོའི་འཁོར་རམ། སྡེ་ཅན་གྱི་ནང་ངམ། རིག་བྱེད་བཞིའི་ནང་ཐམས་ཅད་དུ་ཡན་ལག་ཉམས་པར་སྣང་ངོ་། །དྲི་ཆབ་དང་། ཡུངས་ཀར་གྱིས་གཏོར་ན་ལུས་སླར་རྫོགས་པར་འགྱུར་རོ། །མཚན་མོ་མར་མེའི་རིལ་བུ་བསྲེགས་པ་ལམ་གྱི་བཞི་མདོར་བཞག་ནས་ཡུངས་ཀར་གྱིས་ཕྱོགས་བཞིར་གཏོར་ན་མར་མེ་འབུམ་ཕྲག་བྱེ་བ་སྣང་ངོ་། །ཀུན་ནས་ཕྱོགས་བཞིར་ཆུ་དང་ཡུངས་ཀར་གྱིས་བཟློག་པར་བྱ་བ་ཡིན་ནོ། ། ཚལ་ཆེན་པོའི་མཐའ་དང་། ནང་དུ་གཏོར་ལ་ཤིང་གཅིག་ལ་རིལ་བུ་གཙང་མ་བཞག་ན་ཤིང་དང་། རྩྭ་དང་། ཤིང་གེལ་པ་དང་། འདབ་མ་དང་། ལོ་མ་ཐམས་ཅད་གཅིག་ཏུ་འབར་བར་སྣང་ངོ་། །རིའི་རྩེ་མོར་མར་མེ་བུས་ནས་རི་ཀུན་ཏུ་གཏོར་ན་རི་ཀུན་ནས་གཅིག་ཏུ་འབར་ཞིང་མཆེད་པར་སྣང་ ལ་སེམས་ཅན་ཐམས་ཅད་ཀུན་ནས་ངོ་མཚར་དུ་འཛིན་པར་འགྱུར་རོ། །རྐུན་མ་དང་། གཡོན་ཅན་དང་། གནོད་བྱེད་དང་། ཕ་རོལ་གྱི་དམག་ཚོགས་དང་། སྡང་བ་དང་། ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་ཐམས་ཅད་དང་། སྡང་སེམས་ཅན་ནས་རི་དགས་གཏུམ་པོ་དང་། བྱ་ལ་སོགས་པའི་ བར་རིལ་གནས་པ་རྣམས་དེའི་མཚན་མོ་ཉིད་ཕྱོགས་བཅུ་ཀུན་དུ་བྲོས་ཤིང་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཏོ། །སྤོས་ཆབ་ཀྱིས་བཟློག་པར་འགྱུར་རོ། །གཟུགས་བརྙན་གྱི་སྟེང་དུ་གཏོར་ལ། གཙང་མའི་རིལ་བུ་འབར་བར་བཞག་ན་གཟུགས་བརྙན་ཐམས་ཅད་གཅིག་ཏུ་འབར་བར་འགྱུར་ཏེ། སྤོས་ཆུ་དང་། ཡུངས་ཀར་གྱིས་བཟློག་པར་འགྱུར་རོ། །མར་མེའི་རིལ་བུ་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྤོར་སྤར་ཏེ་གནས་གཙང་མར་གཞག་དཀྱིལ་འཁོར་གཅིག་བྱས་ནས་གཏོར་མའི་ཆོ་ག་བུམ་པ་བཀང་བ་གཞག། གྲོང་ཁྱེར་ཀུན་ཏུ་ཡུངས་ཀར་གྱིས་གཏོར་ཞིང་དོན་ཡོད་པའི་རྒྱལ་པོ་ཡང་དྲན་པར་བྱས་ན་གྲོང་ ཁྱེར་ཀུན་ནས་མར་མེའི་ཕྲེང་བ་འབར་བ་གཅིག་ཏུ་སྣང་ངོ་། །གྲོང་ཁྱེར་གྱི་སྒོ་བཞིར་དཀྱིལ་འཁོར་གྱི་ཆོ་ག་བྱས་ལ་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ན་གང་གྲོང་ཁྱེར་ན་གནས་པ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་དགའ་བ་ཆེན་པོ་རྒྱ་ཆེ་བས་ཚིམ་པར་འགྱུར་རོ། ། གྲོང་ཁྱེར་དེ་ན་གང་སྡང་བའི་སེམས་ཅན་ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་དང་། ཆོམ་རྐུན་དང་། གཡོན་ཅན་དང་། གནོད་བྱེད་དང་། གླགས་ཚོལ་བར་གྱུར་པ། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། མི་མ་ཡིན་པ་གང་ཡང་རུང་ བ་གྲོང་ཁྱེར་དེ་ན་གནས་པ་དེ་དག་ལང་ལོང་དུ་གྱུར་ཅིང་གདུགས་ལ་ངུ་ཞིང་ཧ་ཧ་ཞེས་སྒྲ་འབྱིན་ཅིང་གྲོང་ཁྱེར་གྱི་སྒོར་བྱུང་ནས་ཕྱོགས་བཅུར་རབ་ཏུ་འབྲོས་སོ། །གྲོང་ཁྱེར་དེ་ཡང་ཀུན་ནས་གནོད་པ་མེད་ཅིང་འཁྲུགས་པ་མེད་པར་འགྱུར། འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། མཚན་མོ་འདས་ནས་སྤོས་ཆུ་དང་། ཡུངས་ཀར་གྱིས་གྲོང་ཁྱེར་གྱི་སྒོར་གཏོར་ཞིང་དབང་བསྐུར་ན་བཟློག་པར་འགྱུར་རོ།། །། འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་དགུ་པ། ལྡོང་རོས་དང་། ཐིང་ཤུན་གྱི་ཕྱེ་མ་དང་། ཡུངས་ཀར་དང་། མ་ཧཱ་ཏཻ་ལ་དང་། ཨ་རྐའི་འོ་མ་དང་། ཕ་གུའི་འོ་མ་དང་། གཅིག་ཏུ་སྦྱར་རོ། །ཉའི་མིག་མཁྲིས་པ་དང་བཅས་ པ་དང་། ནཱ་ག་པུས་པ་དང་། པདྨའི་ཆུ་བ་རྣམས་ཀྱང་ལྷན་ཅིག་ཏུ་ཕྱེ་མ་ཞིབ་མོར་བྱའོ། །ཕྱེ་མ་སྔ་མ་ལེགས་པར་སྦྱར་ལ་ཆུས་རིལ་བུར་བྱས་པ་དང་། ཕྱེ་མས་གཞན་ཡང་བཅང་ངོ་། །ཕྱེ་མས་འདི་དང་པདྨ་ཆེན་པོའི་ཕྱེ་མ་བཅང་བ་ལྷན་ཅིག་ཏུ་བསྲེས་པའི་ཕྱེ་མས་ལུས་བསྐུས་ལ་ཕྱོགས་ བཞིར་ཡུངས་ཀར་གཏོར་ཏེ། རིལ་བུ་ཁར་བཅུག་ལ་ཧཱུྃ་ཞེས་བྱ་བ་བསྡམས་ཏེ་བརྗོད་ན་དེའི་ལུས་ལས་ཆུ་འཛག་ཅིང་། དེ་ཁོ་ན་བཞིན་དུ་རྣ་བ་གཉིས་ཀྱང་ལྷ་རྫས་ཀྱི་ཆུ་འབྱུང་བར་སྣང་། ལུས་ལས་སྤོས་ཀྱི་རིགས་ཡིད་དུ་འོང་བ་རབ་ཏུ་སིམ་པར་བྱེད་པ་འབྱུང་བ་ནི་ནད་ཐམས་ཅད་གྲུབ་ པར་སྣང་སྟེ། རྒྱལ་བའི་ཕྱག་བཞིན་ནོ། །ཡུངས་ཀར་གྱི་ཕྱེ་མ་བླངས་ཏེ་ནམ་མཁའ་ལ་གཏོར་ལ་རིལ་བུ་ལག་པས་བསྐོར་ན་ཆར་ཆེན་པོ་འབབ་པར་འགྱུར་རོ། །རིལ་བུ་ནམ་མཁའ་ལ་འཕངས་ན་མི་འབབ་བོ། །གཡུལ་ཆེན་པོ་འགྱེད་པའི་ནང་དུ་ཕྱེ་མ་དེ་ཡུངས་ཀར་དང་ བསྲེས་ཏེ་ནམ་མཁའ་ལ་གཏོར་ལ་རིལ་བུ་དེ་ཡང་ཁར་བཅུག་སྟེ། སྟེང་དུ་བལྟས་ལ་ཧཱུྃ་ཞེས་བྱ་བའི་སྒྲས་བོས་ལ། གནམ་ལྕགས་ཆེན་པོ་འབབ་སྟེ་ཡིད་མི་འཆད་པ་དང་སྡུག་བསྔལ་བསྐྱེད་པར་འགྱུར་རོ། །ཆུའི་ནང་དུ་ཞུགས་ཏེ་ཕྱེ་མ་དེ་གཏོར་ལ་ཡུངས་ཀར་དང་། རིལ་བུ་ཆུའི་ ནང་དུ་གདབ་པར་བྱ། ཕྱོགས་བཞིར་ཡུངས་ཀར་གཏོར་ཏེ། ཏཻ་ལས་ལུས་ལ་བསྐུས་ན་ཀླུ་ཆེན་པོའི་གཟུགས་སུ་སྣང་ངོ་། །རིལ་བུ་དང་ཡུངས་ཀར་མེའི་མདོག་ལྟ་བུ་ཆུ་དང་བསྲེས་པའི་ཡུངས་ཀར་ནམ་མཁའ་ལ་གཏོར་ན་འབྲུག་སྒྲ་ཆེན་པོ་འབྱུང་ཞིང་གློག་ཆེན་པོ་གསལ་བ་སྣང་ བར་འགྱུར་རོ། །ཆུའི་ནང་ནས་བྱུང་ན་མི་སྣང་བར་འགྱུར་རོ། །ཁྲོན་པའི་ནང་དུ་བཏབ་ན་ཆུ་ལུད་ནས་ཕྱོགས་ཀུན་ཏུ་ཆུ་འབབ་པར་འགྱུར་རོ། །རྫ་མའམ། བུམ་པའམ། རྫེའུའམ། རིལ་བ་བྷྲྀངྒ་རའམ། རིལ་བ་ལ་ཕྱེ་མས་བྱུགས་ཏེ། དེའི་སྟེང་དུ་ཡུངས་ཀར་གྱིས་ གཏོར་ན་ཆུས་བཀང་སྟེ་ཁྲུས་བྱས་ན་དེ་ཆུ་འབབ་པར་སྣང་ཞིང་དེའི་སྣོད་ནི་མི་སྣང་བར་འགྱུར་རོ། །གཞན་ཡང་དགོས་པ་མང་པོ་བྱེད་དེ་མཆོག་ཏུ་གྲུབ་པ་ཡིན་ནོ། །དེ་ནས་རིན་པོ་ཆེའི་ཆེད་དུ་འབྲུ་མར་གྱི་རྒྱལ་པོ་བྱས་ཏེ་འབྲུ་མར་གཞན་དང་། དེ་བཞིན་དུ་ཏིལ་ལས་འབྲུ་མར་གྱི་རྒྱལ་ པོ་དེ་བཞིན་དུ་སྦྱར་རོ། །ལག་པ་དང་རྐང་པ་བཞག་ལ་འདིར་ཉམ་དྲོད་ཀྱང་ཤེས་པར་བྱའོ། །གཞག་པ་ཐམས་ཅད་ཉམ་དྲོད་ཤེས་པར་བྱ་བ་ནི་མར་སར་བཞིན་དུ་འཇམ་པར་འགྱུར་ཞིང་སྐད་ཅིག་དེ་ཉིད་ལ་མཐོ་བ་དང་། དམའ་བ་ཇི་ལྟར་ཡིད་ལ་འདོད་པ་བཞིན་དུ་རི་ཡང་འགྱུར་རོ། །སྙིང་ པོ་ཐུར་མ་འདྲ་བ་དང་། ཟླུམ་པོ་འམ། ཡང་ན་ལྕུག་མ་ལྟ་བུར་བྱས་པས་ཀ་བ་ཡང་འདུད་པ་དང་། རི་ཡང་དམའ་བའམ། ཡང་ན་མཐོན་པོར་འགྱུར་བར་བྱེད་དོ། །ཡུངས་ཀར་དང་པདྨ་ཆེན་པོའི་ཕྱེ་མ་ལྷན་ཅིག་བསྲེས་པ་འབྲུ་མར་གྱི་རྒྱལ་པོས་བསྒོས་པ་ཕྱོགས་བཞིར་ཀུན་ཏུ་གཏོར་ ན་རི་ཐམས་ཅད་མི་སྣང་ཞིང་འབྲོག་དགོན་པར་སྣང་བར་འགྱུར་རོ། །ཡང་རི་བོར་སྣང་བར་འགྱུར་རོ། །ཡང་ན་མི་བགྲོད་པར་མི་ནུས་པའི་རིའི་རྩེ་མོ་ན་སེང་གེ་དང་། སྟག་གིས་གང་བ་ལྕུག་མ་དང་ཚེར་མ་ཅན་གྱི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་གང་བའམ། རྩུབ་པའམ། དུབ་བུའམ་ ཁོང་སྟོང་དུ་སྣང་བར་འགྱུར་རོ། །ཅི་སྟེ་རིག་སྔགས་འཆང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་པོ་ཊ་ལའི་གཞལ་མེད་ཁང་མཐོང་བར་འདོད་ན་དེ་ནས་རིག་སྔགས་འཆང་གིས་ཞག་བདུན་གྱི་བར་དུ་ནས་ཀྱི་འོ་ཐུག་གི་ཟས་ཟོས་ཏེ་གཙང་མ་ཤིན་ཏུ་ཁྲུས་བྱས་པ་གོས་གཙང་ མ་བགོས་པས་རིའི་གསེབ་ཏུ་ཞུགས་ལ། ས་ཕྱོགས་གཙང་མའི་གནས་དེར་ཤིང་དྲི་ཞིམ་པོའི་མེ་སྦར་བ་ལ་ཡུངས་ཀར་ཕྱེ་མ་དང་བསྲེས་པ་འབྲུ་མར་གྱི་རྒྱལ་པོ་དང་སྦྱར་ལ་འབྲས་སོ་བ་དང་བསྲེས་པ་སྟོང་རྩ་བརྒྱད་ཞག་བདུན་དུ་དུས་གསུམ་དུ་སྦྱིན་སྲེག་བྱའོ། །ལྷ་བཤོས་དང་གཏོར་ མ་དཀར་པོ་འབུལ་ལོ། །དེ་ནས་རིག་སྔགས་འཆང་གིས་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ལ་ཤིན་ཏུ་ཁྲུས་བྱས་པ་གཙང་མས་སྤོས་སྣ་ཚོགས་ཀྱིས་ལུས་བསྐུས་གོས་བཟང་པོ་གཙང་མ་བགོས་ཏེ། འབྲུ་མར་གྱི་རྒྱལ་པོས་རང་གི་ལུས་བསྐུས་ཕྱེ་མས་ལུས་བྱུགས་མིག་སྨན་ གྱིས་མིག་བསྐུས། ཐིག་ལེ་བྱས་ལ་ནོར་བུས་མགོ་བཅིང་ཞིང་མགུལ་པ་དང་། ལག་པ་དང་། དཔུང་པ་དང་། རྐེད་པར་ཡང་བཅིངས་ལ་ཡུངས་ཀར་དང་མཚལ་བསྲེས་པས་རིའི་ཕྱོགས་བཞིར་གཏོར་བར་བྱ། པདྨ་ཆེན་པོའི་ཕྱེ་མ་དེ་ཡང་ཕྱོགས་བཞིར་ གཏོར། རང་གི་ལག་པ་གཡོན་པས་ཞགས་པ་དང་། པདྨ་གཟུང་ཞིང་གཡས་པས་རྣམ་པར་ལྟ་བ་སྣང་བ་དང་། དོན་ཡོད་པ་ཆེན་པོས་དྲི་མ་མེད་པའི་ཕྱག་རྒྱ་བཟུང་སྟེ། དོན་ཡོད་པའི་ཞགས་པའི་མདོ་ལན་ཅིག་བཟླས་བརྗོད་བྱས་ན་ཇི་ལྟར་དོན་ཡོད་པའི་ཞགས་པའི་མདོ་སྡེ་བཤད་ པ་ལས་བསྟན་པ་དེ་ལྟར་རི་པོ་ཊ་ལའི་གཞལ་མེད་ཁང་མཐོང་བར་འགྱུར་རོ། །རིག་སྔགས་འཆང་དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་སྣང་བར་འགྱུར་རོ། །ཇི་ལྟར་རི་པོ་ཊ་ལའི་གཞལ་མེད་ཁང་བཞིན་དུ་རི་དེ་ལ་ཡང་གཞལ་མེད་ཁང་སྣང་སྟེ། རི་དེ་ལ་རིན་ པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་སྣང་ངོ་། །མེ་ཏོག་སྣ་ཚོགས་ཀྱི་གཞལ་མེད་ཁང་སྣང་ངོ་། །སཱ་ལ་དང་། ཏཱ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། ཨ་ཤོ་ཀ་དང་། ཨ་དྷི་མུཀྟི་ཀ་དང་། བ་རི་ཤ་ཀ་དང་། ཀ་དམྦ་དང་། ནཱི་ལ་དང་། པཱ་ཊ་ལ་དང་། པཱ་ལཱ་ཤ་དང་། ཨུ་དུམ་བཱ་ར་དང་། དོང་ཀཱའི་མེ་ཏོག་སྣ་ཚོགས་དང་། སྣ་མའི་མེ་ཏོག་དང་། ཏ་ར་ཎ་དང་། ན་བ་མ་ལི་ཀ་དང་། ཀུ་པ་པྱ་ཀ་སྣ་ཚོགས་སྣང་བར་འགྱུར་རོ། །བྱའི་ཚོགས་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་དང་། རི་དགས་ཀྱི་ཚོགས་སྣ་ཚོགས་ཀྱིས་གང་བ་སྣང་བར་ འགྱུར་རོ། །གང་གི་ཚེ་ཕྱིར་བསྡུ་བ་བྱེད་པར་འདོད་པ་དེའི་ཚེ་གནས་གཞན་དུ་འགྲོ་བར་བྱའོ། །གཞན་ཡང་དགོས་པ་སྣ་ཚོགས་ལ་རང་གི་བློ་གྲོས་ལ་ཇི་ལྟར་སྣང་བ་བཞིན་བྱའོ། །དགོས་པ་ཐམས་ཅད་ལ་རབ་ཏུ་སྦྱར་བ་ནི་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དོན་ ཡོད་པའི་ཞགས་པ་ཆེན་པོའི་དཀྱིལ་འཁོར་གྱི་རིག་སྔགས་འཆང་གི་ཆོ་ག་གསང་བའོ།། །།དོན་ཡོད་པའི་སྒྱུ་མ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་སྒྲུབ་པའི་ཆོ་ག་ནི། དེ་ནས་དེའི་འོག་ཏུ་ཕྱག་རྒྱ་བྲི་བའི་དཀྱིལ་འཁོར་བཤད་པར་བྱ་སྟེ། རྟགས་མཚོན་ཕྱག་རྒྱའི་དེ་ཉིད་ནི། ། པདྨ་རྒྱས་དང་སྣ་ཚོགས་མཚོན། །པདྨ་ཁ་ནི་ཕྱེད་བྱེ་བ། །ཕྱག་དག་ན་ནི་རབ་ཏུ་འཛིན། །ཕྱག་གཉིས་ཕྱུང་ཞིང་བརྐྱང་ནས་ཀྱང་། །བསྐུམ་པའམ་འཛིན་སྟངས་དེ་ཉིད་ཀྱིས། །ཀུན་ནས་ཕྲེང་བ་འབར་བའི་རྟགས། །མཚོན་ཆ་ཕྱག་རྒྱ་བསྣམས་པ་ནི། །འདི་ལྟ་སྟེ། རལ་གྲི་ དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མདུང་རྩེ་གསུམ་པ་དང་། ཡིད་བཞིན་གྱི་ནོར་བུ་དང་། རྒྱལ་མཚན་དང་། རྡོ་རྗེ་དང་། རྡོ་རྗེ་ཕྲེང་ཟླུམ་དང་། ལས་ཀྱི་རྡོ་རྗེ་དང་། ཟུར་གསུམ་མ་ཞེས་བྱ་བ་དང་། འཁོར་ལོ་དང་། དུང་དང་། ཐོ་བ་དང་། ཞགས་པ་དང་། དགྲ་སྟ་དང་། དབྱུག་ཐོ་དང་། མེ་ཏོག་གི་ཐུམ་པོ་དང་། བུམ་པ་གང་བ་དང་། རིན་པོ་ཆེའི་སྣོད་དང་། པདྨའི་ཕྲེང་བ་དང་། རྡོ་རྗེའི་ཕྲེང་ཟླུམ་དང་། ཨུཏྤ་ལའི་ཕྲེང་བ་དང་། མེ་ཏོག་གི་ཕྲེང་བ་དང་། པདྨ་དང་། ཨུཏྤ་ལ་དང་། ཟླ་བ་དང་། རི་རབ་དང་། མེ་ལོང་ དང་། ཀླུ་དང་། མཆོད་ཕྱིར་ཐོགས་དང་། ཟླ་བ་དང་། ཉི་མའི་རྒྱལ་མཚན་དང་། གདུགས་དང་། བེ་ཅོན་དང་། གཤིན་རྗེའི་བེ་ཅོན་དང་། ཆུ་སྲིན་གྱི་ཁ་དང་། སྔགས་དེའི་ཕྲེང་བ་དང་། མདུང་རྩེ་གསུམ་པའི་ཕྲེང་ཟླུམ་དང་། བསྡིགས་པ་དང་། བསྒྱིངས་པ་དང་། དབུགས་འབྱིན་པ་དང་། མི་འཇིགས་པ་དང་། མཆོག་སྦྱིན་པ་དང་། ཐལ་མོ་སྦྱར་བ་དང་། གླེགས་བམ་བསྣམས་པ་དང་། འཁར་གསིལ་དང་། ལྷུང་བཟེད་དང་། གདུགས་དང་། དབུ་རྒྱན་དང་། ནོར་བུ་བརྒྱུས་པ་དང་། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། མེའི་ཐབ་ཁུང་ངོ་། །ཀུན་ནས་འབར་ཕྲེང་ཕྱག་རྒྱ་དེ། །སྣ་ཚོགས་རྨད་དུ་བྱུང་བས་སྨྲས། །མཚོན་ཆ་སྣ་ཚོགས་བསྣམས་པ་ཡི། །པདྨ་འཛིན་ལ་རབ་ཏུ་གནས། །རས་ལ་བྲིས་པའམ་དཀྱིལ་འཁོར་རམ། །རྩིག་པའམ་གང་ཡང་རུང་ བ་ལ། །ཚོན་རྩི་རྣམ་པ་སྣ་ཚོགས་ཀྱིས། །གང་དུ་བྲིས་པ་མཐོང་བ་དེ། །ངན་འགྲོ་སེམས་ཅན་དམྱལ་བར་ནི། །ཕྱིར་ཡང་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་དབང་གིས་རྟག་མཆོག་སྦྱིན། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །གང་ཞིག་ཉེས་བྱས་མི་ཟད་པ། །མཚམས་ མེད་ལྔ་པོ་བྱེད་པ་ཉིད། །མནར་མེད་པ་ཡི་གནས་དང་ནི། །དམྱལ་བ་གཞན་དུ་གཞོལ་བ་གང་། །ཕྱག་རྒྱ་དེ་དག་མཐོང་ཙམ་གྱིས། །འགྲོ་བ་ཐམས་ཅད་ཟད་པར་འགྱུར། །སྐྱེ་དང་འཆི་ལས་རྣམ་པར་གྲོལ། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དེ་དག་སྐྱེ་ བ་ཕྱི་མར་ནི། །ཕྱིར་ཡང་མངལ་གྱིས་མི་གོས་ཏེ། །ཡང་དང་ཡང་དུ་པདྨ་ལས། །རྫུས་ཏེ་སྐྱེ་བ་དག་ཏུ་འགྱུར། །རྟག་ཏུ་བདེ་བ་ཅན་དུ་འགྲོ། །གང་ན་འདྲེན་པ་ཚེ་དཔག་མེད། །བཞུགས་པའི་སྤྱན་སྔར་རྟག་ཏུ་དེར། །སྐྱེ་འགྱུར་ཐེ་ཙོམ་མི་ཟ་ཞིང་། །དོན་རྣམས་བདེ་བར་འགྲུབ་ འགྱུར་ཞིང་། །རིག་སྔགས་སྣ་ཚོགས་བདེ་བར་འགྲུབ། །བདེ་བར་དཀྱིལ་འཁོར་འགྲུབ་འགྱུར་ཞིང་། །རྟག་ཏུ་མི་ལྡོགས་གནས་འགྱུར། །ཕྱག་རྒྱ་འདི་དག་མཐོང་ཙམ་གྱིས། །སངས་རྒྱས་བྱང་ཆུབ་དང་མཉམ་འགྱུར། །དུས་གསུམ་གཤེགས་པའི་སངས་རྒྱས་ལ། ། བླ་མེད་དགེ་རྩ་བསྐྱེད་པར་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །བསོད་ནམས་ཕུང་པོ་ཆེན་པོ་འཐོབ། །དེ་ནས་དཀྱིལ་འཁོར་རབ་བཤད་པ། །དེ་ཉིད་འགྲུབ་པའི་ཕྱག་རྒྱ་རྣམས། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན། །སྡིག་པ་ཐམས་ ཅད་མོད་ལ་སེལ། །གང་ཞིག་མཚམས་མེད་བྱེད་པ་དག །མི་བཟད་མནར་མེད་གནས་པ་ཡི། །སྡིག་པ་ཐམས་ཅད་འཇིག་པར་འགྱུར། །དམྱལ་བའི་སྒོ་རྣམས་བཅད་ནས་ནི། །མཐོ་རིས་སྒོ་ཕྱེ་ཐེ་ཚོམ་མེད། །སྒོ་ཕྱེ་གྱུར་པ་རྣམས་ལ་ནི། །སངས་རྒྱས་ཞིང་རྣམས་སྣང་བར་ འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། མགོན་པོ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་སེམས་ཅན་ཕྱིར་མི་ལྡོག་པར་འགྱུར་རོ། །ཕྱག་རྒྱའི་དཀྱིལ་འཁོར་འདི་མཐོང་ན་ཤི་འཕོས་པའི་མོད་ལ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། དཀྱིལ་འཁོར་འདི་ཞུགས་པ་ཙམ་གྱིས་གང་ན་ཐུབ་པ་འདྲེན་པ་འོད་དཔག་མེད་བཞུགས་པའི་ཕོ་བྲང་དུ་མྱུར་དུ་འཇུག་པར་འགྱུར་རོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །ཀུན་ནས་ཆ་ནས་མཛེས་པར་བྱ། །གྲུ་བཞི་གོ་ལའི་ཚད་ཙམ་ལ། །སྒོ་བཞི་ཐེམ་སྐས་བཞི་ཡིས་བརྒྱན། ། ཤིན་ཏུ་ལེགས་པར་བསྐུས་དང་ལྡན། །འཇམ་ཞིང་མཉེན་ལ་མཉམ་པ་ཡི། །ས་ཡི་ཆ་དང་ལྡན་པ་ལ། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་དབྱེ། །དཀྱིལ་འཁོར་དེ་ཉིད་ཐིག་བཏབ་ལ། །ཕྱག་རྒྱ་བྲི་བ་རྣམ་པར་དབྱེ། །ཕྱོགས་བཞིའི་ཆ་ནི་མཉམ་པ་ཡི། །དབུས་ན་དཀྱིལ་ འཁོར་སྙིང་པོ་ཡིན། །གྲུ་བཞི་པ་ལ་ཀུན་ནས་ཁ་ཁྱེར་གྱི་རྣམ་པ་དང་། མདུང་རྩེ་གསུམ་པའི་ཕྲེང་བ་རྣམ་པར་དབྱེའོ། །གྲུ་བཞི་པའི་དབུས་སུ་ཕྱག་རྒྱ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ཀུན་ནས་འབར་བ་བླ་ན་མེད་པ་དང་། ཕྱག་རྒྱ་རྒྱན་གྱིས་བརྒྱན་པ་ཚོན་རྩི་སྣ་ཚོགས་ཀྱིས་ བྲིའོ། །དབུས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གནས་སུ་ཕྱག་རྒྱ་བྲི་བ་ཡང་ཤིན་ཏུ་འབྱེས་པར་བྱའོ། །དཀྱིལ་འཁོར་ཀུན་ནས་གོས་དང་། བ་དན་དང་། རྒྱལ་མཚན་གྱིས་བརྒྱན་ལ་ཀུན་དུ་ཡུངས་ཀར་དཀར་པོ་གཏོར་རོ། །ཕྱག་རྒྱའི་དཀྱིལ་འཁོར་ཀྱི་ཕྱི་རོལ་གྱི་གནས་སུ་ ཕྱོགས་བཞི་ཀུན་དུ་བྱ་བ་ནི་བ་ལང་གི་ལྕི་བས་དང་བསྲེས་པ་ཤིན་ཏུ་ལེགས་པར་བྱུགས་པ་དང་ལྡན་པ་ལ་ཚོན་རྩིའི་ཕྱེ་མས་ཁ་ཁྱེར་གྱི་རྣམ་པ་དང་། ཀུན་ནས་པདྨའི་ཕྲེང་བ་རྒྱ་ཆེན་པོ་དང་། མཚོན་ཆ་བྲིས་ལ་འདིའི་སྒོ་བཞི་ཡང་རྣམ་པར་དབྱེས་པར་བྲིའོ། །ཇི་ལྟར་ཕྱག་རྒྱ་དང་མཐུན་ པའི་རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པར་བྱ་སྟེ། ཕྱག་རྒྱ་རེ་རེ་ལ་ཡང་མཆོད་ཡོན་ཕུལ་ལ། དབྱིབ་མོ་དང་། ཕྲུ་བ་དང་། བུམ་པ་དང་། ཁམ་ཕོར་དང་། རྫེའུ་གཏོར་མས་བཀང་ལ་གཞག་གོ། །ཀུན་དུ་བུམ་པ་གང་བ་དང་། །བདུག་སྤོས་ཀྱི་ནི་སྣོད་དག་དང་། །མེ་ཏོག་འབྲས་ བུ་སྣ་ཚོགས་དང་། །གཏོར་མ་དཀར་པོ་དག་གིས་བཀང་། །མེ་ཏོག་རྣམ་པར་བཀྲམ་བྱས་ལ། །ཀུན་དུ་ཕྲེང་བས་གཞག་པར་བྱ། །ཕྲེང་བ་བཟང་པོ་བཞག་ནས་ཀྱང་། །དེ་བཞིན་ཀུན་དུ་བདུག་སྤོས་དབུལ། །ཨ་ག་རུ་དང་། ཙནྡན་དང་། དུ་རུ་སྐ་དང་། ས་ལ་ཀི་དང་ སྤྲྀ་ཀ་དང་། གུ་གུལ་དང་། སྲ་རྩི་པོག་དང་། སྒྲོན་ཤིང་དང་། གླ་རྩི་དང་། ག་བུར་གྱི་བདུག་པ་འདི་དག་གིས་བདུགས་ལ། གཏོར་མ་དང་། མེ་ཏོག་དང་། ལྷ་བཤོས་དབུལ་ལོ། །ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པས་དོན་ཡོད་པའི་རྒྱལ་པོ་དྲན་པར་བྱས་ཏེ་བསྐོར་ལ་ ཕྱག་རྒྱའི་དཀྱིལ་འཁོར་ལ་ཕྱག་བྱ་ཞིང་ཕྱག་རྒྱ་ཐམས་ཅད་ལ་མེ་ཏོག་བཀྲམ་ཞིང་མེ་ཏོག་གཏོར་རོ། །གང་ཕྱག་རྒྱའི་དེ་ཁོ་ན་ཉིད་གསང་བ་འདི་དང་། ཕྱག་རྒྱའི་དཀྱིལ་འཁོར་འདི་སྒྲུབ་པ་གང་དགོས་པ་ལ་སྔར་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པ་ལ་མཆོག་ཏུ་ མཛེས་པར་བྱས་ལ། ཕྱིས་ལས་ཐམས་ཅད་བྱའོ། །རིག་སྔགས་འཆང་བ་གཙང་མ་ཡིས། །གཙང་མ་ཡི་ནི་གོས་བགོས་ལ། །ཇི་ལྟར་དཀྱིལ་འཁོར་ཆོ་ག་བཞིན། །དཀྱིལ་འཁོར་དུ་ནི་གཞུག་པར་བྱ། །ཇི་ལྟར་དཀྱིལ་འཁོར་ལ་དགོས་པ། །དེ་བཞིན་དུ་ནི་ལས་བྱའོ། ། ཕྱག་རྒྱའི་དཀྱིལ་འཁོར་བླ་མེད་པ། །དཀྱིལ་འཁོར་འདིར་ནི་ཞུགས་ཙམ་གྱིས། །ཐུབ་པ་སྣང་མཛད་ཀྱིས་གསུངས་པའི། །སྤྱི་ཡི་རིགས་ནི་ཐམས་ཅད་དུ། །ཕྱག་རྒྱ་དཀྲིགས་དང་གཏམས་རྣམས་ཀྱིས། །དམ་ཚིག་ཀུན་དུ་ཤེས་པར་འགྱུར། །སྤྱི་རིགས་ཀུན་གྱི་ཆོ་ ག་ཡི། །དམ་ཚིག་རྗེས་ཞུགས་དེ་བཞིན་ནོ། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་དང་། །རྒྱལ་བས་ལུང་ནི་བསྟན་པར་འགྱུར། །ཀུན་གཟིགས་དེ་བཞིན་གཤེགས་པ་ཡི། །ཕྱག་ནི་སྤྱི་བོར་འཇོག་པར་མཛད། །ཆོས་ཀྱི་རོ་ནི་བདུད་རྩི་ཡི། །གཟི་བརྗིད་མོད་ལ་འཇུག་པར་ འགྱུར། །རྣམ་སྣང་མཛད་གསུངས་དཀྱིལ་འཁོར་དུ། །དོན་ཡོད་དངོས་གྲུབ་སྩོལ་བར་མཛད། །ཕྱག་རྒྱའི་དཀྱིལ་འཁོར་གང་བཞུགས་པ། །ཀུན་དུ་སྤྱི་ཡི་རིགས་རྣམས་ཀྱི། །དོན་ཡོད་དངོས་གྲུབ་མཆོག་མྱུར་ཐོབ། །སངས་རྒྱས་བྱེ་བ་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་ སྟོང་ཕྲག་དགུ་བཅུ་རྩ་དགུའི་དེ་བཞིན་གཤེགས་པའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཡོན་ཏན་གྱི་ཕན་ཡོན་འདི་དག་ནི་ཚེ་འདི་ཡིན་པར་ཁོང་དུ་ཆུད་པར་བྱའོ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་ རྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་སུ་ཚེ་རབས་དྲན་ཞིང་འོད་ཟེར་བྱེ་བ་འབར་བའི་ལུས་དང་ལྡན་ཞིང་། །ཚེ་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དྲི་མ་མེད་པར་སྣང་བ་དོན་ཡོད་པའི་རྣམ་པར་འཕྲུལ་པ་བསྟན་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ འཐོབ་སྟེ། །གང་ཏིང་ངེ་འཛིན་ཐོབ་པས་སྒྱུ་མ་ཆེན་པོ་ལྟ་བུའི་རྣམ་པར་འཕྲུལ་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པར་བྱེད་དོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་སྤྱིའི་རིགས་དེ་བཞིན་གཤེགས་པའི་རིགས་ཀྱིས་བྱིན་གྱིས་བརླབས་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །ལྷ་དང་། ཀླུ་དང་ གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དབང་དུ་གྱུར་ནས་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དཀྱིལ་འཁོར་རྣམས་འབྱོར་ པར་གཟིགས་ནས་བསྲུང་བ་དང་། བསྐྱབ་པ་དང་སྦ་བ་མཛད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཕྱི་བཞིན་འབྲང་ཞིང་མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ། །རྒྱལ་པོ་བཙུན་མོ་དང་། འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པའི་འོས་ཆེན་པོར་འགྱུར་རོ། །སེམས་ཅན་ཐམས་ ཅད་གཅིག་ཏུ་བླ་མར་བྱེད་པར་འགྱུར་རོ། །ནད་ཐམས་ཅད་མེད་པར་འགྱུར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །མཚན་མ་བྲི་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་གི་ཆོ་གའི་དཀྱིལ་འཁོར་བཤད་པར་བྱ་སྟེ། རིག་སྔགས་འཆང་ བ་རྣམ་དག་གི། །འདི་ཉིད་སྒྲུབ་པ་བསྒྲུབ་པའི་ཕྱིར། །སྤྱི་ཡི་རིགས་རྣམས་ཐམས་ཅད་ཀྱི། །ཆོ་ག་ཞིབ་མོ་བླ་མེད་ཡིན། །གང་གིས་སྦྱིན་སྲེག་བྱས་ཙམ་གྱིས། །ཕྱོགས་ཀུན་རྣམ་པར་གཟིགས་པ་ཡི། །དེ་བཞིན་གཤེགས་གནས་བྱོན་འགྱུར་ཞིང་། །བྱང་ཆུབ་སེམས་དཔའ་ དགོངས་པར་འགྱུར། །རིག་སྔགས་དངོས་གྲུབ་རྗེས་སྩོལ་ཅིང་། །རྟག་ཏུ་སྲུང་བ་མཛད་པར་འགྱུར། །མགོན་པོ་འཕགས་པ་སྤྱན་རས་གཟིགས། །ཐེ་ཙོམ་མེད་པར་མྱུར་དུ་བྱོན། །མགོན་པོ་འཁོར་བཅས་གནས་ཉིད་ན། །རང་གི་གཟུགས་སུ་མཐོང་བར་འགྱུར། །འདོད་པ་ ཐམས་ཅད་རྟག་ཏུ་སྩོལ། །རྟག་ཏུ་མཆོག་ནི་སྩོལ་བ་ཉིད། །ཉིན་དང་མཚན་དུ་རྟག་པར་ནི། །རྣམ་པར་གཟིགས་འགྱུར་ཐེ་ཙོམ་མེད། །དཀྱིལ་འཁོར་བཤད་པར་བྱ་བ་སྟེ། །དཀྱིལ་འཁོར་གྲུ་བཞི་ཤིན་ཏུ་མཛེས་པར་བྱ་བ་ནི་རྒྱ་ཆེན་པོ་ཀོ་ལའི་ཚད་ཙམ་ལ། ལེགས་པར་བྱུགས་ པ་ཤིན་ཏུ་འཇམ་པ། ཤིན་ཏུ་གསལ་བ་གྲུ་བཞི་སྒོ་བཞི་དང་། ཐེམ་སྐས་བཞི་དང་ལྡན་པ། རྣམ་པར་དབྱེས་པ་མཆོག་ཏུ་མཛེས་པ་དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོར་ཡང་བྱའོ། །མེ་ཡི་གནས་ཀྱི་དཀྱིལ་འཁོར་ནི། །གྲུ་བཞི་ཉིད་ཀྱི་རྣམ་པ་ལ། །ཀུན་ནས་ ཐེམ་སྐས་བཞི་དག་དང་། །སྟེང་དུ་གྲྭ་ནི་བཞི་པ་བྱ། །རྟག་ཏུ་པདྨའི་སྙིང་པོ་དང་། སྙིང་པོ་རྒྱས་པའི་སྟེང་དུ་ཡང་། །ཀུན་ནས་འདབ་མ་མཛེས་པར་བྱ། །གྲྭ་བཞིར་པདྨའི་ཕྲེང་བ་བྱ། །དེ་བཞིན་དུ་གྲྭ་གཉིས་ཀར་རྡོ་རྗེ་པདྨ་དང་བཅས་པའོ། །གསུམ་པར་མདུང་རྩེ་གསུམ་པ་ པདྨ་དང་བཅས་པའོ། །བཞི་པར་འཁོར་ལོ་པདྨ་དང་བཅས་པའོ། །ལྔ་པར་བུམ་པ་གང་བ་གཞག་གོ། །སྣ་ཚོགས་ཚོན་གྱིས་རྣམ་མཛེས་པའི། །ཀུན་ནས་འདབ་མའི་མྱུ་གུ་བྱ། །རིན་ཆེན་སྣོད་ནི་བཀང་བ་དང་། །མེ་ཏོག་ཕྲེང་དང་ངང་བ་དང་། །ཕྱེ་མ་པདྨར་བཅས་པ་དང་། དེ་བཞིན་མེ་ཏོག་རིགས་དག་ཉིད། །དེ་བཞིན་སྣ་ཚོགས་བརྒྱན་པའོ། །ནུབ་ཀྱི་གནས་དང་གྲྭ་དག་ཏུ། །པདྨའི་འདབ་མ་ཨུཏྤལ་བཅས། །བུམ་པ་དཱུར་བས་བཀང་བ་བྲི། །རྩ་བའི་བུམ་པ་དབུ་མ་ལ། །འདིར་ནི་ཁ་ཁྱེར་ཐིག་ཀྱང་གདབ། །དེ་ནས་དཀྱིལ་འཁོར་མཛེས་བྱ་ བ། །ཐིག་གིས་ཀུན་ནས་ཆ་མཉམ་ཞིང་། །སྒོ་བཞི་མཛེས་པར་བྱ་བ་ནི། །ཚོན་སྣ་ལྔ་ཡི་སྐུད་པས་གདབ། །མེ་འབར་མདོག་ཅན་བྲི་བ་ནི། །ཀུན་ནས་འབར་བའི་ཕྲེང་བ་ཅན། །གྲྭ་དང་གྲྭར་ནི་མེ་ལྷ་བྲི། །ལུས་ནི་མེ་མདོག་འབར་བ་དང་། །ལག་ན་མེ་འབར་འཛིན་པ་དང་། ། མཚན་མ་སྣ་ཚོགས་གཞན་དག་ཀྱང་། །ཆོ་ག་བཞིན་དུ་བྲི་བར་བྱ། །དཀྱིལ་འཁོར་གྱི་ནི་ཆོ་ག་བཞིན། །བ་དན་མདའ་དང་སྣ་ལྔ་ཡི། །སྐུད་པས་བུམ་པ་གང་དཀྲིས་དང་། །དེ་བཞིན་བདུག་སྤོས་སྣོད་དག་གིས། །ཀུན་ནས་དཀྱིལ་འཁོར་བརྒྱན་པར་བྱ། །སྣ་ཚོགས་ གཟུགས་ཅན་རྒྱ་ཆེ་ཡི། །སྣ་ཚོགས་རོ་ཡི་གཏོར་མ་གཞག །རྫེའུ་དང་ཁམ་ཕོར་རྣམ་གསུམ་གྱི། །དཀར་པོས་དཀར་བ་གཞག་པར་བྱ། །རྫེའུ་དང་དབྱིབ་མོ་བུམ་པ་ནི། །གཏོར་མས་བཀང་བ་ཀུན་དུ་གཞག །འབྲས་བུ་རྣམ་པ་སྣ་ཚོགས་གཞག །ཀུན་ནས་མེ་ཏོག་ དགྲམ་བྱ་ཞིང་། །ཕྲེང་བ་སྣ་ཚོགས་གཞག་པར་བྱ། །འབྲས་ཡོས་ཡུངས་ཀར་གཏོར་ནས་ནི། །ཀུན་དུ་མར་མེ་འབར་བ་དག །སྣ་ཚོགས་དྲི་དང་དེ་བཞིན་དུ། །དྲི་ཡི་ཕྱེ་མ་ལྷ་བཤོས་དང་། །དཀྱིལ་འཁོར་ཀུན་ལ་གཞག་པར་བྱ། །དཀྱིལ་འཁོར་དག་ནི་ཐམས་ཅད་ ལ། །བླུགས་གཟར་དཱུར་བ་རྟག་ཏུ་གཞག །ཤིང་ནི་ཨརྐ་ཤི་མི་དང་། །ཡུངས་ཀར་འབྲས་ནི་སོ་བ་དང་། །ཞུན་མར་དང་ནི་མར་དཀར་དང་། །ཀུན་དུ་ཙནྡན་དཀར་པོ་དག །སྦྱིན་སྲེག་ཆོ་གར་འདིར་བཞག་སྟེ། །དུས་གསུམ་རྟག་ཏུ་རེག་འཛིན་གྱིས། །སྦྱིན་སྲེག་ བརྒྱ་རྩ་བརྒྱད་དུ་བྱ། །རིགས་པ་འཛིན་པ་གཙང་མ་ཡིས། །གཙང་མ་ཡི་ནི་གོས་བགོས་ལ། །དཀར་གསུམ་གྱི་ནི་ཟས་བཟའ་ཞིང་། །གཞན་ནི་བཟའ་དང་སྤྱད་མི་བྱ། །དཀྱིལ་འཁོར་གྱི་ནི་ནུབ་སྒོ་ནས། །དཀྱིལ་འཁོར་ཤེས་པ་འཇུག་བྱ་ཞིང་། །དར་བྷའི་སྟན་ལ་སྐྱིལ་ཀྲུང་ དུ། །ཤར་ཕྱོགས་ཁ་བལྟས་འདུག་པར་བྱ། །བྱམས་པའི་སེམས་ལ་མཉམ་བཞག་སྟེ། །དོན་ཡོད་རྒྱལ་པོ་དྲན་བྱ་ཞིང་། །སྔ་དྲོའི་དུས་སུ་སྦྱིན་སྲེག་བྱ། །གུང་ལ་སློམ་མ་གཞུག་བྱ་ཞིང་། །སྤྱི་ཡི་རིགས་ཀྱི་སྲེག་བླུགས་ནི། །ཕྱེ་མ་རེད་དུས་སུ་བྱ་བའོ། །གང་ཞིག་དཀྱིལ་ འཁོར་དུ་ཞུགས་ལ། །སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་དང་། །གྲུབ་པ་ཀུན་དུ་ཆོ་ག་ཡི། །བདག་ཉིད་དབང་བསྐུར་མེ་ཀུན་གྱི། །སྦྱིན་སྲེག་བྱེད་པའི་མཆོག་ཏུ་གསུངས། །ཀུན་དུ་གནས་ནི་ཐམས་ཅད་ན། །རྒྱས་པ་གནས་འཇོག་རྭ་གཅིག་དང་། །གར་གེ་དེ་བཞིན་ཕུར་ བུ་དང་། །མདུན་ན་འདོན་པ་མེ་ལྷ་ནི། །སྦྱིན་སྲེག་བྱེད་པ་འཇིག་རྟེན་པར། །མཚུངས་ཞེས་སྟོན་པས་ལུང་བསྟན་ཏོ། །འཇིག་རྟེན་འདས་པའི་ལས་སྒྲུབ་པ། །རིག་འཛིན་དབང་པོ་ཆེན་པོ་དང་། །ཕྱག་ན་རྡོ་རྗེ་ཚངས་པ་དང་། །ཁྱབ་འཇུག་དབང་ཕྱུག་ཆེན་པོ་དང་། ། མཉམ་པ་བས་ཀྱང་ལྷག་པ་ཉིད། །མེ་ཡིས་སྦྱིན་སྲེག་བྱེད་པ་ལ། །དེ་བཞིན་གཤེགས་ཀུན་བྱིན་གྱིས་རློབ། །གལ་ཏེ་ཞག་བདུན་དུས་གསུམ་དུ། །དེ་ལ་སོགས་པའི་ལས་རྣམས་ནི། །མེ་ལ་སྦྱིན་སྲེག་བྱེད་པ་ལ། །མོད་ལ་མངོན་ཤེས་ལྔ་ཐོབ་ཅེས། །དེ་སྐད་འཇིག་ རྟེན་འདྲེན་པ་གསུང་། །ལས་ནི་བྱས་ནས་དེ་ནས་ནི། །སྦྱིན་སྲེག་ལ་ནི་བརྩམ་པར་བྱ། །སྲེག་བླུགས་སྦྱིན་སྲེག་བྱས་ཙམ་གྱིས། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ལྷ་རྣམས་རྟག་ཏུ་འོང་འགྱུར་ཞིང་། །དེ་བཞིན་གཤེགས་ཀུན་དགྱེས་ པར་འགྱུར། །བྱང་ཆུབ་སེམས་དཔའ་བྱོན་ནས་ནི། །མོད་ལ་མཐོང་བའི་སྦྱིན་པར་མཛད། །སྡིག་པ་ཐམས་ཅད་བསྲེག་པར་འགྱུར། །ཤིན་ཏུ་མི་བཟད་སྔོན་གྱི་ལས། །སྲེག་བླུགས་ཙམ་གྱི་མོད་ལ་བསྲེགས། །འབར་བའི་མེ་ཡིས་ཕྱེ་ལེབ་བཞིན། །དེ་ལ་སོགས་པའི་ སྡིག་པ་ནི། །བསྲེག་འགྱུར་འདིར་ནི་ཐེ་ཚོམ་མེད། །སྡང་བའི་ཕྱིར་ནི་རྒོལ་ཉིད་དང་། །མི་བཟད་ཕས་ཀྱི་དགྲ་རྣམས་དང་། །ཕ་རོལ་དཔུང་གིས་འཇིགས་པ་ཉིད། །དེ་བཞིན་དུ་ཡང་རྒྱལ་པོའི་དཔུང་། །དེ་ཀུན་སྦྱིན་སྲེག་བྱས་ཙམ་གྱིས། །མི་སྣང་བར་འགྱུར་ཐེ་ཙོམ་མེད། ། དེ་བཞིན་མི་ངས་གཅོང་ཀུན་དང་། །ནད་ཀུན་རབ་ཏུ་ཞི་བར་འགྱུར། །མུ་གེའི་དགོན་པའི་འཇིགས་ཉིད་ཀྱང་། །སྦྱིན་སྲེག་བྱས་པ་ཙམ་གྱིས་འཇིག །གནོད་སྦྱིན་སྲིན་པོ་འབྱུང་པོ་དང་། །དེ་བཞིན་བགེགས་དང་ལོག་འདྲེན་དང་། །ཤ་ཟ་བརྗེད་བྱེད་ཡི་དགས་དང་། །དེ་བཞིན་ རྣམ་པ་སྣ་ཚོགས་གདོན། །འདི་ཀུན་སྦྱིན་སྲེག་བྱས་ཙམ་གྱིས། །འཇིག་པར་འགྱུར་བར་ཐེ་ཙོམ་མེད། །རྟག་ཏུ་འཇིགས་མེད་ལོ་ལེགས་ཤིང་། །གླིང་དང་བདེ་བར་འགྱུར་བ་ཡིན། །རྟག་ཏུ་སེམས་ཅན་ཐམས་ཅད་ནི། །ཀུན་ཏུ་རྒྱལ་བར་འགྱུར་བ་ཡིན། །རྒྱལ་པོ་དཔུང་ དང་བཅས་པ་ཉིད། །བཙུན་མོར་བཅས་པ་ཉིད་ཀྱང་ནི། །རྟག་པར་ཀུན་ཏུ་གསལ་བར་ནི། །མི་འཇིགས་སྦྱིན་པར་ཐེ་ཙོམ་མེད། །རྟག་ཏུ་ནད་མེད་འགྱུར་བ་དང་། །དགའ་ཞིང་ཡིད་ནི་བདེ་བ་དང་། །ལུས་ཅན་དག་ནི་ཐམས་ཅད་ལ། །རྟག་ཏུ་དགའ་བར་བྱེད་ཅིང་གནས། ། རྟག་ཏུ་མེ་ཡི་ལྷ་ཉིད་ནི། །རྒྱུན་དུ་མཐོང་བར་འདོད་པ་ཡིས། །མེ་ལ་སྦྱིན་སྲེག་བྱས་ཙམ་གྱིས། །མེ་ལྷ་ཉིད་ནི་བཞུགས་གྱུར་ཏེ། །རྟག་ཏུ་ལས་རྣམས་ཐམས་ཅད་མཛད། །རྒྱུན་དུ་ཕྱི་བཞིན་འབྲང་བར་འགྱུར། །ལྷ་ནི་རྟག་ཏུ་འོང་འགྱུར་ཞིང་། །ཐམས་ཅད་དུ་ནི་མཐོང་ བ་སྟེར། །རྒྱུ་སྐར་ཟླ་བ་ཉི་མ་དང་། །གཤིན་རྗེ་དང་ནི་ཆུ་ལྷ་དང་། །རྒྱལ་པོ་ཆེན་པོ་བཞི་པོ་དག །དཔུང་བཅས་བཞོན་པར་བཅས་པ་ཡང་། །ཉིན་དང་མཚན་དུ་རྟག་པར་ནི། །རྗེས་འབྲང་བསྲུང་འགྱུར་ཐེ་ཙོམ་མེད། །ཅི་སྟེ་རིག་སྔགས་འཆང་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་ བསྒྲུབ་པར་འདོད་ན་རིག་སྔགས་འཆང་གཙང་མ་དེས་ཤིན་ཏུ་ཁྲུས་བྱས་ལ་གོས་གཙང་མ་བགོ་བར་བྱ། ཉིན་ཞག་གཅིག་སྨྱུང་བ་བྱ་ཞིང་། ཤིང་ཨརྒའི་ཡམ་སྲེག་ཤིང་གི་མེ་སྦར་ལ་པདྨ་དང་། ཞུན་མར་དང་། འབྲས་སོ་བའི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ནས་སྲེག་བླུགས་ ལན་ཅིག་བྱས་པས་མཚམས་མེད་པ་ལྔ་བྱེད་པ་ཡང་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་དངོས་གྲུབ་འདོད་ན་རིག་སྔགས་འཆང་དེས་བྱང་ཆུབ་ཀྱི་ཤིང་གི་མེ་སྦར་ལ་རིགས་སྤྱིར་པདྨ་དང་། ། ཨུཏྤ་ལ་སྔོན་པོ་དང་། ཡུངས་ཀར་དཀར་པོ་དང་། །ཞུན་མར་བསྲེས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་དངོས་གྲུབ་འཐོབ་སྟེ་ཐམས་ཅད་ཆོ་ག་ཆེན་པོ་ཞིབ་མོ་དང་། སྦྱིན་སྲེག་ཆེན་པོའི་ཆོ་གར་འགྱུར་རོ། །དེ་ནས་ཕ་རོལ་གྱི་དམག་ ཚོགས་གཞོམ་པར་འདོད་ན་རིག་སྔགས་འཆང་གཙང་མ་དེས་ཤིན་ཏུ་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་སེང་ལྡེང་གི་མེ་སྦར་ལ་ཞོ་དང་། ཞུན་མར་དང་། ཡུངས་ཀར་དང་། གུ་གུལ་གྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་བརྒྱད་སྟོང་བྱས་ན་དཔག་ཚད་སྟོང་ཚུན་ཆད་ཀྱི་ཕ་རོལ་གྱི་ དམག་ཚོགས་བཅིང་བ་བྱས་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་དང་། དགྲ་གཞོམ་པར་འདོད་པ་དང་། དཔུང་གཞིགས་པར་འདོད་ན་དེ་ནས་རིག་སྔགས་འཆང་གིས་ཤིང་ཀར་བ་ཀའི་མེ་སྦར་ལ། སྦྲུལ་གྱི་པགས་པ་བརྗེས་པ་དང་། སྐེ་ཙེའི་ས་བོན་དང་། ལན་ ཚྭ་འབྲས་སཱ་ལུ་དང་བསྲེས་པ་ཡུངས་ཀར་མར་དང་སྦྱར་བའི་སྦྱིན་སྲེག་བྱས་ན་དཔག་ཚད་སྟོང་ཚུན་ཆད་ཀྱི་ཕ་རོལ་གྱི་དམག་ཚོགས་དང་། དགྲ་ལ་གནམ་ལྕགས་ཆེན་པོ་དང་། རླུང་གྲང་མོ་འབབ་པས་ཕོངས་པ་དང་། ཡིད་མི་བདེ་བ་བསྐྱེད་པར་འགྱུར། དགྲ་ཐམས་ཅད་རྣམ་པར་ འཇིག་པར་འགྱུར་རོ། །ཀླུས་ཆར་འབེབས་པར་འདོད་ན་རིག་སྔགས་འཆང་དེས་ཉིན་ཞག་གཅིག་སྨྱུང་བ་བྱས་ལ། ཤིན་ཏུ་ཁྲུས་བྱས་པ་གཙང་མས་དྲི་སྣ་ཚོགས་དང་། མེ་ཏོག་ཕྲེང་བ་དང་། ཡུངས་ཀར་དང་། ཤ་ཏ་བུས་པ་ཞུན་མར་དང་སྦར་བའི་སྦྱིན་སྲེག་མཚན་ གཅིག་ལ་དུས་གསུམ་དུ་བྱས་ན་ཀླུའི་རྒྱལ་པོས་ཆར་གྱི་རྒྱུན་ཆེན་པོ་འབེབས་ཏེ། འཛམ་བུའི་གླིང་མཐའ་དག་ཏུ་ཞག་བདུན་གྱི་བར་དུ་ཆར་འབབ་པར་འགྱུར་རོ། །ཆར་དེ་ཉིད་ཧ་ཅང་ཆེས་ན་ཐལ་བ་ནམ་མཁའ་ལ་གཏོར་ན་ཧ་ཅང་ཆར་ཆེས་པ་འཆད་པར་འགྱུར་རོ། །ཡང་མེ་ལྷ་ འོང་བར་འདོད་ཅིང་རང་གི་གཟུགས་སུ་མཐོང་བར་འདོད་ན་རིག་སྔགས་འཆང་གཙང་མ་དེས་གོས་གཙང་མ་བགོས་ལ་ཉིན་ཞག་གཅིག་གནས་པར་གྱུར་པས་ཤིང་སྣ་མའི་མེ་སྦར་ལ་འབྲས་སོ་བ་དང་། ཞུན་མར་དང་། བུ་རམ་ཤ་ཁར་དང་བཅས་པ་དང་། ཚ་བ་གསུམ་དང་། སྣ་མའི་མེ་ཏོག་བསྲེས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། །བརྒྱད་སྟོང་ཚང་བ་དང་། མེ་ལྷ་མེའི་ནང་ནས་ལུས་ཕྱེད་ཕྱུང་སྟེ་འདུག་ནས་རིག་སྔགས་འཆང་ལ་ཅི་བགྱི་བཀའ་སྩོལ་ཅིག་ཅེས་ཟེར་ཞིང་ཇི་ལྟར་རིག་སྔགས་འཆང་གི་ཆོ་གའི་དོན་དུ་འགྱུར་བ་དེ་བཞིན་དུ་སྨྲའོ། །ཐམས་ཅད་ སྦྱིན་པ་ཞེས་བྱ་བ་མཆོག་ཐམས་ཅད་སྦྱིན་པ་ཞེས་བྱ་བ་བདུད་རྩི་འབར་བ་ཞེས་བྱ་བའི་མེའི་ཁ། ཁའི་མཆོག་སྦྱིན་པར་བྱེད་དོ། །གང་བདུད་རྩི་འབར་བའི་མེའི་ཁ་ཐོབ་པས་གང་དུ་དབུགས་ཕྱུང་བ་དང་། རྔུབས་པ་དེར་མེ་འབར་བ་འབྱུང་བར་འགྱུར་རོ། །གང་དུ་ཕུ་ཞེས་བྱས་པ་ དེར་མེ་འབྱུང་བར་འགྱུར་རོ། །མུན་གནག་ཏུ་དབུགས་ཕྱུང་ན་མེ་འབར་ཏེ། སྣང་བར་འགྱུར་རོ། །ཙནྡན་དཀར་པོའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་གཟུགས་སྟོན་པར་མཛད་དོ། །ས་བོན་བདུན་གྱི་སྦྱིན་སྲེག་གིས་ནད་ཐམས་ཅད་ཞི་བར་ བྱེད་དོ། །འབྲས་སོ་བའི་སྦྱིན་སྲེག་གིས་ནི་རྒྱལ་ནི་རྒྱལ་པོ་དབང་དུ་བྱེད་དོ། །ཕུབ་མ་དང་ལན་ཚྭའི་སྦྱིན་སྲེག་གིས་ནི་ཞེ་འགྲས་པར་བྱེད་དོ། །འབྲས་ཡོས་དང་ཡུངས་ཀར་གྱི་སྦྱིན་སྲེག་གིས་ནི་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ཡུངས་ཀར་དང་། གུ་གུལ་དང་། ཞུན་མར་གྱི་སྦྱིན་ སྲེག་གིས་ནི་གནོད་སྦྱིན་འགུགས་སོ། །ཀ་ར་བཱི་རའི་མེ་ཏོག་དང་། གུ་གུལ་ཞུན་མར་དང་སྦྱར་བའི་སྦྱིན་སྲེག་གིས་ནི་སྲིན་མོ་འགུགས་སོ། །དེ་བཞིན་དུ་འདིར་ལས་ཐམས་ཅད་བྱེད་དོ། །སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་གའོ།། །།རི་མོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཆོ་ག་བཤད་ པར་བྱ་སྟེ། ཀུན་ཏུ་ཐུན་མོང་སྒྲུབ་པའི་མཆོག །དགེ་བའི་ལས་ཀུན་བྱེད་པ་སྟེ། །སངས་རྒྱས་ཐམས་ཅད་མཐོང་འགྱུར་ཞིང་། །བླ་མེད་བསོད་ནམས་ཆེན་པོ་སོགས། །དོན་ཡོད་རྒྱལ་པོ་དེ་ཉིད་ནི། །རྣམ་པ་སྣ་ཚོགས་གཟུགས་དག་ཏུ། །འཇིག་རྟེན་འདྲེན་པ་སྣང་བར་བྱ། ། མཐུན་དང་དངོས་གྲུབ་སྣ་ཚོགས་པའི། །འཇིག་རྟེན་འདྲེན་པའི་གཟུགས་བྱ་བ། །གྲུབ་པ་སྣ་ཚོགས་བྱེད་པའི་གནས། །སོ་སོའི་གཟུགས་སུ་བྱ་བ་ནི། །རས་སམ་ཡང་ན་དར་དག་ལ། །འཇིགས་པ་མེད་པས་གཟུགས་བྱའོ། །དོན་ཡོད་པའི་རྒྱལ་པོ་ནི་ཁྲུ་གང་ཙམ་གྱི་ཚད་ དམ་ཡང་ན་ཚད་ཤིན་ཏུ་རྣམ་པར་འབྱེད་པ་པདྨའི་མདོག་ལྟ་བུ་ཕྱག་བརྒྱད་པ། དབུ་གསུམ་པ། དེ་བཞིན་དུ་སྤྱན་གསུམ་པ། ཞི་བའི་ཞལ་དུ་བྲི་བར་བྱ་སྟེ་དེ་བཞིན་དུ་ཞགས་པ་འཛིན་པ་དང་པདྨ་འཛིན་པ་དང་མདུང་རྩེ་གསུམ་པ་དང་། རིལ་བ་སྤྱི་བླུགས་འཛིན་པ་དང་། ཡིད་བཞིན་ གྱི་ནོར་བུ་དང་། བེ་ཅོན་དང་དབུགས་འབྱིན་པ་དང་། བགྲང་ཕྲེང་དང་། མེ་ཏོག་ཐུམ་པོ་འཛིན་པར་བྱའོ། །གཡོན་དུ་ནི་དཀར་མོའོ། །གཡས་སུ་འཕགས་མ་སྒྲོལ་མ་ཐལ་མོ་སྦྱར་ལ་དབུ་ཡིད་ཙམ་འདུད་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ནི་རལ་པའི་ཐོར་ཚུགས་ཅན། དབུ་རྒྱན་འོད་དཔག་མེད་ཀྱིས་བརྒྱན་པ། གཡས་ཕྱོགས་ཀྱི་དབུ་ཟླ་བ་ཚེས་པས་བརྒྱན་པ། རི་དགས་ཀྱི་པགས་པ་མནབས་པ། མཆོད་ཕྱིར་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་འདོམ་གང་དང་ལྡན་པའོ། །ནང་རིམ་ དུ་པདྨའི་ཕྲེང་བའོ། །རིམ་པ་གཉིས་པར་རྡོ་རྗེ་ཕྲེང་བ་ལྕགས་ཀྱུ་དང་བཅས་པར་བྱའོ། །རིམ་པ་གསུམ་པར་ནོར་བུ་རིན་པོ་ཆེའི་ཕྲེང་བ་དང་། རིན་པོ་ཆེ་སྣ་ཚོགས་མཛེས་པའོ། །རིམ་པ་བཞི་པར་མདུང་རྩེ་གསུམ་པའི་ཕྲེང་བའོ། །རིམ་པ་ལྔ་པར་ཀུན་ནས་འབར་བའི་ཕྲེང་བའོ། ། སྟེང་དང་གཡས་ཕྱོགས་ཀྱི་གནས་སུ་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་མེ་ཏོག་སྣ་ཚོགས་ཐོགས་པར་བྱའོ། །གཡོན་དུ་གཞོན་ནུ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། དབང་ཕྱུག་དང་། ལྷའི་བུ་རྣམས་བྱ་བ་ ནི་མེ་ཏོག་སྣ་ཚོགས་ཐོགས་པར་བྱའོ། །ལྷ་མོ་སྒྲོལ་མའི་རྒྱབ་ཏུ་ཁྲོ་བོའི་རྒྱལ་པོ་དོན་ཡོད་པའི་ཞགས་པ་བྱ་བ་ནི་ཁྲོས་པ། གཏུམ་པའི་གཟུགས་འཆང་བ། ཕྱག་བཞི་པ། འབར་བའི་ནང་དུ་བཞུགས་པ། སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པ་འཆང་བ། འོད་ དཔག་མེད་ཀྱི་དབུ་རྒྱན་ཅན། སྤྱན་གསུམ་པ། གཡས་པ་ཟླ་བས་བརྒྱན་ཅིང་རལ་གྲི་འཛིན་པ་དང་ཞགས་པ་འཛིན་པ་དང་། མདུང་རྩེ་གསུམ་པ་འཛིན་པ་དང་། དགྲ་སྟ་འཛིན་པར་བྱའོ། །དཀར་མོའི་རྒྱབ་ཏུ་རིག་སྔགས་ཀྱི་རྒྱལ་པོ་དབུ་གསུམ་པ་བྱ་བ་ནི། ཞི་བའི་ཞལ་རས་ ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་རྒྱན་རྒྱལ་བ་འོད་དཔག་མེད་ཅན་ཐོགས་པ། པདྨ་འཛིན་པ། ནོར་བུ་རིན་པོ་ཆེ་འཛིན་པར་བྱའོ། །འོག་ཏུ་ཕོ་ཉ་མོ་དང་། དབྱངས་ཅན་མ་དང་། དུང་ཅན་མ་དང་། དཔལ་མོ་དང་། གནས་མ་དང་། དཔེ་མེད་མ་དང་། རལ་པ་གཅིག་མ་ དང་། ཕོ་ཉ་མོ་ཞི་བ་དང་། ལོ་ཏོག་གི་ལྷ་དང་། སའི་ལྷ་དང་། རྒྱལ་པོ་ཆེན་པོ་བཞི་བྱའོ། སྟེང་དང་གཡས་གཡོན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སྐྱིལ་མོ་ཀྲུང་བཅས་པ་སོར་བཞི་པའི་ཚད་ཙམ་བྱའོ། །ཉི་མ་དང་། ཟླ་བའི་ལྷ་རྒྱུ་སྐར་དང་བཅས་པ་བྱའོ། །རི་མོའི་གཟུགས་ཀྱི་ཕྱི་ རོལ་གྱི་རིམ་པ་ཀུན་དུ་ཕྱག་རྒྱ་དང་། ཕྱག་མཚན་སྣ་ཚོགས་རྫོགས་པར་བྲིའོ། ཀླུ་བརྒྱད་བྱ་ཞིང་ཀུན་ནས་འབར་བ་དང་བཅས་པར་བྱའོ། །རིག་སྔགས་དངོས་གྲུབ་བླ་མེད་པའི། །རི་མོའི་ཆོ་གའི་གནས་འདི་ནི། །སྡིག་པ་ཐམས་ཅད་མོད་ལ་སེལ། །མཚམས་མེད་ལྔ་པོ་སྦྱོང་བར་ བྱེད། །ཕྱག་རྒྱ་དང་། དཀྱིལ་འཁོར་དང་བཅས་པ་རི་མོའི་གཟུགས་གྲུབ་པ་འདི་ནི་སྤྱིའི་རིགས་ཐམས་ཅད་དུ་འཇུག་པར་སྟོན་པ་ཡིན་ནོ། །ཕྱིའི་རིགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རི་མོའི་དཀྱིལ་འཁོར་འདི་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་། དེ་བཞིན་དུ་བྱང་ཆུབ་ སེམས་དངས་ཀྱང་བྱིན་གྱིས་བརླབས་པའོ། །དོན་ཡོད་པའི་བྱིན་གྱི་བརླབས་ཀྱི་རི་མོ་འདི་ནི་ཐུབ་པ་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ། དོན་ཡོད་པའི་ཞགས་པའི་དེ་ཁོ་ན་ཉིད་སྙིང་པོར་གྱུར་པ་དེ་ཁོ་ན་ཉིད་གསང་བ་འདི་མཐོང་བ་ཙམ་གྱིས་རྣམ་པར་ཐར་པ་འཐོབ་ཅིང་ ལུང་བསྟན་པར་འགྱུར་རོ། །མཐོང་བ་ཙམ་གྱིས་ཆོ་ག་ཞིབ་མོ་བླ་ན་མེད་པ་ཐམས་ཅད་འགྲུབ་བོ། །རྣམ་པར་སྣང་མཛད་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པར་སྣང་བ་བྱེ་བ་གང་གཱའི་ཀླུང་གི་བྱེ་མ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དཀྱིལ་ འཁོར་ཆེན་པོ་འཁོར་བཅས་ཀྱི། །རིག་སྔགས་ཆོ་ག་བླ་མེད་པ། །སྤྱི་རིགས་ཡང་དག་འབྱུང་བ་ནི། །ཐུབ་པ་རྣམ་སྣང་མཛད་ཀྱིས་བསྟན། །དེ་བཞིན་གཤེགས་རིགས་གྲུབ་པ་དང་། །གང་ཡང་པདྨའི་རིགས་དེ་བཞིན། །ནོར་རིགས་དེ་ཉིད་འབྱུང་བ་དང་། །རྡོ་རྗེའི་རིགས་ གང་བླ་མེད་པ། །སྤྱི་རིགས་འདི་ཉིད་མཐོང་བ་ནི། །རི་མོ་མཐོང་བའི་ཁྱད་པར་ཡིན། །ཕྱིར་ཡང་ངན་འགྲོར་མི་འགྲོ་ཞིང་། །དམྱལ་བ་ངན་འགྲོའི་སྒོ་བཅད་དེ། །མཐོ་རིས་ཀྱི་ནི་སྒོ་ཡང་ཕྱེ། །བླ་ན་མེད་པ་སྟོན་པ་ཡི། །ཕྱག་རྒྱའི་རི་མོའི་དཀྱིལ་འཁོར་འདི། །བསོད་ནམས་ བླ་ན་མེད་པ་ཡིན། །ཅི་སྟེ་དོན་ཡོད་པའི་འཇིག་རྟེན་དབང་ཕྱུག་གི་གཟུགས་མཐོང་བར་འདོད་ན་རིག་སྔགས་འཆང་དེས་ཙནྡན་དཀར་པོ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་སོར་བརྒྱད་ཀྱི་ཚད་ཙམ་ལ། གནད་ཀྱི་གནས་ཀྱི་ཆའི་སོར་ཚད་ཤིན་ ཏུ་རྣམ་པར་མཛེས་པ། དབུ་དང་། མགུར་དང་། རྐེད་པ་དང་། པུས་མོ་དང་། ཡན་ལག་དང་། ཞབས་ཀྱི་ཚིགས་དང་། ཕྱག་སོར་དང་། ཕྱག་སོར་གྱི་ཚིགས་དང་། སེན་མོ་ཐམས་ཅད་མཉམ་ཞིང་མཛེས་པ་དང་། རལ་པ་དང་། སེན་མོ་ཚད་ཤིན་ཏུ་མཛེས་ཤིང་ཅོད་ པན་གྱི་རྒྱལ་བའི་གཡས་ཕྱོགས་ན་ཟླ་ག་མ་ཞི་པའི་གཟུགས་ཅན་སྤྱན་གསུམ་པ། ཕྱག་བཞི་ཤིན་ཏུ་མཛེས་པ་དང་། དབུ་སྐྲ་ཤིན་ཏུ་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་དང་ལྡན་པ། ཞགས་པ་འཛིན་པ། གཡོན་པ་འོད་དཔག་མེད་ཅན་ཕྱག་ན་པདྨ་བསྣམས་ པ། ཕྱག་གཡས་པ་མདུང་རྩེ་གསུམ་པ་དང་། དབུགས་འབྱིན་ཅིང་རྟག་ཏུ་མཆོག་སྦྱིན་པར་མཛད་པ། པདྨའི་གདན་ལ་བཞུགས་པར་བྱའོ། །སྒྲོལ་མ་དང་། དཀར་མེ་ཡང་འོད་འདོམ་གང་དང་བཅས་པར་དགོད་དོ། །མགོན་པོ་ཤིན་ཏུ་མཛེས་པ། ནོར་བུ་དང་། མུ་ཏིག་གི་རྒྱན་གྱི་མཚམས་སུ་གསེར་གྱི་རྒྱན་གྱིས་གཡོགས་པའི་ཅོན་པན་ནམ། ཡང་ན་སྤྱི་གཙུག་ཏུ་རིང་བསྲེལ་གཞག་པར་བྱས་ལ། ཙནྡན་དཀར་པོའི་དཀྱིལ་འཁོར་བྱ་ཞིང་གུར་གུམ་དང་། གླ་རྩི་དང་། ག་པུར་གྱིས་མཆོད་ལ་དཀྱིལ་འཁོར་གྱི་སྙིང་པོ་འདིའི་དབུས་ སུ་པདྨ་གེ་སར་དང་བཅས་པའི་འདབ་མ་སུམ་ཅུ་རྩ་གཉིས་པ་བྲིས་ལ་དེའི་དབུས་སུ་འཇིགས་པ་མེད་པས་འཇིག་རྟེན་དབང་ཕྱུག་དར་གྱི་ཅོད་པན་གྱིས་བཅིངས་པ་བཞག་ལ། ཨ་ག་རུ་དང་། ཙནྡན་གྱི་བདུག་པ་དབུལ་ཞིང་མེ་ཏོག་དགྲམ་པར་བྱ། མེ་ཏོག་གི་ཕྲེང་བས་མཆོད་ པར་བྱའོ། །རིག་སྔགས་འཆང་གཙང་མ་གྱུར་པ་ཤིན་ཏུ་ཁྲུས་བྱས་པ་གོས་གཙང་མ་བགོས་པས། སྨྱུང་བ་བྱས་ལ་མགོན་པོ་འཇིག་རྟེན་དབང་ཕྱུག་ལ་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་མཆོད་ཡོན་དང་། ལྷ་བཤོས་ཕུལ་ལ་བྱམས་པའི་སེམས་ ལ་མཉམ་པར་བཞག་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་མོ། །སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་པའི་ཏིང་ངེ་འཛིན་ཡང་བསྒོམ་ཞིང་གཏམ་གཞན་མི་སྨྲ་བར་ཤིན་ཏུ་ཡོངས་སུ་སྦྱར་བ་ལེགས་པར་སྤྱོད་ཅིང་གཞན་འཇིགས་པ་མེད་པས་བདག་བསྲུང་བ་དང་། ཕྱོགས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་སྲུང་བ་དང་བཅས་པ་ཡང་བྱས་ལ་བཟླས་བརྗོད་དེ་ཉིད་སྟོང་རྩ་བརྒྱད་དང་། ཕྱག་རྒྱ་ཡང་སྟོང་རྩ་བརྒྱད་བརྩམས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འབར་ཞིང་གཡོ་བ་དང་། བདག་ཀྱང་འབར་བ་དང་སྙིང་དགའ་བར་ འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་སྦྱིན་པར་མཛད་པའི་ཕྱག་སྤྱི་བོར་གཞག་སྟེ་ལེགས་སོ་ལེགས་སོ། །རིག་སྔགས་འཆང་ཁྱོད་ཀྱིས་མཆོད་པ་དམ་པ་དང་། གསང་སྔགས་ཀྱི་ཆོ་ག་ཆེན་པོ་བྱས་སོ། །སྒྲུབ་པ་དམ་པ་བྱས་སོ། །དེ་བཞིན་ གཤེགས་པའི་སྤྱིའི་རིགས་འདི་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོ་ག་ཞིབ་མོ་གསང་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། ཐམས་ཅད་དུ་སྤྱིའི་དངོས་གྲུབ་རིག་སྔགས་འཆང་ཁྱོད་ལ་འགྲུབ་ཀྱིས། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་ པོ་རྗེས་སུ་ཟུང་ཤིག་དང་། རིག་སྔགས་འཆང་ཇི་ལྟར་ཡིད་ལ་བྱེད་པ་དེ་ལྟར་འདོད་པ་དང་། མཆོག་ཐམས་ཅད་ཇི་ལྟར་ཡིད་ལ་བསམས་པ་དེ་ཐམས་ཅད་རྗེས་སུ་སྦྱིན་ནོ། །འདི་ནི་ཁྱོད་ཀྱི་སྐྱེ་བའི་འཁོར་བ་ཐ་མ་ཡིན་ཏེ་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མངལ་དུ་ གནས་པ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །རིག་སྔགས་འཆང་ཁྱོད་ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་མངོན་སུམ་དུ་མཐོང་བར་འགྱུར། མངོན་སུམ་དུ་ཆོས་ཉན་པར་འགྱུར་ རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་ཚེའི་ཚད་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་བགྲང་དུ་མེད་པར་འགྱུར་རོ་ཞེས་ཚིག་ཏུ་གསུང་ངོ་། །དེ་ནས་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་གང་ལ་ཁྲོ་བོའི་རྒྱལ་པོ་མེ་ཏོག་གམ། ཅོད་པན་ལ་མངོན་པར་གཏོར་ན། དེས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་སྐུར་བཞུགས་ཏེ། རིག་སྔགས་འཆང་ནམ་མཁའ་ལ་འགྲོ་ཞིང་དོན་ཡོད་པའི་ཡེ་ཤེས་བཀོད་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །ཡངས་པ་ཆེན་པོས་རྣམ་པར་ཐར་པའི་དཀྱིལ་འཁོར་དོན་ཡོད་པའི་ ཞགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སྐུ་གཟུགས་བསྒྲུབ་པ་དེ་ཁོ་ན་ཉིད་ཅེས་པ་འདི་གལ་ཏེ་རིག་སྔགས་འཆང་སྐལ་བ་ཆུང་བ་མནར་མེད་པར་གཞོལ་བ། མཚམས་མེད་པ་ལྔ་བྱེད་པས་དེ་ལན་ཅིག་ངེས་པར་བསྒྲུབས་པ་ཙམ་གྱིས་མདུན་དུ་རང་གི་གཟུགས་ཀྱིས་ ངེས་པར་མཆིས་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ལ་སྡང་བས་ཁྲག་དབྱུང་བར་སེམས་བསྐྱེད་པ་དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱིས་ དགོངས་པའི་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་དེ་རིག་སྔགས་འཆང་བསྒྲུབས་ན་རྨི་ལམ་དུ་བདག་གི་གཟུགས་མཐོང་བ་སྩལ་བར་བགྱི་ཞིང་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །མཆོག་ཐམས་ཅད་རྗེས་སུ་སྩལ་བར་བགྱི་ཞིང་སྡིག་ པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བགྱིའོ། །དྲི་མ་མེད་པར་རྣམ་པར་ཐར་པའི་འོད་ཟེར་གྱི་དཀྱིལ་འཁོར་ལ་རྣམ་པར་ལྟ་བ་ཞེས་བྱ་བ་ཏིང་ངེ་འཛིན་འཐོབ་བོ། །སད་ནས་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོད་པའི་འོས་ཆེན་པོ་གཅིག་པུར་འགྱུར་རོ། །སྐྱེ་བོ་ཐམས་ཅད་ ཀྱིས་མཆོད་པར་བྱ་བ་ཆེན་པོར་འགྱུར་རོ། །སྒྲིབ་པ་དང་བྲལ་ཞིང་རྣམ་པར་དག་པ། སྒོ་ཀུན་དུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །སེམས་ཅན་གང་དག་གིས་དེ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་སྒྲིབ་པ་དང་བྲལ་བར་འགྱུར་ རོ། །ནད་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །གདོལ་པས་ཀྱང་དད་པ་དང་། གུས་པས་སྒྲུབ་པ་རྣམ་པ་གསུམ་དང་། ཆོ་ག་གཞན་གྱིས་ཀྱང་ངེས་པར་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི། རང་གི་གཟུགས་ཀྱིས་ མཐོང་བ་སྩལ་བར་བགྱི་ན། མིར་གྱུར་པ་དད་པའི་རྗེས་སུ་འབྲང་བ་སྡོམ་བརྩོན་ཅན་གྱིས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དྲན་པ་ཙམ་གྱིས་བདག་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་བགྱི་ཞིང་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་སྟེ། འདི་ལ་ཐེ་ཙོམ་ དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་སེམས་ཅན་ཚེ་གཅིག་པུ་པ་དེ་ལ་རིག་སྔགས་སྒྲུབ་པའི་དངོས་གྲུབ་རྗེས་སུ་སྩལ་བར་བདག་གིས་རྔོ་མི་ཐོགས་ལགས་སོ། །གང་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་དགེ་སློང་དག་དང་། རིག་སྔགས་འཆང་བའི་ སེམས་ཅན་སེར་སྣ་ཅན། སེམས་གྱ་གྱུ་བ་གཉིས་སུ་མི་བྱེད་པ། ངོ་གཉིས་ཅན། སེར་སྣ་ཅན། བྱས་པ་མི་གཟོ་བ། ཕ་རོལ་གྱི་རྫས་ལ་བརྐམ་ཆགས་ཅན