Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ

Văn bản gốc(Tây Tạng)

Trang 13 / 18 (50.000 ký tự/trang)
དག་གནས། །སེམས་ཅན་འདི་རྣམས་རབ་ཏུ་དཀའ། །སྙིང་རྗེ་ཆེན་པོའི་སྦྱོར་བ་ཡིས། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །མ་ཧཱ་ཀཱ་རུ་ཎི་སྥ་ར་ཎ། མྱ་ངན་འདས་ལ་བཏང་སྙོམས་གཞག །སེམས་
ཅན་དོན་ནི་ཡང་དག་བརྩམ། །ཀྱེ་མ་སེམས་ཅན་འདི་འདུལ་དཀའ། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །མ་ཧཱ་ཨུ་པེ་ཀྵི་སྥར་ཎ། ཐམས་ཅད་རང་བཞིན་འོད་གསལ་བས། །གཟོད་ནས་དག་པའི་བདག་ཉིད་འགྱུར། །ཀུན་ནས་ཉོན་མོངས་མི་དམིགས་འགྱུར། །མྱ་ངན་འདས་པ་

གྲོལ་བའང་མེད། །སརྦ་བུདྦྷ་པྲ་མོ་ད་སྥ་ར་ཎ། མཁའ་འམ་གཞན་གྱི་ཕྱོགས་དག་ཏུ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །སྙིང་གའི་རྡོ་རྗེ་བྱང་ཆུབ་སེམས། །ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །གོ་རིམས་ཇི་ལྟ་བ་བཞིན་དུ། །ཕྱག་
ན་རྡོ་རྗེའི་གཟུགས་ཆེན་པོ། །དམ་པའི་ཆོས་ཉིད་བསྒོམ་པར་བྱ། །རྣམ་པ་མཆོག་རྣམས་ཀུན་ལྡན་པ། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །སངས་རྒྱས་རྗེས་སུ་དྲན་པར་བྱ། །བུདྡྷ་ཨ་ནུ་སྨྲྀ་ཏྱཱ་བི་ཤ། །ཟླ་བའི་དཀྱིལ་འཁོར་དབུས་སུ་
ནི། །རང་བདག་ཉིད་ནི་བསྒོམ་པར་བྱ། །རང་གི་སྙིང་གའི་དཀྱིལ་འཁོར་དུ། །ཟླ་བསྒོམ་རྨད་བྱུང་རྣལ་འབྱོར་ཆེ། །ས་མནྟ་བྷ་དྲ་ཨཱ་བེ་ཤ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རང་བདག་ཉིད་ནི་རྡོ་རྗེའི་གཟུགས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སེམས་དཔའ་ཆོ་ག་
བཞིན། །བཛྲ་ས་ཏྭ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །སྙིང་གར་ཟླ་བའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །བཛྲ་སཏྭ་ས་མཱ་དྷི་ཛྙཱ་ནཱ་བེ་ཤ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་གཟུགས་
སུ་རང་བདག་ཉིད། །བསྒོམ་ཞིང་སྙིང་གར་ཟླ་བའི་དཀྱིལ། །དབུས་སུ་སེམས་དཔའ་རྣམ་པར་བསྒོམ། །ཏ་ཐཱ་ག་ཏོ་ཧཾ། རྡོ་རྗེའི་རྣལ་འབྱོར་རྣམ་བསྒོམ་པ། །རྣམ་པ་བརྒྱ་དང་རྩ་བཅུ་ནི། །རྒྱས་བ་རུ་ནི་ཅི་རིགས་པར། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །རྡོ་རྗེ་ཕྲ་མོ་
རྫོགས་སོ།། །།འཇིག་རྟེན་པ་ནི་ཇི་ལྟར་འདོད། །རྡོ་རྗེའི་གཟུགས་ནི་གཏེར་གནས་པ། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །ས་ཡི་གནས་ཀྱང་བསྒོམས་ན་ནི། །གཏེར་དག་རབ་ཏུ་མཐོང་བར་འགྱུར། །བཛྲ་ནི་དྷི། རིན་ཆེན་ཆེན་པོའི་རྡོ་རྗེ་གཟུགས། །ནམ་མཁའ་ལ་
ནི་ཡོངས་སུ་བསྒོམ། །གང་དུ་ལྷུང་བར་མཐོང་བ་ནི། །དེ་ནི་གཏེར་ཡོད་ཤེས་པར་བྱ། །རཏྣ་ནི་དྷི། ལྕེ་ལ་པདྨའི་གཟུགས་དག་ནི། །ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །དེ་ན་ཡོད་ཅེས་བཅས་ནས་ནི། །རྡོ་རྗེའི་ལྕེ་ཉིད་རང་ཉིད་སྨྲ། །དྷ་རྨ་ནི་དྷི། ལུས་ཀུན་རྣལ་འབྱོར་

ཆེན་པོ་ཡིས། །རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམ། །ཀུན་དུ་བབས་ནས་གར་ལྷུང་བ། །དེ་ན་གཏེར་ཡོད་བསྟན་པ་ཡིན། །ཀརྨ་ནི་དྷི། གཏེར་ཤེས་པ་རྫོགས་སོ།། །།རྡོ་རྗེ་དབབ་པ་འབྱུང་བ་ཡིན། །ཆུ་ནི་རྡོ་རྗེའི་གཟུགས་རང་བཞིན། །སྒོམ་ཞིང་རྡོ་རྗེའི་ཤུགས་
ཀྱིས་ནི། །ཆུ་ཡི་སྟེང་དུ་འགྲོ་བར་བྱ། །བཛྲ་ཛ་ལ། ཇི་ལྟར་འདོད་པའི་གཟུགས་སུ་ནི། །རྡོ་རྗེ་སེམས་སོགས་འདོད་པ་རྣམས། །རང་བདག་ཉིད་ནི་བསྒོམ་བྱ་སྟེ། །འདོད་པའི་གཟུགས་ཉིད་ཐོབ་པར་འགྱུར། །བཛྲ་རཱུ་པ། ཆོས་ཀུན་མཁའ་དང་མཚུངས་པ་སྟེ། །བདག་ནི་
ནམ་མཁའ་ཞེས་རང་ཉིད། །དེ་ཉིད་དག་པ་བསྒོམ་བྱ་སྟེ། །དེ་ནི་མི་སྣང་བ་ཉིད་འགྱུར། །བཛྲ་ཨཱ་ཀཱ་ཤ། །རྡོ་རྗེའི་སྐས་ལ་འདུག་ནས་ནི། །འཛེག་པ་རུ་ནི་བསྒོམ་བྱས་ན། །ཇི་སྲིད་དུ་ནི་འཛེག་པའི་གནས། །དེ་སྲིད་ནམ་མཁར་འགྲོ་བར་འགྱུར། །བཛྲ་མ་ཧཾ། མི་སྣང་བ་དང་།
མཁའ་ལ་འགྲོ་བ་དང་། ཆུའི་སྟེང་དུ་འགྲོ་བར་བྱ་བ་དང་། །འདོད་པའི་གཟུགས་ཉིད་ཤེས་པ་རྫོགས་སོ།། །།ཟླ་བའི་གཟུགས་ལ་འདུག་ནས་སུ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ལག་ན་རྡོ་རྗེ་བསྒོམས་ན་ནི། །རྡོ་རྗེ་རིག་པ་འཛིན་པར་འགྱུར། །བཛྲ་དྷ་ར། ཟླ་བའི་
གཟུགས་ལ་འདུག་ནས་སུ། །རྡོ་རྗེ་རིན་ཆེན་བདག་རང་ཉིད། །རབ་ཏུ་རིན་ཆེན་བསྒོམས་ནས་ནི། །རིན་ཆེན་རིག་པ་འཛིན་པར་འགྱུར། །རཏྣ་དྷ་ར། ཟླ་བའི་གཟུགས་ལ་འདུག་ནས་སུ། །རྡོ་རྗེ་འཛིན་པ་རང་བདག་ཉིད། །ལག་པ་པདྨ་དག་ཏུ་བསྒོམ། །པདྨོའི་རིག་པ་འཛིན་
པར་འགྱུར། །པདྨ་དྷ་ར། །ཟླ་བའི་གཟུགས་ལ་འདུག་ནས་སུ། །རྡོ་རྗེའི་ལས་སུ་ཡང་དག་བརྟན། །ལག་ཏུ་ལས་ནི་བསྒོམ་བྱས་ན། །ལས་ཀྱི་རིག་པ་འཛིན་པར་འགྱུར། ཀརྨ་ངྷ་ར། རིག་པ་འཛིན་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་རྫོགས་སོ།། །།ཕྱག་རྒྱ་ཀུན་གྱི་ཏིང་ངེ་
འཛིན། །ནམ་མཁའི་དབྱིངས་སུ་ཀུན་བསམས་ནས། །རྡོ་རྗེའི་བདག་ཉིད་ཇི་སྲིད་འདོད། །དེ་སྲིད་སྐད་ཅིག་གིས་འཕར་འགྱུར། །བཛྲ། དངོས་གྲུབ་ཀྱི་ནི་ཏིང་འཛིན་ནི། །ནམ་མཁའི་དབྱིངས་སུ་ཀུན་བསམས་ནས། །མངོན་པར་ཤེས་པ་ལྔ་ཐོབ་ཅིང་། །མྱུར་དུ་ཡེ་ཤེས་རང་

གྲུབ་འགྱུར། །ཤུདྡྷ། ཤུདྡྷ། རིན་ཆེན་རྡོ་རྗེའི་རང་བཞིན་ཀུན། །ནམ་མཁའི་དབྱིངས་སུ་ཀུན་བསམས་ནས། །རྗེས་སུ་དྲན་པ་བསྟན་པ་ཡིན། །མྱུར་དུ་རིན་ཆེན་འཛིན་མཚུངས་འགྱུར། །བཛྲ་བཛྲ། ཐམས་ཅད་སངས་རྒྱས་གཟུགས་རང་བཞིན། །
ནམ་མཁའི་དབྱིངས་སུ་མོས་བྱས་ནས། །སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སངས་རྒྱས་ཉིད་ཀྱི་ཆེད་དུ་འགྱུར། །བུདྡྷ་བུདྡྷ། མཆོག་གི་དངོས་གྲུབ་རྫོགས་སོ།། །།རང་ཉིད་རྡོ་རྗེ་ཁུ་ཚུར་ནི། །ཆགས་པའི་དགའ་བས་མིག་གདངས་པ། །དེ་ཡིས་གང་ལ་བལྟས་
བ་ནི། །དེས་ཀྱང་རྡོ་རྗེ་ཅན་དུ་མཐོང་། །ཨོཾ་བཛྲ་དྲྀཥྚི་མཊ། གསལ་ཞིང་རབ་ཏུ་འབར་བའི་མིག །མིག་འབྲས་ཀུན་དུ་འདྲེན་བྱེད་པ། །འབར་བའི་ལྟ་བ་ཞེས་སུ་བརྗོད། །འགྲོ་བ་ཐམས་ཅད་འགུགས་བྱེད་པ། །དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ། ཁྲོ་གཉེར་བསྙེར་བ་རབ་འཇོམས་
པ། །ཁྲོས་པས་མིག་ནི་རབ་ཏུ་གཡོ། །ཁྲོ་བོའི་ལྟ་བ་ལ་བརྟེན་ནས། །འཇིག་རྟེན་གསུམ་ཡང་གཞོམ་པར་བྱ། །ཀྲོདྷ་དྲྀཥྚི་ཧྲིཿ། རི་རབ་རི་བོ་མནྡཱ་ར། །བརྟན་ཞིང་མི་འཛུམས་པ་ཡི་མིག །བྱམས་པའི་ལྟ་བ་ཞེས་བཤད་དེ། །གདོན་དང་རིམས་དང་དུག་འཇོམས་པའོ། །
དྲྀ་ཌྷ་ཏིཥྚ་ཏྲཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དགུག་པ་དང་། དབང་དུ་བྱ་བ་དང་། ཆད་པ་གཅད་པ་དང་། ཡོངས་སུ་བསྐྱབ་པའི་ལས་རྫོགས་སོ།། །།བདེ་བ་གཞན་ནི་ཡོད་ཉིད་མིན། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །འོན་ཀྱང་དགུག་པ་བདེ་བ་སྟེ། །དེ་ནི་
ཀུན་ལས་ཁྱད་པར་འཕགས། །དུས་འདིར་སྐལ་བ་ཆེན་པོ་ནི། །དཀྱིལ་འཁོར་ཆེན་པོ་བྱེད་པ་ལས། །དངོས་གྲུབ་མེད་ཀྱང་བདེ་བ་གང་། །བདེ་བ་ཀུན་ལས་ཁྱད་པར་འཕགས། །ལྷ་དང་མི་ཡི་འཇིག་རྟེན་པའི། །བདེ་བ་བསྡུས་པར་འགྱུར་བ་ཡིས། །རྡོ་རྗེ་སློབ་དཔོན་བདེ་བ་
གང་། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཡང་ན་གང་ཞིག་དངོས་གྲུབ་ཐོབ། །སངས་རྒྱས་ཉིད་དུ་རབ་ཤེས་བྱ། །རང་གིས་རྟོགས་པ་གང་ཡིན་པ། །གཞན་དག་གང་གིས་ཤེས་པར་འགྱུར། །སར་ཆུད་རྒྱལ་བའི་གནས་དང་ལྡན། །གསང་བའི་དངོས་གྲུབ་སྟེར་མཛད་པ། །བདེ་

བ་ཐོབ་པ་གང་ཡིན་པ། །དེ་ནི་གསང་བ་འཛིན་ཇི་བཞིན། །གསང་བ་ཡི་ནི་ཚོགས་ཆེན་པོ། །འདི་ལ་ཞུགས་པ་གང་ཡིན་པ། །ས་ཐོབ་པར་ནི་ཤེས་བྱ་སྟེ། །མི་ལྡོག་རྒྱལ་བའི་བདག་ཉིད་སྲས། །རྒྱལ་བའི་གནས་ཀྱི་ས་ཐོབ་ཀྱང་། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །དེ་
ཡིས་ས་བརྒྱད་ཀྱི་བར་དུ། །ཐེག་པ་དམན་པ་སྤོང་མི་འགྱུར། །གསང་ཆེན་རྟོག་པ་འདི་རུ་ནི། །ཞུགས་པ་བདག་ཉིད་རྒྱལ་བའི་སྲས། །ཐེག་ཆེན་ལ་ནི་གཞོལ་བ་རྣམས། །ཡིད་ཆེས་བར་ནི་འགྱུར་བ་སྟེ། །གསང་བ་ཡི་ནི་ཕན་ཡོན་ནི། །སངས་རྒྱས་ཀྱིས་ནི་རབ་ཏུ་
མཁྱེན། །འདིར་ནི་ཡོན་ཏན་མདོར་བསྡུས་པ། །སངས་རྒྱས་བདེ་བ་ཐོབ་པར་འགྱུར། །ཡོན་ཏན་གྱི་དབང་དུ་བྱས་པའི་རྒྱུད་རྫོགས་སོ།། །།བྱེད་པ་པོ་དང་སྐྱེད་བྱེད་མེད། །ལས་དང་འབྲས་བུ་གང་ལས་བཤད། །ང་ཞེས་ཇི་སྐད་བཤད་པ་ལ། །ང་ནི་བྱེད་
པོ་སྐྱེད་བྱེད་དང་། །ང་ནི་སྐྱེ་དགུའི་བདག་པོ་ཡིན། །ང་ནི་སྣ་ཚོགས་བདག་པོ་སྟེ། །བྱེད་པོ་སྐྱེད་བྱེད་མེས་པོ་ཡིན། །ཡང་གསུངས་པ། དག་པ་དེ་བཞིན་གཤེགས་སྙིང་པོ། །སེམས་དཔའི་སྙིང་པོ་ཞེས་བྱར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། །སེམས་ཅན་
ཐམས་ཅད་བདག་དང་མཚུངས། །མྱ་ངན་འདས་བཅས་ས་འོག་སྟེང་། །ས་བླ་འཇིག་རྟེན་འདི་སེམས་ཅན། །མ་ལུས་སྲིད་པ་དག་གི་གནས། །སེམས་ཙམ་དུ་ནི་རབ་ཏུ་འཇུག །སེམས་ཅན་ཀུན་གྱི་སེམས་གང་ཡིན། །དེ་ནི་བྱེད་པོ་འབྱིན་བྱེད་བརྗོད། །ང་ནི་རྒྱལ་པོ་སེམས་
དབང་ཕྱུག །ཅི་ཕྱིར་ང་ནི་བྱེད་པོར་བཤད། །ཇི་སྐད་གསང་བ་གཞན་ལས་གསུངས། །ང་ཉིད་རང་ལས་བྱུང་བ་སྟེ། །མྱ་ངན་འདས་བཅས་ས་འོག་སྟེང་། །ས་བླ་སྲིད་གསུམ་འཇིག་རྟེན་གསུམ། །གང་ཞིག་གནས་ཞེས་བྱ་བའི་སེམས། །གནས་མེད་ལས་བྱུང་གང་ཡིན་
པ། །སྙིང་པོ་དེ་བཞིན་གཤེགས་དག་པ། །དེ་ཉིད་རང་བྱུང་ང་ཉིད་དོ། །ང་ནི་རྡོ་རྗེ་ཅན་ཡང་ཡིན། །སྡུག་བསྔལ་ཐམས་ཅད་སྤངས་པ་དང་། །ཉེས་པ་ཐམས་ཅད་ཟད་པས་ན། །ང་ནི་བྱང་ཆུབ་སེམས་རྡོ་རྗེ། །ང་ཉིད་རང་ཉིད་བྱུང་བའོ། །ང་ཉིད་ཡང་ནི་ཁྱབ་འཇུག་སྟེ། །

གཟུང་བ་ལ་སོགས་ཀུན་སྤངས་པའི། །དག་པ་དེ་བཞིན་ཉིད་རྣམ་ཤེས། །བདག་དང་ཉོན་མོངས་མེད་པ་སྟེ། །དེ་བས་ང་ནི་ཁྱབ་འཇུག་བཤད། །ང་ནི་དེ་བཞིན་ཉི་མ་སྟེ། །ཅི་ཕྱིར་དེ་ཉིད་ཅེས་བཤད་པ། །ཟབ་མོའི་ཆོས་ནི་ངས་རྟོགས་པ། །དེ་ཕྱིར་རང་
བྱུང་ང་ཉིད་ནི། །ཉི་མ་ཞེས་ནི་བྱ་བར་བརྗོད། །ང་ནི་ཟླ་བ་རུ་བརྗོད་དེ། །ང་ནི་ཆོས་རྣམས་ཐམས་ཅད་ཀྱི། །ཞི་བ་རུ་ནི་རྟོགས་པར་བཤད། །དེ་བས་ཞི་བ་ཆེན་པོ་ཡིས། །ང་ནི་ཟླ་བ་བློ་གྲོས་ཆེས། །ང་ནི་དེ་བཞིན་གཤིན་རྗེ་སྟེ། །ཇི་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །ཡེ་
ཤེས་ཆེན་པོ་ལྷག་པར་བཤད། །དེ་ཉིད་རྟོགས་པ་གང་ཡིན་པ། །གཤིན་རྗེ་ང་སྟེ་གཤིན་རྗེ་འཛིན། །དབང་པོ་སྟེ། དབང་པོ་མི་འཕྲུལ་ཞེས་བྱ་བ། །འཁོར་བ་ལས་རྒལ་ཕ་རོལ་ཕྱིན། །ཡེ་ཤེས་ནོར་ནི་བསྒྲུབས་པ་ཡིས། །ང་ནི་དབང་བྱེད་དབང་པོ་ཡིན། །སྐྱེ་དགུ་
ཡི་ནི་བདག་པོ་སྟེ། །ཆོས་རྣམས་ཀུན་གྱི་རྣམ་པ་ནི། །སྐྱེ་བ་རྩ་ནས་འདོན་བྱེད་པ། །སྡུག་བསྔལ་ཆེན་པོ་ཡོངས་སུ་ཤེས། །དེ་ཕྱིར་ང་ནི་སྐྱེ་དགུའི་བདག །ང་བདག་ཉིད་ནི་མེས་པོ་སྟེ། །ང་ཡིས་བདུད་རྩིའི་ཆུ་འཐུངས་ནས། །ཐར་པའི་གྲོང་ཁྱེར་ཆེན་པོ་རུ། །འཁོར་བའི་རྒྱ་
མཚོ་ལས་སྒྲོལ་བས། །ང་ཉིད་ཁོ་ན་མེས་པོ་ཡིན། །ང་ནི་འདོད་པའི་འཇིག་རྟེན་ཡིན། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་ནི་རབ་འཇུག་བྱེད། །ལོ་ཆེན་འཇིག་རྟེན་ཞེས་བྱ་བ། །འཇིག་རྟེན་ལྟ་བ་སྟོན་བྱེད་ཡིན། །སྲིད་པའི་འཇིགས་པ་ལས་བསྒྲལ་ཡིན། །
ཉོན་མོངས་ཆེན་པོ་རྣམ་པར་སྤང་། །སྲིད་པར་བཤད་དེ། སྲིད་པའི་ཞགས་པ་གཅོད་བྱེད་པ། །ང་ནི་སྲིད་པའི་རྒྱལ་པོ་ཆེ། །ཁམས་གསུམ་པ་ནི། རྒྱུད་ནི་ཁམས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ང་ནི་ཐེག་པ་གསུམ་འཛིན་པས། །ང་ནི་ཁམས་
གསུམ་པ་རུ་བཤད། །ས་འོག་ནི། ཡང་དག་དེ་ཉིད་རྡོ་རྗེ་ཆེ། །སྟོང་ཉིད་དེ་བཞིན་ཉིད་ཅེས་བཤད། །ཇི་ལྟར་ས་ནི་འཛིན་པའི་མཆོག །དེ་བཞིན་ང་ནི་ཆོས་འཛིན་པ། །ས་སྟེང་ནི། ས་སྟེང་ནམ་མཁའ་ཞེས་སུ་བརྗོད། །ང་ནི་རང་བཞིན་གྱིས་མཁའ་མཚུངས། །ཆོས་དང་

གང་ཟག་བདག་མེད་པ། །ང་ནི་ས་སྟེང་དེ་ཉིད་བཤད། །མེ་ནི། ང་ནི་གཟོད་ནས་མ་སྐྱེས་འབྱུང་བ་མེད། །བདག་མིན་བདག་མེད་ང་ནི་སྐྱེ་དགུའི་བདག །སྲིད་པའི་འཁྲི་ཤིང་གིས་བཅིངས་སེམས་ཅན་གདུངས། །ང་ནི་གྲོལ་བྱེད་འཁྲི་ཤིང་དག་བྱེད་པ། །རླུང་ནི། མཚན་མ་
རྣམ་པར་བསྒོམས་ནས་ནི། །མཚན་མ་མེད་པ་འདུས་མ་བྱས། །བྱང་སེམས་འཁྲི་ཤིང་ཞགས་པ་དག །འཐོར་བྱེད་དེ་བཞིན་རླུང་ཡིན་ནོ། །ང་ནི་དབང་ཕྱུག་ཆེན་པོ་སྟེ། རྡོ་རྗེ་ཚོགས་ཀྱི་བདག་པོ་ཆེན་པོ་བྱེད། །ང་ནི་སངས་རྒྱས་དབང་ཕྱུག་གཞན་ཅི་སྨོས། །བདུད་རྩི་ཆེན་པོ་
ཐར་པའི་གྲོང་ཁྱེར་ཆེ། །ང་ནི་དབང་ཕྱུག་དབང་སྒྱུར་དབང་ཕྱུག་ཆེ། །ང་ནི་བརྟུལ་ཞུགས་ཞེས་བཤད་དེ། །ང་ནི་ཉོན་མོངས་འཇོམས་པར་བཤད། །ང་ནི་རྒ་དང་འཆི་བ་ལས། །ངེས་པར་གྲོལ་བས་ཚངས་པར་བཤད། །འཇིག་རྟེན་གསུམ་གྱི་ལུས་སུ་ནི། །ཞགས་པ་ཞེ་སྡང་
གཏི་མུག་ནི། །ཁམས་གསུམ་འཇིག་རྟེན་གསུམ་ཡིན་ནོ། །ང་ནི་སྲུང་མ་བྲན་དུ་འགྱུར། །དེ་རྣམས་འབྱུང་བས་ཁམས་གསུམ་ང་། །གདོང་དྲུག་ནི། སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་གསང་འཛིན་བཅས། །རྣམ་པ་དྲུག་ནི་འཁོར་ལོ་ཆེ། །ང་ནི་གདོང་
དྲུག་མཆོག་ཆེན་པོ། །གཞན་ཡང་། བཟའ་དང་ཚོགས་སོགས་གང་ཡིན་པ། །ང་བདག་ཉིད་ཅེས་ཇི་ལྟར་རུང་བར་འགྱུར། །གང་ཞིག་གདོན་ལ་སོགས་པ་ཀུན། །སེམས་ལས་ཀུན་དུ་བྱུང་བའི་རླབས། །ང་ནི་ཐུགས་འཛིན་རྒྱལ་པོ་སྟེ། །དེ་བས་ང་ནི་སྲིད་པའི་གནས། །ང་
ནི་འདོད་པ་སྟེ། ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །དགོངས་པ་མཐར་ཐུག་ང་ཡིས་བཤད། །ང་ནི་སེམས་ཅན་ཀུན་ལ་འདོད། །དེ་བས་ང་ནི་འདོད་པར་བཤད། །ཐར་པ་ང་སྟེ། ང་ཉིད་ཐར་ཅིང་སེམས་ཅན་ཀུན། །སོ་སོར་ཡང་ནི་གྲོལ་བར་བྱེད། །དེ་བས་རང་བྱུང་ང་ཉིད་ནི། །
ཐར་པར་འཛིན་པའི་རྒྱལ་པོ་ཡིན། །ང་ནི་དམྱལ་བ་སྟེ། ང་ནི་བདག་དང་ཆོས་རྣམས་མིན། །ང་ནི་ཆགས་སྡང་ཀུན་དུ་བྲལ། །ང་ཡིས་འཆི་མེད་ལམ་བསྟན་པས། །ང་ནི་དམྱལ་བའི་དམྱལ་བ་པ། །ང་ནི་ཡི་དགས་ཏེ། མངོན་པར་འདོད་པ་ང་ཡིས་འཐོབ། །སེམས་ཅན་

སྒོམ་པ་སྨིན་པར་བྱེད། །ང་ཡིས་དགའ་བའི་གནས་ཐོབ་པས། །ང་ནི་ཡི་དགས་ཡི་དགས་སྐྱེས། །དུད་འགྲོ་ང་སྟེ་དུད་འགྲོ་སྐྱེས། །འཁོར་བའི་ཆུ་བོ་བརྒལ་དཀའ་བས། །སེམས་ཅན་དག་ནི་ཐམས་ཅད་གནས། །ཇི་ལྟར་མི་ཤེས་རྨོངས་གྱུར་པ། །དེ་བཞིན་
ང་ཡིས་གྲོལ་བར་བྱེད། །གཞན་ཡང་ང་ནི་ཆགས་པ་སྟེ། །སེམས་ཅན་གྲོལ་བ་རྗེས་ཆགས་ཕྱིར། །སྲིད་པ་གཅོད་བྱེད་ཞེ་སྡང་དང་། །གསང་མཛོད་འཛིན་པས་སེར་སྣ་ཅན། །སེམས་ཅན་འདོད་པས་འདོད་པ་དང་། །སེམས་ཅན་སྨིན་བྱེད་སེམས་ཅན་ང་། །གསང་བ་
འཛིན་པའི་རྒྱལ་པོ་གང་། །དེ་ནི་ང་ཡི་འཇིགས་བྱེད་སྲས། །དེས་ན་གསང་བ་ཆེན་པོ་ཡི། །ང་ནི་ཆོས་ཀྱི་མཛོད་འཛིན་པ། །སངས་རྒྱས་བྱང་ཆུབ་གསང་འཛིན་པོ། །དེ་བས་ང་ནི་གསང་བའི་བདག །ཡང་ན་བྱིན་གྱིས་རློབ་པ་དང་། །བསྙེམས་བཅས་སྒེག་པའི་ཞལ་མངའ་
བ། །ཐ་ནི་དེ་ཡི་སྟེང་སྦྱར་ནས། །གང་དུ་གསང་བར་བརྗོད་པའོ། །ད་ར་དྷ་རྨ་ད་ར་གསང་། །ང་ནི་ལྔ་ལྔ་འཛིན་པ་ཡིན། །རྨ་བྱ་ཆེན་པོ་མཛོད་ལྡན་མའི། །ང་ནི་གསང་བའི་བདག་པོར་བཤད། །རྩ་དང་པགས་པ་ནུ་མར་ལྡན། །མཛོད་སོགས་གསུས་པ་འཕྱང་བ་དང་། །ཟླ་བའི་
སྟེང་ན་གར་བྱེད་པ། །དེ་རྣམས་གསང་བའི་རྒྱལ་པོ་ཡིན། །ས་ལ་བསྙེམས་པའི་གར་བྱེད་པ། །རྡོ་རྗེ་གར་བྱེད་སྐྲ་དཀར་འཇོམས། །དྲ་བ་སྤུས་ལེན་གསུས་པ་ཅན། །མཛོད་ལྡན་དང་ནི་གོས་འཛིན་མ། །ཡི་གེ་ཏ་འདོན་ཟླ་བ་དང་། །མཆོག་དང་འཇིགས་བྱེད་བཞིན་ལྡན་མ། །
སྒྲ་གཅན་རྡོ་རྗེ་རྗེས་མཐུན་སྒྲ། །མཆེ་བ་འབྱིན་པ་མྱོས་པས་ཁྱབ། །དེ་བཞིན་སྤྱོད་པ་ཡང་དག་ལྡན། །ཕྲེང་ལྡན་གཏི་མུག་འཇོམས་བྱེད་མ། །སྤྱན་འདྲེན་འདུས་བྱས་ཐམས་ཅད་མ། །ཡུན་རིང་གར་གྱི་ཚོགས་ལྡན་མ། །རིགས་ཀྱི་གར་ན་སྤྱོད་མ་དང་། །འཇིགས་བྱེད་རྣམ་པར་
འཇིགས་བྱེད་དང་། །གར་གྱི་གནས་བྱེད་ཅེས་བྱ་དང་། །གར་བྱེད་རྡོ་རྗེའི་གར་བྱེད་མ། །ཕུལ་བྱུང་ཐམས་ཅད་འཐོར་བྱེད་མ། །ལྔ་ཕུང་སྐྱབས་དང་འཛིན་བྱེད་པ། །རྐང་གདུབ་ཀྱིས་ནི་བདུད་ཀྱི་ཚོགས་འཇོམས་བྱེད། །འབྲུག་གི་བདག་པོ་རྐང་གདུབ་ཀྱིས་འདར་བྱེད། །རྐང་

གདུབ་ཀྱིས་ནི་ཡང་ཡང་བདག་ཆེན་སྐྱེལ། །བསྐྱོད་པའི་འདར་འདར་བརྟན་པ་སྐྱེལ་བྱེད་པ། །ལག་པ་རྐེད་པ་ཇི་བཞིན་བསྐྱོད་པའོ། །གར་གྱི་ཕྱི་རོལ་པས་ཀུན་དུ་སྡུད་བྱེད་མ། །རྡོ་རྗེ་ཉི་མ་ས་ཡི་གར། །དེ་བཞིན་ན་དི་ཀི་སི་རི། །ཟས་ཆེན་གར་མའི་གསང་བ་སྟེ། །དེ་བས་ང་ནི་གསང་
བའི་བདག །ཧཱ་ཧཱ་ཧཱ་ཐཱ་པཱ་ཏཱ་པ་ཀཱ་ཏ་ས་ར་མ་ར་ཧཱུཾ། རྣལ་འབྱོར་ཆེན་པོ་སྤྱན་འདྲེན་མ། །གུས་ལྡན་མ་དང་སྤྲུལ་བྱེད་གཞན། །འཕྲོག་མ་འཇོམས་བྱེད་གཞུ་མ་དང་། །སྙིང་པོ་བདུད་མ་སྒྲ་སྒྲོགས་མ། །ཕེག་རྡོབ་འཛིན་དང་དྲག་པོ་དང་། །གཞན་ཡང་རྡོ་རྗེ་ལྡན་པར་བཤད། །
རྟ་སྒྲའི་ཚོགས་ནི་དྲུག་ལྡན་མ། །འོད་ཚོགས་ཀྱིས་ནི་མཚན་མོ་འཇོམས་བྱེད་མ། །སེང་གེ་ཡི་ནི་ང་རོ་སྒྲ་སྒྲོགས་པ། །རྟ་ཡི་སྒྲ་སྒྲོགས་སྒྲ་གཅན་མ་དང་ནི། །གཞན་ཡང་གསང་བ་སྟུག་པོས་ཁྲུས་བྱེད་མ། །སྣ་ཚོགས་ཧ་ཧ་སྒྲ་ཡིས་འཕྲོག་བདག་མ། །སྤྱན་བཟང་ཡངས་མ་གསང་
བ་སྟོན་བྱེད་མ། །གཞན་ཡང་འབད་པས་དགའ་བ་ཉིད་བྱེད་མ། །གཞན་ཡང་སྤྱན་ཡངས་ཨུཏྤལ་གྱིས་བརྒྱན་མ། །སྤྲིན་འཇོམས་བྱེད་ཅིང་ས་རྣམས་ཀུན་འཇོམས་མ། །སེང་གེའི་བཞིན་རོལ་གོང་ནས་གོ་རིམས་ལྡན། །དེ་འདྲའི་འཁོར་ནི་དམ་པ་དང་ལྡན་པ། །གཞན་ཡང་
གསང་བའི་ཡིད་ལ་ཏཾ་སྒྲོགས་པ། །དེ་བཞིན་རིམ་གྱིས་དགེ་ལེགས་ཉིད་བྱེད་མ། །ཊུ་ཧཱུཾ་ཊུ་ཧཱུཾ་དྷ་རི་དྷ་ད་རི། མ་ཧཱ་ཤྲི་རི་ཤ་ཡང་ན་ཤྲི་ཡ་རི་ཀཾ་མ་ཏ་ས་ཏ་ཀཾ །དེ་ཁོ་ན་ཉིད་ཀྱི་གསང་བ་རྫོགས་སོ།། །།དེ་ཡི་དཀྱིལ་འཁོར་ཞུགས་ནས་ནི། །འདོད་པའི་ཡོན་ཏན་ལྔ་མཆོག་
གིས། །རྣལ་འབྱོར་པ་ནི་རོལ་བྱེད་ན། །དེས་ནི་དངོས་གྲུབ་ཐོབ་པར་འགྱུར། །གསང་བའི་མདོ་ཡི་དབང་བཤད་པའི། །སེམས་ཅན་སྤྱོད་པ་ཇི་ལྟ་བུ། །ཡང་གསུངས་པ། འདོད་པའི་ཡོན་ཏན་ལྔ་བཤད་པ། །གསང་བ་ཡི་ནི་རབ་སྒྲུབ་པ། །དང་པོར་དེ་བཞིན་གཤེགས་
པའི་རིགས། །སྒྲུབ་པ་ཡི་ནི་རོལ་པར་བྱ། །བྷ་ག་ཅི་ཡིན་བརྗོད་པར་བྱ། །འཇོམས་པས་བྷ་ག་ཞེས་སུ་བརྗོད། །གང་དུ་ཉོན་མོངས་འཇོམས་བྱེད་པ། །ཤེས་རབ་ལུས་འཇོམས་ཉོན་མོངས་པ། །དེ་བས་ཤེས་རབ་བྷ་གར་བརྗོད། །དེ་བས་རྟགས་ནི་ཅི་ཡིན་བརྗོད། །རྟགས་ནི་

མཚན་མ་ཞེས་བྱར་བཤད། །བློ་ལྡན་ཤེས་རབ་རྟགས་ལས་བྱུང་། །བྱང་ཆུབ་སེམས་ནི་ཐབས་ཆེན་པོ། །དེ་ནི་རྟགས་སུ་རབ་ཏུ་བསྒྲགས། །བྷ་གར་ལིང་ག་བཅུག་ནས་སུ། །འཁོར་ལོའི་དངོས་གྲུབ་བསྒྲུབ་པར་བྱ། །ཏིང་ངེ་འཛིན་དང་གཟུངས་གང་ཡིན། །
མཁས་པས་སྒོ་གཉིས་གཟུང་བར་བྱ། །དེ་ནི་བཅུག་པ་ཞེས་བཤད་དེ། །རྡོ་རྗེ་འཛིན་པ་ཆེན་པོར་འགྱུར། །དེ་ནས་དགོངས་པས་བཤད་པ་ཡི། །བྷ་ག་རུ་ནི་རྫས་བསྒྲུབ་པ། །གསང་རྒྱུད་དབང་པོ་ལས་གསུངས་བཞིན། །བསྒྲུབ་པ་དག་ནི་ཇི་ལྟར་བྱ། །བྷ་གར་གུར་
གུམ་ཕྱུང་ནས་ནི། །མཚན་མ་ཡང་ནི་གཞུག་པར་བྱ། །རྫས་རྣམས་བཟང་པོ་ཐོབ་པར་འགྱུར། །རྣམ་པ་བཞི་ཡང་འགྲུབ་པར་འགྱུར། །བྷ་ག་པདྨ་ཞེས་བྱར་བརྗོད། །མཚན་མ་རྡོ་རྗེ་ཞེས་བཤད་དོ། །རྫས་ནི་པདྨའི་སྟེང་བཞག་ནས། །རྡོ་རྗེ་སྲུབ་མས་བསྒྲུབ་པར་བྱ། །
ཤིན་ཏུ་ཆགས་པས་འདོད་ཆགས་ཅན། །དེས་ནི་གསང་བ་རབ་བསྒྲུབ་འགྱུར། །འདོད་ཆགས་ཆགས་པའི་སྦྱོར་བ་ཡིས། །དངོས་གྲུབ་ཆེན་པོ་ཇི་ལྟར་འགྱུར། །འདི་ནི་ཆགས་ཅན་རབ་བསྒྲུབ་འགྱུར། །བདེན་པ་ཉིད་དུ་ཡང་དག་བཤད། །འདོད་ཆགས་བྲལ་བ་གསང་བ་མེད། །
དེ་ནི་གསང་བ་འགྲུབ་མི་འགྱུར། །དད་པའི་དད་པ་ཆེན་པོ་ཡིས། །གསང་བའི་སྦྱོར་བ་ལས་བྱུང་ཆགས། །བསྒྲུབ་པ་ལ་ནི་འཇུག་འགྱུར་བ། །དེ་ཡིས་སྒྲུབ་པ་གདོན་མི་ཟ། །ཆགས་དང་བྲལ་བའི་སྡིག་པ་ནི། །གང་ཞིག་གསང་ལ་ཆགས་བྲལ་འགྱུར། །སངས་རྒྱས་
བྱང་ཆུབ་སྤྱོད་བྱེད་པ། །སྡིག་ཆེན་ཁ་ན་མ་ཐོ་ཆེ། །སངས་རྒྱས་ཀུན་གྱིས་རབ་ཏུ་སྨད། །ཆོས་ལ་ཁ་ན་མ་ཐོ་མེད། །དེ་ཡིས་གསང་བ་རབ་འགྲུབ་འགྱུར། །རྣམ་པ་ཐམས་ཅད་ཉོན་མོངས་ཀུན། །འཇོམས་པ་འདོད་ཆགས་མཆོག་ཡིན་ནོ། །འདོད་ཆགས་ཞེ་སྡང་སོགས་ཉོན་
མོངས། །རྟོགས་དང་མཚུངས་པའི་ཆོས་མེད་དོ། །སྐྱེ་དགུ་ཀུན་བསད་བསོད་ནམས་ཇི་ལྟ་བུ། །ཇི་སྲིད་འཁོར་བར་བཅིངས་བར་དུ། །སྲིད་པ་ཟད་པར་མི་འགྱུར་རོ། །འཁོར་བའི་བཙོན་ར་འདི་རུ་ནི། །སེམས་ཅན་ཀུན་གྱིས་གཞོམ་པར་བྱ། །གང་ཞིག་གཞན་གྱི་ནོར་

འཕྲོག་པ། །དེས་ནི་གསང་བ་རབ་འགྲུབ་འགྱུར། །ནོར་ནི་འཁོར་བ་ཞེས་བཤད་དེ། །སེམས་ཅན་དེ་རྣམས་ཉོན་མོངས་འགྱུར། །གང་ཞིག་གཞན་གྱི་ནོར་འཕྲོག་པ། །བྱང་ཆུབ་སེམས་ནི་རབ་འགྲུབ་འགྱུར། །བུད་མེད་རྣམས་དང་ལྷན་ཅིག་རྩེ། །དེས་ནི་གསང་བ་
འགྲུབ་པར་འགྱུར། །རང་གི་རིགས་ཀྱི་ལྷ་མོ་གང་། །རིག་པའི་ལྷ་མོ་བླ་མེད་དང་། །ལྷན་ཅིག་རྣལ་འབྱོར་རོལ་པ་ཡིས། །རོལ་པ་ཙམ་གྱིས་འགྲུབ་པར་འགྱུར། །གལ་ཏེ་རིགས་ནི་འགྲུབ་འདོད་ན། །བརྫུན་པའི་ཚིག་ཀྱང་སྨྲ་བར་བྱ། །ཆོས་ཀུན་དངོས་པོ་མེད་པ་སྟེ། །བརྗོད་
མིན་ཚིག་གི་སྤྱོད་ཡུལ་མིན། །མེད་པ་གང་ཡིན་བརྫུན་ཚིག་ལྡན། །རིག་པའི་བཟླས་པ་བདེན་པ་ཡིན། །གལ་ཏེ་དངོས་གྲུབ་མཆོག་ནི་བསྒྲུབ་འདོད་ན། །སེམས་ཅན་གསད་བྱ་དེ་བཞིན་བཟའ་བར་བྱ། །སེམས་ཅན་ཆགས་པ་ཞེས་བཤད་དེ། །མིང་དང་གཟུགས་ལ་
ཀུན་དུ་ཆགས། །བཀུག་ནས་ཟོས་པར་གྱུར་ན་ནི། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །འཁོར་བ་སྤངས་ཀྱང་ཆོས་མིན་འགྱུར་བ་ནི། །འཁོར་བ་སྤོང་བ་གང་ཡིན་པ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་འགྱུར། །བློ་ལྡན་ཐེག་པ་དམན་དགའ་བ། །དེ་ནི་རྟག་ཏུ་
ཉེས་ལྡན་ཡིན། །མྱ་ངན་འདས་ལ་མངོན་དགའ་ན། །སེམས་ཅན་དོན་ལ་ཕྱིར་ཕྱོགས་འགྱུར། །བློ་ལྡན་ཐེག་པ་དམན་དགའ་བ། །དེ་ནི་རྟག་ཏུ་ཉེས་ལྡན་ཡིན། །སེར་སྣ་ཅན་ནི་དེ་ཡི་རིགས་བསྒྲུབ་འགྱུར། །ཚུལ་ཁྲིམས་རྣམ་པར་དག་འགྱུར་ཞིང་། །སྲོག་གི་ཕྱིར་ཡང་
གཏོང་མི་བྱེད། །རིག་པའི་བརྟུལ་ཞུགས་ལྡན་འགྱུར་བ། །དེས་ནི་གསང་བ་རབ་བསྒྲུབ་འགྱུར། །དྲག་དང་ལྡན་པའི་སེམས་ལྡན་པ། །དེས་ནི་འགྲུབ་པར་འགྱུར་བར་འདོད། །སྡུག་བསྔལ་ཐམས་ཅད་གཅོད་པའི་ཕྱིར། །རྟག་ཏུ་དྲག་པོ་ཉིད་དུ་འགྱུར། །སྡིག་པ་སྡང་བ་རྣམས་
སྤོང་ན། །དེས་ནི་གསང་བ་རབ་འགྲུབ་འགྱུར། །ཆོས་མིན་སྤྱོད་པ་རྣལ་འབྱོར་མཆོག་གྲུབ་ཡིན། །གཟུང་དང་འཛིན་པ་ཆོས་ཤེས་པ། །གང་ཚེ་སྤོང་བར་གྱུར་པ་ནི། །རྟག་ཏུ་ཆོས་མཆོག་སྤྱོད་པ་སྟེ། །དེས་ནི་གསང་བ་རབ་འགྲུབ་འགྱུར། །སྲིད་གསུམ་མངོན་པར་ཆགས་པས་

རྣལ་འབྱོར་བསྒྲུབ། །སྲིད་གསུམ་ལ་ནི་ཆགས་པར་འགྱུར། །སེམས་ཙམ་དུ་ནི་རྟོགས་པའི་ཕྱིར། །དེ་ནི་རྣལ་འབྱོར་བསྒྲུབ་པ་ཡིན། །རྟག་ཏུ་འདོད་པའི་འདོད་ཆགས་རྒྱལ་འགྱུར་གང་། །གསང་བ་ཆེན་པོར་བརྟན་པར་བསྒྲུབ་པ་ཡིན། །འདོད་པར་བྱ་བ་
འདོད་པ་སྟེ། །འདོད་པའི་འདོད་ཆགས་ཞེས་བཤད་དོ། །རབ་ཏུ་དགའ་ལ་ཆགས་པ་སྟེ། །བློ་ལྡན་བློ་གྲོས་དེ་ལ་ཆགས། །གཅི་བ་ཁྱོར་བ་གང་འཐུངས་ན། །བཤང་བ་ཅུང་ཟད་བཟའ་བར་བྱ། །ཐམས་ཅད་དག་པའི་བརྟུལ་ཞུགས་ཀྱིས། །མྱུར་དུ་དངོས་གྲུབ་མཆོག་ཐོབ་
འགྱུར། །གཅི་བ་རྡོ་རྗེ་ཞེས་བཤད་དེ། །བཤང་བ་པདྨ་ཡང་དག་ལྡན། །དགའ་བའི་ཆོས་ལ་རེག་པས་ནི། །དེ་ནས་ཐར་པའི་གྲོང་ཁྱེར་འགྲོ། །རྣལ་འབྱོར་ཆེན་པོ་བྷ་ག་འཐུངས། །རྣལ་འབྱོར་རབ་ཏུ་བསྒྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང་། །བྷ་ག་ཡི་ནི་སྒྲ་རུ་
བསྒྲགས། །གང་ཞིག་བདུད་རྩི་བཏུང་བ་བཏུང་། །རྡོ་རྗེ་འཆང་དང་འདྲ་བར་འགྱུར། །བུད་མེད་སྡུག་དང་ལྷན་ཅིག་ཏུ། །དཀྱིལ་འཁོར་ཆེན་པོ་བརྟག་པར་བྱ། །རིགས་ཀྱི་ལྷ་མོ་རྣལ་འབྱོར་བྱུང་། །རིག་པ་སྡུག་པ་ཉིད་ཡིན་ཏེ། །དཀྱིལ་འཁོར་གསང་བ་བརྟག་བྱས་ན། །སྐད་
ཅིག་དེ་ལ་རང་འགྲུབ་འགྱུར། །ཁྲོ་ཞིང་གཏུམ་ལ་དྲག་པོ་སྟེ། །རྡོ་རྗེ་ཡི་ནི་རིགས་སུ་འགྱུར། །གང་ཞིག་སྡུག་བསྔལ་རྣམས་ལ་ཁྲོ། །འཁོར་བའི་སྦྱོར་འབྱུང་ལས་སྡང་བ། །རྡོ་རྗེ་རྣལ་འབྱོར་ཕུན་ཚོགས་འགྱུར། །རིགས་ནི་ཉམས་པར་འགྱུར་བ་ཡིན། །དགེ་བ་ཐམས་ཅད་
སྤངས་ནས་ནི། །ཆོས་མིན་པ་ནི་ཡང་དག་སྤྱད། །བྱ་མིན་བྱེད་པའི་རྣལ་འབྱོར་པས། །ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །རྣམ་པར་རྟོག་པ་ཀུན་སྤངས་ནས། །དགེ་བ་ལ་ནི་རབ་ཏུ་འཇུག །ཆོས་ལ་ལྟ་བར་གྱུར་པ་ཉིད། །ཆོས་མིན་ཀུན་ཏུ་སྤྱོད་མི་བྱ། །བྱ་མིན་གང་
ཞིག་དངོས་མེད་དེ། །དེ་ཉིད་བརྟན་པར་བྱེད་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ལྟ་བུས། །རྟོག་པ་ཆེན་པོས་རབ་འགྲུབ་འགྱུར། །རྟོག་པ་ཐམས་ཅད་བསྡུས་པའི་དྲུག་པ་གསང་བའི་ཚོགས་ཆེན་པོའི་མཆོག་ཏུ་གསང་བ་རྟོགས་པའི་རྒྱལ་པོ་ཆེན་པོ་ཤིན་ཏུ་གསང་བའི་རྣལ་

འབྱོར་རྡོ་རྗེ་རྩེ་མོ་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དགོངས་པ་རྣམ་པར་འགྲེལ་པ་ཞེས་བྱ་བ་རྣམ་པར་བཤད་པ་གསུམ་པ་རྫོགས་སོ།། །།རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཆོག །གསང་བའི་
ཆོས་ཀྱི་གནས་མཆོག་ཏུ་གསང་བ་ཡང་རྫོགས་སོ།། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དུས་གསུམ་གཤེགས་པ་སྲས་བཅས་ལ། །ཡང་དང་ཡང་དུ་ཕྱག་འཚལ་ནས། །མཆོག་ཏུ་རྨད་བྱུང་རིག་པའི་རྒྱུད། །མདོར་བསྡུས་ནས་
ནི་བཤད་པར་བྱ། །ཧཱུཾ་ཨ་ཛ་ཀར། དྷ་ར་ཧོ། དྷ་ར་ས། ཨོཾ་ཨ་དྲ་ན་ཧ་ཧ་ཧེ་ཝར། དྷི་དྷ་དྷ། དྷཱི་ངྷཱར་ཎི། མ་ཧེ་ཏོ་རཾ་ཀ་ཀྲ་ཎཾ། ཀ་བ་ཙེ་ཧཱུཾ་བཾ། དེ་ལ་གསང་བ་མཆོག་ཏུ་གསང་། །ཡེ་ཤེས་དམ་པའི་རང་བཞིན་ཆེ། །རྒྱལ་པོ་གསང་བའི་མདོ་དབང་པོ། །ཐེག་པ་ཆེན་པོ་ཀུན་དུ་བསྡུས། །
རིགས་འབྱུང་བློ་ལྡན་ཆེན་པོ་དང་། །སངས་རྒྱས་ཐམས་ཅད་འབྱུང་བ་དང་། །རྡོ་རྗེ་ཀུན་དབང་ཆོ་ག་ནི། །ཤིན་ཏུ་རྨད་བྱུང་རབ་བཤད་བྱ། །ངོ་བོ་ཉིད་ཀྱི་སྐུ་རུ་ནི། །སངས་རྒྱས་རྡོ་རྗེ་ཅན་ཀུན་འབྱུང་། །རྨད་བྱུང་ཆོས་ཀྱི་རྒྱུད་ཆེན་པོ། །ཐར་བ་མཆོག་ཏུ་བསྟན་པ་སྟེ། །ཐུབ་པའི་
དབང་ཕྱུག་རྣམ་སྣང་མཛད། །ཐུགས་ཀ་ནས་ནི་རྒྱུད་འདི་བྱུང་། །ཀུན་དུ་བཟང་པོ་རྡོ་རྗེའི་བདག །ཕྱག་ན་རྡོ་རྗེ་འོད་པོ་ཆེ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དོན་ཡོད་དབང་ཕྱུག་དམ་པ་སྟེ། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །བདེན་པ་དམ་ཚིག་ཅེས་བྱ་བ། །ཐུབ་པ་
ཆེན་པོ་ཆོས་ཕུང་པོ། །སྟོང་ཕྲག་དག་ནི་གྲངས་མེད་གསུངས། །རྡོ་རྗེ་སེམས་དཔའ་མཆོག་ཆེན་གྱིས། །ཆོས་ཀྱི་མངོན་པར་རྟོགས་པ་བཤད། །སོ་སོར་རྟོགས་པའི་མངོན་རྟོགས་དང་། །དེ་བཞིན་མངོན་པར་བྱང་ཆུབ་དང་། །དཔེ་བྱད་མཆོག་ནི་མངོན་དུ་བྱུང་། །དེ་བཞིན་ཡེ་ཤེས་ཐོབ་
པ་ཉིད། །ཡེ་ཤེས་ཆེན་པོའི་ཆོས་འདི་ནི། །སངས་རྒྱས་ཀྱི་ནི་མངོན་རྟོགས་བཤད། །ཐེག་པ་ཆེན་པོའི་མངོན་རྟོགས་ཡིན། །ཤིན་ཏུ་གསང་བའི་ཚུལ་ཆེན་པོ། །རང་སེམས་སོ་སོར་རྟོགས་པ་ནི། །བྱང་ཆུབ་སེམས་དཔའི་ཚུལ་ཆེན་པོ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་མཆོག །ཐེག་

པ་ཆེན་པོ་མངོན་པར་བསྡུས། །མཐར་ཐུག་ས་སྟེ་ས་ཆེན་པོ། །སངས་རྒྱས་ས་ནི་བླ་ན་མེད། །ཐེག་པ་ཆེན་པོ་མངོན་པར་རྟོགས། །ཡེ་ཤེས་ཐོབ་པར་རྟོགས་བྱེད་པ། །སྤྱོད་པ་བཅུ་ཡི་བྱང་ཆུབ་ཆེ། །ཕ་རོལ་ཕྱིན་པ་དམ་པ་བཅུ། །ས་བཅུ་ཀུན་དུ་རྟོགས་པ་སྟེ། །
ཐེག་པ་ཆེན་པོ་མངོན་པར་བསྡུས། །བྱང་ཆུབ་ཆེན་པོ་རྒྱ་ཆེ་བ། །རྣམ་པ་ཐམས་ཅད་མཁྱེན་པའི་མཆོག །ཀུན་མཁྱེན་ཡེ་ཤེས་རྫོགས་བྱང་ཆུབ། །ཐེག་པ་ཆེན་པོ་མངོན་པར་བསྡུས། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཐེག་པ་ཆེན་པོ་ཆོས་
ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཆོས་ཀྱི་གནས་ནི་ཡོངས་སུ་གྱུར། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །ཚོགས་ཀྱི་དཀྱིལ་འཁོར་ཤིན་ཏུ་དག །མཁའ་མཉམ་དང་ནི་མཚུངས་པ་ཡིན། །གནས་ངན་ལེན་ནི་ཀུན་ལས་གྲོལ། །རྣམ་པར་
རྟོག་པ་ཀུན་ལས་གྲོལ། །ཉོན་མོངས་དྲི་མ་ཀུན་དག་པ། །དང་པོར་ཟླ་བ་བཞིན་དུ་མཐོང་། །ཐུགས་རྗེའི་བརྩེ་བ་ཡང་དག་བྱུང་། །སེམས་ཅན་ཡོངས་སུ་འཛིན་པར་བྱེད། །བྱང་ཆུབ་སེམས་ནི་དག་པ་ཆེ། །སངས་རྒྱས་ཞིང་ནི་གོས་པ་མེད། །དགེ་བའི་ཆོས་ཀྱིས་ཀུན་
དུ་གང་། །ཉོན་མོངས་ཐམས་ཅད་ངེས་པར་འཇོམས། །ཟླ་ཆེན་གང་བའི་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་སྟེ། །བསྐལ་པ་གྲངས་མེད་གསུམ་བྱང་ཆུབ། །ཡང་དག་བླངས་ལས་བྱུང་བ་ཉིད། །དམ་པའི་ཆོས་མཆོག་གྲངས་མེད་པ། །སྦྱིན་པའི་སྤྱོད་པ་མཆོག་དང་
ལྡན། །ས་དང་ས་རུ་རྟོགས་བྱེད་པ། །ཡེ་ཤེས་དག་པ་ཟག་པ་མེད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །དེ་ནི་རྡོ་རྗེ་ཤིན་ཏུ་བརྟན། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །སྣང་བ་མེད་ཅིང་གནས་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །སྐྱེས་དང་འཇིག་པ་རྣམ་པར་སྤངས། །
མི་ཚིག་མི་ཆོད་མི་ཕྱེད་པ། །ལྷག་མ་མེད་པའི་ཆོས་ཀྱི་སྐུ། །རྡོ་རྗེའི་བདག་ཉིད་ཡང་དག་བྱུང་། །རྡོ་རྗེའི་སྐུ་ནི་བླ་ན་མེད། །སྐུ་དང་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་ཀུན་དུ་རྟོགས་པ་དང་། །ལྔ་པོ་དེ་དག་ཀུན་ཐུན་མོང་། །སངས་རྒྱས་ཀུན་གྱི་བདག་ཉིད་ཅན། །མངོན་

པར་བྱང་ཆུབ་རྣམ་པ་ལྔ། །ཆོས་ཀྱི་ཡེ་ཤེས་བླ་ན་མེད། །ལྔ་པོ་དེ་དག་གསང་ཞེས་བྱ། །སྙིང་པོར་ཡང་ནི་དེ་དག་གསུངས། །གང་ཕྱིར་དོན་ཀུན་གྲུབ་པའི་ཕྱིར། །སྔོན་ནི་དོན་ཀུན་གྲུབ་པར་བྱེད། །བཅོམ་ལྡན་ཀུན་དུ་བཟང་པོ་དང་། །རྡོ་རྗེའི་ལས་ནི་བླ་ན་མེད། །རྡོ་རྗེའི་
དབྱིངས་ནི་བརྟན་པའི་བདག །རྣམ་པར་སྣང་མཛད་བླ་ན་མེད། །དེ་དག་གསང་བའི་མཚན་ཡིན་ཏེ། །རྣལ་འབྱོར་གྱི་ནི་གནས་སྐབས་ཐོབ། །དེ་ནས་སྙིང་པོ་ནི། ཨོཾ་ཙིཏྟ་པྲ་ཏི་བོ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་ཨུཏ་པཱ་ད་ཡཱ་མི། ཨོཾ་ཏིཥྛ་བཛྲ་ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་
སྟ་ཐཱ་ཨ་ཧཾ། དེ་ནས་སངས་རྒྱས་ཐམས་ཅད་ཉིད། །ཐུབ་པ་ཡི་ནི་ཐུགས་ཀར་བཞུགས། །དེ་བཞིན་གཤེགས་པ་ཀུན་གྱི་གསུང་། །རྡོ་རྗེའི་རིག་པ་འདི་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སཾ་བོ་དྷི་དྲྀ་ཌྷ་བཛྲ་ཏིཥྛ། སངས་རྒྱས་གྲགས་ཆེན་ཐམས་ཅད་ཀྱིས། །རིག་པ་
འདི་ནི་བརྗོད་པས་ན། །རྣམ་པར་སྣང་མཛད་ཐུབ་ཆེན་པོ། །དེ་ཉིད་ཡེ་ཤེས་མངོན་སངས་རྒྱས། །དེ་ནས་སངས་རྒྱས་ཐམས་ཅད་ནི། །ཉིད་ཀྱི་ཐུགས་ལས་བྱུང་བར་གྱུར། །ཆོས་བཞིའི་རྣལ་འབྱོར་ཆེན་པོ་ནི། །བྱིན་ནས་ལྷ་མོ་དབང་བསྐུར་འགྱུར། །སེམས་ཅན་ཀུན་དོན་ཡང་དག་
ལྡན། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །མཁའ་མཚུངས་བརྗོད་ལས་ཡང་དག་བྱུང་། །རིན་ཆེན་ཆེན་པོས་དབང་བསྐུར་འགྱུར། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང་། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ཆེ། །འཇིག་རྟེན་དབང་ཕྱུག་ཆེན་
པོ་བྱིན། །བྱ་བ་ཀུན་ལ་དོན་ཡོད་པ། །དགའ་ལྡན་ལ་སོགས་རྣམ་པར་འཕྲུལ། །གདུལ་བར་བྱ་བ་ཐབས་ཀྱི་ལས། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །སངས་རྒྱས་ཀུན་གྱི་གསང་བ་གང་། །བྱང་ཆུབ་སེམས་ནི་ཚུལ་ཆེན་པོ། །ཉོན་མོངས་ཀུན་ལས་རྣམ་པར་གྲོལ། །
སངས་རྒྱས་གཙོ་བོ་ཆེན་པོས་བྱིན། །དབང་བསྐུར་ཙམ་གྱི་མོད་ལ་ནི། །གསང་བའི་མིང་ནི་ཡང་དག་བྱུང་། །སངས་རྒྱས་ཀུན་བདག་རྒྱལ་པོ་སྟེ། །ཀུན་མཆོག་དབང་བསྐུར་དམ་པའོ། །དེ་ནས་སྙིང་པོ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཤྭ་ཛྱ་ཨ་བྷི་ཥེ་ཀ་ཧཱུཾ། དེ་ནས་སངས་རྒྱས་

རྒྱལ་པོ་ཆེ། །ཆོས་ནི་མངོན་སུམ་གྱུར་མཛད་པ། །སྟུག་པོའི་གནས་ནས་གཤེགས་ནས་ནི། །སངས་རྒྱས་ལྷན་ཅིག་སྣ་ཚོགས་ཆེ། །རྣལ་འབྱོར་དང་བཅས་བདག་ཉིད་ཆེ། །རྡོ་རྗེའི་དབང་པོའི་གནས་སུ་གཤེགས། །དེ་ནས་ངོ་བོ་ཉིད་སྐུ་ལས། །
སླར་ཡང་བྱུང་བ་སྤྲོས་པར་འགྱུར། །སངས་རྒྱས་རྣལ་འབྱོར་ལས་ཆེན་པོ། །ཅི་བཞིན་སྔོན་གྱི་རྗེས་འབྲངས་ནས། །རྡོ་རྗེའི་དབུས་སུ་བཞུགས་པར་གྱུར། །སྔོན་གྱི་སངས་རྒྱས་མཛད་པ་བཞིན། །སངས་རྒྱས་ཀྱི་ནི་མཛད་པ་བསྟན། །གསང་བ་རོལ་པའི་འཁོར་ལོ་རུ། །སྐུ་ནི་
ལོངས་སྤྱོད་རྫོགས་པའི་མཆོག །སངས་རྒྱས་ཐམས་ཅད་བདག་ཉིད་ཆེ། །སྣ་ཚོགས་རྣལ་འབྱོར་བདག་ཉིད་ཆེ། །འཁོར་ལོ་ཐམས་ཅད་བཞུགས་པར་འགྱུར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །ཅི་བཞིན་སྔོན་གྱི་རྗེས་འབྲངས་ནས། །སངས་རྒྱས་
རོལ་པ་ཡང་དག་ལྡན། །སངས་རྒྱས་སྟོན་པ་བཞུགས་པར་འགྱུར། །དུས་གསུམ་ཡེ་ཤེས་རྗེས་མཐུན་ནི། །སངས་རྒྱས་ཀྱི་ནི་རྣལ་འབྱོར་བརྗོད། །ཧཱུཾ་བཛྲ་ས་ཏྭ། ཨོཾ་བཛྲ་རཏྣ་ཧྲཱིཿ། བཛྲ་དྷརྨ། ཨཿབཛྲ་ཀརྨ། བསྐལ་པ་གྲངས་མེད་གསུམ་སྔོན་དུ། །བཅོམ་ལྡན་བྱང་
ཆུབ་མཛད་པ་གང་། །རྣལ་འབྱོར་སེམས་དཔའ་བཞིར་བཅས་པའི། །རྡོ་རྗེའི་དཀྱིལ་འཁོར་སྣང་བར་བགྱི། །བྱང་ཆུབ་ཆེན་པོ་ཆོས་ཀྱི་མཆོག །བྱང་ཆུབ་སེམས་ནི་ཚུལ་ཆེན་པོ། །རྡོ་རྗེ་སེམས་དཔའི་རང་བཞིན་བགྱི། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང་། །ཕ་རོལ་ཕྱིན་པ་སྤྱད་
པ་ནི། །སྔོན་དུ་བཅོམ་ལྡན་སྤྱད་པ་གང་། །རྡོ་རྗེ་རིན་ཆེན་སྦྱོར་བ་ཡིས། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང་། །ཐེག་པ་ཆེན་པོ་མངོན་པར་རྟོགས། །ཆོས་ཀྱི་མཆོག་ནི་རབ་རྟོགས་པ། །རྡོ་རྗེ་ཆོས་ཀྱི་སྦྱོར་བ་ཡིས། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང་། །སེམས་ཅན་སྨིན་ཅིང་གྲོལ་བར་
བྱེད། །སངས་རྒྱས་མཛད་པ་རབ་ཏུ་འཇུག །བརྩོན་འགྲུས་དང་ལྡན་ལས་ཆེན་པོ། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང་། །བྱང་ཆུབ་སེམས་ནི་གསང་ཆེན་པོ། །བསོད་ནམས་ཚོགས་དང་ཤེས་རབ་དང་། །བྱང་ཆུབ་སྤྱོད་པ་རབ་སྦྱོར་བ། །རྒྱལ་པོ་བཞི་ནི་རབ་ཏུ་འབྱུང་། །གོ་

ཆའི་སྦྱོར་བ་གང་ཡིན་དང་། །སྤྱོད་པ་དེ་བཞིན་མངོན་རྟོགས་ཏེ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཆེ། །རྒྱལ་པོ་བཞི་ནི་རྣམ་པར་བྱུང་། །བྱང་ཆུབ་སྙིང་པོ་མངོན་རྟོགས་དང་། །སངས་རྒྱས་ཀུན་གྱི་དབང་བསྐུར་དང་། །ཆོས་ཀྱི་འཁོར་ལོས་བརྟུལ་བ་དང་། །རྒྱལ་པོ་བཞི་ནི་
རྣམ་པར་བྱུང་། །ཆོས་མཆོག་མངོན་པར་རྟོགས་པ་དང་། །ཏིང་ངེ་འཛིན་སྒོ་གཟུངས་དང་ནི། །སངས་རྒྱས་ཐམས་ཅད་ཐབས་ཆེན་པོ། །རྒྱལ་པོ་བཞི་ནི་རྣམ་པར་བྱུང་། །རྒྱལ་ཆེན་རྫོགས་པའི་བྱང་ཆུབ་དང་། །དེ་བཞིན་ཆོས་ནི་མངོན་རྟོགས་དང་། །ཆོས་མཆོག་བྱང་ཆུབ་ཆེན་
པོ་དང་། །རྣམ་པ་བཞི་ནི་ཡོངས་སུ་བྱུང་། །མགོན་པོ་ཐུགས་ཀ་ནས་སྤྲོས་ནས། །རྒྱལ་པོ་བཞི་ནི་རྣམ་པར་བྱུང་། །ཕྱོགས་རྣམས་ཐམས་ཅད་ཀུན་ནས་ནི། །ས་ནི་ཐམས་ཅད་གཡོས་བྱས་ནས། །ཕྱོགས་རྣམས་ཐམས་ཅད་ཀུན་ནས་ནི། །འོད་ཀྱི་སྣང་བས་གསལ་བར་བྱས། །
མགོན་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །ཆེད་དུ་བརྗོད་པ་ཆེད་བརྗོད་དོ། །ཨེ་མའོ་གསང་བའི་ཆོས་ཆེན་པོ། །ཨེ་མའོ་ཡེ་ཤེས་བླ་ན་མེད། །ཨེ་མའོ་རོལ་པའི་འཁོར་ལོའོ། །ཨེ་མའོ་སངས་རྒྱས་རྨད་བྱུང་ཆེ། །ཨེ་མའོ་སངས་རྒྱས་ཐབས་ཆེན་པོ། །ཨེ་མའོ་ངོ་མཚར་
ལྡན་པ་ཉིད། །མི་སྣང་རང་བཞིན་ཆོས་རྣམས་ནི། །འདི་ནི་སྣང་བ་བཅས་པར་དམིགས། །རྒྱལ་པོ་རྣལ་འབྱོར་ཆེ་དེ་རྣམས། །ཕྱོགས་རྣམས་ཀུན་དུ་གསལ་བྱེད་ཅིང་། །ཆོས་ཀྱི་སྐུ་ཡི་ཏིང་འཛིན་བརྙེས། །ནམ་མཁའ་དང་མཚུངས་རྨད་བྱུང་བ། །གང་ཞིག་ཤར་གྱི་ཕྱོགས་ཆ་རུ། །
སངས་རྒྱས་གྲགས་པ་ཆེན་པོ་ཀུན། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཆོས་ཀྱི་དབྱིངས་སུ་ཡང་དག་སྤྲོས། །ཆོས་ཀྱི་སྐུ་རུ་སྤྲོས་ནས་ནི། །ཆོས་ཀྱི་དབྱིངས་ནི་སྟུག་པོར་འགྱུར། །གང་ཕྱིར་ཤར་དུ་ཡང་དག་བྱུང་། །མི་བསྐྱོད་པ་ནི་བདག་ཉིད་བྱས། །ལྷོ་རུ་རྡོ་རྗེ་རིན་ཆེན་ཏེ། །ནུབ་
ཏུ་རྡོ་རྗེ་ཆོས་ཡིན་ནོ། །བྱང་དུ་རྡོ་རྗེ་ལས་ཉིད་དེ། །ཆོས་ཀྱི་སྐུ་རུ་ལྡན་པར་འགྱུར། །མ་ལུས་མཆོག་ཏུ་བསྟན་པ་ཡི། །སངས་རྒྱས་ཐམས་ཅད་ཕྱོགས་བཞི་རུ། །མི་བསྐྱོད་རྡོ་རྗེ་རིན་ཆེན་དབང་། །དོན་ཡོད་གྲུབ་པ་བླ་ན་མེད། །རྒྱལ་པོ་བཞི་ནི་ཕྱོགས་བཞི་རུ། །རྡོ་རྗེའི་སྟེང་དུ་

བཞུགས་པར་འགྱུར། །ཕྱོགས་དང་ཕྱོགས་མཚམས་བཞི་དག་ཏུ། །མཉམ་པར་དམིགས་ནས་བཞུགས་པར་གྱུར། །རྡོ་རྗེ་རྣལ་འབྱོར་རྒྱལ་པོ་ཆེ། །སངས་རྒྱས་ཐམས་ཅད་ཡང་དག་བསྡུས། །ཆོས་དབྱིངས་བརྟན་པའི་ངོ་བོ་ཉིད། །གསང་བ་ཀུན་དུ་
ཁྱབ་པར་བསྡུས། །དབུས་སུ་མགོན་པོ་རྣམ་སྣང་མཛད། །སངས་རྒྱས་ཐམས་ཅད་དབང་བསྐུར་བ། །ཕྱོགས་དང་མཚམས་ཀྱི་སངས་རྒྱས་ཀུན། །བརྟན་པར་མཛད་ནས་རབ་ཏུ་བཞུགས། །གདུག་པ་ཀུན་གྱི་དབང་ཕྱུག་རྒྱལ། །ཐུབ་པའི་སྐྱེས་མཆོག་མི་བསྐྱོད་པ། །
སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །ཤར་གྱི་ཕྱོགས་སུ་ཡང་དག་བཞུགས། །དབང་བསྐུར་བ་ནི་རྒྱལ་པོ་ཆེ། །ནམ་མཁའ་ཐུབ་པའི་སྐྱེས་མཆོག་ནི། །སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །ལྷོ་ཡི་ཕྱོགས་སུ་བཞུགས་པར་གྱུར། །དག་པའི་ཆོས་
འཛིན་རྒྱལ་པོ་ཆེ། །ཆོས་འཛིན་གཙོ་བོ་ཆེན་པོ་ནི། །སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་གྱུར། །སངས་རྒྱས་མཛད་པ་འཛིན་རྒྱལ་པོ། །དོན་ཡོད་གྲུབ་པ་བླ་ན་མེད། །སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །བྱང་གི་ཕྱོགས་སུ་
བཞུགས་པར་གྱུར། །མི་བསྐྱོད་རྡོ་རྗེ་སེམས་དཔའ་སྟེ། །མཁའ་སྙིང་རིན་ཆེན་འབྱུང་ལྡན་ཡིན། །འཇིག་རྟེན་དབང་ཕྱུག་འོད་དཔག་མེད། །རྡོ་རྗེ་ལས་ནི་དོན་ཡོད་གྲུབ། །གསང་ཞིང་ཤིན་ཏུ་གསང་བ་མཆོག །ཆོས་དབྱིངས་བརྟན་པ་གང་ཡིན་པ། །དེ་ཉིད་མགོན་པོ་རྣམ་སྣང་མཛད། །
སངས་རྒྱས་ཀུན་གྱི་བདག་པོར་བཤད། །སངས་རྒྱས་ཐམས་ཅད་ཕྱོགས་བཞི་རུ། །སྦྱིན་པ་བཞི་ནི་རབ་ཏུ་བཤད། །ཕྱོགས་མཚམས་དྲུག་ནི་བརྟན་མཛད་ནས། །རྣམ་པར་སྣང་མཛད་ཡང་དག་ལྡན། །ཤར་གྱི་སངས་རྒྱས་དབང་ཕྱུག་རྒྱལ། །རྡོ་རྗེ་སེམས་དཔའ་འཇིགས་མི་མངའ། །
ཐུབ་པ་མི་བསྐྱོད་སྣང་བ་དེས། །སྙིང་པོ་བཞི་ནི་གསུངས་པར་འགྱུར། །ཧཱུཾ་བཛྲ་སཏྭ། ཛཿབཛྲ་རཱ་ཛ། ཧོ་བཛྲ་རཱ་ག །སཱ་བཛྲ་སཱ་དྷུ། དམ་ཚིག་སེམས་དཔའ་ཞེས་བྱ་བ། །དེ་བཞིན་རྡོ་རྗེ་སེམས་དཔའ་སོགས། །འཇིགས་པ་མི་མངའ་སེམས་དཔའ་བཞི། །མགོན་པོ་ཡི་ནི་ཐུགས་ལས་

བྱུང་། །ཕྱག་ན་རྡོ་རྗེ་བཟང་པོ་མཆོག །རྡོ་རྗེ་ལྕགས་ཀྱུ་ཆེན་པོ་བསྣམས། །རྡོ་རྗེ་ཆགས་པ་བདུད་ཆེན་པོ། །རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཆེ། །རྡོ་རྗེ་རྒྱལ་པོ་བཞི་ཐུབ་པ། །ཐུབ་པའི་ཐུགས་ཀ་ནས་བྱུང་བ། །གྲངས་བཞི་དང་ནི་ལྡན་པ་དག །འཁོར་ལོའི་རིམ་གྱིས་བཞུགས་པར་
གྱུར། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། །རིན་ཆེན་འབྱུང་ལྡན་རབ་གྲགས་པ། །ལྷ་ཡི་བདག་པོ་སངས་རྒྱས་ཆོས། །སྙིང་པོ་བཞི་ནི་གསུངས་པར་འགྱུར། །ཨོཾ་བཛྲ་རཏྣ། ཨོཾ་བཛྲ་ཏེ་ཛཿ། ཏྲཱཾ་བཛྲ་ཀེ་ཏུ། ཧཱ་བཛྲ་ཧཱ་ས། རྡོ་རྗེ་རིན་ཆེན་སྟོབས་པོ་ཆེ། །གྲངས་བཞི་དང་ནི་ཡང་དག་ལྡན། །
རིན་ཆེན་རྒྱལ་པོ་ལས་བྱུང་བ། །ཐུབ་པའི་ཐུགས་ཀ་ནས་བྱུང་བ། །རྡོ་རྗེ་རིན་ཆེན་རིན་པོ་ཆེ། །རྡོ་རྗེ་གཟི་བརྗིད་རྫུ་འཕྲུལ་ཆེ། །རྡོ་རྗེ་རྒྱལ་མཚན་ཤིན་ཏུ་མཐོང་། །རྡོ་རྗེ་བཞད་པ་རྫུ་འཕྲུལ་ཆེ། །དེ་དག་རེ་རེ་ལས་ཀྱང་ནི། །རྒྱལ་པོ་གྲངས་མེད་རབ་ཏུ་བྱུང་། །གཡས་དང་གཡོན་དང་
རྒྱབ་དག་དང་། །དཀྱིལ་འཁོར་གྱི་ནི་མདུན་དུ་བཞུགས། །དག་པའི་ཆོས་ནི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །ཤེས་རབ་ཕ་རོལ་ཕྱིན་དག་པས། །སྙིང་པོ་བཞི་ནི་གསུངས་པར་འགྱུར། །ཧྲཱིཿབཛྲ་དྷརྨ། དྷྲྀཿབཛྲ་ཏཱིཀྵྞ། མཾ་བཛྲ་ཧེ་ཏུ། རཾ་བཛྲ་བྷཱ་ཥ། ཆོས་
ཀྱི་རྒྱལ་པོ་བཞི་ཡང་ནི། །མགོན་པོའི་ཐུགས་ཀ་ནས་བྱུང་བ། །སེམས་ཅན་ཀུན་ལ་ཕན་དོན་དུ། །འཁོར་ལོ་རིམ་བཞིན་བཞུགས་པར་གྱུར། །ཆོས་རྣམས་ཀུན་ལ་དོན་ཡོད་པ། །སྤྱོད་པ་ཡི་ནི་སློབ་དཔོན་མཆོག །དོན་ཡོད་གྲུབ་པ་རྒྱལ་པོ་ཆེས། །སྙིང་པོ་བཞི་ནི་གསུངས་
པར་འགྱུར། །ཀཾ་བཛྲ་ཀརྨ། ཧཾ་བཛྲ་རཀྵ། ཧཱུཾ་བཛྲ་ཡཀྵ། བཾ་བཛྲ་མུཥྚི། ཀུན་ཀྱང་འཁོར་ལོ་ཡང་དག་ལྡན། །ཡེ་ཤེས་དག་པ་མཆོག་གི་རྣམས། །སངས་རྒྱས་རྣམ་འཕྲུལ་འཁོར་ལོ་ནི། །ཆོས་དང་ལོངས་སྤྱོད་རྫོགས་པའི་མཆོག །སྔོན་གྱི་བྱང་ཆུབ་སེམས་གང་ནི། །རྡོ་
རྗེ་སེམས་དཔའ་རྣམ་པར་བྱུང་། །བསྡུ་བའི་དངོས་པོ་བཞི་པོ་ནི། །རྡོ་རྗེ་རིན་ཆེན་ཉིད་དུ་འགྱུར། །ཤེས་རབ་ཕ་རོལ་ཕྱིན་དག་པ། །དེ་ནི་རྡོ་རྗེ་ཆོས་མཆོག་ལྡན། །ཐབས་ལ་མཁས་པས་འཁོར་ལོ་ནི། །རྡོ་རྗེ་ལས་སུ་རྣམ་པར་འཕྲུལ། །དེ་ནས་ཆོས་ནི་རྫོགས་སངས་རྒྱས། །

ཆོས་དང་ལོངས་སྤྱོད་རྫོགས་པའི་རྟེན། །བྱུང་གྱུར་བྱུང་དང་འབྱུང་བར་འགྱུར། །སངས་རྒྱས་མཛད་པ་བླ་ན་མེད། །བྱང་ཆུབ་སེམས་ནི་མཆོག་ཏུ་འཛིན། །དག་པའི་ཆོས་ཀྱིས་འདུལ་མཛད་པ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཆེ། །དབུ་མའི་ཆོས་ལས་རྣམ་པར་
བྱུང་། །གཞན་ཡང་རྗེས་སུ་བརྩེ་དང་དེ་བཞིན་སྦྱིན། །ཤེས་རབ་ཐབས་དང་ཡང་དག་ལྡན། །ཆོས་ཀྱི་རྒྱལ་པོ་བཞི་པོ་དེ། །རྣམ་པར་སྣང་མཛད་ཐུགས་ལས་བྱུང་། །འདུ་ཤེས་འདུ་ཤེས་མེད་པ་མིན། །བཏགས་པ་མ་ཡིན་གནས་པ་མེད། །བདག་དང་ཆོས་ཉིད་ལྟ་བ་
མིན། །རྣམ་རྟོག་ལས་ནི་བྱུང་བ་མིན། །ངོ་བོ་ཉིད་ཀྱི་སྐུ་རུ་ནི། །སོ་སོར་སྣང་བ་ཡང་དག་བྱུང་། །ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ནི། །ཆོས་ཀྱི་ལོངས་སྤྱོད་འདི་ལྟ་བུ། །ཐམས་ཅད་བརྗོད་པ་དང་བྲལ་ཞིང་། །ཞི་དང་ཕྲ་བ་བལྟ་བར་དཀའ། །སངས་རྒྱས་རྣམས་ནི་དགོངས་མཛད་
ཅིང་། །སངས་རྒྱས་རྣམ་འཕྲུལ་མཐོང་བར་འགྱུར། །དེ་ཉིད་ཐེག་པ་ཆེ་རང་བཞིན། །མཛོད་ཆེན་པོ་ཡི་རང་བཞིན་མཆོག །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །ཐེག་པ་ཆེན་པོའི་མངོན་པར་བསྡུས། །སངས་རྒྱས་ཡེ་ཤེས་མངོན་པར་རྟོགས། །སྔོན་དུ་བཅོམ་ལྡན་མཛད་གང་ཡིན། །
སེམས་དཔའ་བཞི་པོ་དེ་རྣམས་ཏེ། །ཐེག་ཆེན་མངོན་པར་རྟོགས་པར་འདོད། །བྱང་ཆུབ་ཀྱི་ནི་སེམས་དེ་ལས། །ཐུབ་པ་མི་བསྐྱོད་རྣམ་པར་བྱུང་། །སེམས་དེ་ཡང་ནི་རྣམ་པ་བཞི། །རྣམ་པ་བཞི་ནི་ཡང་དག་བྱུང་། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་ཕྱག་ན་རྡོ་རྗེ་ཡིན། །སྒྲོལ་
དང་གྲོལ་དང་དབུགས་འབྱིན་པ། །ལྕགས་ཀྱུ་འཛིན་པ་རབ་ཏུ་གནས། །སེམས་དཔའ་བསྟན་པ་དོན་ཡོད་པ། །ཡེ་ཤེས་དེ་ཉིད་ཤིན་ཏུ་ཆགས། །སླར་ཡང་བསྟན་པར་བྱ་བའི་ཕྱིར། །ལེགས་པ་ལས་ནི་ཡང་དག་བྱུང་། །གང་ཞིག་མགོན་པོ་ཐུབ་འབྱིན་པ། །སེམས་ཅན་རྗེས་སུ་
འཛིན་མཛད་པ། །རིན་ཆེན་འབྱུང་ལྡན་ཞེས་བྱ་བ། །དེ་ནི་སླར་ཡང་རྣམ་པ་བཞི། །ཆོས་ཀྱི་སྦྱིན་པ་རིན་པོ་ཆེ། །མི་འཇིགས་གཟི་བརྗིད་ཡང་དག་གནས། །བྱམས་པ་རྒྱལ་མཚན་ཡང་དག་བརྗོད། །ཟང་ཟིང་བཞད་པར་ཡང་དག་ལྡན། །ཤེས་རབ་ཕ་རོལ་ཕྱིན་རྒྱལ་པོ། །ཚེ་

དཔག་མེད་ནི་རྣམ་པ་བཞི། །སོ་སོར་རིག་པ་མངོན་པར་རྫོགས། །ཏིང་ངེ་འཛིན་སྒོ་པདྨ་ཅན། །སྡུག་བསྔལ་གཅོད་པ་ཤིན་ཏུ་རྣོ། །ཆོས་ཀྱི་འཁོར་ལོ་ཚེ་དང་ལྡན། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་གཞན། །བརྗོད་དུ་མེད་པའི་ཆོས་ཀྱི་མཆོག །དོན་ཡོད་གྲུབ་པ་མཛད་པ་སྟེ། །
ཐབས་དེ་ཡང་ནི་རྣམ་པ་བཞི། །སེམས་ཅན་ལ་སོགས་འདུལ་བ་ལས། །རྡོ་རྗེ་ལས་ནི་མཆོད་པ་ཆེ། །ཐེག་པ་གཞན་དུ་མི་འཇུག་པ། །རྡོ་རྗེ་བསྲུང་བར་རབ་ཏུ་བརྗོད། །གདུག་པ་འདུལ་ཞིང་ངེས་བྱེད་པ། །ཕྱིར་མི་ལྡོག་པ་ཁུ་ཚུར་ཡིན། །དེ་ནས་འདི་རྣམས་ཀྱི་གསང་པའི་མཚན་ནི་རྡོ་རྗེ་
སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་རྒྱུ། རྡོ་རྗེ་སྨྲ་བ། རྡོ་རྗེ་ལས། རྡོ་རྗེ་སྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར། དེ་ལ་དང་པོ་ནི་རྡོ་རྗེ་སེམས་
དཔའ། རྡོ་རྗེ་ཆོས། རྡོ་རྗེ་རིན་ཆེན། རྡོ་རྗེ་ལས་དེ་ནས་རྣམ་གྲངས་མི་བསྐྱོད་པ། རིན་ཆེན་འབྱུང་ལྡན་འོད་དཔག་ཏུ་མེད་པ་དོན་ཡོད་པར་གྲུབ་པ། དེ་ནས་འདི་རྣམས་གསང་བའི་སྙིང་པོ་ནི་ཧཱུཾ་ཨོཾ་ཨཱ་ཧ། རྒྱལ་པོའི་སྙིང་པོ་ནི་ཨོཾ་ཧཱུཾ་ཧྲཱི་ཧོཿ། བཅུ་དྲུག་གི་སྙིང་པོ་ནི་ཧཱུཾ་ཛཿཧོ་སཱ། ཨོཾ་ཨཱཾ་ཏྭཱཾ་ཧ། ཧྲཱི་
དྷི་མཾ་རཾ་ཀཾ་ཧཾ་ཧཱུཾ་བཾ། ཤིན་ཏུ་གསང་བའི་རྒྱུད་ཆེན་པོ་འདིའི་ཕ་རོལ་ཏུ་ཕྱིན་པ་དམ་པ་རྣམ་པ་བཅུ་དྲུག་ཏུ་ཡང་དག་པར་བྱུང་བ་གང་ཡིན་པ་དེ་ནི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དམ་པའོ། །བྱང་ཆུབ་སྤྱོད་པའི་མཐུ་ཡིས་ནི། །སངས་རྒྱས་ཉིད་ཀྱི་ཕ་རོལ་བྱོན། །དེ་བས་ཕ་རོལ་ཕྱིན་ལྡན་པ། །རྡོ་རྗེ་སེམས་
མར་བརྗོད་པར་བྱ། །བསྡུ་བ་ཡི་ནི་དངོས་པོ་བཞི། །སོ་སོར་རྟོགས་པ་མངོན་པར་རྫོགས། །ཆོས་བཞི་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་རིན་ཆེན་མ་རུ་བརྗོད། །གསང་བའི་ཆོས་ཀྱི་ཡེ་ཤེས་ནི། །དེ་ཉིད་ཕ་རོལ་ཕྱིན་པ་མཆོག །ཕ་རོལ་ཕྱིན་པ་ཆེ་ལས་བྱུང་། །རྡོ་རྗེ་ཆོས་མར་བརྗོད་པར་
བྱ། །སྦྱོར་བ་ཡང་དག་ཤེས་པ་གང་། །རྡོ་རྗེ་ལས་མར་བརྗོད་པར་བྱ། །རྒྱལ་པོ་ཕ་རོལ་ཕྱིན་བཞི་ནི། །རྡོ་རྗེ་ཕ་རོལ་ཕྱིན་པ་མཆོག །གང་ཕྱིར་རྣམ་པར་རོལ་པ་མཆོག །སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །བརྒྱན་པའི་ལུས་ཅན་ཡིད་འཕྲོག་པ། །ཕྲེང་བ་ཚུལ་ཁྲིམས་

ཕ་རོལ་ཕྱིན། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །གླུ་མ་བཟོད་པའི་ཕ་རོལ་ཕྱིན། །མྱུར་དུ་སངས་རྒྱས་སྟེར་བྱེད་པ། །གར་མ་བརྩོན་འགྲུས་ཕ་རོལ་ཕྱིན། །འདོད་པའི་འདམ་གྱིས་མ་གོས་པ། །མེ་ཏོག་བསམ་གཏན་ཕ་རོལ་ཕྱིན། །ཀུན་ཏུ་མཚུངས་པར་འཕྲོ་བ་ཡི། །
བདུག་པ་ཤེས་རབ་ཕ་རོལ་ཕྱིན། །དྲིང་མི་དགེ་ལས་ཕྱིར་ཕྱོགས། །ཐབས་ནི་དྲི་དང་ཡང་དག་ལྡན། །ཕྱོགས་རྣམས་ཀུན་དུ་སྣང་བྱེད་པ། །སྨོན་ལམ་སྣང་བ་ཆེན་པོ་ཡིན། །ཐོབ་པའི་ཕ་རོལ་ཕྱིན་ཞེས་པ། །སྟོབས་ཀྱི་ཕ་རོལ་ཕྱིན་པ་མཆོག །མི་ཤེས་མུན་པ་འཇོམས་འབྱེད་པ། །
ལྷ་མོ་ཡེ་ཤེས་ཕ་རོལ་ཕྱིན། །བདུད་རྣམས་ཐམས་ཅད་ཕམ་བྱེད་པ། །ལྷ་མོ་མི་ཐུབ་ཕ་རོལ་ཕྱིན། །བྱང་ཆུབ་རྫོགས་པའི་བྱང་ཆུབ་ཆེ། །རྡོ་རྗེའི་ཕ་རོལ་ཕྱིན་པའི་ཚུལ། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་མ། །བདག་མེད་ཆོས་ཀྱི་རང་བཞིན་མཆོག །རྡོ་རྗེའི་ལྷ་མོ་ཡང་དག་བྱུང་། །
རྡོ་རྗེ་ཕ་རོལ་ཕྱིན་པ་མཆོག །དེ་ནས་དེ་རྣམས་ཀྱི་གསང་བའི་མིང་ནི་རྡོ་རྗེ་སེམས་མ། རྡོ་རྗེ་རིན་ཆེན་མ། རྡོ་རྗེ་ཆོས་མ། རྡོ་རྗེ་ལས་མ། རྡོ་རྗེ་སྒེག་མོ། རྡོ་རྗེ་ཕྲེང་བ་མ། རྡོ་རྗེ་གླུ་མ། རྡོ་རྗེ་གར་མ། རྡོ་རྗེ་མེ་ཏོག་མ། རྡོ་རྗེ་བདུག་པ་མ། རྡོ་རྗེ་དྲི་མ། རྡོ་རྗེ་མར་མེ་མ། རྡོ་རྗེ་ཐོ་བ་མ། རྡོ་རྗེ་
ཡེ་ཤེས་མ། རྡོ་རྗེ་མི་ཐུབ་མ། རྡོ་རྗེ་ལས་མ། སངས་རྒྱས་ཀུན་གྱི་ཐབས་ཆེན་པོ། །རྣམ་པ་བཞིར་ནི་རབ་ཏུ་འཇུག །སེམས་ཅན་དགུག་པའི་ཐབས་ཆེན་པོ། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱར་བཤད། །བྱང་ཆུབ་སྤྱོད་པ་ལ་སྤྱོད་ལ། །རྡོ་རྗེ་ཞགས་པར་རབ་ཏུ་བསྒྲགས། །ཐེག་པ་གཞན་
ལ་འདོད་མེད་པ། །དེ་ནི་རྡོ་རྗེ་ལྕགས་སྒྲོག་བཤད། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད། །རབ་ཏུ་འོད་གསལ་གཟོད་ནས་ཞི། །རྡོ་རྗེ་ཐེག་པ་ཐེག་ཆེན་པོ། །རྡོ་རྗེ་དྲིལ་བུ་ཞེས་བྱར་བརྗོད། །དེ་ནས་འདི་རྣམས་ཀྱི་གསང་བའི་མིང་དག་ནི་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་
སྒྲོག །རྡོ་རྗེ་དྲིལ་བུ། དེ་ནས་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་འཁོར་ལོ་དེ་དག་ཐམས་ཅད་ཀྱི་སྙིང་པོ་ནི་ཧཱུཾ་ཏྲཱཾ་ཧྲཱི་ཧོ། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ། །ཛཿཧཱུཾ་བཾ་ཧོཿ། འཁོར་ལོའི་རོལ་པ་ལ་གནས་པ། །སངས་རྒྱས་རྣལ་འབྱོར་འདི་ཡིས་ནི། །ཆོས་ཀྱི་ལོངས་སྤྱོད་རྡོ་རྗེ་ཅན། །

ཆོས་སྐུ་བླ་ན་མེད་པར་འགྱུར། །དབུས་ཀྱི་སངས་རྒྱས་སངས་རྒྱས་བཞི། །འཁོར་ལོ་ལྔ་དང་ཡང་དག་ལྡན། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་ཀུན། །རྣལ་འབྱོར་ཏིང་འཛིན་འཐོབ་མཛད་ལ། །རེ་རེ་ཞིང་ཡང་རྡོ་རྗེ་ནི། །གྲངས་མེད་པས་ཀྱང་ཡོངས་སུ་བསྐོར། །ཆོས་དང་ལོངས་
སྤྱོད་རྫོགས་ལས་བྱུང་། །དག་པའི་ཆོས་ཀྱི་ཚུལ་ཆེན་པོ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི། ཨོཾ་སཏྭ་བཛྲཱི་ཨོཾ་རཏྣ་བཛྲཱི། ཨོཾ་དྷརྨ་བཛྲཱི། ཨོཾ་ཀརྨ་བཛྲཱི། ཨོཾ་བཛྲ་ལཱ་སྱེ། ཨོཾ་བཛྲ་མཱ་ལེ། ཨོཾ་བཛྲ་གཱི་ཏེ། ཨོཾ་བཛྲ་ནཾར་རྱ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་གན་དྷེ། ཨོཾ་བཛྲ་
ཨཱ་ལོ་ཀེ །ཨོཾ་བཛྲ་ཨང་ཀུ་ཤ །ཨོཾ་བཛྲ་པཱ་ཤ །ཨོཾ་བཛྲ་སྥོ་ཊ། ཨོཾ་བཛྲ་གྷཎྜེ། དེ་ནས་འདི་དག་ཐམས་ཅད་ཀྱི་ཐུན་མོང་གི་སྙིང་པོ་ནི་ཧཱུཾ། མགོན་པོ་རྣམ་པར་སྣང་མཛད་ཆེ། །འཁོར་ལོས་སྒྱུར་བ་ཆེན་པོ་བཞི། །སེམས་དཔའ་ཆེན་པོ་བཅུ་དྲུག་དང་། །གསང་ཆེན་ལྷ་མོ་
བཅུ་གཉིས་དང་། །སྒོ་སྲུང་བ་ནི་བཞི་དག་སྟེ། །སུམ་ཅུ་རྩ་བདུན་ལས་མི་ཉུང་། །གསང་བའི་ལྷ་མོ་བཞི་པོ་ནི། །ཕྱིས་ཀྱི་ཕ་རོལ་ཕྱིན་པ་མཆོག །གསང་བའི་ལྷ་མོ་ཀུན་ལས་ནི། །རྗེས་ཐོག་ཉིད་དུ་ཡང་དག་བྱུང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེས། །སུམ་ཅུ་
རྩ་བདུན་བགྲང་མི་བྱ། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །ཆོས་ཀྱི་རིགས་མཆོག་ཡང་དག་བྱུང་། །བྱང་ཆུབ་སེམས་ལས་ཀུན་དུ་བྱུང་། །མི་བསྐྱོད་ལ་སོགས་ཚོགས་ཆེན་པོ། །ང་ཡིས་རྡོ་རྗེ་རིགས་སུ་བརྗོད། །ཕྱག་ན་རྡོ་རྗེ་བདག་ཉིད་ཆེ། །སྦྱིན་པའི་སྤྱོད་པ་ཀུན་དུ་
བྱུང་། །རིན་ཆེན་འབྱུང་ལྡན་ལ་སོགས་པ། །ང་ཡིས་རིན་ཆེན་རིགས་སུ་བཤད། །རིན་ཆེན་རྡོ་རྗེ་བདག་ཉིད་ཆེ། །སྦྱིན་པ་སྤྱོད་པ་ཀུན་དུ་བྱུང་། །དག་པའི་ཆོས་ལ་ཀུན་དུ་བྱུང་། །ཚེ་དཔག་མེད་པ་ལ་སོགས་པ། །དེ་ནི་པདྨའི་རིགས་སུ་བཤད། །རྡོ་རྗེ་ཆོས་ནི་བདག་
ཉིད་ཆེ། །གྲུབ་པའི་ལས་ལས་ཀུན་དུ་བྱུང་། །དོན་ཡོད་གྲུབ་པ་ལ་སོགས་ལས། །དེ་ནི་ལས་ཀྱི་རིགས་སུ་བཤད། །ནམ་མཁའི་མཛོད་ནི་ལས་ཆེན་པོ། །རྡོ་རྗེ་ཇི་བཞིན་ལྷ་མོ་ཡང་། །ལྷ་མོ་ཇི་བཞིན་བསྟེན་ཏེ་འདྲ། །ཇི་ལྟར་བསྟན་པ་དེ་བཞིན་ཞི། །ཇི་ལྟར་ཞི་བ་དེ་བཞིན་

བྱུང་། །རྡོ་རྗེ་སེམས་དཔའ་མི་བསྐྱོད་མཚུངས། །ཤར་གྱི་ཕྱོགས་སུ་ཡང་དག་བཞུགས། །རྡོ་རྗེ་རིན་ཆེན་རིན་ཆེན་མཆོག །ལྷོ་ཡིས་ཕྱོགས་སུ་ཡང་དག་བཞུགས། །རྒྱལ་པོ་འཇིག་རྟེན་དབང་ཕྱུག་མགོན། །ནུབ་ཀྱི་ཕྱོགས་སུ་ཡང་དག་བཞུགས། །
བྱ་བ་ཀུན་ལ་དོན་ཡོད་པ། །བྱང་ཕྱོགས་སུ་ནི་བཞུགས་པར་འགྱུར། །དབུས་སུ་མགོན་པོ་རྣམ་སྣང་མཛད། །ཀུན་མཁྱེན་ཡེ་ཤེས་རྣལ་འབྱོར་ཆེ། །ཟླ་བ་གང་བ་བཞིན་དུ་ཞི། །རྡོ་རྗེ་འཁོར་ལོ་བླ་ན་མེད། །གང་ཕྱིར་ཀུན་དུ་སྔོན་འགྲོ་བ། །རྡོ་རྗེ་བྱང་ཆུབ་སེམས་དོན་ལྡན། །
དེ་ལས་སྤྱོད་པ་དེ་ལས་ཆོས། །དེ་ལས་སྤྱོད་པ་སྤྱད་དཀའ་བ། །སེམས་དཔའ་ཆེན་པོ་བླ་ན་མེད། །རྡོ་རྗེ་རྣལ་འབྱོར་བཞུགས་པར་འགྱུར། །སངས་རྒྱས་ཀུན་གྱི་གསུང་གཅིག་གིས། །མགོན་པོ་ལ་ནི་གསོལ་བ་བཏབ། །ཐུབ་པའི་དབང་ཕྱུག་རྡོ་རྗེ་སེམས། །མགོན་པོ་ལ་ནི་
གསོལ་བ་འདེབས། །རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཁྱོད་ལ་བརྟེན་ནས་དེ་བཞིན་གཤེགས། །སངས་རྒྱས་སྲས་དང་བཅས་པ་ཀུན། །ཁྱོད་ལ་བརྟེན་ནས་འབྱུང་བར་འགྱུར། །དང་པོའི་ཐུགས་ནི་རྣལ་འབྱོར་ཆེ། །བྱང་སེམས་ཤིན་ཏུ་རྙེད་དཀའ་བ། །ཀྱེ་མ་སེམས་
ཅན་འདི་སྡུག་བསྔལ། །སངས་རྒྱས་ཆོས་ཀྱི་སྣོད་མིན་པ། །སེམས་ཅན་ཀུན་གྱི་དོན་ཆེད་དུ། །འཁོར་ལོའི་དཀྱིལ་འཁོར་དམ་པ་གསུངས། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་གནས་ཀྱི་དབང་ཕྱུག་གིས། །མགོན་པོའི་གསུང་ནི་གསན་ནས་སུ། །འཁོར་ལོའི་སྦྱོར་བ་
གསུངས་པར་འགྱུར། །དེ་ནི་ཡང་དག་བཤད་པར་བྱ། །འཁོར་ལོ་ཆེན་པོ་གྲོང་ཁྱེར་ཆེ། །སངས་རྒྱས་ཀུན་གྱི་ཐུགས་ལས་བྱུང་། །སྙིང་པོའི་ཆོས་མཆོག་རྣལ་འབྱོར་ལྡན། །སངས་རྒྱས་རྡོ་རྗེའི་བསྟན་པ་ཡིན། །སེམས་ཅན་འདི་དག་གདུལ་བྱ་མིན། །དེ་རྣམས་བདེ་བའི་དོན་ཆེད་
དུ། །རྡོ་རྗེའི་རྣལ་འབྱོར་བཤད་པར་བྱ། །རྡོ་རྗེ་སློབ་དཔོན་ཆོ་གའི་ཚུལ། །བདག་ཉིད་ཇི་བཞིན་རྣལ་འབྱོར་བྱས། །སངས་རྒྱས་བྱང་ཆུབ་ཐོབ་འགྱུར་བ། །དེ་ལ་དང་པོར་རབ་བཤད་བྱ། །དེ་རུ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་བརྟན་པར་རབ་འཇུག་ན། །སངས་རྒྱས་བྱང་ཆུབ་

རྡོ་རྗེ་ཉིད། །ཐོབ་འགྱུར་དེ་ལ་ཐེ་ཚོམ་མེད། །ཐེག་པ་ཆེན་པོ་མངོན་པར་བསྡུས། །སངས་རྒྱས་བྱང་ཆུབ་ཤིན་ཏུ་གསང་། །ཐར་པ་མཆོག་ཏུ་བསྟན་པ་ཉིད། །སྔོན་དུ་གཞུང་མཆོག་མཉན་པར་བྱ། །བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཇི་སྟེ་མངོན་པར་བརྩོན་བྱས་ཀྱང་། །གང་
ཟག་བཞི་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་སྐྱེས་དང་། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཇི་ལྟར་དུས་གསུམ་གཤེགས་དེ་བཞིན། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་
ནས། །དཀོན་མཆོག་གསུམ་ལ་དད་བྱས་ཏེ། །ཐེ་ཚོམ་མེད་པར་བྱེད་པའི་མཆོག །ཁྱིམ་པ་དང་ནི་རབ་ཏུ་བྱུང་། །ཕྱོགས་ནི་གཉིས་པོ་འདིས་བསྒྲུབ་བྱ། །ཇི་ལྟར་འོས་ཤིང་འཚམ་པ་རུ། །གོ་རིམས་བཞིན་དུ་རབ་བཤད་བྱ། །བྱང་ཆུབ་སེམས་ནི་ལྷུར་བླངས་ནས། །ལྷ་གཞན་
འདོད་པ་བརྩོན་མི་བྱ། །དཀོན་མཆོག་གསུམ་ལ་དད་བྱ་སྟེ། །དེ་གཞོལ་བ་ལ་བརྩོན་པར་བྱ། །སྲོག་གཅོད་རྐུ་དང་འཁྲིག་པ་དང་། །བརྫུན་དང་མྱོས་བྱེད་རྣམ་པར་སྤང་། །ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་
པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཟླ་བའམ་ཡང་ན་ལོ་རེའོ། །དེ་བཞིན་ཡང་ན་ལོ་གཅིག་ཏུ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔོན་དུ་རིག་པའི་བརྟུལ་ཞུགས་བྱ། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཐུན་
གསུམ་དུ་ནི་ཆོ་ག་བསྒྲུབ། །རྟོག་པ་འདི་ནི་ཐུན་བཞི་རུ། །ཇི་ལྟར་འོས་ཤིང་འཚམ་པར་ནི། །སྡིག་པ་ཐམས་ཅད་བཤགས་པར་བྱ། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་ཀུན་ལ་གསོལ་བ་གདབ། །དེ་ཡི་བསོད་ནམས་བྱང་ཆུབ་བསྔོ། །དེ་བཞིན་ཕྱོགས་བཅུའི་འཇིག་
རྟེན་གྱི། །སངས་རྒྱས་བླ་མེད་ཐམས་ཅད་ལ། །གསོལ་བ་གདབ་ཅིང་རབ་བཏུད་ནས། །ཞབས་ལ་མཉམ་བཞག་ཕྱག་བྱའོ། །ཇི་སྐད་གཞུང་རྒྱ་ཆེ་ལས་གསུངས། །ཕྱག་རྒྱ་བཞི་ནི་སྦྱོར་བ་ཡིས། །རྒྱུད་གཞན་དག་ནི་ཐམས་ཅད་ཀྱི། རྡོ་རྗེའི་སྔགས་ནི་རབ་བརྗོད་བྱ། །དེ་ལ་

སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་སྠཱ་ནཱ་ཡཱ་ཨཱཏྨཱ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷིཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བར་ཏ་ནཱ་ཡ་ཨཱཏྨཱ་ནཾ་ནིརྱཱ་
ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བར་ཏ་ཡ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀེརྨ་ཎེ་ཨཱཏྨཱ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཕྱག་རྒྱ་དང་བཅས་ཆོ་གར་ལྡན། །ཡང་དག་ཉིད་དུ་རབ་བཤད་བྱ། །སོར་མོ་ཐམས་ཅད་སྦྱར་བ་ནི། །རྡོ་རྗེ་ཐལ་མོར་རབ་ཏུ་བརྗོད། །ས་ཕྱོགས་
གཙང་མར་འདུག་ནས་ནི། །མཁས་པས་ཡན་ལག་ཀུན་ཕྱག་བྱ། །རྡོ་རྗེ་ཐལ་མོ་བརྐྱང་ནས་ནི། །རྒྱལ་བ་རྣམས་ལ་དབུལ་བར་བྱ། །མགོ་བོས་དེ་བཞིན་བྱས་ནས་ནི། །མཁས་པས་དཔྲལ་བས་ཕྱག་བྱའོ། །མགོ་བོ་ནས་ནི་ཕབ་བྱས་ནས། །དེ་བཞིན་ཁ་ཡིས་ཕྱག་བྱའོ། །
དེ་བཞིན་སྙིང་གར་བཞག་བྱས་ནས། །སྤྱི་བོ་ནས་ནི་ཕྱག་བྱའོ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་རྣལ་འབྱོར་པས་ཕྱག་བྱ། །སླར་ཡང་ཆོ་ག་ལ་གནས་ཏེ། །མཆོད་པས་ཆོ་ག་དང་ལྡན་པ། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་དང་ཕྲེང་བ་བྱུག་པ་ནི། །སངས་རྒྱས་རྗེས་སུ་
དྲན་བྱས་ནས། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྦྱིན་པ་རྣམ་བཞིའི་སྦྱོར་བ་ཡིས། །ཅི་ནུས་པར་ནི་མཁས་པས་དབུལ། །གཙང་ཞིང་གཙང་མའི་གོས་དང་ལྡན། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །རྡོ་རྗེའི་སྡོམ་པ་བླ་མེད་པར། །བསླབ་པའི་གནས་ནི་
བླང་བར་བྱ། །སྦྱིན་པ་རྣམ་བཞིའི་སྦྱོར་བ་ཡིས། །དད་ཅིང་དེ་ལ་རབ་གཞོལ་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་ཕྱི་མ་ཡིན། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཁྲུས་བཞི་དག་ནི་རབ་ཏུ་བྱ། །རྣལ་འབྱོར་ཇི་ལྟར་ཁྲུས་བྱ་བ། །གོ་རིམས་བཞིན་དུ་
རབ་ཏུ་བཤད། །སྡོམ་པ་གསུམ་ལ་རབ་ཏུ་གནས། །དང་པོ་ཁྲུས་སུ་བརྗོད་པ་ཡིན། །གཉིས་པ་རྒྱུད་ལས་གསུངས་པ་ཡིས། །བཤགས་དང་གསོལ་བ་འདེབས་ལ་སོགས། །ཕྱག་རྒྱ་བཅིང་བ་གསུམ་པ་སྟེ། །བཞི་པ་ཆུ་སྟེ་ཐ་མ་ཡིན། །ཁྲུས་ཀྱི་ཆོ་ག་འདི་ཡིས་ནི། །

མཁས་པས་འདིར་ནི་ཁྲུས་བྱའོ། །གོས་ནི་ལན་གསུམ་བརྗེ་བ་ཡི། །སྒྲུབ་པ་པོས་ནི་ཆོ་ག་བྱ། །སྡོམ་པ་ལ་ནི་ལེགས་གནས་པ། །གོས་ནི་དང་པོར་བརྗེ་བ་དང་། །གཉིས་པ་ཆོ་ག་བསྒྲུབ་པ་དང་། །གསུམ་པ་ངོ་ཚ་ཁྲེལ་ཡོད་པ། །གཙང་མའི་གོས་ནི་གསུམ་པོ་
དག །ལན་གསུམ་དུ་ནི་བརྗེ་བར་བྱ། །གང་ལ་ཁ་ན་མ་ཐོ་མེད། །ཐམས་ཅད་བཟའ་ཞིང་བསྟེན་པར་བྱ། །ཤ་དང་ཆང་དང་སྒོག་པ་སོགས། །བཟའ་བ་མིན་པ་རྣམ་པར་སྤང་། །དྲི་ང་བ་དང་མི་གཙང་ཉིད། །བཟའ་དང་བཏུང་བ་རྣམ་པར་སྤང་། །གཞན་ལ་གནོད་
པ་དང་ལྡན་པ། །ལུས་ཀྱི་ཕྱིར་ཡང་བྱ་བ་མིན། །འཁྲིག་པ་བདུན་དང་ཡང་དག་ལྡན། །མི་སྡུག་སྒོམ་པས་སྤང་བར་བྱ། །ཡིད་གཞུངས་མཁས་ཤིང་གསལ་བ་དང་། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་
ཕྱིན་ལ་སོགས། །ཀློག་པ་དང་ནི་བསམ་པ་དང་། །ཡང་དང་ཡང་དུ་གསོལ་བ་གདབ། །དགྲ་དང་གྲོགས་དང་བར་མ་ལ། །སེམས་སྙོམས་མི་འཇིགས་རབ་ཏུ་བྱིན། །སྙན་ཅིང་བདེན་པར་སྨྲ་བ་ཡིས། །ཞེ་སྡང་འཇོམས་བྱེད་བྱམས་པ་བསྒོམ། །ཆོས་དང་གང་
ཟག་བདག་མེད་ཅིང་། །འདུས་བྱས་དང་ནི་འཁྲུལ་པ་ཙམ། །བློ་ལྡན་བརྟན་པས་བརྟག་པར་བྱ། །འདུས་བྱས་ཀུན་ལ་རྨོངས་མི་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །
བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བྱ་གཞན། །སློབ་དཔོན་ལ་ནི་བརྙས་མི་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སྦྱོར་བ་ལྷོད་པར་མི་བྱ་ཞིང་། །ཆོ་ག་སྟོན་པ་ལྷུར་བླང་བྱ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །གོ་རིམས་བཞིན་དུ་བསླབ་པར་བྱ། །
སེམས་ཅན་གྱི་ནི་དོན་ལྡན་པས། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད། །ཁ་ན་མ་ཐོ་ཆུང་ངུ་ཡང་། །སྲོག་ནི་བཏང་སྙོམས་དོར་མི་བྱ། །ཁྱིམ་པའམ་རབ་ཏུ་བྱུང་བའང་རུང་། །འདྲིས་པ་ཐམས་ཅད་རྣམ་པར་སྤང་། །བུ་དང་ཆུང་མ་དག་ལ་ཡང་། །སྲིད་པའི་བཅིང་བ་ལས་གྲོལ་

བྱ། །བརྐམ་ཞིང་ཆགས་ལ་སྡང་བ་དང་། །རྨོངས་ཤིང་ལེ་ལོ་ལྡན་པའང་མིན། །བག་ཡོད་ཤིན་ཏུ་བརྩོན་པ་ཡིས། །རྣལ་འབྱོར་ཆོ་ག་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །དེ་ཉིད་ལས་ནི་ལེགས་པར་མཐོང་། །དགེ་ཞིང་དགོངས་
པ་བཤད་པ་ཡི། །དོན་ཤེས་དོན་ནི་རྟོགས་པར་འགྱུར། །རིགས་དང་མི་རིགས་ཆོ་ག་ཤེས། །དེ་ཉིད་རྣལ་འབྱོར་ཤིན་ཏུ་མཁས། །བརྩེ་ལྡན་བྱང་ཆུབ་སྤྱོད་པར་ལྡན། །སྤྱོད་པ་རྣམས་ལ་རབ་ཏུ་མཁས། །དེ་འདྲའི་ཚུལ་ནི་སྣ་ཚོགས་དང་། །དེ་ལྟ་བུ་ཡི་བསྒྲུབ་པ་ཡི། །
དངོས་གྲུབ་དང་ནི་ཐར་པ་འཐོབ། །དངོས་གྲུབ་ཀུན་ལ་ཐེ་ཚོམ་མེད། །གནས་དང་གོས་དང་བཟའ་བ་ཡི། །ལྷག་པ་ཐམས་ཅད་རྣམ་པར་སྤང་། །ལྷ་རྣམས་བརྙས་པར་མི་བྱ་ཞིང་། །བྱ་བ་མ་ཡིན་ཐམས་ཅད་སྤང་། །ལེ་ལོ་མེད་པར་ཉིན་རེ་ཞིང་། །བསྲུང་བ་ཡི་ནི་ཆོ་ག་བྱ། །
བགེགས་མེད་འཇིགས་པར་མི་བྱ་སྟེ། །རང་སེམས་འདི་ནི་གདུལ་བར་དཀའ། །ཕ་དང་མ་རུ་འཛིན་པ་དང་། །བྲམ་ཟེ་དགེ་སློང་དེ་དང་འདྲ། །དག་ཅིང་དུལ་ལ་ཞི་བ་དང་། །བསྡམས་ཤིང་ཐར་བ་ཤེས་པ་དང་། །རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་མིན། །འདོད་པའི་
ལོངས་སྤྱོད་འཕེལ་ཕྱིར་མིན། །གཞན་དུ་སེམས་ཅན་དོན་གྱི་ཕྱིར། །རྫོགས་པའི་བྱང་ཆུབ་ངེས་བྱས་པ། །ཟས་ཀྱི་ཚོད་ནི་ཤེས་པ་དང་། །མཚན་མོ་གཉིད་ཀྱང་སད་པར་བྱ། །འདོད་ཆགས་སྐྱོན་ལ་སོགས་པ་གཞན། །སེམས་ཀྱིས་རྣམ་པར་མི་བརྟག་གོ། །སེམས་ནི་
རབ་ཏུ་དང་བྱས་ནས། །གཡོ་བ་མེད་ཅིང་ངེས་བྱས་པས། །ལེགས་པར་སྨྲ་ཞིང་རབ་ཏུ་འབྱེད། །ཆོས་ནི་ངེས་པར་དོན་གཉེར་བྱེད། །མངོན་སྤྱོད་ཀྱི་ནི་བྱ་བ་བཞིན། །སེམས་ཅན་གནོད་དང་འཚེ་མི་བྱ། །ཉེས་ལྡན་གདུག་པའི་སེམས་ཅན་རྣམས། །དཀྱིལ་འཁོར་དུ་ནི་
གཞུག་མི་བྱ། །ལྷ་ཡི་སྐུ་དང་ཕྱག་མཚན་དང་། །ལྷ་ཡི་བཞོན་པ་དག་དང་ནི། །དམན་མ་ལྷ་ཡི་གྲིབ་མ་དང་། །ལྷ་ཡི་མཚན་མ་ཐམས་ཅད་དང་། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མ་གཟུགས་སུ་བྱས་པ་དང་། །བགོམ་པར་མི་བྱ་བཟའ་མི་བྱ། །ནམ་ཡང་

བརྫི་བར་མི་བྱའོ། །དཀོན་མཆོག་གསུམ་དང་འབྲེལ་པའི་ཟས། །ནམ་ཡང་ཉེ་བར་ལོངས་མི་སྤྱོད། །ཐ་ན་ཕུལ་དང་དམན་མ་ཡི། །དྲི་ཡང་མནམ་པར་མི་བྱའོ། །རི་བོ་འམ་ནི་ནགས་ཀྱི་ནང་། །གཙང་ཞིང་ཡིད་འོང་དབེན་པའམ། །ཆུ་བོའི་འགྲམ་མམ་སྐྱེད་མོས་ཚལ། །
ནེའུ་གསིང་ཤིན་ཏུ་ཡིད་འོང་བའམ། །ལྷ་ཁང་གཙང་མ་ཉམས་དགའ་འམ། །ཁང་པ་གཙང་མ་དབེན་པའམ། །གང་དུ་ཚོགས་པ་མེད་པ་རུ། །སངས་རྒྱས་ལ་དམིགས་སེམས་ཀྱིས་ནི། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །དེ་འདྲའི་གནས་སུ་འདུག་ནས་ནི། །ཐར་
པའི་མཆོག་ཏུ་བསྟན་པ་ཉིད། །རིག་པའི་བརྟུལ་ཞུགས་ཡང་དག་བརྩམ། །ཐུན་བཞི་དག་ཏུ་སྦྱོར་བ་ཡིས། །མགོན་པོ་མཆོག་ལ་ཕྱག་བྱ་ཞིང་། །སངས་རྒྱས་རྗེས་དྲན་སྒོམ་པ་པོས། །བཤགས་པ་ལ་སོགས་དེ་བྱའོ། །མཆོད་པ་ཉིད་ཀྱང་ཅི་ནུས་བྱའོ། །གཞན་
ཡང་ཕྱག་རྒྱ་ཡང་དག་བཅིང་། །མཆོད་པའི་ཡོ་བྱད་ཐམས་ཅད་ནི། །ཕྱོགས་ཀུན་དུ་ནི་ཡང་དག་སྤྲོ། །ས་གཞི་དག་ནི་མ་ལུས་ཉིད། །ཀུན་ནས་རིན་ཆེན་ཤིང་ལྡན་དང་། །རྣམ་པ་སྣ་ཚོགས་མཆོག་ལྡན་དང་། །རྒྱལ་བ་རྣམས་ལ་དབུལ་བར་བྱ། །མེ་ཏོག་ཤིང་དང་
བདུག་པ་དང་། །དྲི་ཡི་ཚོགས་ནི་ཡིད་འོང་དང་། །རིན་ཆེན་རང་བཞིན་རྒྱ་མཚོ་ནི། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །དེ་ནས་ཕྱོགས་རྣམས་ཐམས་ཅད་དུ། །མེ་ཏོག་བདུག་པ་ལ་སོགས་སྤྲིན། །རོལ་མོའི་ཚོགས་ནི་ཡིད་འོང་བ། །མཆོད་པའི་སྤྲིན་ནི་རྣམ་པར་བསམ། །
མཆོད་པ་ཐམས་ཅད་རབ་བྱེད་པ། །རིག་པའི་རྒྱ་ཆེན་འདི་རྣམས་དང་། །ཕྱག་རྒྱ་དག་ཀྱང་ཡོངས་གསལ་བའི། །བསམ་པ་ཡིས་ནི་གཟུང་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤྲ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྲྀཀྵ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་
སརྦ་ཏ་ཐཱ་ག་ཏ་གན་དྷ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གང་དུ་རྒྱལ་ཆེན་མེ་ཏོག་དང་། །བདུག་པ་དང་ནི་དྲི་ཡི་ཚོགས། །དེ་བཞིན་ཀུན་དུ་ཡང་དག་སྦྱར། །ཐ་ན་རྒྱན་སྤེལ་རྣམས་ཀྱང་ངོ་། །མཆོད་པའི་ཕྱག་རྒྱ་ཚུལ་ཆེན་དང་། །ཕྱག་རྒྱ་ཆེན་པོ་བསླབ་པར་བྱ། །

ཐེག་པ་ཆེན་པོ་བསྡུས་པ་ལས། །ཇི་སྐད་རྒྱ་ཆེན་གསུངས་དེ་བཞིན། །སེམས་ཅན་ཐམས་ཅད་བསྐྱབ་པ་དང་། །བདེ་བ་ཆེན་པོའི་རྒྱུ་དང་ནི། །འགྲོ་བ་གསུམ་ལས་དགྲོལ་བའི་ཕྱིར། །དེ་ལྟ་བུ་ཡི་བསམ་པ་བྱ། །འདིར་ནི་ལྷ་རྣམས་ཐམས་ཅད་
ཀྱི། །བག་མེད་ཉེ་བར་ཞི་བ་དང་། །མི་རྣམས་སྡུག་བསྔལ་སྣ་ཚོགས་པ། །རབ་ཏུ་མཐར་ཕྱིན་དེ་བཞིན་ཉིད། །ཐེག་པ་དམན་པར་འདོད་བྱེད་པ། །འཁོར་པ་རྣམ་པར་གཞོལ་བའི་ཕྱིར། །རྡོ་རྗེ་རྣལ་འབྱོར་བདག་ཉིད་ཆེས། །འདི་དེ་བསམ་པར་བྱ་བ་ཡིན། །བདག་
གི་བསོད་ནམས་སྟོབས་དག་གིས། །བདེ་བ་ཐམས་ཅད་ཚོགས་ཀྱི་མཆོག །སེམས་ཅན་ཐམས་ཅད་བདེ་ཆེན་ལྡན། །མ་ལུས་པར་ནི་གྲུབ་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །འབྱུང་པོ་ཀུན་ལ་བྱམས་པར་ཤོག །དུད་འགྲོ་ཐམས་ཅད་འཇིགས་
མེད་ཤོག །ངན་སོང་ཐམས་ཅད་ཞི་གྱུར་ཅིག །བདེ་བ་ཆེན་པོ་འདི་བསམས་ནས། །སྡིག་པ་དྲལ་བ་བཅིང་བར་བྱ། །སྡིག་པ་ཐམས་ཅད་དྲལ་བྱས་ཤིང་། །དེ་བཞིན་ངན་སོང་ཐམས་ཅད་དོ། །ཕྱོགས་རྣམས་ཐམས་ཅད་སངས་རྒྱས་ཀུན། །ཡང་དང་ཡང་དུ་རྗེས་དྲན་ནས། །གསང་
བའི་མདོ་སྡེ་མ་ལུས་པ། །ཡང་དང་ཡང་དུ་བཀླག་པར་བྱ། །མི་ལྡོག་བྱང་ཆུབ་སེམས་དཔའ་རུ། །གཅིག་ཏུ་འགྱུར་འདོད་སེམས་ཀྱིས་བྱ། །རྡོ་རྗེ་རྣལ་འབྱོར་བླ་ན་མེད། །རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱ། །ཟླ་བའམ་ཡང་ན་ཟླ་བ་དྲུག །ལོ་གཅིག་གམ་ནི་དེ་ལས་གཞན། །
རིག་པའི་བརྟུལ་ཞུགས་འདི་འདྲར་བྱ། །ཕྱག་རྒྱ་ཐམས་ཅད་ཡང་དག་བཅིང་། །སངས་རྒྱས་རྣམས་ལ་ཉིན་རེ་བཞིན། །ངེས་པར་ལྷ་བཤོས་དབུལ་བར་བྱ། །ལྷ་བཤོས་སྣང་བ་སྟེར་བྱེད་པ། །དེ་བཞིན་རིག་པའི་ལྷ་བཤོས་ལ། །རྡོ་རྗེ་གནོད་སྦྱིན་ཁྲོ་བོ་ཆེ། །ཐམས་ཅད་
དུ་ནི་རྗེས་དྲན་བྱ། །འཆིང་བའི་སྦྱོར་བའི་ཆོ་ག་ནི། །རྡོ་རྗེ་ཁུ་ཚུར་གྱིས་བརྟན་བྱ། །རྡོ་རྗེ་གོ་ཆའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཀུན་དུ་བསྲུང་བར་བྱ། །དེ་ལྟ་བུ་ཡི་ཆོ་ག་ཡིས། །རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ། །བསྲུང་བ་བྱས་ཤིང་བརྩོན་འགྲུས་བརྩམ། །སྟོབས་

ཆེན་སྤྲོ་བ་བསྐྱེད་པ་ཡིས། །ཉིན་རེ་ཞིང་ནི་བརྟགས་ནས་སུ། །རྟོག་པའི་དཀྱིལ་འཁོར་བསམ་པར་བྱ། །སྐུ་མདོག་དཀྱིལ་འཁོར་ཇི་བཞིན་པར། །ཇི་ལྟར་འོས་ཤིང་འཚམ་པ་རུ། །དགུག་པ་ལ་སོགས་ལས་རྣམས་ནི། །ཐམས་ཅད་མཉམ་པར་གཞག་པར་
བྱ། །ཅི་ནུས་པར་ནི་ཉིན་རེ་ཞིང་། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །ལོ་གཅིག་ན་ནི་རབ་འགྲུབ་འགྱུར། །ཐེག་པ་ཆེན་པོའི་ཚོགས་ནང་ན། །མཆོག་འགྱུར་རྡོ་རྗེ་སེམས་དཔར་འགྱུར། །རྒྱུད་གཞན་གྱི་ནི་ཆོ་ག་དང་། །མདོ་སྡེ་དང་བཅས་
ཅི་བཞིན་དུ། །དེ་ནས་རིག་པའི་བརྟུལ་ཞུགས་བླང་། །སྡོམ་པའང་དོར་བར་མི་བྱ་ཞིང་། །ཁ་ན་མ་ཐོ་རྡུལ་ཙམ་ཡང་། །འགྱོད་པ་རུ་ནི་བྱ་བ་ཡིན། །གནས་ནི་ཡང་དག་བརྟག་པར་བྱ། །ཚེར་མ་ལ་སོགས་དང་བྲལ་བ། །རི་བོ་འམ་ནི་དགོན་པའམ། །ལྷ་ཁང་སྐྱེད་མོས་
ཚལ་དང་ནི། །ཆུ་ཡི་འགྲམ་དང་འབྲོག་དགོན་པར། །གང་དུ་ཕྱོགས་ནི་གཙང་མར་གྱུར། །གསེག་མ་གྱོ་མོ་བོང་བ་དང་། །རྡོ་བ་དག་ནི་བསལ་བར་བྱ། །ཤིན་ཏུ་ལེགས་པར་དག་བྱ་སྟེ། །གང་ཕྱིར་ལྷ་རྣམས་ཡོངས་སུ་འཛིན། །གལ་ཏེ་དེ་ནི་སྦྱོར་ལྷོད་གྱུར། །རྣམ་པ་
ཀུན་དུ་མི་འཇིགས་བྱ། །སངས་རྒྱས་ཐམས་ཅད་རྒྱལ་པོ་ཆེ། །ཆོས་ཀྱི་བདག་པོ་དགོངས་པ་ཅན། །ཐུགས་རྗེ་སྙིང་པོར་ལྡན་གྱུར་པ། །སངས་རྒྱས་ཉེས་པར་འཛིན་མི་འགྱུར། །གནས་ནི་ཀུན་དུ་དག་བྱ་ཞིང་། །དཀྱིལ་འཁོར་ཡང་ནི་ཅི་ནུས་པར། །རྒྱ་རུ་དཔག་ཚད་
ཙམ་བྱ་སྟེ། །ཁྲུ་དྲུག་ལས་ནི་དམའ་བ་མིན། །སྔོན་ལ་ཕུར་བུ་གདབ་བྱ་སྟེ། །རྡོ་རྗེ་ལྟ་ལས་སོགས་པ་བཅིང་། །དེ་ནས་ཡོ་བྱད་ཐམས་ཅད་ནི། །ཆོ་ག་མཆོག་གི་བླང་བར་བྱ། །རྡོ་རྗེ་སློབ་དཔོན་རང་ཉིད་འདིར། །དཀྱིལ་འཁོར་དག་ནི་བསྒྲུབ་པར་བྱ། །ཐལ་བ་ལ་སོགས་དུས་
ཇི་བཞིན། །མཁས་པས་དཀྱིལ་འཁོར་བརྟག་པར་བྱ། །ཇི་ལྟར་ནུས་ཤིང་སྤྲོ་བ་དང་། །ཇི་ལྟར་རྫས་ནི་འབྱོར་པ་དང་། །དེ་བཞིན་རྣལ་འབྱོར་ཆེན་པོས་བྱ། །ཡང་ན་སེམས་ཀྱིས་བརྟག་པར་བྱ། །ཅི་སྟེ་བསྒྲུབ་པ་རྒྱལ་པོར་འགྱུར། །ཆོ་ག་གཞན་གྱིས་བློ་ལྡན་

པས། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དཀྱིལ་འཁོར་དག་ནི་དག་པར་བྱ། །ཚོན་རྩི་ལྔ་དང་ཡང་དག་ལྡན། །ཁྲུ་ནི་སྟོང་དང་ལྡན་པ་མཆོག །ཡང་ན་རྒྱང་གྲགས་ཙམ་དུ་ནི། །ས་ཡི་ཆ་ནི་ཐིག་གདབ་བྱ། །གལ་ཏེ་འབྱོར་པ་ལྡན་པ་མིན། །ཁྲུ་
བཞི་མདོ་རུ་བསྡུས་པར་བྱ། །ཡང་ན་ཕྱོགས་རྣམས་ཐམས་ཅད་དུ། །ཁྲུ་བརྒྱད་དང་ནི་ཡང་དག་ལྡན། །ཨིནྡྲ་ནཱི་ལ་ཤིན་ཏུ་སྔོ། །ཚོན་རྩི་སྔོན་པོ་རབ་ཏུ་བྱ། །པདྨ་རཱ་ག་ཤིན་ཏུ་དམར། །ཚོན་རྩི་དམར་པོ་ཞེས་བྱར་བཤད། །རྡོ་རྗེ་མཆུ་དང་མཆུ་ཆེན་པོ། །སེར་པོ་ཡང་ནི་ཡང་དག་
ལྡན། །དག་ཅིང་དང་བའི་གསེར་དང་ནི། །ཁ་དོག་སེར་པོ་ལྡན་པར་བྱ། །ཤིན་ཏུ་དག་པ་ཤེལ་དང་བས། །ཚོན་རྩི་དཀར་པོ་རབ་ཏུ་བྱ། །གང་ཕྱིར་རྒྱལ་པོ་ནོར་ཆེན་ལྡན། །ཚོན་རྩི་འདི་དག་ཡང་དག་བཤད། །ཕྱུག་ཅིང་ནོར་དང་ཡང་དག་ལྡན། །གལ་ཏེ་དེ་ནི་ཁྱིམ་བདག་
གྱུར། །ཁྲུ་བརྒྱ་ཡོངས་སུ་ཚང་བར་བྱ། །བཅུ་དྲུག་ལས་ནི་ཉུང་མི་བྱ། །ཚོན་རྩི་དྲི་དང་ཡང་དག་ལྡན། །གུར་གུམ་ལ་སོགས་དང་བསྲེས་པ། །ཚོན་རྩི་ལྔ་དང་ཡང་དག་ལྡན། །མཁས་པ་ཡིས་ནི་དཀྱིལ་འཁོར་བྱ། །ཕྱུག་ཅིང་ནོར་དང་ཡང་དག་ལྡན། །ཚོང་དཔོན་ཡང་ནི་
དེད་དཔོན་ནམ། །ཁྱིམ་པ་འབྱོར་པ་དང་ལྡན་པ། །གཞན་དག་དགའ་ཞིང་འོངས་གྱུར་ན། །རིན་ཆེན་ཕྱེ་མ་དང་བསྲེས་པའི། །ཚོན་རྩི་ཆེན་པོ་རབ་ཏུ་བྱ། །རམས་དང་བ་བླ་ལ་སོགས་པ། །ཚོན་རྩི་ལྔ་དང་ཡང་དག་ལྡན། །བདག་ཉིད་ཆུང་བའམ་ཆེ་བའང་རུང་། །དེ་ཡི་འབྱོར་པ་
བརྟག་བྱ་བ། །ཇི་ལྟར་རིགས་པར་ངེས་པར་སྦྱར། །རྒྱལ་པོ་ལ་ནི་ཚད་བཤད་པ། །ཁྱིམ་བདག་ལ་ཡང་དེ་བཞིན་ནོ། །ཚོང་དཔོན་དང་ནི་དེད་དཔོན་གྱི། །ཁྲུ་ནི་ལྔ་བཅུ་ཉིད་ཀྱང་ངོ་། །གཞན་དག་དགའ་ཞིང་འོངས་གྱུར་ན། །ཁྲུ་ནི་ཉི་ཤུར་བྱས་པ་ཡིན། །གལ་ཏེ་དངོས་གྲུབ་བསྒྲུབ་
འདོད་ན། །ཁྲུ་དྲུག་ལས་ནི་ཆུང་མི་བྱ། །མང་པོ་དེ་བཞིན་ཉུང་བ་ཡང་། །དྲི་དང་ཀུན་དུ་ཡང་དག་ལྡན། །རྟག་ཏུ་སྣ་ཚོགས་དྲི་ཡིས་ནི། །སྔོན་དུ་ས་གཞི་དག་པར་བྱ། །ཕྱི་རོལ་དཀྱིལ་འཁོར་ངོས་དག་གི། །གྲྭ་ནི་བཞི་པོ་ཐམས་ཅད་དུ། །ཤེས་རབ་ཅན་གྱིས་བདུག་སྤོས་

བསྲེག །གང་ཕྱིར་རྡོ་རྗེ་ཅན་དག་གཤེགས། །དེ་ནས་དཀྱིལ་འཁོར་གནས་དེ་ན། །སྔགས་ཀྱིས་བསངས་པའི་དྲི་ཆུ་ཡིས། །རྟག་ཏུ་ལེགས་པར་ཆག་ཆག་གདབ། །གང་ཕྱིར་རྡོ་རྗེའི་རང་བཞིན་འགྱུར། །ཉིན་ཞག་དྲུག་གམ་བདུན་བརྒྱད་དང་། །མར་དང་འོ་མ་འབྲས་
ཆན་ཉིད། །སློབ་དཔོན་ཟས་ནི་དཀར་གསུམ་བཟའ། །ཡང་ན་ཐུན་མོང་གྱུར་པའི་ཟས། །ཅི་སྟེ་བཟོད་ལྡན་ཉིན་མཚན་དུ། །མི་བཟའ་བར་ནི་བསྒྲུབ་པར་བྱ། །གང་ཕྱིར་ཆོས་ཀྱི་རང་བཞིན་ཟས། །སྟོབས་ལྡན་འགྱུར་བར་ཐེ་ཚོམ་མེད། །དཀྱིལ་འཁོར་མཆོག་ནི་རྒྱལ་ཆེན་པོ། །
གང་ཡིན་བསམ་པས་བྱ་བའོ། །བཅོ་ལྔ་ལ་ནི་བརྩམས་ནས་སུ། །གཉིས་པའི་ཉ་ལ་རྫོགས་པར་བྱ། །ཡང་ན་མར་གྱི་ངོ་ལ་ནི། །བཅུ་བཞི་ལ་ནི་ཡང་དག་བརྩམ། །བཅོ་ལྔ་ལ་ནི་ཐུག་པར་བྱ། །ལེགས་པ་རུ་ནི་རྫོགས་པར་བྱ། །ཡང་ན་ཚེས་བརྒྱད་ནས་བརྩམས་ཏེ། །ཐ་
མ་ཉ་ལ་ཀུན་དུ་བྲི། །ཡང་ན་བཅུ་བཞི་ལ་བརྩམས་ཏེ། །ཉིན་ཞག་གཉིས་པར་ཡང་དག་བྲི། །ཡང་ན་བཅོ་ལྔ་དེ་ཡི་ནི། །སྔ་དྲོ་དེ་ཡི་ཡང་དག་བརྩམ། །ཚུལ་ཆེན་པོ་དང་མཚུངས་པ་ཡི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི། །གང་གི་ཚེ་ནས་བརྩམས་ནས་སུ། །ཇི་སྲིད་
རྫོགས་པར་མ་གྱུར་པར། །གལ་ཏེ་ཀུན་ནས་མི་བཟའ་བར། །བརྩོན་འགྲུས་ཆེན་པོ་བརྩམ་པར་བྱ། །དྲི་དང་བཅས་ཤིང་ལེགས་བྱས་པ། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་བའི་རྡོ་རྗེ་འཛིན། །བྱིན་གྱིས་བརླབ་པར་མཛད་པར་འགྱུར། །བསོད་ནམས་ཆེ་ཞིང་
བཀྲ་ཤིས་པའི། །ཉིན་ཞག་དག་པ་གང་ཡིན་པ། །དེ་ལ་རྡོ་རྗེ་སློབ་དཔོན་ནི། །སྐལ་བ་ཆེན་པོས་དཀྱིལ་འཁོར་བརྩམ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །དབུས་ཀྱི་ཆ་རུ་འདུག་པར་བྱ། །སངས་རྒྱས་ཐམས་ཅད་ལ་དམིགས་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །
སེམས་ནི་ཡོངས་སུ་འཛིན་བྱེད་པ། །ལུས་ནི་དྲང་པོར་བྱས་ནས་སུ། །བཤགས་ལ་སོགས་པའི་ལས་རྣམས་ནི། །ཐམས་ཅད་སྡོན་དུ་བྱ་བ་ཡིན། །བྱང་ཆུབ་སེམས་ལ་བརྩོན་གྱུར་ཅིང་། །རིག་པའི་བརྟུལ་ཞུགས་སྤྱད་པ་ཡིས། །ཕྱོགས་བཅུ་རུ་ནི་ཕྱག་བྱས་ནས། །བདག་

ཉིད་ཀྱང་ནི་སྤྲོ་བ་བསྐྱེད། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བའང་འབྲས་བུ་ཡོད། །སངས་རྒྱས་རྣམས་དང་དམ་ཚིག་གིས། །དེང་ནི་སྲིད་པར་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་རྩེ་གཅིག་པའི། །སེམས་ཀྱིས་ཕྱིར་མི་
ལྡོག་པར་འགྱུར། །དེ་བཞིན་གཤེགས་པའི་རིགས་འབྱུང་བའི། །བདག་འགྱུར་བར་ནི་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །དེང་ནི་བདག་མཆོད་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ལྟར་དགའ་
བ་དང་ལྡན་པས། །