Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ས་ཅད་ལ་བསྔགས་ཤིང་ཆེད་དུ་བརྗོད་པ་

འདི་ཆེད་དུ་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མ་རུངས་ཐམས་ཅད་འདུལ་བའི་མཆོག །རྡོ་རྗེ་མཆེ་བའི་མཚོན་རྣོ་སྟེ། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་
སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་ཞེས་བྱ་བའི་དམ་ཚིག་ལས་བྱུང་བ་ལས་ཀྱི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བཅིངས་པའི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་། །བཛྲ་སནྡྷི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་བཅིངས་བར་གྱུར་ཏེ་བྱུང་
ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་བཅིངས་པའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་བཅིང་བའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་
བཞིན་གཤེགས་པ་རྣམས་ཀྱི་སྐུ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ལ་སོགས་པ་དང་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་
ཚུར་ཤིན་ཏུ་བཅིངས་པ་དང་རབ་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བའི་སྐུར་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་
རབ་ཏུ་བརྟན་བཅིངས་པའི། །དམ་ཚིག་བདག་སྟེ་བརྟན་པའི་བདག །བསམ་པ་ཐམས་ཅད་རབ་གྲུབ་ཕྱིར། །གྲོལ་བ་རྣམས་ཀྱང་འཆིང་བར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་སྐུ་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་

སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་རྣམས་ཀྱིས་དགོངས་པ་བརྟག་པ་དང་གྲུབ་པ་ཐམས་ཅད་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་
ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཕྱག་རྒྱའི་དབང་དམ་པ་འགྲུབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར་རྡོ་རྗེ་བཅིང་བ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཁུ་ཚུར་རྡོ་རྗེ་ཁུ་ཚུར་ཞེས་རྡོ་རྗེ་བྱ་བའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་དེས་རྡོ་རྗེ་བཅིངས་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཆིང་ཞིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །
འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་བཅིང་བ་ཆེ་ཞིང་བརྟན། །སངས་རྒྱས་ཀུན་གྱིས་མྱུར་གྲུབ་ཕྱིར། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ལས་དང་བརྩོན་འགྲུས་ཆེན་པོའི་གོ་ཆ་བརྟན་པ་དང་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཐབས་ཆེན་པོ་དང་ཕྱག་རྒྱ་ཐམས་ཅད་བཅིངས་པའི་ཡེ་ཤེས་དང་འདི་བཞི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཆེན་པོའི་སེམས་དཔའོ།། །།བམ་པོ་གཉིས་པ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་བྱ་བས་དེ་བཞིན་གཤེགས་
པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྒྲུབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བྱིན་གྱིས་བརླབས་པའི་ཕྱིར་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེའི་བྱིན་གྱིས་བརླབས་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །སཏྭ་བཛྲཱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་ཕྱུང་
མ་ཐག་ཏུ། རྡོ་རྗེའི་འོད་ཟེར་དུ་གྱུར་ནས་བྱུང་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །འོད་ཟེར་དེ་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕ་རོལ་
ཏུ་ཕྱིན་པའི་ཡེ་ཤེས་རྣམས་ལ་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཡང་གཅིག་ཏུ་འདྲེས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཉམ་པའི་ཚད་ཙམ་གྱི་རྡོ་རྗེའི་དབྱིབས་ཆེན་པོར་གྱུར་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་
པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སེམས་དཔའི་རྡོ་རྗེ་བརྟན་པའི་བདག །གང་ཕྱིར་བརྟན་པས་ལུས་མེད་ཀྱང་། །རྡོ་རྗེའི་ལུས་སུ་གྱུར་པ་ཡིན། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་ལས་བྱུང་བའི་རྡོ་རྗེའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་རིན་པོ་ཆེའི་དམ་ཚིག་ཅེས་
བྱ་བའི་རང་གི་ཕྱག་རྒྱ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །རཏྣ་བཛྲཱི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་ཕྱུང་མ་ཐག་ཏུ་རིན་པོ་ཆེའི་འོད་ཟེར་དུ་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །རིན་པོ་ཆེའི་འོད་ཟེར་དེ་དག་ལས་ཀྱང་འཇིག་རྟེན་
གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམས་ལ་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཡང་གཅིག་ཏུ་འདྲེས། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཉམ་པའི་ཚད་ཙམ་

གྱི་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་རིན་ཆེན་བདག་ཡིན་གྲགས། །གང་ཕྱིར་ཕྱག་རྒྱ་ཐམས་
ཅད་ཀྱི། །དབང་གི་ཚུལ་ནི་དམ་པ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་དབང་ཕྱུག་གི་རྒྱལ་པོས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བྱིན་གྱིས་བརླབ་པའི་ཕྱིར་ཆོས་ཀྱི་
ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་ལས་བྱུང་བ། རྡོ་རྗེའི་བྱིན་གྱིས་བརླབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཀྱི་དམ་ཚིག་ཅེས་བྱ་བ་རང་གི་ཕྱག་རྒྱ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །དྷརྨྨ་བཛྲཱི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་ཕྱུང་མ་ཐག་ཏུ་
པདྨའི་འོད་ཟེར་དུ་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །པདྨའི་འོད་ཟེར་དེ་དག་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམས་ལ་
ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཡང་གཅིག་ཏུ་འདྲེས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཉམ་པའི་ཚད་ཙམ་གྱི་རྡོ་རྗེ་པདྨ་ཆེན་པོའི་དབྱིབས་སུ་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱབ་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །
ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་རྡོ་རྗེ་གཙང་མ་བདག །གང་ཕྱིར་རང་བཞིན་རྣམ་དག་པས། །འདོད་ཆགས་ཡིན་ཡང་དྲི་མ་མེད། །དེ་ནས་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བྱིན་གྱིས་བརླབ་པའི་ཕྱིར་ལས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བའི་རང་

གི་ཕྱག་རྒྱ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །ཀརྨྨ་བཛྲཱི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་ཏུ་ལས་ཐམས་ཅད་ཀྱི་འོད་ཟེར་དུ་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །ལས་ཀྱི་འོད་ཟེར་དེ་དག་ལས་ཀྱང་འཇིག་རྟེན་གྱི་
ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམས་ལ་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་ཡང་གཅིག་ཏུ་འདྲེས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཉམ་པའི་ཚད་ཙམ་གྱི་
ཐམས་ཅད་དུ་རྩེ་མོ་ལྟས་པའི་ལས་ཀྱི་རྡོ་རྗེ་ཆེན་པོའི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ལས་ཀྱི་རྡོ་རྗེ་མང་པོ་བདག །གང་
ཕྱིར་གཅིག་ཀྱང་སེམས་ཅན་ཁམས། །མ་ལུས་པར་ནི་ལས་བཟང་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་དང་དབང་བསྐུར་བ་ཆེན་པོ་དང་རྡོ་རྗེའི་ཆོས་ཉིད་དང་། མཆོད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་
རྣམས་སོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པའི་མཆོད་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་འདི་རང་
གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ལཱ་སྱེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་ཕྱུང་མ་ཐག་ཏུ་རྡོ་རྗེའི་ཕྱག་རྒྱར་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །རྡོ་རྗེའི་ཕྱག་རྒྱའི་རྩེ་མོ་དེ་དག་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་
ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས་ཡང་གཅིག་ཏུ་འདྲེས་ཏེ། ལྷ་མོ་ཆེན་མོ་རྡོ་རྗེ་འཛིན་མའི་ལུས་ཐམས་ཅད་རྡོ་རྗེ་སེམས་དཔའ་དང་འདྲ་ཞིང་ཁ་དོག་དང་གཟུགས་དང་མཚན་མ་དང་སྤྱོད་ལམ་སྣ་ཚོགས་པ་རྒྱན་ཐམས་ཅད་ཀྱིས་བཀླུབས་པ། དེ་བཞིན་

གཤེགས་པའི་རིགས་ཐམས་ཅད་སྡུད་པར་གྱུར་པ་རྡོ་རྗེ་སེམས་དཔའི་ལྷ་མོར་གྱུར་ནས་བཅོམ་ལྡན་འདས་མི་བསྐྱོད་པའི་དཀྱིལ་འཁོར་གྱི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རང་བྱུང་རྣམས་ཀྱི་ནི། །མཆོད་པ་བདག་འདྲ་
གཞན་མེད་དེ། །གང་ཕྱིར་འདོད་པ་དགའ་མཆོད་པས། །མཆོད་པ་ཐམས་ཅད་བྱས་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བའི་དབང་གིས་དམ་ཚིག་ལས་བྱུང་བ། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་མཱ་ལེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་བྱུང་མ་ཐག་ཏུ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱར་གྱུར་ནས་བྱུང་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་
ཉིད་དོ། །རིན་པོ་ཆེ་ཆེན་པོའི་ཕྱག་རྒྱ་དེ་དག་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས་ཡང་གཅིག་ཏུ་འདྲེས་ཏེ། ལྷ་མོ་ཆེན་མོ་རྡོ་རྗེ་ཕྲེང་བར་དེ་བཞིན་དུ་གྱུར་ནས། བཅོམ་ལྡན་འདས་རིན་པོ་ཆེ་འབྱུང་
བའི་དཀྱིལ་འཁོར་གྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རིན་ཆེན་མཆོད་པ་ཞེས། །བདག་དང་འདྲ་བར་གྲགས་པ་མེད། །གང་ཕྱིར་ཁམས་གསུམ་རྒྱལ་མཆོག་ཀྱང་། །རབ་ཏུ་མཆོད་པ་བྱེད་པར་འགྱུར། །དེ་ནས་
ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུའི་མཆོག་གི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་འདི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་གཱི་ཏི། དེ་ནས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱར་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱ་དེ་དག་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་

ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས་ཡང་གཅིག་ཏུ་འདྲེས་ཏེ། ལྷ་མོ་ཆེན་མོ་རྡོ་རྗེ་གླུར་གྱུར་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་པོའི་རྒྱལ་པོའི་དཀྱིལ་འཁོར་གྱི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་
གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བདག་ནི་ཀུན་གཟིགས་པའི། །གླུ་མཆོག་ཚུལ་གྱིས་མཆོད་པ་ཡིན། །གང་ཕྱིར་སྒྲ་བརྙན་འདྲ་བ་ཡིན། །མཆོད་པ་རྣམས་ཀྱིས་མཉེས་པར་བྱེད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་གར་གྱི་མཆོད་པའི་དམ་ཚིག་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ནྲྀ་ཏི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་
ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གར་གྱི་མཆོད་པའི་ཆོ་ག་རྒྱས་པར་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གར་གྱི་མཆོད་པའི་ཆོ་ག་རྒྱས་པ་དེ་དག་ཐམས་ཅད་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་
མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས་ཡང་གཅིག་ཏུ་འདྲེས་ཏེ་ལྷ་མོ་ཆེན་མོ་རྡོ་རྗེ་གར་དུ་གྱུར་ནས། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པའི་དཀྱིལ་འཁོར་གྱི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །
ཨེ་མའོ་མཆོད་ཀུན་དོན་མཛད་པའི། །མཆོད་པ་རྒྱ་ཆེན་བདག་ཡིན་ཏེ། གང་ཕྱིར་རྡོ་རྗེ་གར་ཆོ་གས། །སངས་རྒྱས་མཆོད་པ་རབ་ཏུ་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་བླ་ན་མེད་པའི་དམ་ཚིག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་དང་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གླུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ལས་བླ་ན་མེད་པ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་རྣམ་པར་སྣང་

མཛད་ཀྱིས་མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཚིམ་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡོག་མོའི་གཙོ་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་
ངོ་། །བཛྲ་དྷཱུ་པེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཕྱུང་མ་ཐག་པ་འདི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་བདུག་པའི་མཆོད་པའི་སྤྲིན་མང་པོ་རྣམ་པ་དུ་མས་རྡོ་རྗེ་དབྱིབས་ཐམས་ཅད་དུ་ཁྱབ་པར་གྱུར་ནས་ཕྱུང་ངོ་། །བདུག་པའི་མཆོད་པའི་སྤྲིན་རྒྱ་མཚོ་དེ་དག་
ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས་བྱུང་སྟེ་ཡང་གཅིག་ཏུ་འདྲེས་ནས་རྡོ་རྗེ་བདུག་པའི་ལྷ་མོའི་ལུས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་ཁང་བུ་བརྩེགས་པའི་རྩེ་མོ་རྡོ་རྗེ་དང་། ནོར་
བུ་དང་རིན་པོ་ཆེ་ལས་བྱས་པའི་གྲྭན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བདག་ནི་མཆོད་པ་ཆེ། །རབ་ཏུ་ཚིམ་ལྡན་དགེ་བ་ཡིན། །གང་ཕྱིར་སེམས་ཅན་དབབ་ལྡན་པས། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར་རིན་པོ་ཆེའི་རྒྱན་གྱི་མཆོད་པ་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་
ཀ་མ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་པུཥྤེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་མེ་ཏོག་ཐམས་ཅད་ཀྱི་མཆོད་པ་བཀོད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱེད་པར་གྱུར་ནས་བྱུང་ངོ་། །མེ་
ཏོག་ཐམས་ཅད་ཀྱི་མཆོད་པ་བཀོད་པ་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས་ཡང་གཅིག་ཏུ་འདྲེས་ཏེ་རྡོ་རྗེ་མེ་ཏོག་གི་ལྷ་མོའི་སྐུར་གྱུར་ནས་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་

ནོར་བུ་རིན་པོ་ཆེ་ལས་བྱས་པའི་གྲྭ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་མེ་ཏོག་མཆོད་པ་བདག །ཐམས་ཅད་ཀྱི་ནི་རྒྱན་བྱེད་དེ། །གང་ཕྱིར་མཆོད་ནས་དེ་བཞིན་གཤེགས། །རིན་ཆེན་ཉིད་དུ་མྱུར་དུ་འགྲུབ། །དེ་
ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་པོའི་རྒྱལ་པོས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བའི་མཆོད་པའི་དམ་ཚིག་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཨཱ་ལོ་ཀེ །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་བྱུང་མ་ཐག་ཏུ་ཐམས་ཅད་དུ་སྣང་བའི་མཆོད་པའི་བཀོད་པས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱེད་པར་
གྱུར་ནས་བྱུང་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །ཐམས་ཅད་དུ་སྣང་བའི་མཆོད་པའི་བཀོད་པ་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས། ཡང་གཅིག་ཏུ་འདྲེས་ཏེ་ལྷ་མོ་རྡོ་རྗེ་སྣང་བ་ཞེས་བྱ་བའི་
སྐུར་གྱུར་ནས། བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་གྲྭ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་མཆོད་པའི་མར་མེ་ནི། །རྒྱ་ཆེན་དགེ་བ་བདག་ཡིན་ཏེ། །གང་ཕྱིར་སྣང་
བཅས་མྱུར་དུ་ཡང་། །སངས་རྒྱས་ཀུན་གྱི་སྤྱན་ཡང་འཐོབ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
དྲིས་མཆོད་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྲན་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་གནྡྷེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་བྱུང་མ་ཐག་ཏུ་དྲི་ཐམས་ཅད་

ཀྱི་མཆོད་པ་བཀོད་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱེད་པར་གྱུར་ནས་བྱུང་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དྲི་ཐམས་ཅད་ཀྱི་མཆོད་པའི་བཀོད་པ་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་
སྐུ་རྣམས་བྱུང་ནས་ཡང་གཅིག་ཏུ་འདྲེས་ཏེ་ལྷ་མོ་རྡོ་རྗེ་དྲི་ཞེས་བྱ་བའི་སྐུར་གྱུར་ནས་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་གྲྭ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ལྷ་རྫས་
མཆོད་པ་ཡི། །ཡིད་འོང་དྲི་ནི་བདག་ཡིན་ཏེ། །དེ་བཞིན་གཤེགས་པ་རྣམས་ཀྱི་དྲི། །ལུས་རྣམས་ཀུན་ལ་སྦྱིན་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དབབ་པ་དང་། བྱང་ཆུབ་ཆེན་པོའི་ཡན་ལག་བསགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཆོས་ཀུན་དུ་སྣང་བ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟོན་པའི་དྲི་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་
ཀྱིས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུ་དམ་ཚིག་ལས་བྱུང་བ་སེམས་དཔའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མང་པོ་ཐམས་ཅད་ཀྱི་བདག་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་
ཨཾ་ཀུ་ཤ །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་དེ་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མང་པོ་ཐམས་ཅད་དུ་གྱུར་ནས་བྱུང་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མང་པོ་དེ་དག་ལས་
འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས་ཡང་གཅིག་ཏུ་འདྲེས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བའི་སྐུར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་

ལས་བྱས་པའི་རྡོ་རྗེ་སྒོ་ཁང་གི་ནང་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་སྤྱན་འདྲེན་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་སྤྱན་འདྲེན་བརྟན་པ་བདག །
གང་ཕྱིར་བདག་གིས་སྤྱན་དྲངས་པས། །དཀྱིལ་འཁོར་ཀུན་ལ་བསྟེན་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཏུ་འཇུག་པ། སེམས་དཔའ་ཆེན་པོའི་དམ་ཚིག་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་འདྲེན་པ་གསོལ་ཀ་པ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་པཱ་ཤ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་དེ་བྱུང་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འདྲེན་པའི་ཕྱག་རྒྱ་མང་
པོར་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འདྲེན་པའི་ཕྱག་རྒྱ་མང་པོ་དེ་དག་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས་ཡང་
གཅིག་ཏུ་འདྲེས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞགས་པ་ཞེས་བྱ་བའི་སྐུར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་སྒོ་ཁང་གི་ནང་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདྲེན་ཅིང་ཆེད་
དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཞགས་པ་དམ་པོ་བདག །རྡུལ་ཕྲན་བཞུགས་པ་ཐམས་ཅད་ཀྱང་། །བདག་གིས་སླར་ཡང་དྲང་བར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་
སྒྲོག །སེམས་དཔའ་ཆེན་པོའི་དམ་ཚིག་ལས་བྱུང་བ། སེམས་དཔའ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་སྥོ་ཊ།

དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་དེ་བྱུང་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པའི་ཕྱག་རྒྱ་མང་པོར་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་
བསྡམས་པའི་ཕྱག་རྒྱ་མང་པོ་དེ་དག་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས། ཡང་གཅིག་ཏུ་འདྲེས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་སྐུར་གྱུར་ནས་བཅོམ་ལྡན་
འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་རྡོ་རྗེ་ཆོས་ཀྱི་སྒོ་ཁང་གི་ནང་གི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས། དེ་བཞིན་གཤེགས་པ་ཐམས་ཅད་འཆིང་ཞིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ལྕགས་
སྒྲོག་དམ་པོ་བདག །བཅིང་བ་ཀུན་ལས་གྲོལ་བ་རྣམས། །སེམས་ཅན་དོན་དུ་འཆིང་བར་འདོད། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཞེས་བྱ་བ་སེམས་དཔའ་ཆེན་པོའི་དམ་ཚིག་ལས་བྱུང་བ། སེམས་དཔའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་བྲན་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཨཱ་བེ་ཤ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་འདི་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་
རྒྱ་མང་པོ་ཐམས་ཅད་དུ་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མང་པོ་ཐམས་ཅད་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་སྟེ་
གཅིག་ཏུ་འདྲེས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དབབ་པའི་སྐུར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་རྡོ་རྗེ་ལས་ཀྱི་སྒོ་གང་གི་ནང་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འབེབས་

ཤིང་། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་དབབ་པ་བརྟན་པ་བདག །ཀུན་གྱི་བདག་ཏུ་གྱུར་ནས་ཀྱང་། །བྲན་དུ་ཡང་ནི་གྱུར་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་དང་། གཞུག་པ་
དང་བཅིང་བ་དང་། དབང་དུ་བྱ་བ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བར་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་སེ་གོལ་གྱིས་མཚན་མ་མཛད་ནས། དེ་བཞིན་གཤེགས་པ་
ཐམས་ཅད་བསྡུ་བའི་བྱིན་བརླབས་འདི་གསུངས་སོ། །བཛྲ་ས་མཱ་ཛཿ། དེ་ནས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེ་གོལ་གྱི་མཚན་མས་བསྐུལ་བ་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་ཐམས་ཅད་ནས། འཇིག་རྟེན་གྱི་
ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་མང་པོ་དང་བཅས་ཏེ་འདུག་ནས་ཁང་བུ་བརྩེགས་པའི་རྩེ་མོ་ནོར་བུ་རིན་པོ་ཆེ་ལས་བྱས་པ་གང་ན་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
རྣམ་པར་སྣང་མཛད་གང་ན་བ་བདེར་གཤེགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱ་ད་བནྡ་ནཾ་ཀ་རོ་མི་ཞེས་བརྗོད་དོ། །རང་བཞིན་གྱིས་གྲུབ་པའི་སྔགས་དེ་ཅི་དགའ་བར་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ནས། ཆེད་དུ་བརྗོད་པ་འདི་
ཆེད་དུ་བརྗོད་དོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ནི། །ཀུན་དུ་བཟང་པོའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་མཛེས། །དབུས་ན་དེ་བཞིན་གཤེགས་པ་མཛེས། །དེ་སྐད་ཅེས་སྨྲས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་འདུས་པའི་དེ་བཞིན་
གཤེགས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་བཅས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཐུགས་ལས་རང་རང་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་ཏེ་བྱུང་ནས། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་དུ་གྱུར་ནས་སྙོམས་པར་ཞུགས་ཏེ་བཞུགས་ནས། ཆེད་དུ་བརྗོད་པ་
འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེས་པ་མིན། །རྡུལ་ཕྲན་ཇི་སྙེད་ཐམས་ཅད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས་སེམས་ཅན་གྱི་ཁམས་མ་ལུས་
ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང་། ཐམས་ཅད་ལ་ཕན་པ་དང་བདེ་བ་བསྟབས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་དམ་པ་འགྲུབ་པའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་
འཁོར་ཆེན་པོ་འདི་བྱིན་གྱིས་བརླབ་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རང་གི་རྡོ་རྗེ་སེམས་དཔའ་ཐོག་མ་དང་ཐ་མ་མེད་པ་རྡོ་རྗེ་འཛིན་པ་ཆེན་པོ་ལ་མིང་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་བོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་
དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་དུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་
པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །
རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་པོ་ཁྱོད། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །རྡོ་རྗེ་དཔལ་རབ་སེམས་ཅན་དོན། །རྡོ་རྗེ་རྒྱལ་མཚན་

རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་
རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེའི་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་
སྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་ཟློས་པ་རབ་གྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་
ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་སྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པ་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་
རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །སུ་ཞིག་མིང་རྣམས་འཆང་བ་ནི། །ཞི་བ་བརྒྱ་པོ་རྩ་བརྒྱད་འདི། །རྡོ་རྗེ་མིང་དབང་བསྐུར་ལ་སོགས། །མཆོག་རྣམས་ཀུན་གྱིས་
དེ་དབང་བསྐུར། །གང་ཞིག་ཡོན་ཏན་མིང་རྣམས་ཀྱིས། །རྡོ་རྗེ་འཆང་བ་ཆེན་པོ་ལ། །རྟག་ཏུ་གླུར་བླངས་བསྟོད་པ་ནི། །དེ་ཡང་རྡོ་རྗེ་འཆང་འདྲར་འགྱུར། །མིང་བརྒྱ་རྩ་བརྒྱད་འདི་དག་གིས། །བདག་ཅག་གིས་ནི་བསྟོད་པ་ཡིན། །ཐེག་པ་ཆེན་པོ་རྟོགས་པ་ཡི། །ཚུལ་ཆེན་ཡང་
ནི་རྒྱས་པར་མཛོད། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡི། །ཆོ་ག་མཆོག་ནི་བཤད་པར་གསོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་

ཐོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་དབྱིངས་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་དཀྱིལ་འཁོར་དམ་པ་སྟེ། །
རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་དབྱིངས་ཞེས་བགྱི་བར་གྲགས། །སེམས་དཔའ་ཆེ་ཡི་ཕྱག་རྒྱ་ཆེར། །བསྒོམ་ཞིང་བྱིན་གྱིས་རློབ་བགྱིད་ཅིང་། །དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །ཅི་རིགས་པར་ནི་མཆིས་ནས་ཀྱང་། །ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་
ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །སར་པ་ལགས་པར་བཀལ་ནས་ཀྱང་། །ཚད་དང་མཐུན་ལ་མཛེས་པ་ཡི། །ཐིག་གིས་མཁས་པས་ཅི་ནུས་ཀྱིས། །དཀྱིལ་འཁོར་གྱི་ནི་ཐིག་གདབ་ཅིང་། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །
རྟ་བབས་བཞིས་ནི་མཛེས་བགྱིས་ལ། །ཐིག་བཞི་དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་ཞུགས་ལ། །
འཁོར་ལོ་འདྲ་བར་རྡོ་རྗེ་ཡི། །ཐིག་གིས་ཡོངས་སུ་བསྐོར་བར་བགྱི། །ཀ་བ་བརྒྱད་ཀྱིས་མཛེས་བགྱིས་ལ། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་ལ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་གཟུགས་གཞག་ཅིང་། །སངས་
རྒྱས་ཀྱི་ནི་ཕྱོགས་ཀུན་གྱི། །དཀྱིལ་འཁོར་རྣམས་ཀྱི་དབུས་རྣམས་སུ། །རིམ་བཞིན་དུ་ནི་དམ་ཚིག་མཆོག །བཞི་པོ་ལེགས་པར་གཞག་པར་བགྱི། །དཀྱིལ་འཁོར་བཞི་པོ་དེ་དག་ཏུ། །རྡོ་རྗེའི་གོམ་པས་སོང་ནས་ནི། །མི་གཡོ་བ་ལ་སོགས་པ་ཡི། །སངས་རྒྱས་བཞི་པོ་
ཐམས་ཅད་གཞག །མི་གཡོ་བ་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་འཛིན་སོགས་བཅས་པར་གཞག །རིན་ཆེན་འབྱུང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་སྙིང་སོགས་རྫོགས་པར་གཞག །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རྡོ་རྗེ་སྤྱན་སོགས་དག་པར་གཞག །གདོན་མི་ཟ་གྲུབ་དཀྱིལ་

འཁོར་དུ། །རྡོ་རྗེ་རྒྱ་གྲམ་ལ་སོགས་གཞག །འཁོར་ལོ་ཡི་ནི་གྲྭ་རྣམས་སུ། །རྡོ་རྗེ་ལྷ་མོ་རྣམས་ཀྱང་གཞག །དཀྱིལ་འཁོར་ཕྱི་རིམ་གྲྭ་རྣམས་སུ། །སངས་རྒྱས་མཆོད་པ་རྣམས་ཀྱང་གཞག །སྒོ་རྣམས་ཀྱི་ནི་ནང་དུ་ནི། །སྒོ་སྲུང་བཞི་ཡང་གཞག་པར་
བྱ། །དཀྱིལ་འཁོར་ཕྱི་རིམ་ཕྱོགས་སུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དམ་ཚིག་མཆོག་གི་ཕྱག་རྒྱ་ནི། །ཆོ་ག་བཞིན་བཅིངས་ཞུགས་ནས་ཀྱང་། །གྷཎྜའི་ཕྱག་རྒྱས་དབབ་པར་བགྱི། །དེ་ལ་ཐམས་ཅད་དབབ་པའི་སྙིང་པོ་ནི་འདི་
ལགས་སོ། །ཨཿ། བདག་ལ་བྱིན་གྱིས་བརླབ་ལ་སོགས། །ཇི་ལྟ་བར་ནི་བཀའ་ནོད་དོ། །དེ་ལྟར་བགྱིས་ནས་བདག་མིང་བརྗོད། །དེ་ནས་རྡོ་རྗེས་བསྒྲུབ་བགྱི་བ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབ་གྱིས་ལ། །སངས་རྒྱས་
ཐམས་ཅད་བསྡུ་བར་བགྱི། །དེ་ཚེ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་ལ་སོགས་པར་བཅས། །དཀྱིལ་འཁོར་ཐམས་ཅད་གང་བ་རྣམས། །དཀྱིལ་འཁོར་རྣམས་སུ་འདུས་པར་འགྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་
དམ་པ་ནི། །ཅུང་ཟད་རབ་ཏུ་བརྗོད་པར་བགྱི། །ད་ནས་འདུས་པ་དགྱེས་པས་ན། །དེ་བཞིན་གཤེགས་རྣམས་བརྟན་པར་འགྱུར། །རྡོ་རྗེ་སེམས་དཔའ་རང་གྲུབ་པ། །གྲོགས་པོ་ཉིད་དུ་ཉེ་བར་གནས། །དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བགྱིས་ནས། །
ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་གཞག་པར་བགྱི། །དམ་ཚིག་མཆོག་གི་ཕྱག་རྒྱ་དང་། །སེམས་དཔའ་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་། །དེ་ནས་སངས་རྒྱས་ལ་སོགས་པ། །སེམས་དཔའ་
ཆེན་པོ་ཀུན་བསྡུ་བར། །སྤྱན་དྲངས་ནས་ནི་རབ་ཏུ་བཅུག །བཅིངས་ནས་དེ་ཡི་དབང་དུ་གྱུར། །དེ་ནས་བདག་ཉིད་ཆེན་པོ་རྣམས། །གསང་བའི་མཆོད་པས་མཉེས་བགྱིས་ལ། །ཐམས་ཅད་གྲུབ་ཕྱིར་སེམས་ཅན་དོན། །ཐམས་ཅད་མཛོད་ཅེས་གསོལ་བར་བགྱི། །དཀྱིལ་

འཁོར་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་གྱིས་དེ་བཞིན་དུ་ལས་བགྱིའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ནི་རྡོ་རྗེ་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ལ་སོགས་པ་ཆོ་ག་རྒྱས་པར་མཆིས་སོ། །དེ་ལ་དང་པོ་གཞུག་པ་ལགས་ཏེ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་
པ་རྣམས་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་མཆོག་གྲུབ་པར་བགྱི་བའི་སླད་དུའོ། །དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཁ་
ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེར་ཞུགས་ཏེ་མཐོང་ན། ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང་ནོར་བུ་དང་། བཟའ་བ་དང་བཏུང་བ་དང་འདོད་པའི་ཡོན་ཏན་ཐམས་ཅད་ལ་
ཆགས་པ་དང་། དམ་ཚིག་ལ་མི་དགའ་བ་དང་སྔར་སྤྱད་པ་ལ་སོགས་པ་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་དེར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་
ཅན་ཁ་ཅིག་ནི་གར་དང་གླུ་དང་གད་མོ་དང་རྩེད་མོ་དང་། ཁ་ཟས་དང་སྤྱོད་པ་ལ་དགའ་བ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག་གི །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་དག་པར་གྱུར་པས། བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པ་རྣམས་འབྱུང་བ་དེར་ནི་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས། མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་
སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་། མགུ་བའི་དམ་པ་ཐམས་ཅད་འགྲུབ་ཅིང་བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་དང་། ངན་སོང་གི་རྒྱུད་ཐམས་ཅད་དུ་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་

སླད་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེར་འཇུག་ཏུ་རུང་ངོ་། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དམ་པ་འགྲུབ་པའི་ཐབས་ཀྱིས་སངས་རྒྱས་རྣམས་ཀྱི་བྱང་ཆུབ་
ཚོལ་བ་ན་བསམ་གཏན་དང་། རྣམ་པར་ཐར་བ་དང་། ས་རྣམས་ཀྱིས་འབད་ཅིང་ཉོན་མོངས་པར་གྱུར་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པར་ཡང་དཀའ་བ་ལགས་ན། དངོས་གྲུབ་
གཞན་ལྟ་སྨོས་ཀྱང་ཅི་འཚལ། དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞི་བྱའོ། །དེ་ནི་འདི་ལྟར་ལུས་ཐམས་ཅད་ཀྱིས་རྡོ་རྗེ་ཐལ་མོ་བརྐྱང་སྟེ་ཕྱག་འཚལ་ཞིང་སྔགས་འདི་སྐད་དུ། ཨོཾ་སརྦྦ་ཏཐཱ་ག་ཏ་པཱུ་ཛོཔ་སྠཱ་ནཱ་ཡ་ཨཱཏྣཱ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་
སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བརྗོད་དོ། །དེ་བཞིན་དུ་འདུག་སྟེ་རྡོ་རྗེ་ཐལ་མོ་སྙིང་གར་བཞག་སྟེ་དཔྲལ་བས་ཕྱག་འཚལ་ཞིང་། སྔགས་འདི་སྐད་དུ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྤཱ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ་ཞེས་བརྗོད་དོ། །དེ་ནས་དེ་བཞིན་དུ་
འདུག་སྟེ་རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ཏེ་ཁས་ཕྱག་འཚལ་ཞིང་འདི་སྐད་དུ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བརྟ་ནཱ་ཡ་ཨཱ་ཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་བརྟ་ཡ་མཾ་ཞེས་བརྗོད་དོ། །དེ་ནས་དེ་བཞིན་དུ་འདུག་སྟེ་རྡོ་རྗེའི་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སྙིང་གར་བཞག་སྟེ་སྤྱི་བོས་ཕྱག་
འཚལ་ཞིང་འདི་སྐད་དུ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨྨ་ཎེ་ཨཱཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་ཀརྨྨ་ཀུ་རུ་མཱཾ་ཞེས་བརྗོད་དོ། །དེ་ནས་སྟོད་གཡོགས་གོས་དམར་པོ་གྱོན་ལ། གདོང་རས་དམར་པོས་དཀྲིས་ནས་སེམས་དཔའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་སྙིང་པོ་འདི་བརྗོད་དོ། །སམ་
ཡསྟྭཾ། དེ་ནས་གུང་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་བཅུག་ལ་དྲང་ཞིང་སྙིང་པོ་འདི་བརྗོད་དོ། །ས་མ་ཡ་ཧཱུྃ། དེ་ནས་བཅུག་མ་ཐག་ཏུ་འདི་སྐད་དུ་བསྒོས་ཤིག །དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་

གཤེགས་པ་ཐམས་ཅད་དུ་འགྲུབ་པའང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་སེམས་དཔའི་
རྡོ་རྗེའི་ཕྱག་རྒྱ་ཁ་ནང་ན་བསྟན་པ་དང་། ཕྱིར་བསྟན་པ་བཅིངས་ལ་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་དུ་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན། ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་མནའི་
ཆུའི་སྙིང་པོས་བསྔགས་ལ་སློབ་མ་དེ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་གཞུག་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲོད་ཀ་ཐ། དེ་ནས་སློབ་མ་ལ་འདི་
སྐད་བསྒོས་ཤིག །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ་འདི་སྐད་དུ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་དུ་གཞུག་གོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་དཔའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། འདི་སྐད་དུ་སྨྲར་གཞུག་གོ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་
དཔའ་ཡིན་པར་གྲགས། །རྡོ་རྗེའི་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཨཿ། དེ་ནས་ཁྲོ་བོས་ཕྱག་རྒྱ་བཅིངས་ལ། སེམས་དཔའི་རྡོ་རྗེའི་ཕྱག་རྒྱ་ལ་མདུད་ཅིང་དྲངས་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཚིག་ཅི་ནུས་པར་སྨྲར་གཞུག་གོ། །
དེ་ནས་ཕབ་སྟེ་བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། ཡེ་ཤེས་དེས་ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་དགོངས་པ་ཐམས་ཅད་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་བསྟན་པ་ཐམས་ཅད་ལ་དེ་ཡིས་སེམས་

བརྟན་པར་འགྱུར་རོ། །དེ་ཡིས་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་རོ། །འཇིགས་པ་ཐམས་ཅད་དང་བྲལ་ནས་གནོད་པ་མེད་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་འགྱུར་རོ། །དངོས་
གྲུབ་ཐམས་ཅད་འདིའི་མངོན་སུམ་དུ་འགྱུར་རོ། །རྒྱུ་མེད་པར་སྔོན་མ་བྱུང་བའི་དགའ་བ་དང་མགུ་བ་དང་། རངས་པར་བྱེད་པའི་བདེ་བ་ཐམས་ཅད་དེ་ལ་སྐྱེ་བར་འགྱུར་རོ། །བདེ་བ་དེ་དག་ཁ་ཅིག་གིས་ནི་ཏིང་ངེ་འཛིན་འགྲུབ་པར་འགྱུར་རོ། །ཁ་ཅིག་གིས་ནི་གཟུངས། ཁ་ཅིག་གིས་ནི་རེ་བ་
ཐམས་ཅད་ཡོངས་སུ་རྫོགས་པ་ནས། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པའི་བར་དུ་འགྱུར་རོ། །དེ་ནས་ཕྱག་རྒྱ་དེ་བཅིངས་ལ་རང་གི་སྙིང་གར་བཀྲོལ་ཞིང་སྙིང་པོ་འདི་ཡང་སྨྲར་གཞུག་གོ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤྭ་ཏྱོ་མེ་བྷ་བ། དྲི་ད་ཡ་མེ། ཨ་དྷི་ཏིཥྛ་སརྦ་
སིདྡྷི་མྨེ་བྲ་ཡཙྩ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། དེ་ནས་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་ཞིང་སྙིང་པོ་འདི་ཡང་ཆེད་དུ་བརྗོད་དུ་གཞུག་གོ། །པྲཏཱི་ཙྪ་བཛྲ་ཧོཿ། དེ་ནས་གང་ལ་བབ་པ་དེ་དེས་འགྲུབ་བོ། །དེ་ནས་ཕྲེང་བ་དེ་བླངས་ཏེ། མགོ་བོར་བཅིངས་ལ་སྙིང་པོ་འདི་སྨྲར་གཞུག་གོ། །
ཨོཾ་པྲ་ཏི་གྲིཧྞ་སྭ་མི་མཱཾ་སཏྭ་མ་ཧྭ་བ་ལ། དེ་བཅིངས་པས་སེམས་དཔའ་ཆེན་པོ་དེས་བདག་གིར་བྱས་པར་གྱུར་པས་འདི་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ནས་དེ་ལྟར་བབས་བཞིན་དུ་གདོང་གཡོགས་པ་བཀྲོལ་ཏེ། སྙིང་པོ་འདི་ཡང་སྨྲར་གཞུག་གོ། །ཨོཾ་བཛྲ་སཏྭ་ས་ཡཾ་ཏེ་ཏྱ་ཙཀྵུརྒ་ཏ་ན་
ཏཏྤ་ར་ཨུ་ཏྒྷ་ཊ། ཡ་ཏི་སརྦྦཱ་ཀྵོ་བཛྲ་ཙཀྵུ་ཨ་ནུཏྟ་རཾ་ཧེ་བཛྲ་པཱ་ཤྱ། དེ་ནས་དཀྱིལ་འཁོར་ཆེན་པོ་རིམ་པ་བཞིན་དུ་བསྟན་ཏོ། །དཀྱིལ་འཁོར་ཆེན་པོ་མཐོང་མ་ཐག་ཏུ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཡང་དེའི་སྙིང་ག་
ན་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་པའི་ཕྱིར། འོད་ཟེར་སྣ་ཚོགས་ལ་སོགས་པའི་དཀྱིལ་འཁོར་མཐོང་བ་ལ་སོགས་པ་དང་། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་ཀྱང་མཐོང་བར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་

དམ། དེ་བཞིན་གཤེགས་པའི་སྐུ་ཅིག་སྟོན་པར་འགྱུར་རོ། །དེའི་ཕྱིན་ཆད་དོན་ཐམས་ཅད་དང་ཡིད་ཀྱི་དགོས་པའི་འདོད་པ་ཐམས་ཅད་དང་། དངོས་གྲུབ་ཐམས་ཅད་ནས་རྡོ་རྗེ་འཛིན་པ་ཉིད་དམ། དེ་བཞིན་གཤེགས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་
ཆེན་པོ་མཐོང་བའི་འོག་ཏུ་རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པའི་ནང་གི་དྲིའི་ཆུ་དང་སྙིང་པོ་འདིས་དབང་བསྐུར་བར་བྱའོ། །ཨོཾ་བཛྲ་ཨབྷི་ཥིཉྩ་མཱི། དེ་ནས་ཕྱག་རྒྱ་དང་ཕྲེང་བ་གང་ཡང་རུང་བ་གཅིག་བཅིངས་ལ་རང་གི་མཚན་མ་ལག་པར་བཞག་ལ་འདི་སྐད་དུ་བརྗོད་པར་བྱའོ། །སངས་རྒྱས་
ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་འགྲུབ་ཕྱིར། །རྡོ་རྗེ་དེ་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥི་ཉྩཱ་མི། ཏིཐྠ་བཛྲ་ས་མ་ཡ་སྟྭཾ། དེ་ནས་སྙིང་པོ་འདིས་རྡོ་རྗེ་ཞེས་བྱ་བའི་དབང་བསྐུར་བྱའོ། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷིཥི་ཉྩཱ་མི།
བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་རྡོ་རྗེ་ཞེས་གང་གི་མིང་གིས་གང་བརྗོད་པ་དེར། ཀྱེ་ཞེས་བརྗོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པའོ། །དེ་ནས་ཅི་ཁྱོད་དོན་འབྱུང་བའི་དངོས་གྲུབ་ཀྱི་ཡེ་ཤེས་དང་། རྫུ་འཕྲུལ་གྱི་དངོས་གྲུབ་འགྲུབ་པའི་ཡེ་ཤེས་དང་།
རིག་འཛིན་གྱི་དངོས་གྲུབ་འགྲུབ་པའི་ཡེ་ཤེས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་འགྲུབ་པའི་ཡེ་ཤེས་ཀྱི་བར་དུ། གང་འདོད་ཅེས་སྨྲས་ལ་དེ་ནས་གང་གིས་གང་འདོད་པ་དེ་དེ་ལ་བརྗོད་པར་བྱའོ། །དེ་ནས་དོན་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པའི་ཕྱག་
རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། རྡོ་རྗེའི་དབྱིངས་ནི་གཏེར་གནས་པ། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །བསྒོམས་ནས་ས་ལ་གནས་པ་ཡི། །གཏེར་ནི་དེ་ཡིས་མཐོང་བར་འགྱུར། །རྡོ་རྗེའི་དབྱིབས་ཅིག་བྲིས་ནས་ཀྱང་། །ནམ་མཁའི་ངོས་ལ་བསྒོམ་པར་བྱ། །གང་དུ་ལྷུང་
བར་མཐོང་བ་དེར། །གཏེར་ཡོད་པར་ནི་ཤེས་པར་བྱ། །བློ་ལྡན་མི་ཡིས་རྡོ་རྗེའི་དབྱིབས། །ལྕེ་ཡི་སྟེང་དུ་བསྒོམས་ན་ནི། །འདི་ན་ཡོད་ཅེས་བདག་ཉིད་ཀྱིས། །བདེན་པ་ཉིད་དུ་སྨྲ་བར་འགྱུར། །བདག་གི་ལུས་ནི་ཐམས་ཅད་ལ། །རྡོ་རྗེ་དབྱིབས་སུ་བསྒོམས་ནས་ནི། །བབས་པར་

གྱུར་ནས་གར་གནས་པར། །གཏེར་ནི་དེ་ན་ཡོད་པར་བཤད། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ཨོཾ་བཛྲ་ནི་དྷཱི། ཨོཾ་རཏྣ་ནི་དྷཱི། ཨོཾ་དྷརྨྨ་ནི་དྡཱི། ཨོཾ་ཀརྨྨ་ནི་དྷཱི། དེ་ནས་རྡོ་རྗེ་རྫུ་འཕྲུལ་གྱི་དངོས་གྲུབ་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། རྡོ་རྗེའི་དབབ་པ་བྱས་
ནས་ནི། །ཆུ་ལ་རྡོ་རྗེའི་དབྱིབས་འདྲ་བར། །བསྒོམས་ནས་ཆུ་ཡི་སྟེང་ན་ཕར། །འགྲོ་བའི་དངོས་གྲུབ་མྱུར་བར་འགྲུབ། །དེ་ལྟར་དབབ་པ་བྱས་ནས་ཀྱང་། །གང་གི་གཟུགས་སུ་བདག་གི་ལུས། །བསྒོམས་པར་གྱུར་ན་བདག་ཉིད་ནི། །སངས་རྒྱས་ཀྱི་ནི་སྐུར་ཡང་འགྱུར། །དེ་ལྟར་བདག་
ལ་ཕབ་ནས་ཀྱང་། །བདག་གིས་བདག་ཉིད་ནམ་མཁར་ནི། །བསྒོམས་པར་གྱུར་ན་ཇི་སྲིད་དུ། །འདོད་པ་དེ་སྲིད་མི་སྣང་འགྱུར། །རྡོ་རྗེ་བབས་པར་བདག་གྱུར་ནས། །རྡོ་རྗེ་ཡིན་པར་བདག་བསྒོམས་ན། །གནས་ནས་ཇི་སྲིད་ལྡིང་འདོད་པ། །དེ་སྲིད་མཁའ་ལ་འགྲོ་བར་འགྱུར། །དེ་དག་
གི་སྙིང་པོ་ནི་འདི་དག་ཡིན་ནོ། །བཛྲ་ཛྭ་ལ། བཛྲ་རཱུ་པ། བཛྲ་ཨཱ་ཀཱ་ཤ། བཛྲ་མ་ཧཱུྃ། དེ་ནས་རྡོ་རྗེ་རིག་འཛིན་གྱི་དངོས་གྲུབ་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། ཟླ་བའི་དབྱིབས་ཅིག་བྲིས་ནས་ནི། །སྟེང་གི་མཁའ་ལ་འཕག་བྱ་སྟེ། །ལག་པར་རྡོ་རྗེ་བསྒོམས་ན་ནི། །
རྡོ་རྗེ་རིག་པ་འཛིན་པར་འགྱུར། །ཟླ་བའི་དབྱིབས་སྟེང་འདུག་གནས་ནས། །རྡོ་རྗེ་རིན་ཆེན་རབ་བསྒོམས་ན། །བདག་ཉིད་བདག་པ་ཇི་སྲིད་འདོད། །དེ་སྲིད་སྐད་ཅིག་ལྡིང་བར་འགྱུར། །ཟླ་བའི་དབྱིབས་ཀྱི་སྟེང་འདུག་ནས། །རྡོ་རྗེ་པད་མ་ལ་གནས་པར། །བསྒོམས་ན་རྡོ་རྗེ་སྤྱན་
གྱིས་ནི། །རིག་འཛིན་གོ་འཕང་སྦྱིན་པར་བྱེད། །ཟླ་བའི་དཀྱིལ་འཁོར་དབུས་གནས་ནས། །ལས་ཀྱི་རྡོ་རྗེ་བསྒོམས་ན་ནི། །རྡོ་རྗེ་སྣ་ཚོགས་འཛིན་པ་ལས། །རིག་འཛིན་ཀུན་ཏུ་མྱུར་བར་འགྱུར། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །བཛྲ་དྷ་ར། རཏྣ་དྷ་ར། དྷརྨྨ་དྷ་ར།
ཀརྨྨ་དྷ་ར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན། །ནམ་མཁའི་དབྱིངས་སུ་བསམས་ན་ནི། །རྡོ་རྗེའི་བདག་ཉིད་ཇི་སྲིད་འདོད། །དེ་སྲིད་རབ་ཏུ་ལྡིང་བར་འགྱུར། །ཀུན་ལས་

དག་པའི་ཏིང་ངེ་འཛིན། །བསྒོམས་ན་བླ་མེད་དེ་བཞིན་དུ། །ཡེ་ཤེས་བསྒྲུབ་པས་མྱུར་དུ་ནི། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །རྡོ་རྗེ་སེམས་དཔའ་འདྲ་བར་ནི། །ནམ་མཁའ་ཐམས་ཅད་དྲན་བྱས་ན། །བདག་ཉིད་དྲན་པ་བརྟན་ལྡན་ཞིང་། །རྡོ་རྗེ་འཛིན་པར་མྱུར་དུ་
འགྱུར། །ནམ་མཁའི་དབྱིངས་ནི་ཐམས་ཅད་དུ། །སངས་རྒྱས་གཟུགས་སུ་དམིགས་ནས་ནི། །སངས་རྒྱས་ཀུན་གྱི་ཏིང་འཛིན་ལས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །བཛྲ་བཛྲ། ཤུདྡྷ་ཤུདྡྷ། སཏྭ་སཏྭ། བུདྡྷ་བུདྡྷ།
ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་འགྲུབ་པ་རྣམས་སོ། །དེ་ནས་གསང་ཐུབ་པ་ཡིན་པས། དེ་ལ་དང་པོར་མནའི་སྙིང་པོ་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་སྭ་ཡ་ནྡྱེ། ཧྲྀད་ཡེས་མ་བསྟ་ཏ་ནི་བཱི་རྱཱ་ཏ་ཏ་ཀྵ་ཎཱཾཡཱ་ཡཱ་དྻ་ཏི་བྲུ་ཡད་ཨི་དམ་ན་ཡཾ། དེ་ནས་འདི་སྐད་དུ་ཁྱོད་ཀྱིས་མནའི་སྙིང་པོ་
དེ་ལས་འདའ་བར་མ་བྱེད་ཅིག །ཁྱོད་ཀྱིས་གནོད་པ་མ་སྤངས་པས། དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ། ལུས་འདི་ཉིད་ཀྱིས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བསྒོ་བར་བྱའོ། །དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །རྡོ་རྗེ་དབབ་པ་བྱས་ན་ནི། །མཉམ་
པར་བཞག་པས་རྡོ་རྗེ་ཡི། །ཐལ་མོ་ངོས་ཀྱིས་དལ་བརྡབས་ན། །རི་བོ་ཡང་ནི་དབང་དུ་འགྱུར། །རྡོ་རྗེ་ཐལ་མོའི་ཕྱག་རྒྱའོ། །རྡོ་རྗེ་དབབ་པའི་ཆོ་ག་ཡིས། །རྡོ་རྗེ་བསྡམས་པའི་ངོས་ཀྱིས་ནི། །དལ་གྱིས་བརྡབ་པར་སྦྱོར་བ་ཡིས། །རི་བོ་ཡང་ནི་ཀུན་ནས་འགུགས། །དེ་བཞིན་
དབབ་པའི་ཆོ་ག་ཡིས། །རྡོ་རྗེ་བསྡམས་པ་བརྐྱང་ནས་ནི། །སོར་མོའི་རྩེ་མོ་མཉམ་བརྡབས་ན། །རིགས་བརྒྱ་ཡུད་ཀྱིས་བརླག་པར་འགྱུར། །ཕྲ་མོ་དབབ་པའི་ཆོ་ག་ཡིས། །སོར་མོ་ཐམས་ཅད་མཉམ་བཞག་ཅིང་། །རྡོ་རྗེ་བསྡམས་མས་བཀྲོལ་བ་ནི། །སྡུག་བསྔལ་ཐམས་ཅད་
སེལ་བའི་མཆོག །དེ་ནས་དེ་དག་གི་གསང་བ་བསྒྲུབ་པ་ཡིན་ཏེ། བུད་མེད་དམ་ནི་སྐྱེས་པ་ཡི། །བུ་གའི་ནང་དུ་གཞུག་པར་བྱ། །ཡིད་ཀྱིས་དེ་ལྟར་ཞུགས་ནས་ཀྱང་། །དེ་ཡི་ལུས་ཀུན་ཁྱབ་པར་བསམ། །དེ་ལ་ཐལ་མོའི་སྙིང་པོ་ནི་འདི་དག་ཡིན་ནོ། །བཛྲཔཱ་ཤ། བཛྲ་ཨཱ་བེ་ཤ།

བཛྲ་ཧ་ན། བཛྲ་ཧ་ར། དེ་ནས་རང་གི་རིགས་ཀྱི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །ཆོ་ག་འདི་སྐད་དུ་བསྒོ་བར་བྱ་སྟེ། ཁྱོད་ཀྱིས་ཕྱག་རྒྱ་མི་ཤེས་པ་གཞན་སུ་ཡང་རུང་བ་ལ། ཕྱག་རྒྱ་གང་ཡང་རུང་བ་བསྟན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན།
དེ་ནི་འདི་ལྟར་དཀྱིལ་འཁོར་ཆེན་པོ་མ་མཐོང་བར་གྱུར་པའི་སེམས་ཅན་དེ་དག་གིས་ཕྱག་རྒྱ་བཅིང་བ་བྱས་ན། དེའི་ཚེ་དེ་དག་དེ་ལྟར་འགྲུབ་པར་མི་འགྱུར་རོ། །དེ་ནས་དེ་དག་ཐེ་ཚོམ་དུ་གྱུར་ཏེ། གནོད་པ་མ་སྤངས་པས་མྱུར་བ་ཉིད་དུ་དུས་བྱས་ནས། དམྱལ་བ་ཆེན་པོ་མནར་མེད་པ་
ཞེས་བྱ་བར་ལྷུང་བར་འགྱུར་རོ། །ཁྱོད་ཉིད་ཀྱང་ངན་སོང་དུ་འགྲོ་བར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་སྒྲུབ་པའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གང་ཡིན་པ་སྟེ། སེམས་རྟོགས་པ་ནས་བརྩམས་ནས་ནི། །རྡོ་རྗེ་དབྱིངས་ཤེས་རྗོད་བྱེད་ཅིང་། །སངས་
རྒྱས་སྐུར་ནི་བདག་བསྒྱུར་ལ། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །གྲུབ་མ་ཐག་ཏུ་དེ་ཡིས་ནི། །ཡེ་ཤེས་ཚེ་སྟོབས་ན་ཚོད་དང་། །ཀུན་ཏུ་འགྲོ་བ་ཉིད་རྣམས་འཐོབ། །སངས་རྒྱས་འགྲུབ་པའང་དཀའ་བ་མིན། །དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱག་
རྒྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཡིན་ཏེ། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །རྡོ་རྗེ་བསྒྱིངས་པར་སེམས་བསྐྱེད་དེ། །བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ན། །རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །དེས་ན་ཀུན་དུ་འགྲོ་བ་དང་། །འདོད་པ་ཀུན་
བདག་བདེ་ཅན་དང་། །རྫུ་འཕྲུལ་ཆེ་སྟོབས་གཟུགས་མཆོག་རྣམས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །ཇི་ལྟར་རི་མོའི་རྗེས་མཐུན་ཞིང་། །མཚན་མའི་ཕྱག་རྒྱ་རྣམས་ལྡན་པ། །སེམས་དཔའ་ཆེན་པོར་བསྒྲུབ་པར་བྱ། །འདིར་ནི་དུམ་བུ་
ཐམས་ཅད་ཀྱི། །སྒྲུབ་པ་དང་ནི་དངོས་གྲུབ་དང་། །གྲུབ་པ་རྣམས་ཀྱི་ལས་ཆེན་རྣམས། །གོ་རིམས་བཞིན་དུ་བཤད་པར་བྱ། །དང་པོར་ཉིན་རེའི་དུས་བཞིན་དུ། །རང་ལ་བྱིན་གྱིས་བརླབ་ལ་སོགས། །བྱས་ནས་ཐམས་ཅད་བསྒྲུབ་བྱ་སྟེ། །དེ་ཡི་འོག་ཏུ་ཅི་དགར་བྱ། །དེ་ལ་ཕྱག་རྒྱ་

ཆེན་པོར་བསྒྲུབ་པའི་ཆོ་ག་རྒྱས་པ་ནི་འདི་ཡིན་ཏེ། རྡོ་རྗེ་དབབ་པ་བྱས་ནས་ནི། །ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན། །བཅིངས་ནས་དེ་ཡི་མདུན་ཕྱོགས་སུ། །སེམས་དཔའ་ཆེན་པོ་དེ་བསྒོམ་མོ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་སུ་བསྒོམ་པར་བྱ། །བཀུག་ཅིང་
བཅུག་ལ་བཅིང་བ་དང་། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །བཛྲ་སཏྭ་ཨཿརྡོ་རྗེ་དབབ་པའི་སྙིང་པོའོ། །བཛྲ་སཏྭ་དྲྀ་ཤྱ་ཧོ། །སེམས་དཔའ་ཆེན་པོ་རྗེས་སུ་དྲན་པར་བྱ་བའི་སྙིང་པོའོ། །ཛཿཧཱུྃ་བཾ་ཧོཿ། སེམས་དཔའ་ཆེན་པོ་སྤྱན་དྲང་བ་དང་།
གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་ཀྱི་སྙིང་པོའོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས། །རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །དེར་བདག་སེམས་དཔའ་ལུས་སུ་བསྒོམ། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། །སེམས་དཔའ་གང་གི་ཕྱག་རྒྱ་གང་། །དེ་ནི་བདག་ཏུ་བསྒོམས་ནས་ནི། །རྡོ་རྗེ་
བཟླས་པས་བསྒྲུབ་པར་བྱ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པའོ། །གཞན་ཡང་བསྒྲུབ་པ་ཆེན་པོ་ནི། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ། །ལེགས་པའི་ཆོ་གས་ཡིད་ཀྱིས་ནི། །ལུས་སུ་སངས་རྒྱས་ཀུན་གཞུག་གོ །དེ་ནས་བླ་མེད་རྡོ་རྗེའི་ལས། །དེ་དག་གི་ནི་ལས་བཤད་དེ། །སངས་
རྒྱས་རྗེས་སུ་དྲན་གྲུབ་ན། །སངས་རྒྱས་ཉིད་དུ་མྱུར་དུ་འགྱུར། །སེམས་དཔའི་རྡོ་རྗེ་མ་གྲུབ་ན། །ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར། །རིན་ཆེན་རྡོ་རྗེའི་ཕྱག་རྒྱ་ཡིས། །དེ་ནི་རིན་ཆེན་ཀུན་དབང་འགྱུར། །ཆོས་ཀྱི་རྡོ་རྗེ་གྲུབ་ན་ནི། །སངས་རྒྱས་ཆོས་ནི་འཛིན་པར་འགྱུར། །ལས་ཀྱི་རྡོ་
རྗེའི་ཕྱག་རྒྱ་ཡིས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །སེམས་དཔའི་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །རྡོ་རྗེ་འདྲེན་པའི་ཆོ་ག་ཡིས། །རྡོ་རྗེ་འཛིན་པ་སྤྱན་འདྲེན་འགྱུར། །རྡོ་རྗེ་འདོད་པའི་ཕྱག་རྒྱ་ཆེས། །སངས་རྒྱས་ཐམས་ཅད་མཉེས་
པར་བྱེད། །རྡོ་རྗེ་ལེགས་པའི་ཆོ་ག་ཡིས། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རིན་ཆེན་ཕྱག་རྒྱའི་ཆོ་ག་ཡིས། །སངས་རྒྱས་དབང་བསྐུར་དེ་བཞིན་དུ། །རྡོ་རྗེ་གཟི་བརྗིད་ཆོ་ག་ཡིས། །རྡོ་རྗེ་གཟི་བརྗིད་མྱུར་དུ་འགྲུབ། །རྡོ་རྗེ་དཔལ་འཛིན་བསྟེན་པས་ན། །རེ་བ་རྣམས་

ནི་ཡོངས་སུ་སྐོང་། །རྡོ་རྗེ་བཞད་པའི་ཆོ་ག་ཡིས། །སངས་རྒྱས་ཀུན་དང་མཉམ་དུ་བཞད། །རྡོ་རྗེ་ཆོས་ཀྱི་ཆོ་ག་ཡིས། །རྡོ་རྗེ་ཆོས་ནི་འཛིན་པར་འགྱུར། །རྡོ་རྗེ་རྣོན་པོའི་ཆོ་ག་ཡིས། །སངས་རྒྱས་ཀུན་གྱི་ཤེས་རབ་མཆོག །རྡོ་རྗེ་འཁོར་ལོ་
འཛིན་བསྟེན་པས། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །རྡོ་རྗེ་གསུང་གི་ཆོ་ག་ཡིས། །སངས་རྒྱས་གསུང་གི་གྲུབ་པ་འཐོབ། །རྡོ་རྗེའི་ལས་མཆོག་བསྒྲུབས་པས་ན། །རྡོ་རྗེའི་ལས་སུ་མྱུར་དུ་འགྲུབ། །རྡོ་རྗེའི་གོ་ཆ་བསྐོན་ནས་ནི། །རྡོ་རྗེའི་སྐུ་ནི་འཐོབ་པར་
འགྱུར། །རྡོ་རྗེ་གནོད་སྦྱིན་བསྒྲུབས་པས་ན། །རྡོ་རྗེ་གནོད་སྦྱིན་མཉམ་པར་འགྱུར། །རྡོ་རྗེ་ཁུ་ཚུར་བཅིངས་པས་ན། །ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་འཛིན་པ་བསྒྲུབས་པས་ན། །རྡོ་རྗེ་རོལ་པ་ཆེན་པོ་འཐོབ། །རྡོ་རྗེ་ཕྲེང་བ་བཅིངས་པས་ན། །སངས་
རྒྱས་ཀུན་གྱིས་དབང་བསྐུར་འགྱུར། །རྡོ་རྗེ་གླུ་ཡི་ཆོ་ག་ཡིས། །རྡོ་རྗེ་གླུ་ནི་ལེན་པར་འགྱུར། །རྡོ་རྗེའི་གར་གྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་ལ་དེས་མཆོད་དོ། །རྡོ་རྗེ་བདུག་པའི་ཆོ་ག་ཡིས། །འགྲོ་བ་ཐམས་ཅད་ཚིམ་པར་བྱེད། །རྡོ་རྗེ་མེ་ཏོག་སྦྱོར་བྱེད་པས། །དེས་
ནི་འགྲོ་བ་དབང་དུ་བྱེད། །རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེས། །རབ་མཆོག་མིག་ནི་སྦྱིན་པར་བྱེད། །རྡོ་རྗེ་དྲི་ཡི་ཆོ་གས་ནི། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །རྡོ་རྗེ་ལྕགས་ཀྱུས་དྲངས་པས་ན། །འདྲེན་པ་ཀུན་གྱི་མཆོག་ཏུ་འགྱུར། །རྡོ་རྗེ་ཞགས་པའི་ཆོ་གས་ནི། །ཐམས་ཅད་
རབ་ཏུ་འཇུག་པར་འགྱུར། །རྡོ་རྗེ་ལྕགས་སྒྲོག་སྦྱོར་བ་ཡིས། །ཐམས་ཅད་བཅིང་བར་ནུས་པར་འགྱུར། །རྡོ་རྗེ་དབབ་པའི་ཆོ་ག་ཡིས། །ཐམས་ཅད་དབབ་པར་རབ་ཏུ་འགྲུབ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བཤད་དེ། ཐལ་མོ་
དམ་དུ་སྦྱར་བ་ལས། །སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་བྱུང་བས་ན། །དེ་དག་བསྡམས་པ་རྡོ་རྗེ་ཡི། །བསྡམས་པ་བླ་མེད་བཤད་པར་བྱ། །རྡོ་

རྗེ་བསྡམས་པ་དམ་བཅས་ལ། །གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་། །གུང་མོ་ནང་དུ་གཤིབས་པ་ནི། །སངས་རྒྱས་གཉིས་པའི་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་དང་། །གུང་མོ་པདྨ་འདྲ་བར་དགུག །སངས་རྒྱས་ལྔ་བའི་ཕྱག་རྒྱ་ནི། །དེ་བཞིན་མཛུབ་མོ་
བཀུག་པའོ། །དེ་ནས་དེ་བཞིན་གཤེགས་པ་ཡི། །རིགས་ཀྱི་དམ་ཚིག་འཛིན་པ་ཡི། །ཕྱག་རྒྱ་བསྡམས་དང་དངོས་གྲུབ་དང་། །ལས་རྣམས་ཡང་དག་བཤད་པར་བྱ། །ཟླ་བ་ལྟ་བུའི་ལག་གཉིས་ཀྱི། །གུང་མོ་བཏང་བར་གྱུར་བ་ཡི། །མཐེའོ་མཐེ་ཆུང་སོ་སོར་བསྒྲེང་། །སེམས་
དཔའི་རྡོ་རྗེ་བསྒྲེང་རྡོ་རྗེ། །མཛུབ་མོ་ལྕགས་ཀྱུ་མཛུབ་མོ་སྦྱར། །ལེགས་སོ་སྦྱིན་པ་འདྲ་བ་ནི། །རྡོ་རྗེ་སེམས་དཔའ་བཞི་བོ་ཡི། །ཕྱག་རྒྱ་མང་པོའི་དངོས་གྲུབ་དེའོ། །མཐེ་བོ་གཞིབས་ལ་མཛུབ་གཉིས་བཅག །རྩེ་སྤྲད་རིན་ཆེན་རྡོ་རྗེ་ཡིན། །དེ་ཉིད་གུང་མོ་སྲིན་ལག་དང་། །མཐེའུ་
ཆུང་རྣམས་ནི་བསྣོལ་བརྐྱང་བའོ། །དེ་ལས་སྲིན་ལག་མཐེའུ་ཆུང་གཉིས། །མཉམ་པར་གཤིབས་པ་རྒྱལ་མཚན་ནོ། །དེ་འདི་ལས་ནི་བསྐོར་ནས་ཀྱང་། །ཁ་ཡི་ཕྱོགས་སུ་བཞག་པའོ། །མཐེ་བོ་གཉིས་ཀ་མཉམ་པར་གཤིབས། །མཛུབ་མོ་གཉིས་ཀ་བཀུག་པ་དང་། །གུང་
མོ་བསྒྲེང་བའི་རྩེ་མོ་བཀུག །དེ་ཉིད་རྡོ་རྗེ་རལ་གྲིའོ། །དེ་ལས་སྲིན་ལག་མཐེའུ་ཆུང་གཤིབས། །འཁོར་ལོ་ཡིན་པར་བཤད་པ་ཡིན། །བསྡམས་ལ་མཐེ་བོ་གཉིས་བཀྲོལ་ལ། །བཀན་ཏེ་ཁ་ཕྱོགས་བཞག་པའོ། །མཐེ་བོ་མཐེའུ་ཆུང་རྩེ་སྤྲད་བསྐྱེད། །ལས་ཀྱི་རྡོ་རྗེ་ཡིན་པར་
བཤད། །དེ་ལས་མཛུབ་མོ་གཉིས་གཤིབས་ལ། །སྙིང་གར་བརྐྱང་སྟེ་བཞག་པའོ། །མཛུབ་མོ་རྩེ་མོ་གཉིས་བཀུག་ལ། །མཐེའུ་ཆུང་གཤིབས་པ་མཆེ་བའོ། །མཐེའུ་ཆུང་གཉིས་པར་མཐེ་བོ་གཉིས། །མཛུབ་མོ་གཉིས་ཀྱིས་བཙིར་བའོ། །སྙིང་གར་མཐེ་བོ་མཉམ་
ནས་བཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་སྦྱར་རྩེ་མོ་ཁ་ནས་དབྱུང་། །གར་ལས་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིངས་པ་ཐུར་དུ་ཀླུགས། །ཐལ་མོ་སྦྱར་བ་གྱེན་དུ་གཏོར། །མཐེ་བོ་མཉམ་སྟེ་རབ་ཏུ་བསྡམ། །རབ་ཏུ་བརྐྱང་ནས་བྱུག་པའོ། །མཛུབ་མོ་གཅིག་

པུ་དགུག་པ་དང་། །མཐེ་བོ་གཉིས་ནི་མདུད་པ་དོར། །མཐེ་བོ་མཛུབ་མོ་གདུ་བུར་བཅིང་། །རྡོ་རྗེ་བཅིང་བ་མཛུབ་མོ་བསྡམ། །དེ་ནས་འདི་རྣམས་བསྒྲུབ་བཤད་དེ། །རྡོ་རྗེའི་བསྒྲུབ་པ་དམ་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རང་གི་
ཕྱག་རྒྱ་སྙིང་གར་གཞག །དེ་ནས་འདི་རྣམས་ལས་བཤད་པ། །རྡོ་རྗེ་ལས་ནི་བླ་ན་མེད། །རྡོ་རྗེ་དབྱིངས་ལྔའི་ཕྱག་རྒྱ་ནི། །དེ་བཞིན་གཤེགས་རྣམས་འདུས་པ་ཡིས། །དཀྱིལ་འཁོར་སློབ་དཔོན་སློབ་མར་བཅས། །དེ་མ་ཐག་ཏུ་བྱིན་གྱིས་རློབ། །སེམས་དཔའི་རྡོ་རྗེ་
བཅིངས་པས་ན། །རྡོ་རྗེ་འཛིན་པ་འདྲ་བར་འགྱུར། །རྡོ་རྗེ་ལྕགས་ཀྱུ་བཅིངས་པ་ཡིས། །སངས་རྒྱས་ཀུན་ཀྱང་དགུག་པར་བྱེད། །འདོད་པའི་རྡོ་རྗེ་སྦྱར་བས་ནི། །རྫོགས་པའི་སངས་རྒྱས་མཉེས་པར་བྱེད། །རྡོ་རྗེ་དགའ་བས་རྒྱལ་བ་ཀུན། །ལེགས་སོ་བས་ནི་བསྟོད་པར་
བྱེད། །རིན་ཆེན་རྡོ་རྗེ་བཅིངས་པས་ན། །སངས་རྒྱས་ཀུན་གྱིས་དེ་དབང་བསྐུར། །རྡོ་རྗེ་ཉི་མ་བཅིངས་པས་ན། །སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར། །རྡོ་རྗེ་རྒྱལ་མཚན་འཆད་འགྱུར་བས། །རེ་བ་ཀུན་ཀྱང་རྫོགས་པར་བྱེད། །རྡོ་རྗེ་བཞད་པའི་ཚུལ་གྱིས་ནི། །སངས་རྒྱས་
ཀུན་དང་ལྷན་ཅིག་བཞད། །ཆོས་ཀྱི་རྡོ་རྗེ་བཅིངས་པས་ན། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །རྡོ་རྗེ་རལ་གྲི་ཐོགས་པས་ན། །ཉོན་མོངས་ཐམས་ཅད་དེས་གཅོད་དོ། །རྡོ་རྗེ་འཁོར་ལོ་བརྟན་པས་ན། །དཀྱིལ་འཁོར་གྱི་ནི་དབང་པོར་འགྱུར། །རྡོ་རྗེ་སྨྲ་བའི་སྦྱོར་བ་ཡིས། །
རྡོ་རྗེ་ངག་མཆོག་འགྲུབ་པར་འགྱུར། །ལས་ཀྱི་རྡོ་རྗེ་བཅིངས་པས་ན། །རྡོ་རྗེ་ལས་དང་འདྲ་བར་འགྱུར། །རྡོ་རྗེ་གོ་ཆ་བརྟན་བྱས་པས། །ལུས་ནི་རྡོ་རྗེ་འདྲ་བར་འགྱུར། །རྡོ་རྗེ་མཆེ་བའི་ཕྱག་རྒྱ་མཆོག །མ་རུངས་བདུད་ནི་དེས་འཇོམས་སོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་པས། །ཕྱག་
རྒྱ་ཀུན་ཡང་དབང་དུ་འགྱུར། །འཛུམ་པས་ལྷ་ཡི་དགའ་བ་རྣམས། །ཕྲེང་བ་ཡིས་ནི་རྒྱན་གྱི་རྣམས། །གླུ་ཡིས་རྟག་ཏུ་སྐད་གསལ་བ། །གར་གྱིས་མཆོད་པ་རྙེད་པར་འགྱུར། །བདུག་པས་འཇིག་རྟེན་དགའ་བར་བྱེད། །མེ་ཏོག་གིས་ནི་མཛེས་པའི་གཟུགས། །མར་མེ་ཡིས་ནི་སྣང་བ་

དག །དྲི་ཡིས་ལྷ་རྫས་དྲི་ཅན་དུའོ། །རྡོ་རྗེ་ལྕགས་ཀྱུ་དགུག་པ་སྟེ། །རྡོ་རྗེ་ཞགས་པ་འཇུག་པར་བྱེད། །རྡོ་རྗེ་ལྕགས་སྒྲོག་བཅིངས་པ་སྟེ། །རྡོ་རྗེ་དྲིལ་བུ་འབེབས་པའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་རྣམས་བཤད་དོ། །བཛྲ་ཛྙཱ་ན་སངས་རྒྱས་རྣམས། །རྡོ་རྗེ་དབྱིངས་ནི་བརྟན་པར་བྱེད། །
དེ་ནས་གཞན་ཡང་རབ་བཤད་པ། །ཆོས་ཀྱི་ཕྱག་རྒྱ་ཆོ་ག་བཞིན། །ས་མ་ཡ་སྟྭཾ་ཞེས་བརྗོད་ན། །ཕྱག་རྒྱ་ཀུན་གྱི་དབང་པོར་འགྱུར། །ཨཱ་ན་ཡ་སྭ་ཞེས་བརྗོད་ན། །གདོན་མི་ཟ་བར་སངས་རྒྱས་འགུགས། །ཨ་ཧོ་སུ་ཁ་ཞེས་བརྗོད་ན། །སངས་རྒྱས་རྣམས་ཀྱང་མཉེས་པར་འགྱུར།
སཱ་དྷུ་སཱ་དྷུ་ཞེས་སྨྲས་ན། །ལེགས་པའི་ཚིག་གིས་དེ་དགར་བྱེད། །སུ་མ་ཧ་ཏྟྭཾ་ཞེས་སྨྲས་ན། །སངས་རྒྱས་ཀུན་གྱི་དབང་བསྐུར་འཐོབ། །རཱུ་པ་དྱོཏ་ཞེས་སྨྲས་ན། །ཆོས་ཀྱི་གཟི་བརྗིད་ཉིད་དུ་འགྱུར། །ཨརྠ་པྲཱ་པྟ་ཞེས་སྨྲས་ན། །རེ་བ་ཀུན་ནི་རྫོགས་པར་བྱེད། །ཧ་ཧ་ཧཱུྃ་ཧེ་ཞེས་
བགད་ན། །སངས་རྒྱས་བཞད་པ་རྙེད་པར་འགྱུར། །སརྦྦ་ཀ་རི་ཞེས་སྨྲས་ན། །མི་བྱ་བ་ཡི་རྣམས་ཀྱང་སྤྱོད། །དུཿཁ་ཙྪེ་ད་ཞེས་སྨྲས་ན། །དེ་ནི་སྡུག་བསྔལ་ཐམས་ཅད་གཅོད། །བུདྡྷ་བོ་དྷི་ཞེས་སྨྲས་ན། །དཀྱིལ་འཁོར་རྣམས་ཀྱི་བདག་པོར་འགྱུར། །པྲ་ཏི་ཤབྡ་ཞེས་སྨྲས་ན། །
སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ། །སུ་བྷཱ་ཥི་ཏྭཾ་ཞེས་སྨྲས་ན། །ཀུན་གྱི་དབང་དང་ལ་ལྡན་པར་འགྱུར། །ནི་རྦྷ་ཡ་སྟྭཾ་ཞེས་སྨྲས་ན། །དེ་མ་ཐག་ཏུ་འཇིགས་མེད་འགྱུར། །ཤ་ཏྲུཾ་བྷཀྵ་ཞེས་སྨྲས་ན། །དགྲ་རྣམས་ཐམས་ཅད་ཟ་བར་འགྱུར། །སརྦཱ་སིདྡྷི་ཞེས་སྨྲས་ན། །ཐམས་ཅད་གྲུབ་པ་
ཉིད་དུ་འགྱུར། །མ་ཧཱ་ར་ཏི་ལྷ་ཡི་དགའ། །རླུ་པ་ཤོ་བྷེས་གཟུགས་བཟང་བ། །ཤོ་ཏྲ་སཽ་ཁྱ་བདེ་བ་སྦྱིན། །སརྦྦ་པཱུ་ཛ་མཆོད་པར་བྱེད། །པྲ་ཧླཱ་ད་ནི་ཡིད་བདེར་འགྱུར། །ཕ་ལཱ་གཱ་མི་འབྲས་བུ་འཐོབ། །སུ་ཏེ་ཛཱ་གྲི་གཟི་བརྗིད་ཆེ། །སུ་གྷ་ནྡྷཱཾ་གི་དྲི་མཆོག་ཅན། །ཨཱ་ཡ་ཧ་ཇིཿའགུགས་
བར་བྱེད། །ཨཱ་ཡཱ་ཧི་ཧཱུཾ་འཇུག་པར་བྱེད། །ཧེ་སྥོ་ཊ་བཾ་འཆིར་བ་ཆེ། །གྷ་ནྜཱ་ཨ་ཨཿརབ་བསྐྱོད་པའོ། །དེ་ནས་དེ་དག་གི་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པ་དགེ་བ་བཤད་དོ། །ལྕེ་ལ་རྡོ་རྗེ་བསྒོམས་ནས་ཀྱང་། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་བཤད་

དེ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཉམ་པར་བཞག་པས་གཉིས་སུ་བྱ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །དེ་ནས་བཅིང་བ་རབ་ཏུ་བཤད། །གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་
སྟེ། །སངས་རྒྱས་བྱང་ཆུབ་མཆོག་སྦྱིན་པའོ། །མི་གཡོ་བ་ཡི་ས་རེག་པ། །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བའི་མི་འཇིགས་སྦྱིན། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །རྡོ་རྗེ་
སེམས་སོགས་སེམས་དཔའ་རྣམས། །རྡོ་རྗེ་ལས་རྣམས་བྱེད་པ་སྟེ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕངས་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་བཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །
སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པ་དབྱེ། །སྙིང་གར་གཡོན་པ་རལ་གྲི་མདུང་། །མགལ་མེ་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་གཉི་ག་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་བཀྲོལ་
བ་ཡི། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །གོ་ཆ་མཐེའུ་ཆུང་མཆེ་བ་དང་། །ཁུ་ཚུར་གཉིས་ནི་གནོན་པའོ། །རྡོ་རྗེ་འགྱིང་བའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་གདུད་པར་བྱ། །ཕྲེང་བ་འཆིང་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་
ནི། །བདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ཡི། །ཕྱག་རྒྱའི་མཆོད་པ་བྱེད་པའོ། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །
དེ་ནས་འདི་རྣམས་བསྒྲུབ་པ་བཤད། །རྡོ་རྗེའི་ལས་ནི་བྱེད་དང་མཉམ། །རྡོ་རྗེ་ཀུན་དངོས་རྡོ་རྗེ་ནི། །རང་གི་སྙིང་ལ་བསྒོམ་པར་བྱ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །རྡོ་རྗེ་ལས་ནི་རྣམ་པ་མང་། །ཡེ་ཤེས་ཁུ་ཚུར་བཅིངས་པས་ནི། །སངས་རྒྱས་ཡེ་ཤེས་འཇུག་པར་འགྱུར། །

མི་གཡོ་བ་ཡི་བཅིངས་བས་ནི། །ཡིད་ནི་གཡོ་བ་མེད་པར་འགྱུར། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིས། །གཞན་ལ་ཕན་པར་བྱེད་པར་འགྱུར། །དམ་ཆོས་འཁོར་ལོའི་ཕྱག་རྒྱས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །མི་འཇིགས་མཆོག་གིས་མྱུར་བར་ནི། །སེམས་
ཅན་ཀུན་ལ་མི་འཇིགས་སྦྱིན། །རྡོ་རྗེ་འགྱིང་བ་བརྟན་བྱས་པས། །རྡོ་རྗེ་སེམས་དཔའི་བདེ་བ་རྙེད། །རྡོ་རྗེ་ལྕགས་ཀྱུས་སྐད་ཅིག་ཏུ། །དེ་བཞིན་གཤེགས་པ་ཀུན་ཀྱང་དགུག །བདག་གིས་མདའ་ཡི་ཕྱ