Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ
Văn bản gốc(Tây Tạng)
Trang 3 / 18 (50.000 ký tự/trang)
ག་རྒྱ་ཡིས། །རྡོ་རྗེ་ལྷ་མོ་མཉེས་པར་བྱེད། །རྡོ་རྗེ་དགའ་བས་ རྒྱལ་བ་ཀུན། །ལེགས་སོ་ཞེས་པའི་ཚིག་ཀྱང་སྦྱིན། །རྡོ་རྗེ་ཆེན་པོའི་ནོར་བུ་བཅིངས། །སྟོན་པ་རྣམས་ཀྱིས་དེ་དབང་བསྐུར། །རྡོ་རྗེ་ཉི་མ་བཅིངས་བས་ནི། །རྡོ་རྗེ་ཉི་མ་འདྲ་བར་འགྱུར། །རྡོ་རྗེ་རྒྱལ་མཚན་བསྒྲེང་བས་ནི། །དེ་ནི་རིན་ཆེན་ཆར་ཡང་འབེབས། །རྡོ་རྗེ་ འཛུམ་པ་བཅིངས་པས་ནི། །སངས་རྒྱས་འདྲ་བར་མྱུར་བཞད་འགྱུར། །རྡོ་རྗེ་མེ་ཏོག་བཅིངས་པས་ན། །དེ་ཡིས་རྡོ་རྗེ་ཆོས་རྣམས་མཐོང་། །རྡོ་རྗེ་རལ་གྲི་བརྟན་བཅིངས་ན། །དེ་ནི་སྡུག་བསྔལ་ཐམས་ཅད་གཅོད། །རྡོ་རྗེ་འཁོར་ལོ་བཅིངས་པས་ནི། །ཆོས་ཀྱི་འཁོར་ལོ་ བསྐོར་བར་འགྱུར། །སངས་རྒྱས་ཀུན་གྱི་ཚིག་རྣམས་ནི། །རྡོ་རྗེ་བཟླས་པས་འགྲུབ་པར་འགྱུར། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །སངས་རྒྱས་ཀྱང་ནི་དབང་དུ་འགྱུར། །རྡོ་རྗེ་གོ་ཆས་ལུས་བཅིངས་པས། །རྡོ་རྗེ་སྙིང་པོ་ཐོབ་པར་འགྱུར། །རྡོ་རྗེ་མཆེ་བ་བཅིངས་པས་ ནི། །རྡོ་རྗེ་ཉིད་ཀྱང་བདག་གིས་ཆོམས། །རྡོ་རྗེ་ཁུ་ཚུར་ཀུན་འཕྲོག་ཅིང་། །ཕྱག་རྒྱ་གྲུབ་པ་ཀུན་ཀྱང་རྙེད། །རྡོ་རྗེ་འཛིན་པས་དགའ་བ་སྦྱིན། །རྡོ་རྗེ་ཕྲེང་བས་གཟུགས་བཟང་བ། །རྡོ་རྗེ་གླུ་ཡིས་གླུ་སྙན་པ། །རྡོ་རྗེ་གར་གྱིས་དབང་དུ་བྱེད། །བདུག་པ་ཡིས་ནི་ཡིད་དགའ་ བ། །མེ་ཏོག་གིས་ནི་རྒྱན་རྣམས་ཏེ། །མར་མེ་ཡིས་ནི་གཟི་ཆེན་པོ། །རྡོ་རྗེ་དྲི་ནི་དྲི་རབ་ལྡན། །རྡོ་རྗེ་ལྕགས་ཀྱུ་འགུགས་པ་སྟེ། །རྡོ་རྗེ་ཞགས་པ་འཇུག་པའོ། །རྡོ་རྗེ་ལྕགས་སྒྲོག་འཆིང་བར་བྱེད། །རྡོ་རྗེ་དྲིལ་བུ་བསྐྱོད་པའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་ བཅིང་བའི་ཆོ་ག་རྒྱས་བ་བཤད་དེ། །དེ་ལ་ཐོག་མ་ཉིད་དུ་རྡོ་རྗེ་བཅིང་བའི་སོར་མོ་སྙིང་གར་བརྡབ་པར་བྱ་སྟེ་སྙིང་པོ་འདི་བརྗོད་དོ། །བཛྲ་བནྡྷ་ཏྲ་ཊ། དེ་ནས་ཕྱག་རྒྱ་བཅིངས་པ་ཀུན། རང་གིས་ལུས་དང་ངག་དང་སེམས་ཀྱི་རྡོ་རྗེའི་དབང་དུ་འགྱུར་རོ། །དེ་ནས་ རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྙིང་པོ་འདི་བརྗོད་དོ། །ཨ། དེ་ནས་བབས་ནས་གྲོགས་པོ་ཉིད་དུ་ཉེ་བར་གནས་པར་གྱུར་ཏོ། །དེ་ནས་ཕྱག་རྒྱའི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པར་བྱ་སྟེ་སྙིང་པོ་འདི་བརྗོད་དོ། །མ་ཧཱ་ས་མ་ཡ་སཏྭ་ཧཾ། དེས་ ནི་ཕྱག་རྒྱ་ཐམས་ཅད་འགྲུབ་སྟེ། ཕྱག་རྒྱ་ཐམས་ཅད་འགྲུབ་པའི་ཆོ་ག་རྒྱས་པའོ། །དེ་ནས་སྤྱིའི་བསྒྲུབ་པའི་ཆོ་ག་རྒྱས་པ་བཤད་དོ། །དེ་ལ་ཐོག་མར་རང་གི་ཕྱག་རྒྱ་བཅིངས་ནས། རང་གི་ཕྱག་རྒྱའི་སེམས་དཔར་བདག་གི་སྙིང་པོ་འདིས་བསྒོམ་མོ། །ས་མ་ཡོ་ཧཾ། དེ་ནས་རང་གི་ཕྱག་རྒྱའི་སེམས་དཔར་བདག་བསྒོམས་ནས་སྔགས་འདིས་བྱིན་གྱིས་བརླབ་བོ། །ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནས་བསྒྲུབ་པར་བྱའོ། །བསྒྲུབ་པའི་ཆོ་ག་རྒྱས་པའོ། །དེ་ནས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་བཤད་དེ། དེ་ལ་ཐོག་མར་རེ་ཞིག་ནོར་བསྒྲུབ་པར་ འདོད་ན་སྙིང་པོ་འདི་ཡིན་ནོ། །ཨརྠ་སིདྡྷི། དེས་ཕྱག་རྒྱ་གྲུབ་ན་ནོར་ཆེན་པོ་སྐྱེ་བར་འདོད་དོ། །དེ་ནས་རྡོ་རྗེ་འགྲུབ་པར་འདོད་ན་སྙིང་པོ་འདི་ཡིན་ནོ། །བཛྲ་སིདྡྷི། དེས་ཅི་འདོད་པ་བཞིན་དུ་རྡོ་རྗེ་འགྲུབ་པར་འགྱུར་རོ། །དེ་ནས་རིག་འཛིན་གྱི་གྲུབ་པ་འདོད་ན་སྙིང་པོ་འདི་ཡིན་ནོ། ། བཛྲ་བི་དྱཱ་དྷ་ར་སིདྡྷི། དེས་ཇི་ལྟར་འདོད་པ་བཞིན་དུ་རིག་འཛིན་འགྲུབ་བོ། །དེ་བཞིན་དུ་དམ་པ་འགྲུབ་པར་འདོད་ན་རང་གི་ཕྱག་རྒྱའི་སྙིང་པོས་བསྒྲུབ་བོ། །དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་རང་གི་ལུས་དང་ངག་དང་སེམས་རྡོ་རྗེར་བྱ་བའི་སྤྱིའི་ཆོ་ག་རྒྱས་ པ་བཤད་དེ། ནམ་ཕྱག་རྒྱའི་བྱིན་གྱིས་བརླབས་ལྷོད་པར་གྱུར་ཏམ། བདག་གཏོང་བར་འདོད་ན། དེ་ནས་སྙིང་པོ་འདིས་བརྟན་པར་བྱའོ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ ཥྱོ་མེ་བྷ་བ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ། དེས་ནི་མཚམས་མེད་པ་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་དམ་ པའི་ཆོས་ལ་སྨོད་པ་དང་། ཉེས་པ་ཐམས་ཅད་བྱས་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པས། ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་མཆོག་གམ། རྡོ་རྗེའི་དངོས་ གྲུབ་འམ། རྡོ་རྗེ་སེམས་དཔའི་དངོས་གྲུབའམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་མྱུར་དུ་འགྲུབ་པོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་སྤྱིའི་ཆོ་ག་རྒྱས་པ་ བཤད་དོ། །དེ་ལ་ཐོག་མར་ཕྱག་རྒྱ་ཐམས་ཅད་གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་ནས་སྙིང་པོ་འདིས་དགྲོལ་ལོ། །ཨོཾ་བཛྲ་མུཿ། དེ་ནས་སྙིང་ག་ནས་བྱུང་རིན་ཆེན་རྡོ་རྗེའི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་ན་གནས་པས་དབང་བསྐུར་ཏེ། མཛུབ་མོ་གཉིས་ཀྱིས་ ཕྲེང་བར་བསྐོར་ཞིང་བཅིངས་ནས། དེ་བཞིན་དུ་གོ་ཆ་ཡང་སྙིང་པོ་འདིས་བཅིང་ངོ་། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་སརྦྦ་མུ་དྲཱ་མེ་ཏྲི་དྷཱི་ཀུ་རུ་བ་ར་ཀ་བཙེ་ན་བཾ། དེ་ནས་ཡང་གོ་ཆའི་མཐར་ཕྲེང་བ་བཅིངས་པ་བཏད་ལ་ཐལ་མོ་མཉམ་པར་བརྡབས་ཏེ་སྙིང་པོ་འདིས་མཉེས་པར་བྱའོ། །བཛྲ་ཏུ་ཥྱ་ ཧོཿ། ཆོ་ག་དེས་ཕྱག་རྒྱ་རྣམས་དགྲོལ་བ་དང་། བཅིང་བ་དང་མཉེས་པར་བྱས་ན་རྡོ་རྗེ་ལྟ་བུར་འགྱུར་རོ། །ཡང་ན་རྡོ་རྗེ་སེམས་དཔས་ཀྱང་བྱའོ། །རྡོ་རྗེ་སེམས་དཔའ་ལན་ཅིག་བཟླས། །ཇི་ལྟར་འདོད་པ་བདག་བདེ་བར། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །ཕྱག་ན་ རྡོ་རྗེས་གསུངས་པ་བཞིན། །ཞེས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུངས་སོ། །རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །བསྒྲུབ་པ་དང་ནི་ལས་ཀུན་ལ། །འདིར་ནི་ཅི་དགར་བཟླས་ན་ནི། །རྟོག་པ་ཀུན་ལས་དངོས་གྲུབ་ཐོབ། །སྙིང་པོ་ཕྱག་རྒྱ་སྔགས་ རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །རྟོག་པ་ལས་བཤད་རང་བྱས་པའམ། །བསྒྲུབ་པ་འདིར་ནི་ཐམས་ཅད་དོ། །དེ་ནས་གསང་བའི་མཆོད་པ་བརྗོད་ཅིང་རྡོ་རྗེ་བསྟོད་པའི་གླུ་བླངས་ཏེ་གསང་བའི་མཆོད་པ་བཞི་བྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་ བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །དེ་ནས་དབུས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་བསྟོད་པའི་གླུ་ཉིད་ཀྱིས། །རྡོ་རྗེའི་གར་ལག་པ་གཤིབས་པས་བསད་བ་བྱའོ། །བདུག་པ་ལ་སོགས་པའི་ མཆོད་པ་བྱ་སྟེ། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུ་རྡོ་རྗེ་བདུག་པ་ལ་སོགས་པས་མཆོད་པ་བྱས་ལ་མཆོད་པ་དེ་དག་རང་རང་གི་གནས་སུ་གཞག་གོ། །དེ་ནས་ཐམས་ཅད་ཅི་ནུས་པས་མཆོད་ཅིག་ཅེས་བསྒོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་ཏེ་ཇི་ལྟར་ འདོད་པ་བཞིན་བདུག་པ་ལ་སོགས་པས་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟར་ཞུགས་པ་རྣམས་ཅི་འབྱོར་པའི་རོ་དང་ཁ་ཟས་ལ་སོགས་པ་ཐམས་ཅད་དང་དཀྱིལ་འཁོར་ཆེན་པོར་ཕུལ་བའི་ཡོ་བྱད་ཐམས་ཅད་ཀྱིས་མགུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ གྲུབ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ནོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭཱཾ་དྡཱ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུྃ། དེང་ ནས་ཐམས་ཅད་སུ་ལ་ཡང་མ་སྨྲ་ཤིག་ཅེས་བསྒོ་ཞིང་། མནའི་སྙིང་པོ་ཡང་བསྟན་ཏོ། །དེ་ནས་ཇི་ལྟར་ཞུགས་པའི་རྣམས་སླར་བཀྱེ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་ནི་སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཁ་གྱེན་དུ་བསྟན་ཏེ། སྙིང་པོ་འདི་བཟླས་ཤིང་ བཀྲོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་བྱས། །རྗེས་སུ་མཐུན་པར་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་བཞུད་པར་མཛད། །དེ་ནས་སླར་ཡང་གཤེགས་པར་གསོལ། །བཛྲ་སཏྭ་མུཿ། དེ་ལྟར་དཀྱིལ་འཁོར་ཐམས་ཅད་ལ་ཡང་བྱའོ། །དམ་ཚིག་མཆོག་གི་ ཕྱག་རྒྱ་རྣམས་ཀྱང་དགྲོལ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱལ་པོ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སྟོ།། །།བམ་པོ་གསུམ་པ། དེ་ནས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གཟུངས་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་མ་ཐག་ཏུ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ རྡོ་རྗེ་འཛིན་པའི་གཟུགས་འཛིན་པ་ཀུན་དུ་འབར་བའི་སྙིང་པོ་རྡོ་རྗེ་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སུ་གྱུར་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀུན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་ རྗེའི་གཟུངས་ཀྱི་ཡེ་ཤེས་བསྒྲུབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའི་གཟུངས་སུ་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བཀོད་པའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་རྣམས་ལ་བཀོད་དེ་ཆེད་དུ་བརྗོད་ པ་ཆེད་དུ་བརྗོད་དོ། །ཨེ་མའོ་གང་ཕྱིར་བྱང་ཆུབ་སེམས། །སེམས་ཅན་ཀུན་ལ་ཕན་བཞེད་པ། །འདུལ་བའི་དབང་གིས་དཔའ་བོ་གང་། །བུད་མེད་གཟུགས་སུ་མཛད་པར་གྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ ཚིག་རྡོ་རྗེ་དབྱིངས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་བཛྲི་ཎི། དེ་ནས་ཡང་དེ་བཞིན་གཤེགས་པ་མི་གཡོ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ ཕྱག་རྒྱའི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་བཛྲ་བཛྲི་ཎི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དམ་ ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་རཏྣ་བཛྲི་ཎི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཚེ་ཚད་མེད་པས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྡོ་རྗེའི་ཆོས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་དྷརྨྨ་བཛྲི་ཎི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ལས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་སྨྲས་བ། ཨོཾ་ཀརྨྨ་བཛྲི་ཎི་ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་དོ། །ཨོཾ་བཛྲ་ས་ཏྭ་གུ་ཧྱ་སམ་ཡེ་ཧ། ཨོཾ་གུ་ཧྱ་རཏྣ་ཨཾ་ཀུ་ཤི་ཧཱུཾ། ཨོཾ་གུ་ཧྱ་རཱ་གི་རཱ་གཱ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་བཛྲ་སཱ་དྷྭཱི་ཤྭ་རི་ཧཱུཾ། ཀུན་དུ་བཟང་མོ་དང་དེ་བཞིན་གཤེགས་པའི་ ལྕགས་ཀྱུ་མོ་དང་། དགའ་བ་ཆགས་མ་དང་ལེགས་ལྡན་མ་སྟེ་རྡོ་རྗེ་གཟུངས་ཆེན་མོ་རྣམས་སོ། །ཨོཾ་བཛྲ་གུ་ཧྱ་རཏྣ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་པྲ་བྷེ་ཧཱུཾ། ཨོཾ་བཛྲ་དྷྭ་ཛ་ཨ་གྲ་གུ་ཧྱ་ཧཱུཾ། ཨོཾ་བཛྲ་ཧཱ་ས་བཛྲི་ཧཱུཾ། རིན་པོ་ཆེའི་གཙོ་མོ་དང་། རིན་པོ་ཆེའི་སྒྲོན་མ་དང་། རྒྱལ་མཚན་གྱི་ རྩེ་མོའི་དཔུང་རྒྱན་མ་དང་། བཞད་པ་དང་ལྡན་མ་སྟེ་རྡོ་རྗེ་རིན་པོ་ཆེའི་གཟུངས་རྣམས་སོ། །ཨོཾ་བཛྲ་དྷརྨྨ་གུ་ཧྱ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་ཀོ་ཥ་གུ་ཧྱ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་མཎྜ་ལེ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་ཝ་ཙ་ས་མ་ཡེ་ཧཱུཾ། རྡོ་རྗེ་པདྨ་དང་། ཀུན་འཛིན་མ་དང་། ཀུན་དུ་འཁོར་ ལོ་དང་སྟེང་དུ་ཟློས་མ་སྟེ་ཆོས་ཀྱི་གཟུངས་རྣམས་སོ། །ཨོཾ་བཛྲ་གུ་ཧྱ་ཀརྨྨ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་ཀ་པ་ཙེ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་དཾཥྚཱ་དྷཱ་ར་ཎཱི་ཧཱུཾ། ཨོཾ་བཛྲ་གུ་ཧྱ་མུཥྚི་ཧཱུཾ། དངོས་གྲུབ་ཀྱི་གཙོ་མོ་དང་། ཐམས་ཅད་སྲུང་མ་དང་། མདངས་སླར་འཕྲོག་མ་དང་གཟུངས་ཀྱི་ཕྱག་རྒྱ་ སྟེ་ཐམས་ཅད་ཀྱི་གཟུངས་རྣམས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་དོ། །ཨོཾ་བཛྲ་གུ་ཧྱ་ས་ཏྭ་བཛྲི་ཎི་ཧཱུྃ། ཨོཾ་བཛྲ་གུ་ཧྱ་རཏྣ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་གུ་ ཧྱ་དྷ་རྨྨ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་གུ་ཧྱ་ཀ་རྨྨ་བཛྲི་ཎི་ཧཱུཾ། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བའི་དམ་ཚིག་གི་གཟུངས་སྡུད་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་ཆེན་ པོར་འབར་བ་དང་བཅས་པར་ཟླ་བའི་དཀྱིལ་འཁོར་ལ་འདུག་པར་གཞག་གོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོད་པ་དམ་ཚིག་གི་ཕྱག་རྒྱ་བཞི་པོ་བཤད་དོ། །ཨོཾ་བཛྲ་གུ་ཧྱ་ར་ཏི་བཱུ་ཛཱ་ས་མ་ཡེ་ས་རྦྦ་པཱུ་ཛཱ་པྲ་བརྟྟ་ནཱ་ཡ་ཧཱུཾ། ཨོཾ་བཛྲ་གུ་ ཧྱ་ཨ་བྷིཥེ་ཀ་པཱུ་ཛཱ་ས་མ་ཡེ་སརྦྦ་པཱུ་ཛཱ་པྲ་བརྟྟ་ནཱ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་གཱི་ཏི་པཱུ་ཛཱ་ས་མ་ཡེ་སརྦྦ་པཱུ་ཛཱ་པྲ་བརྟྟ་ནཱ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་ནྲྀ་ཏྱ་པཱུ་ཛཱ་ས་མ་ཡེ་སརྦྦ་པཱུ་ཛཱ་པྲ་བརྟྟ་ནཱ་ཡ་ཧཱུཾ། རྡོ་རྗེ་འཛིན་མ་ལ་སོགས་པ་དེ་ཉིད་དེ་འབར་བ་དང་བཅས་པར་རང་གི་མཚན་མའི་ཕྱག་རྒྱ་རྣམས་འཁོར་ ལོའི་དཀྱིལ་འཁོར་གྱི་གྲྭ་རྣམས་སུ་དགོད་དོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་རྡོ་རྗེ་གསང་བ་ཞེས་བྱ་བ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །རྡོ་རྗེའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་གསང་བ་ཞེས་ བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །དཀྱིལ་འཁོར་ཀུན་གྱི་དབུས་སུ་ནི། །སངས་རྒྱས་ཕྱག་རྒྱ་བྲི་བར་བྱ། །མཆོད་རྟེན་ཁྲི་ལ་ལེགས་འདུག་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཁྲི་ཡི་སྟེང་དུ་རྡོ་རྗེ་བརྩེགས། །རྡོ་ རྗེ་སེམས་དཔའ་ཞེས་བཤད་པའོ། །རྡོ་རྗེ་རིན་ཆེན་ཁྲི་ཡི་སྟེང་། །རང་གི་དབང་ནི་བསྐུར་བར་བཤད། །རྡོ་རྗེ་པདྨ་ཁྲི་ཡི་སྟེང་། །མཚོན་ཆ་ཞེས་ནི་བྱ་བར་བཤད། །ལས་ཀྱི་རྡོ་རྗེ་ཁྲི་ཡི་སྟེང་། །རྡོ་རྗེ་ཀུན་ཞེས་བྱ་བར་བཤད། །པདྨའི་སྟེང་དུ་བྲི་བ་ནི། །འོད་ཀྱི་དཀྱིལ་ འཁོར་རྟེན་པའོ། །ཁྲི་ཡི་སྟེང་དུ་རྡོ་རྗེ་བྲི། །ལྕགས་ཀྱུ་བསྒྲེང་བ་གཉིས་དེ་བཞིན། །རྡོ་རྗེ་རྡོ་རྗེ་ལ་སྙེས་པར། །ལེགས་པར་སྦྱིན་པ་གཉིས་དེ་བཞིན། །རིན་ཆེན་འོད་ཟེར་འབར་བར་བྱ། །ཉི་མའི་ཕྱག་རྒྱའང་དེ་བཞིན་ནོ། །རྒྱལ་མཚན་རྩ་མོའང་འབར་ བར་བཅས། །རྡོ་རྗེ་གཉིས་པར་སོ་ཡི་ཕྲེང་། །རྡོ་རྗེའི་དབུས་སུ་པདྨ་བྲི། །རལ་གྲི་འབར་བཅས་དེ་བཞིན་ནོ། །རྡོ་རྗེ་འཁོར་ལོ་རྡོ་རྗེ་རྩིབས། །འབར་བ་འོད་ཟེར་ཅན་གྱི་རྩེ། །རྡོ་རྗེ་ཀུན་དུ་རྩེ་མོ་དང་། །གོ་ཆ་རྡོ་རྗེ་ཡང་དག་ལྡན། །རྡོ་རྗེ་མཆེ་བ་དེ་བཞིན་བྲི། །ལག་གཉིས་ཁུ་ ཚུར་ཕྱག་རྒྱར་བྱ། །སེམས་དཔའི་རྡོ་རྗེ་ལ་སོགས་བྲི། །དབྱིངས་ཀྱི་དཀྱིལ་འཁོར་ཇི་བཞིན་དུ། །མཚན་མའི་ཕྱག་རྒྱ་བྲི་བ་ནི། །རྡོ་རྗེ་འཛིན་སོགས་དཀྱིལ་འཁོར་དུ། །ཕྱི་རོལ་དུ་ཡང་ཅི་རིགས་པར། །རང་གི་མཚན་མ་རྣམས་ཀྱང་བྲི། །བྱམས་པ་ལ་སོགས་རང་གི་ མཚན། །ཇི་ལྟར་དགའ་བ་བཞིན་དུ་བྲི། །དེ་ནས་རྡོ་རྗེ་གསང་བའི་དཀྱིལ་འཁོར་འདིར་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྟེ་དེ་ལ་ཐོག་མར་རྡོ་རྗེ་སློབ་དཔོན་གྱིས། སེམས་དཔའི་རྡོ་རྗེ་མའི་ཕྱག་རྒྱ་རང་གིས་བཅིངས་ཏེ་འཇུག་པར་བྱའོ། །ཞུགས་ནས་ལན་ཅིག་བསྐོར་ཏེ་ ཕྱག་རྒྱ་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ནས་རང་གི་སྙིང་གར་ཚུལ་བཞིན་དུ་བཀྲོལ་ཏེ་སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། ཇི་ལྟ་བ་བཞིན་དུ་ལས་རྣམས་བྱས་ནས་ཕྱིར་འབྱུང་ངོ་། །ཕྱིར་བྱུང་ནས་ཀྱང་རྡོ་རྗེ་སློབ་མ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་ པོར་གཟུད་པའི་ཚུལ་གྱིས་གཟུད་དོ། །དེ་ནས་བཙུད་ནས་དངོས་གྲུབ་ཀྱི་གསང་བའི་རྡོ་རྗེའི་མཚན་མ་ཆང་པས་གཡོགས་ལ་བྱིན་ཏེ། རྡོ་རྗེ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །དེ་ལ་དང་པོར་རྡོ་རྗེ་གསང་བའི་ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །ཟླ་བའི་དཀྱིལ་ འཁོར་དབུས་སུ་ནི། །རྐང་ལག་ཐལ་མོ་སྦྱར་ནས་ཁ། །གླལ་ཞིང་རྡོ་རྗེ་བསྒོམ་བྱས་ན། །རྡོ་རྗེ་མ་ཡང་ཆགས་པར་བྱེད། །དཔུང་པ་བསྐུམ་པའི་ལྕགས་ཀྱུ་དང་། །མགོ་ལ་རྡོ་རྗེ་བསྒོམ་པར་བྱ། །ལག་པ་ཡིས་ནི་འབྱེད་བྱེད་ཅིང་། །ལྕགས་ཀྱུ་མ་ཡང་འགུགས་པར་བྱེད། ། མདའ་འཕེན་པ་ཡི་ཚུལ་གྱིས་ནི། །གླལ་ཞིང་སྙིང་གར་འཕངས་ན་ནི། །ཉིད་ཀྱིས་རྡོ་རྗེ་དགའ་མ་ཡང་། །བདུད་ཀྱི་ཚུལ་གྱིས་མཉེས་པར་བྱེད། །བདག་གི་ལུས་ཀྱི་སྙིང་གར་ནི། །རྡོ་རྗེ་གོ་ཆའི་ཚུལ་གྱིས་ནི། །དཔུང་པ་བསྣོལ་བར་བཅིངས་ན་ནི། །སངས་རྒྱས་ཉིད་ཀྱང་སྲུང་ བར་བྱེད། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །བཛྲ་རཱ་ག་མ་ཧོ། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་མཱ་ར་ཡ་མཱ་ར་ཡ་ཕཊ། བཛྲ་བནྡྷ་རཀྵ་ཧཾ། དེ་ནས་རྡོ་རྗེ་གསང་བའི་བལྟ་བའི་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་བོ། །རྡོ་རྗེ་བལྟ་བའི་ཆགས་པས་ནི། །དགའ་བས་མིག་ ནི་རབ་ཏུ་བགྲད། །དེ་ཡིས་བུད་མེད་བལྟས་པས་ན། །རྟག་ཏུ་དབང་དུ་འགྱུར་བ་ཡིན། །རབ་ཏུ་མྱུར་བར་མིག་བསྒུལ་ཞིང་། །མིག་གི་རྫི་མས་འགུགས་བྱེད་པ། །ལྟ་བ་གཟི་ཅན་ཡིན་པར་བཤད། །འགྲོ་བ་ཐམས་ཅད་འགུགས་བྱེད་པའོ། །ཁྲོ་གཉེར་གཉེར་མ་རབ་ བསྡུས་པ། །ཁྲོ་བོའི་མིག་ནི་བཙུམ་པ་སྟེ། །ཁྲོ་བོའི་བལྟ་བ་བྱས་ན་ནི། །ཁམས་གསུམ་ཡང་ནི་འཇིགས་པར་བྱེད། །རི་རབ་རི་ཡི་བྲག་འདྲ་བར། །བརྟན་པར་འཛུམས་པ་མེད་པའི་མིག །བྱམས་པའི་བལྟ་བ་ཡིན་པར་བཤད། །ནད་དང་གདོན་དང་དུག་སེལ་ཏོ། །དེ་ནས་ དེ་རྣམས་ཀྱི་སྙིང་པོ་ནི་འདི་དག་ཡིན་ནོ། །བཛྲ་དྲྀཥྚི་མཊ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ། ཀྲོ་དྷ་དྲྀཥྚི་ཧྲཱིཿ། དྲྀ་ཌྷ་ཏིཥྛ་ཕཊ། དེ་ནས་རྡོ་རྗེ་གསང་བའི་ངག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ། །ཧོ་ཧོ་ཧོ་ཧོ་ཞེས་སྨྲས་ན། །སྒྲ་དང་བྲལ་བས་དེ་མ་ཐག །སེམས་ཅན་ཀུན་ནི་མགུ་བར་བྱེད། །དེ་ནི་རྡོ་ རྗེའི་ཚིག་སྩལ་པའོ། །ཛྫ་ཛྫ་ཛྫ་ཛྫ་ཞེས་བརྗོད་ན། །ཁྲོ་བོའི་ཚིག་ནི་གསལ་བ་སྟེ། །རྡོ་རྗེ་འཛིན་པ་འདྲ་བ་ཡི། །སྐྱེ་བོ་ཀུན་ཀྱང་འགུགས་པར་བྱེད། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་ན། །ཚིག་ཏུ་བརྗོད་པ་གསལ་བ་ཡི། །རི་རབ་དང་ནི་འདྲ་བ་ཡི། །སེམས་ཅན་ཀུན་གྱི་བདུད་བྱེད་དོ། ། ཧཾ་ཧཾ་ཧཾ་ཧཾ་ཞེས་སྨྲས་ན། །ཕྲ་བའི་ཚིག་ནི་གསལ་བ་སྟེ། །འཇིག་རྟེན་པ་ནི་སྲུང་བྱེད་པ། །རྡོ་རྗེའི་བདག་ཉིད་རྒྱལ་བའང་སྲུང་། །དེ་ལ་སྙིང་པོ་འདི་རྣམས་ཡིན་ནོ། །བཛྲ་ཧོཿ བཛྲ་ཛཿ བཛྲ་ཧཱུྃ། བཛྲ་ཧཾ། དེ་ནས་རྡོ་རྗེ་གསང་བའི་སེམས་ཀྱི་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པོ། །རྣམ་པ་ ཐམས་ཅད་མཆོག་ལྡན་པའི། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་དུ། །བདག་ཉིད་ཀྱིས་ནི་བསྒོམས་བྱས་ན། །སངས་རྒྱས་ཐམས་ཅད་དབང་དུ་བྱེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །རྡོ་རྗེ་སྙིང་པོ་བདག་ཉིད་དུ། །བདག་ཉིད་ཀྱིས་ནི་བསྒོམས་བྱས་ན། ། ཕྱག་ན་རྡོ་རྗེ་འགུགས་པར་བྱེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཆོས་ཀྱི་སྤྱན་གྱི་བདག་ཉིད་དུ། །བདག་ཉིད་ཀྱིས་ནི་བསྒོམས་བྱས་ན། །ཆོས་རྣམས་ཐམས་ཅད་དེས་སྡུད་བྱེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །རྡོ་རྗེ་ཐམས་ཅད་བདག་ཉིད་དུ། །བདག་ཉིད་ ཀྱིས་ནི་བསྒོམས་བྱས་ན། །རྡོ་རྗེ་ཐམས་ཅད་དེས་བསྲུང་ངོ་། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །བཛྲ་བཱ་ཎི་སརྦྦ་ཤ་མཱ་ན་ཡ་སརྦྦ་བུདྡྷ་ཧོ། བཛྲ་གརྦྷ་བཛྲ་པཱ་ཎི་ཤཱི་གྷྲཾ་ཨཱ་ཀརྵ་ཡ་ཧཱུཾ་ཛཿ། བཛྲ་ནེ་ཏྲ་སརྦྦ་དྷརྨྨ་མཱ་ར་ཡ་ཧཱུཾ་ཕཌ། བཛྲ་བི་ཤྭ་རཀྵ་སརྦྷཱན་ཧཱུཾ། དེ་ནས་རྡོ་རྗེ་གསང་ བའི་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་བོ། །བདག་གི་ལུས་ཀྱི་སྙིང་གར་ནི། །སེམས་དཔའི་རྡོ་རྗེ་བཅིངས་བྱས་ལ། །རྡོ་རྗེ་མིག་གིས་བལྟས་ན་ནི། །འགྲོ་བ་ཐམས་ཅད་དབབ་པར་བྱེད། །རང་གི་ལུས་ཀྱི་སྙིང་གར་ནི། །རིན་ཆེན་རྡོ་རྗེ་བཅིངས་བྱས་ལ། །འབར་བའི་མིག་གིས་ བལྟས་ན་ནི། །ཐམས་ཅད་དབང་དུ་བྱེད་པར་འགྱུར། །བདག་གི་ལུས་ཀྱི་སྙིང་གར་ནི། །ཆོས་ཀྱི་རྡོ་རྗེ་བཅིངས་བྱས་ན། །ཁྲོ་བོའི་མིག་གིས་བལྟས་ན་ནི། །འགྲོ་བ་ཐམས་ཅད་དེས་སྡུད་བྱེད། །བདག་གི་ལུས་ཀྱི་སྙིང་གར་ནི། །ལས་ཀྱི་རྡོ་རྗེ་བཅིངས་བྱས་ལ། །བྱམས་ པའི་མིག་གིས་བལྟས་ན་ནི། །འགྲོ་བ་ཐམས་ཅད་སྲུང་བར་བྱེད། །དེ་ནས་རྡོ་རྗེ་གསང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་དག་གི་སྙིང་པོ་འདི་དག་གོ། །བཛྲ་གུ་ཧྱས་མ་ཡ་ཧོཿ། བཛྲ་གུ་ཧྱས་མ་ཡ་ཛཿ། བཛྲ་གུ་ཧྱ་ས་མ་ཡ་ཧཱུཾ། བཛྲ་གུ་ཧྱ་སམ་ཡ་ཧཾ། དེ་ནས་རྡོ་རྗེ་གསང་བའི་ ཕྱག་རྒྱ་ཆེན་པོ་བཅིང་བ་ལ་བསླབ་པོ། །རྡོ་རྗེ་ཐལ་མོ་ལས་བྱུང་བ། །གསང་བ་ཆེན་པོ་ཡིན་པར་བཤད། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་པ། །དེ་དག་གི་ནི་བཅིང་བ་བཤད། །མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་གཉིས་ནི་བཀུག་པས་ནི། །གུང་མོ་བསྙམས་ཏེ་ ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །དེ་ཉིད་གུང་མོ་རྡོ་རྗེར་བྱ། །གུང་མོ་གཉིས་ནི་ནོར་བུར་བྱ། །པདྨ་སྲིན་ལག་མཐེའུ་ཆུང་གུང་། །ལག་པའི་སོར་མོ་རབ་ཏུ་བརྐྱང་། །མཛུབ་མོ་རྡོ་རྗེ་མཛུབ་གཉིས་རྩེ། །དེ་ཉིད་མཐེ་བོ་གཉིས་ཀྱིས་སྤྲས། །ལེགས་ པ་སྦྱིན་དང་མཛུབ་རིན་ཆེན། །མཛུབ་མོ་རིན་ཆེན་དེ་འབར་བྱ། །སྲིན་ལག་གཤིབས་ལ་མཐེའུ་རིན་ཆེན། །དེ་ཉིད་ཀྱང་ནི་བསྐོར་བའོ། །ཀུན་གྱི་རྩེ་མོར་རབ་ཏུ་དབྱེ། །མཐེ་བོ་མཐེའུ་ཆུང་རབ་ཏུ་གཞུག །སོར་མོ་རབ་ཏུ་འཁོར་ལོ་བརྐྱང་། །དེ་ཉིད་ཀྱང་ནི་ཁ་ནས་དབྱུང་།། མཐོ་བོ་བརྐྱང་སྟེ་རྡོ་རྗེ་དགབ། །མཛུབ་མོ་མཉམ་ནས་ནང་དུ་གཞུག །མཐེའུ་གཉིས་དབྱེ་བ་དེ་ཉིད་ལས། །དེ་ནས་ནང་དུ་རྡོ་རྗེར་བྱ། །རྡོ་རྗེ་གསང་བའི་ལས་རྣམས་ནི། །རྡོ་རྗེ་བཅིངས་ལས་བྱུང་བ་ཡིན། །ཆོས་ཀྱི་གསང་བ་མཚན་རྣམས་ཀྱིས། །ཐལ་མོ་ནང་དུ་བཀུག་ནས་སོ། ། ལས་ཀྱི་གསང་བ་ནང་གནས་པའི། །མཚན་མས་ལས་སུ་བསྟན་པའོ། །དེ་ནས་གཞན་ཡང་རབ་བཤད་པ། །ཆོས་ཀྱི་ཕྱག་རྒྱ་མདོར་བཤད་པ། །ཨ་ཛ་ཧོ་ས། ཨོཾ་ཨོཾ་ཏྲཱཾ་ཧ། ཧྲཱིཿདྷྃ་མྃ་རྃ། ཀྃ་ཧྃ་ཧཱུྃ་བྃ། གསང་བའི་ཕྱག་རྒྱ་གཉིས་བྱས་ནས། །ལས་ཀྱི་ཕྱག་རྒྱ་རྣམས་སུ་བྱ། ། དམ་ཚིག་མཆོག་ནི་ཇི་སྙེད་པ། །གཉིས་སུ་ཕྲལ་ནས་དེ་བཞིན་ནོ། །དེ་ནས་དེ་རྣམས་ཀྱི་བསྒྲུབ་པ་བཤད་དེ། ས་མ་ཡ་སྟྭཾ་ཞེས་སྨྲ་ཞིང་། །བདག་གིས་བཅིངས་པས་འགྲུབ་པ་ནི། །འདོད་ལ་ཆགས་པ་བདེ་བའི་བདག །འདི་རྣམས་ལྷག་པར་གཅིག་ཀྱང་ནི། །དུས་ཀུན་ཏུ་ ནི་བཅིང་མི་བྱ། །གསང་བའམ་ནི་དོན་ཆེན་ལ། །མཁས་པ་ཡིས་ནི་སྦྱར་བར་བྱ། །དེ་རྣམས་ཀུན་གྱི་བདག་ཉིད་གནས། །རང་བྱུང་རྣམས་ཀྱི་ལྷ་མོ་བརྟན། །བསྒྲུབ་པ་རྣམས་ལ་རང་ཆགས་པས། །རྟག་པའི་བདག་པོ་བཏང་ང་རེ། །དེ་ནས་ཕྱག་རྒྱ་དེ་རྣམས་ཐམས་ཅད་བཅིང་ བ་ལ་སོགས་པའི་ལས་རྣམས་ཡིན་ནོ། །བདག་གམ་འོན་ཏེ་གཞན་ལའང་རུང་། །རྡོ་རྗེ་དབབ་པ་བྱས་ན་ནི། །སྙིང་པོ་བྱ་བ་འདི་ཡིན་ནོ། །བཅིང་ངམ་འཆིང་དུ་བཅུག་ཀྱང་རུང་། །བཛྲ་ཧཱུཾ་བནྡྷ། དེ་ནས་དགྲོལ་བ་ཡིན་ནོ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །སྙིང་པོ་བྱ་བ་འདི་ཉིད་ཀྱིས། ། གང་དང་གང་ནས་བྱུང་བ་ཡི། །དེ་དང་དེ་ནས་དགྲོལ་བར་བྱ། །ཨོཾ་བཛྲ་མུཿ། །དེ་ནས་བརྟན་པར་བྱ་བ་ཡིན་ཏེ། རིན་ཆེན་རྡོ་རྗེ་བརྟན་བྱས་ཏེ། །སྙིང་ག་ནས་ནི་སྤྱི་བོར་དགྲོལ། །མཛུབ་མོ་ཡིས་ནི་གོ་ཆ་བཅིང་། །སྙིང་པོར་བྱ་བ་འདི་ཉིད་དོ། །ཨོཾ་དྲྀ་ཌྟ་བཛྲ་ཀ་བ་ ཅོ། དྲྀ་ཌྷ། དེ་ནས་བཅིང་བའི་དམ་ཚིག་ཡིན་ནོ། །ཇི་ལྟར་གནས་པ་རྣམས་སུ་དགྲོལ། །གོ་ཆ་ཡིས་ནི་བརྟན་པར་བྱས། །ཐལ་མོ་བརྡབས་པས་ཀུན་སྦྱར་བ། །སྙིང་པོར་བྱ་བ་འདི་ཉིད་དོ། །ཨོཾ་གུ་ཧྱ་ས་མ་ཡ་ཏྲ། རྡོ་རྗེ་སེམས་དཔའ་ཅི་དགར་བཟླས། །དཀྱིལ་འཁོར་དང་ནི་ལས་ ཀུན་ལ། །དུས་དེ་ཉིད་དུ་སྦྱར་བར་བྱ། །ཐམས་ཅད་གྲུབ་པར་བྱེད་པའི་མཆོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྟོ།། །། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་སཱུ་ཀྵྨ་བཛྲ་ཛྙཱ་ན་ས་མ་ཡེ་ཧཱུཾ། དེ་ནས་ དེ་བཞིན་གཤེགས་པ་མི་གཡོ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཕྲ་མོའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་བཛྲ་སཏྭ་སཱུ་ཀྵྨ་བཛྲ་ཛྙཱ་ན་ས་མ་ཡེ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་ཡེ་ཤེས་ཕྲ་མོའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་རཏྣ་སཱུ་ཀྵྨ་བཛྲ་ཛྙཱ་ན་ས་མ་ཡ་ ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཚེ་ཚད་མེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་ཡེ་ཤེས་ཕྲ་མོའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾདྷ་རྨྨ་སཱུ་ཀྵྨ་བཛྲ་ཛྙཱ་ ནས་མ་ཡེ་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་ཡེ་ཤེས་ཕྲ་མོའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་ཀརྨྨ་ སྟུ་ཀྵྨ་བཛྲ་ཛྙཱ་ན་ས་མ་ཡེ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་ཉིད་ཀྱི་ཚེ་ ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་ཡེ་ཤེས་ཕྲ་མོའི་འོད་ཟེར་དེ་རྣམས་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་དུ་མཉམ་པར་ཞུགས་པ་བརྟན་ པར་བྱ་སྟེ། ཡང་གཅིག་ཏུ་གྱུར་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུར་དམིགས་ཏེ། གཅིག་ཏུ་འདུས་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཐུགས་སུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་དམ་ཚིག་ཆེན་པོའི་རྡོ་རྗེ་འདི་སྨྲས་པ། སཱུ་ཀྨ་བཛྲ། དེ་ནས་དེ་སྨྲས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་ རྗེ་དེ་ཉིད་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེའི་དབྱིབས་སུ་བདག་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོའི་ཕྱོགས་སུ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། ། རྡོ་རྗེ་ཕྲ་མོ་བདག་སྟེ་ཆེ། །གང་ཕྱིར་ཕྲ་ཡང་ཆེ་བའི་ཕྱིར། །ཁམས་གསུམ་ཡང་ནི་རྒྱས་པར་མཛད། །དེ་ནས་དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོའི་ཕྱོགས་ནས་རབ་ཏུ་ཕྲ་བའི་ཡེ་ ཤེས་ཀྱི་མཚན་མ་རྒྱས་པར་བྱ་བའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་ཁྱབ་པར་བྱས་ནས། ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱ་བའི་ཚུལ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་མཚན་མ་རྣམས་ཀྱིས་ཁྱབ་པར་བྱས་ སོ། །ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིབས་སུ་བདག་བྱིན་གྱིས་བརླབས་ཏེ་འདུག་གོ། །དེ་ནས་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་ རྗེའི་དབུས་སུ་རྡོ་རྗེ་ཆོས་ཉིད་དུ་དམིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ་འདི་བྱུང་ངོ་། །བཛྲ་ནཱ་བཱི་ཏ་ཐཱ་ག་ཏཱ་ཧཱུཾ། དེ་ནས་དེ་བྱུང་མ་ཐག་ཏུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡི་ཤེས་ཕྲ་མོ་འཇུག་པའི་ཚུལ་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་ཞུགས་ནས་སྙིང་པོ་རྡོ་རྗེའི་དབྱིབས་སུ་གྱུར་ཏེ་གནས་སོ། །དེ་ནས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེ་ལས་ཡེ་ཤེས་ཆེན་པོའི་སྙིང་པོ་འདི་བཞི་བྱུང་ངོ་། །བཛྲ་ཨཱ་ཏྨ་ཀ་དྲྀ་ཌྜྷ་བཛྲ་ཨཾ་ཀུ་ཤ་ཏིཥྛརཱ་ག་བཛྲ་པྲ་བེ་ཤ་ཧྲྀ་ད་ཡཾ། ཨ་ཧོ་བཛྲ་དུཥྚི། རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་བྱིན་གྱིས་ བརླབས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དགའ་བ་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཆེན་པོ་རྣམས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ ཕྱག་ན་རྡོ་རྗེས་ཡེ་ཤེས་ཕྲ་མོ་འཇུག་པའི་ཚུལ་གྱིས་རང་གི་ཐུགས་སུ་ཞུགས་ཏེ། སྙིང་པོ་རྡོ་རྗེའི་དབྱིབས་སུ་བདག་ཉིད་བྱིན་གྱིས་བརླབས་ཏེ་བཞུགས་སོ། །དེ་ནས་རྡོ་རྗེ་དབྱིབས་དེ་ལས་སྙིང་པོ་འདི་བཞི་བྱུང་ངོ་། །བཛྲ་རཏྣ་ཨཱ་ཏྨ་ཀ །ཧྲྀ་ད་ཡ་བཛྲ་སཱུརྱ། ཏིཥྛ་བཛྲ་དྷཱ་ཛཱ་གྲ་བཾ། ཧྲྀ་ད་ཡ་བཛྲ་ ཧཱ་ས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབང་བསྐུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། འོད་ཆེན་པོའི་དཀྱིལ་འཁོར་གྱི་རྒྱན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རེ་བ་རྫོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་དགའ་བའི་ཤུགས་འབྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཏིང་ངེ་འཛིན་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ཡེ་ཤེས་ཕྲ་མོ་འཇུག་པའི་ཚུལ་གྱིས་རང་གི་སྙིང་གར་རྡོ་རྗེ་སྙིང་པོར་ཞུགས་ནས། རྡོ་རྗེའི་དབྱིབས་སུ་བདག་བྱིན་གྱིས་བརླབས་ནས་ བཞུགས་སོ། །དེ་ནས་རྡོ་རྗེའི་དབྱིབས་དེ་ལས་སྙིང་པོ་འདི་བཞི་བྱུང་ངོ་། །བཛྲ་པདྨ་ཨཱ་ཏྨ་ཀ། ཧྲྀད་ཡ་བཛྲ་ཀོ་ཥ། ཏིཥྛ་བཛྲ་ཙདཀྲ་ཧྲྀད་ཡཾ་པྲ་བེ་ཤ། བཛྲ་ཛི་ཏྭཱ་གྲ་ཧྲྀ་ད་ཡ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ ཀྱི་ཕྱག་རྒྱ་དང་། འཁོར་ལོ་ཆེན་པོར་འཇུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚིག་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཏིང་ངེ་འཛིན་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་རང་གི་སྙིང་པོ་རྡོ་རྗེ་ ཐུགས་ཀའི་རྡོ་རྗེ་ལས་བྱུང་ནས། ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་གྱིས་རྡོ་རྗེ་ཐུགས་དེར་ཞུགས་ནས་རྡོ་རྗེ་ཤིན་ཏུ་ཕྲ་མོའི་དབྱིབས་སུ་བདག་བྱིན་གྱིས་བརླབས་ཏེ་བཞུགས་སོ། །དེ་ནས་རྡོ་རྗེ་ཕྲ་མོའི་དབྱིབས་དེ་ལས་སྙིང་པོ་འདི་བཞི་བྱུང་ངོ་། །སརྦྦ་བཛྲ་ཨཱ་ཏྨ་ཀ་ཧྲྀ་ད་ཡ་བཛྲ་ཀ་བ་ཙ། ཏིཥྵ་བཛྲ་རཀྵ་ཧྲྀ་ད་ཡ། བཛྲ་མུཥྚི་ཧྲྀ་ད་ཡ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཐུབ་དཀའི་བརྩོན་འགྲུས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། བདུད་ཐམས་ཅད་ཀྱི་དཀྱིལ་འཁོར་འཇོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ འཆིང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཏིང་ངེ་འཛིན་ཏོ། །དེ་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡེ་ཤེས་ཕྲ་མོའི་མཚན་མས་ཁྱབ་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་ རྗེའི་སྐུར་གྱུར་ནས། དེ་ནས་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུར་གྱུར་ཏེ། རང་རང་གི་ཕྱག་མཚན་ཉིད་ཀྱི་ཐུགས་ཀར་བཞག་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དགོད་པའི་ཚུལ་གྱིས་ཟླ་བའི་དཀྱིལ་འཁོར་ལ་ གནས་ནས་རང་རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། ཡེ་ཤེས་དང་མངོན་པར་ཤེས་པ་བསྒྲུབ་པའི་ཕྱིར། རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་འདི་བཤད་དོ། །དེ་ནས་ རབ་ཏུ་བཤད་བྱ་བ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་ཕྲ་མོ་ཞེས་བཤད་དོ། །དེ་ནས་དཀྱིལ་འཁོར་ཚུལ་དུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །རྡོ་རྗེའི་དབུས་སུ་སངས་རྒྱས་བྲི། །སངས་རྒྱས་དཀྱིལ་འཁོར་རྣམས་སུ་ཡང་། །སེམས་ དཔའ་ཆེན་པོ་རྣམས་བྲི་ཞིང་། །དེ་བཞིན་ཐུགས་ཀར་ཉིད་ཕྱག་རྒྱ། །ཏིང་ངེ་འཛིན་དུ་བཞུགས་པ་དང་། །ཕྱག་གཉིས་རྡོ་རྗེ་བཅིང་བ་བཅིངས། །དེ་ནས་རྡོ་རྗེ་ཕྲ་མོའི་ཆོས་ཀྱི་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞུགས་པ་ལ་ སོགས་པའི་ཆོ་ག་རྒྱས་པར་བྱས་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་ལག་ཏུ་བྱིན་ནས་རང་གི་སེམས་ལས་སུ་རུང་བར་བྱ་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ། །ལྕེ་ནི་རྐན་ལ་གཞར་བྱས་ཏེ། །སྣ་ཡི་རྩེ་མོར་བསམ་བྱ་བ། །རྡོ་རྗེ་ཕྲ་མོའི་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། ། རྡོ་རྗེ་ཕྲ་མོའི་བདེ་རེག་པའི། །མཚན་མ་གལ་ཏེ་བྱུང་བ་དང་། །མཚན་མ་དེ་ནི་ཁྱབ་བྱ་བ། །སེམས་ནི་ཀུན་ཏུ་ཁྱབ་པར་བྱ། །ཇི་ཙམ་འདོད་པར་སེམས་ཁྱབ་ནས། །ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར། །དེ་ནས་དེ་ཡང་བསྡུ་བ་ནི། །སྣ་ཡི་རྩེ་མོའི་བར་དུ་ཡང་། །དེ་དག་ཤིན་ཏུ་ མཉམ་པར་བཞག །གང་ཡང་རུང་སྟེ་བསྒོམ་བྱ་བ། །དེ་དག་ཐམས་ཅད་བརྟན་པར་འགྱུར། །ཏིང་འཛིན་ཤེས་རབ་བརྟགས་པའོ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །སཱུ་ཀྵྨ་བཛྲ་སྥར་ཎ། སཾ་ཧ་ར་ཎ་བཛྲ། བཛྲ་ཧྲྀ་ད་ཏིཥྛ། །སེམས་དཔའ་གང་གིས་བྱམས་པ་ནི། །མཉམ་ འགྱུར་བརྟན་པ་ཆེན་པོ་ཡིས། །སེམས་ཀྱིས་ཁྱབ་པའི་ཚུལ་གྱིས་ནི། །སེམས་ཅན་ཀུན་ལ་དེས་ཁྱབ་བོ། །བྱམས་པས་ཁྱབ་པའི་ཚུལ་གྱིས་ནི། །སྙིང་རྗེ་ཅན་ནི་གང་ཡིན་པ། །སེམས་ཅན་ཀུན་དོན་ལྡན་པ་ཡིས། །བསྒྲུབ་པ་ཡིས་ནི་ཁྱབ་པར་བྱ། །ཀུན་ཀྱང་རང་བཞིན་ འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཆོས་སམ་ཡང་ན་ཆོས་མ་ཡིན། །བསམ་པས་ཁྱབ་ཅིང་དགའ་བར་འགྱུར། །གདུལ་དཀའ་བ་དང་མཚུངས་འདྲ་བ། །སངས་རྒྱས་བྱང་ཆུབ་སྣོད་མ་ཡིན། །དེ་དག་རྟོགས་པར་བྱ་བའི་ཕྱིར། །བཏང་སྙོམས་ཆེན་པོ་ བསྒོམ་པར་བྱ། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །མ་ཧཱ་མཻ་ཏྲི་སྥར་ཎ་མ་ཧཱ་ཀ་རུ་ཎཱ་སྥ་ར་ཎ། སརྦྦ་བུད་དྷོ་པྲ་མོ་ད་སྥ་ར་ཎ། སརྦྦ་སཏྤཾ་སཾ་བོ་དྷ་ཡ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པའི་ཡེ་ཤེས་ལ་བསླབ་བོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །རྡོ་རྗེ་ ཕྲ་མོའི་ཚུལ་གྱིས་ནི། །འགྲེང་ངམ་ཡང་ན་འདུག་ཀྱང་རུང་། །རྡོ་རྗེའི་དབྱིབས་ནི་གོམས་པར་བྱ། །དེ་བཞིན་དུ་ཡང་གནས་ཀུན་ཏུ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །མཉམ་པར་བཞག་པས་སྙིང་གར་ནི། །བྱང་ཆུབ་སེམས་དཔའ་རྡོ་རྗེ་བསྒོམ། །དེ་ལྟ་བ་ཡི་རིམ་བཞིན་དུ། །རྡོ་རྗེ་ཕྲ་མོའི་ ཚུལ་གྱིས་ནི། །ཕྱག་ན་རྡོ་རྗེ་དབྱིབས་ཆེན་པོ། །གནས་རྣམས་ཀུན་དུ་བསྒོམ་པར་བྱ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་དུས་ཀུན་དུ། །ཅི་ལྟ་བ་ཡི་གོ་རིམས་བཞིན། །མཉམ་པར་བཞག་པས་བསྒོམ་པར་བྱ། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །བཛྲ་མུ་ ཁི་གྷ་ག །མ་ཧཱ་བོ་དྷི་ས་ཏྭ་ཨཱ་བེ་ཤ། བཛྲ་པ་ཎི་དྷཱརྴ་ཡ་སྭ་རཱུ་པཾ་བུདྡྷ་ཨ་ནུ་སྨྲྀ་ཏི་ཨཱ་བེ་ཤ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །གོམས་པར་བྱ་བ་བདག་ཉིད་ཀྱིས། །ཟླ་བའི་དཔས་སུ་བདག་ཉིད་ནི། །བྱང་ཆུབ་སེམས་ཀྱི་བསྒོམ་པའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྡོ་རྗེ་ དབྱིབས་གྱུར་པར། །བདག་ཉིད་ཀྱིས་ནི་བསྒོམ་བྱ་བ། །སེམས་དཔའ་རྡོ་རྗེ་བསྒོམ་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །བདག་ཉིད་སྙིང་གར་རྡོ་རྗེ་སེམས། །བདག་ཉིད་ཀྱིས་ནི་བསྒོམ་བྱ་བ། །རྡོ་རྗེ་སེམས་དཔའི་བསྒོམ་པའོ། །རྣམ་པ་ཀུན་དུ་མཆོག་ལྡན་པའི། །སངས་རྒྱས་གཟུགས་སུ་ བདག་ཉིད་ནི། །བདག་ཉིད་ཀྱིས་ནི་བསྒོམ་བྱ་བ། །སངས་རྒྱས་བྱང་ཆུབ་བསྒོམ་པའོ། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །ས་མནྟ་བྟ་དྲ་ཨཱ་བེ་ཤ། །བཛྲ་ས་ཏྭ་བཛྲ་ཨཱ་བེ་ཤ། བཛྲ་སཏྭ་ས་མཱ་དྷི་ཛྙཱ་ན་ཨཱ་བེ་ཤ་ཏ་ཐཱ་ག་ཏོ་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཆོས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་བོ། །བདག་ནི་དེ་བཞིན་གཤེགས་དང་མཉམ། །རྡོ་རྗེའི་ཚིག་ཏུ་ལན་ཅིག་བརྗོད། །དབང་པོ་གཉིས་ནི་མཉམ་པར་སྦྱར། །སེམས་ཅན་ཐམས་ཅད་ཆགས་པར་བྱེད། །བདག་ནི་རྡོ་རྗེ་ཆེན་པོར་མཉམ། །རྡོ་རྗེ་ཚིག་ཏུ་ལན་ཅིག་ བརྗོད། །དབང་པོ་གཉིས་ནི་མཉམ་པར་སྦྱར། །གདོན་མི་ཟ་བར་འཇིག་རྟེན་འགུགས། །བདག་ཉིད་རྡོ་རྗེ་ཆོས་དང་མཉམ། །རྡོ་རྗེ་ཚིག་ཏུ་ལན་ཅིག་བརྗོད། །དབང་པོ་གཉིས་ནི་མཉམ་སྦྱར་བས། །དེ་ཡིས་འཇིག་རྟེན་ཐམས་ཅད་འཇིག །བདག་ནི་མ་ལུས་རྡོ་རྗེར་མཉམ། ། རྡོ་རྗེ་ཚིག་ཏུ་ལན་ཅིག་བརྗོད། །དབང་པོ་གཉིས་ནི་མཉམ་སྦྱར་བས། །ལས་རྣམས་ཐམས་ཅད་དེས་བསྒྲུབ་པོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་ རྗེའི་དབུས་སུ་བསྒོམ་བྱ་བ། །བདག་ཉིད་སངས་རྒྱས་སྐུ་ཉིད་དུ། །དེས་ནི་སངས་རྒྱས་ཉིད་དུ་འགྲུབ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་བོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །སྙིང་གར་རྡོ་རྗེ་ལ་སོགས་འཁོད། །བསྒོམས་ནས་རྡོ་རྗེ་ལ་ སོགས་པས། །རང་གི་དངོས་གྲུབ་སྦྱིན་པར་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་གྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་བོ། །རྡོ་རྗེ་བཅིངས་པ་ལས་བྱུང་བར། །བཅུ་དྲུག་རྣམས་སུ་བཤད་པ་སྟེ། །ཏིང་ངེ་འཛིན་ནི་དམ་ཚིག་མཆོག །དེ་རྣམས་ ཀྱི་ནི་བཅིངས་པ་བཤད། །སྐྱིལ་མོ་ཀྲུང་འདུག་གན་རྐྱལ་དུ། །གཡས་བཅུ་དེ་བཞིན་སླར་བཅུག་པ། །སྙིང་གར་གནས་པ་བཞི་པ་སྟེ། །རྡོ་རྗེ་སེམས་སོགས་དཀྱིལ་འཁོར་རོ། །དཔྲལ་བར་བཞག་དང་ལྟག་པ་དང་། །ཕྲག་པ་དང་ནི་དགོད་པར་སྦྱར། །ཁར་གཞག་སྙིང་གར་རལ་གྲི་ དང་། །སྙིང་གར་རྒྱས་དང་ཁ་ནས་དབྱུང་། །སྤྱི་བོ་མཐོང་ཁ་ཁར་གཞག་པ། །མཛུབ་མོ་གཉིས་བཀུག་མདུན་དེ་བཞིན། །དེ་ནས་གཞན་ཡང་ཆོས་ཀྱི་ཕྱག་རྒྱ་ལ་བསླབ་པར་བྱའོ། །ཊཀྐི་གྲ་གྲ། མ་ཊ། ཨ་གྲ། ཏྲཱཾ་ཏྲཱཾ། ཨཾ་ཨཾ། བཾ་བཾ། ཏི་ཊ། །ཧཱིཿཊ། བྷྲྀ་ཊ། ཀྲ་ཤ། ཧ་ཧ། བ་བ། བཾ་བཾ། ཕཊ། གྲ་ས། དེ་ནས་ཆོས་ཀྱི་ལས་ཀྱི་ཡེ་ཤེས་ཕྲ་མོ་རྣམས་ཀྱི་མཆོག་བཤད་དོ། །ཡེ་ཤེས་ཁུ་ཚུར་དམ་ཚིག་ལས། །གཉིས་སུ་བྱས་ནས་སྦྱར་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆེན་པོའི་རྒྱལ་པོའི་རྡོ་རྗེ་ཡེ་ཤེས་ཀྱི་ཆོས་ ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པས་ཁྱབ་པའི་ལས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ནས། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷཱ་ཏུ་ཨ་ནུཏྟ་ར་པཱུ་ཛ་ཀརྨྨ་སྥ་ར་ཎ་སམ་ཡེ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་མི་གཡོ་བས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པས་ཁྱབ་པའི་ ལས་ཀྱི་དམ་ཚིག་གི་རྡོ་རྗེའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་ནུ་ཏྟ་ར་བཱུ་ཛཱ་ཀརྨྨ་སྥར་ཎ་སམ་ཡེ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པའི་རིན་པོ་ཆེ་འབྱུང་བས་དེ་བཞིན་གཤེགས་ པ་ཐམས་ཅད་རྡོ་རྗེ་རིན་པོ་ཆེའི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པར་ཁྱབ་པའི་ལས་ཀྱི་དམ་ཚིག་གི་རྡོ་རྗེའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་ནུཏྟ་ར་པཱུ་ཛཱ་ཀརྨྨ་སྥ་ར་ཎ་ ས་མ་ཡེ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཚེ་ཚད་མེད་པས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཆོས་ཀྱི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པས་ཁྱབ་པའི་ལས་ཀྱི་དམ་ཚིག་གི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རིག་པའི་མཆོག་འདི་ སྨྲས་པ། ཨོཾ་སརྦྦ་ཏ་ཐ་ག་ཏ་བཛྲ་དྷརྨྨ་ཨ་ནུཏྟ་ར་པཱུ་ཛཱ་ཀརྨྨ་སྥ་ར་ཎ་སམ་ཡེ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པས་ཁྱབ་པའི་ལས་ཀྱི་དམ་ཚིག་གི་རྡོ་རྗེའི་བྱིན་ གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རིག་པའི་མཆོག་འདི་སྨྲས་པ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ཀརྨྨ་ཨ་ནུཏྟ་ར་པཱུ་ཛཱ་ཀརྨྨ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་མཆོད་པའི་ཆོ་ག་རྒྱས་པས། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པའི་ལས་ཀྱི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པའི་ནམ་མཁའི་དབྱིངས་ཀུན་དུ་རྒྱས་པ་རྣམ་པ་སྣ་ཚོགས་པའི་མཆོད་པ་ཐམས་ཅད་ཀྱི་རྒྱན་གྱི་ཆོ་ག་རྒྱས་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོ་རྣམས་སུ་གྱུར་ཏེ་བྱུང་ནས། འཇིག་རྟེན་གྱི་ཁམས་རབ་ འབྱམ་གྱི་སྤྲིན་གྱི་རྒྱ་མཚོ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་བྱ་བ་དང་། ཀུན་དུ་བཟང་ པོའི་སྤྱོད་པ་བསྒྲུབ་པ་དང་། བྱང་ཆུབ་ཆེན་པོའི་སྙིང་པོར་ཉེ་བར་འགྲོ་བ་དང་། བདུད་ཐམས་ཅད་འདུལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོར་ བསྐྱེད་པ་དང་། ཁམས་གསུམ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱ་བ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་དོན་དུ་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་ཐམས་ཅད་བསྟན་ ནས་བཞུགས་སོ། །མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་དེ་དག་ཀྱང་རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོ་ག་བཞིན་དུ་མཆོད་དེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཨེ་མའོ་སངས་རྒྱས་མཆོད་པ་བདག །མཆོད་པ་ཀུན་ནི་བྱེད་པ་ཡིན། །གང་ཕྱིར་སངས་རྒྱས་བྱིན་ཅན་དུ། །སངས་རྒྱས་ཀུན་ནི་གྲུབ་པར་མཛད། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པ་རྡོ་རྗེ་ཞེས་བྱ་བའི་ལས་ཀྱི་དཀྱིལ་འཁོར་འདི་ བཤད་དོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱ་ཏྨཱ་ན་ན་རྱིཏྲ་ན་པཱུ་ཛཱ་སྥ་ར་ཎ་ཀརྨྨ་བཛྲི་ཎི་ཧཱུཾ་ཨཱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱཏཱན་ནི་རྱཱཏ་ན་པཱུ་ཛཱ་སྥ་ར་ཎ་ཀརྨྨ་གྲི་ཛཿ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱཏྨཱ་ན་ན་རྱཱི་ཏ་ན་ཨ་ནུ་རཱ་གཔཱུ་ཛཱ་སྥ་ར་ཎ་ཀརྨྨ་པཱ་ཎེ་ཧཱུཾ་ཧོ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱ་ཏྨཱན་ནི་རྱཱ་ཏ་ན་སཱ་དྷུ་ཀཱར་ པཱུ་ཛཱ་སྥ་ར་ཎ་ཀརྨྨ་ཏུཥྚིཨཿ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་བའི་བདེ་མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་མེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་མ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བྱེད་པ་མོ་རྣམས་ནི། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའོ། །ཨོཾ་ན་མཿསརྦྦ་ཏ་ཐཱ་ག་ཏ་ཀཱ་ཡཱ་བྷི་ཥེ་ཀ་རཏྣེ་བྷྱོ་བཛྲ་མ་ཎི་ཨོཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སཱུརྱེ་བྷྱོ་བཛྲ་ཏེ་ཛེ་ནི་ཛྭཱ་ལ་ཧྲཱིཿ། ཨོཾ་ན་མཿསརྦྦ་ཏ་ཐཱ་ག་ཏཱ་ཤཱ་པ་རི་པཱུ་ར་ཎི་ཙིནྡཱ་མ་ཎི་དྷྭ་ཛ་ཨ་གྲེ་བྷྱོ་བཛྲ་དྷྭ་ཛ་ཨ་གྲི་ཏྲཱཾ། ཨོཾ་ན་མཿསརྦྦ་ཏ་ ཐཱ་ག་ཏ་མ་ཧཱ་པྲཱི་ཏི་པྲ་མོ་དྱ་ཀ་རེ་བྷྱོ་བཛྲ་ཧཱ་སྱེ་ཧ། དབང་མ་ཆེན་མོ་དང་། སྣང་བ་ཆེན་མོ་དང་རིན་པོ་ཆེ་ཆེན་པོའི་ཆར་འབེབས་མ་དང་། རབ་ཏུ་དགའ་ཞིང་མགུ་བ་མ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་མཆོད་པའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ཏཱ་ས་མཱ་དྷི་བྷིསྟུ་ནོ་མི་ མ་ཧཱ་དྷ་རྨཱ་གྲི་ཧྲཱིཿ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་པཱ་ར་མི་ཏཱ་ནིར་ཧཱརཻཿསྟུ་ནོ་མི་མ་ཧཱ་གྷོ་ཥཱ་ནུ་གེ་དྷཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙཀྲ་ཨཀྵ་རཾ་པ་རི་བར་ཏྷཱ་དི་སརྦ་སཱུ་ཏྲཱ་ནྟན་ཡཻཿསྟུ་ནོ་མི་སརྦ་མཎྜ་ལེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སན་དྷི་བྷཱ་ཥ་བུདྡྷ་སདྒཱི་ཏི་བྷིརྒ་ཡཾ། སྟུ་ནོ་མི་བཛྲ་བཱ་ཙེ་བཾ། ཡེ་ཤེས་ཆེན་པོའི་གླུ་ མ་དང་། དབྱངས་ཆེན་མོའི་རྗེས་སུ་འབྲང་མ་དང་། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་དང་། སྔགས་ཀྱི་སྤྱོད་པ་མ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོད་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་མེ་གྷ་སྥ་ར་ཎ་པཱུ་ཛཱ་ཀརྨེ་ཀ་རཀ་ར། ཨོཾ་སརྦ་ཏ་ ཐཱ་ག་ཏ་པཱུ་ཥྦ་པྲ་ས་ར་སྥ་ར་ཎ་པཱུ་ཛཱ་ཀརྨེ་ཀི་རི་ཀི་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀ་ཛྭ་ལ་སྥ་ར་ཎ་པཱུ་ཛཱ་ཀརྨེ་བྷ་ར་བྷ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་ས་མུ་དྲཱ་སྥ་ར་ཎ་པཱུ་ཛཱ་ཀརྨ་ཀུ་རུ་ཀུ་རུ། སིམ་པ་ཅན་དང་། བྱང་ཆུབ་ཆེན་མོའི་ཡན་ལག་ལྡན་མ་དང་། མིག་ལྡན་མ་དང་། དྲི་ལྡན་མ་རྣམས་ནི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་མཆོད་པའོ། །དེ་ནས་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ལ་མཆོད་པ་བྱེད་པའི་ལས་ཀྱི་དཀྱིལ་འཁོར་རྡོ་རྗེའི་བྱ་བ་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་ འདྲ་བས་ན། །རྡོ་རྗེ་བྱ་བ་ཞེས་ཀྱང་གྲགས། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །སངས་རྒྱས་སྐུ་རྣམས་གཞག་པར་བྱ། །རྡོ་རྗེ་སེམས་སོགས་ཚུལ་དུ་ནི། །ལྷ་མོ་ཕྱག་རྒྱ་བཅས་པ་བྲི། །དེ་ནས་ལས་ཀྱི་དཀྱིལ་འཁོར་རྡོ་རྗེ་བྱ་བ་འདིར་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་འདི་ བཤད་དོ། །དེ་ལ་དང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་གཞུག་པར་བྱ་སྟེ། བཅུག་ནས་ཀྱང་འདི་སྐད་དུ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དམ་ཚིག་ཡིན་གྱིས། མཆོད་པ་བཅུ་དྲུག་པོ་འདི་རྣམས་ཁྱོད་ཀྱིས་ཉི་མ་རེ་རེ་ཞིང་ཅི་ནུས་པ་གྱིས་ཤིག་ཅེས་ བསྒོ་བར་བྱའོ། །དེ་ནས་གདོང་གཡོགས་བཀྲོལ་ཏེ་ལས་ཀྱི་དཀྱིལ་འཁོར་བསྟན་ལ་ཐམས་ཅད་ཀྱི་མཚན་མ་ལག་པ་གཉིས་སུ་སྦྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བྱང་ཆུབ་ཆེན་པོའི་སེམས་བསྒྲུབ་ པའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །བདག་ནི་སངས་རྒྱས་ཡིན་བསམས་ཤིང་། །དགའ་བ་བདག་ནི་མཆོད་བྱེད་ཅིང་། །སངས་རྒྱས་ཀྱི་ནི་བདེ་བའང་འཐོབ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །བདག་ནི་སངས་རྒྱས་ ཡིན་བསམས་ཤིང་། །ཕྲེང་བ་ལ་སོགས་མཆོད་པ་ཡིས། །མཆོད་ན་དེ་ནི་དབང་ཡང་བསྐུར། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །བདག་ནི་སངས་རྒྱས་ཡིན་བསམས་ཤིང་། །སྙན་པའི་གླུ་ཡིས་མཆོད་པས་བདག །མཆོད་པ་དེ་ནི་མགུ་བར་འགྱུར། །བྱང་ཆུབ་སེམས་ ནི་བརྟན་བསྐྱེད་པར། །བདག་ནི་སངས་རྒྱས་ཡིན་བསམས་ཤིང་། །གར་གྱི་མཆོད་པས་བདག་མཆོད་པ། །སངས་རྒྱས་ཀྱིས་ཀྱང་བདག་མཆོད་འགྱུར། །དེ་ལ་སྙིང་པོ་ནི་འདི་རྣམས་སོ། །བུདྡྷ་ཨཱཏྨ་ཀོ྅ཏཾ། བུདྡྷ་ཨ་བྷིཥི་ཉྩ་མི། བུདྡྷ་སྟུ་ཏི་ཀ་རོ་མི། བུདྡྷ་པཱུ་ཛཱ་ཀ་རོ་མི། དེ་ ནས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །མཆོག་གི་ཚུལ་གྱིས་ཕྱག་འཚལ་ཞིང་། །དེ་བཞིན་སངས་རྒྱས་ཀུན་མཆོད་ན། །རྟག་ཏུ་ཕྱག་བྱར་འོས་པར་འགྱུར། །སངས་རྒྱས་ཐམས་ཅད་བསོད་ནམས་ཆེ། །སྐུ་ གསུང་ཐུགས་ནི་རྡོ་རྗེ་སྐྱེས། །རྗེས་སུ་ཡི་རང་བས་མཆོད་ན། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡི། །ལྷ་རྫས་བདག་དབུལ་ལ་སོགས་པའི། །མཆོད་པ་ཀུན་གྱིས་སངས་རྒྱས་རྣམས། །མཆོད་ན་དེ་ཡང་མཆོད་པར་འགྱུར། །ལུས་དང་ངག་ སེམས་རྡོ་རྗེ་ཡི། །དགེ་བའི་ཚོགས་རྣམས་ཐམས་ཅད་ནི། །ཡོངས་སུ་བསྔོ་བའི་མཆོད་པ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །པྲཎཱ་མཱ་མི་ཨ་ནུ་མོ་དེ། བུདྡྷ་པཱུ་ཛཱ་པཉྩ་མ། དེ་ནས་ཆོས་ཀྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་ པར་བྱའོ། །ཆོས་རྣམས་རང་བཞིན་གྱིས་ཀྱང་གསལ། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཆོས་དེ་དག་གིས་མཆོད་པས་ནི། །དགའ་བའི་བདེ་བ་ཐོབ་པར་འགྱུར། །ཆོས་རྣམས་ཀུན་ནི་འདུས་པ་ཡི། །ཨ་ཞེས་བྱ་བ་སྒོ་ཞེས་བརྗོད། །ཆོས་ཀྱི་ཕྱག་རྒྱ་དེ་ཡིས་ནི། །དེ་ཡི་སྡུག་བསྔལ་ ཐམས་ཅད་གཅོད། །འདིར་ནི་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་ནི་དེ་བཞིན་གཤེགས་པ་སྟེ། །དམ་ཆོས་འཁོར་ལོ་མཆོད་པ་ཡིས། །མཆོད་པས་ཆོས་ནི་འཆད་པར་འགྱུར། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །སྒྲ་སྙན་དག་དང་འདྲར་བཤད་དེ། །ཆོས་ཀྱི་མཆོད་པ་དེ་དག་ གིས། །མཆོད་ན་སངས་རྒྱས་གསུང་ཡང་འཐོབ། །དེ་ལ་དེ་རྣམས་ཀྱི་སྙིང་པོ་ནི་འདི་རྣམས་ཡིན་ནོ། །སརྦ་ཤུདྡྷ་ས་མནྟ་བྷ་དྲ། དྷརྨ་ཙཀྲ་ནི་ཥྤྲ་པཉྩ། དེ་ནས་ཏིང་ངེ་འཛིན་གྱི་མཆོད་པའི་ཕྱག་རྒྱ་ཡེ་ཤེས་བསླབ་པོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་ རྡུལ་ནི་ཕྲ་མོ་རྣམས། །རྡོ་རྗེ་དབྱིངས་སུ་བསྒོམས་ན་ནི། །རྡོ་རྗེ་བདག་ཉིད་མྱུར་དུ་འཐོབ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །སངས་རྒྱས་ཀུན་དུ་བསྒོམས་ན་ནི། །ཆོས་ཀྱི་སྐུར་ནི་མྱུར་དུ་འགྲུབ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་ མོ་རྣམས། །རྡོ་རྗེ་སེམས་དཔར་བསྒོམས་ན་ནི། །རྡོ་རྗེ་སེམས་དཔར་མཉམ་པར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །སངས་རྒྱས་ཀྱི་ནི་སྐུར་བསྒོམས་ན། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་ཡིན་ ནོ། །བཛྲ་ཀཱ་ཡ། དྷ་རྨ་ཀཱ་ཡ། སཏྭ་ཀཱ་ཡ། བུདྡྷ་ཀཱ་ཡ། དེ་ནས་གསང་བའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། །རང་བྱུང་ལ་ནི་ལུས་ཀུན་གྱིས། །འཁྱུད་པའི་བདེ་བའི་མཆོད་པ་ནི། །ཕུལ་ན་རྡོ་རྗེ་སེམས་དཔའ་དང་། །འདྲ་བ་དེ་ནི་མྱུར་བར་འགྱུར། ། ཤིན་དུ་ཆགས་པའི་སྦྱོར་བ་ཡི། །དམ་པའི་གཟུང་བའི་བདེ་བ་ནི། །སངས་རྒྱས་རྣམས་ལ་ཕུལ་གྱུར་ན། །རྡོ་རྗེ་རིན་ཆེན་འདྲ་བར་འགྱུར། །ཤིན་དུ་དགའ་ཞིང་བདེ་ཆགས་པས། །སྤྲད་པར་གྱུར་པའི་མཆོག་བདེ་བ། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །རྡོ་རྗེ་ཆོས་དང་འདྲ་ བར་འགྱུར། །དབང་པོ་གཉིས་ནི་སྦྱར་བ་ཡི། །ཀུན་དུ་སྦྱོར་བའི་བདེ་བ་ནི། །མཆོད་པའི་ཕྱིར་ནི་ཕུལ་བས་ན། །རྡོ་རྗེ་ལས་དང་འདྲ་བར་འགྱུར། །དེ་དག་གི་གསང་བའི་སྙིང་པོ་ནི་འདི་དག་ཡིན་ནོ། །ར་ཏི་བཛྲ། རཱ་ག་བཛྲ། པྲ་ཏི་བཛྲ། ཀརྨ་བཛྲ། དེ་ནས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཕྲིན་ལས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསླབ་པར་བྱ་སྟེ། སྙིང་གར་རྩིབ་ལོགས་རྒྱབ་སྦྱོར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་བ་མགོ་ལྟག་པ། །སྤྱི་བོ་ཕྲག་པ་རྐེད་པར་བཞག །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་དམ་ཚིག་མཆོད་པའི་ཕྱག་རྒྱ་ཡེ་ཤེས་བསླབ་པར་བྱའོ། །ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །རྡོ་རྗེ་བཅིང་བ་དམ་བྱས་ལ། །སྙིང་ག་ལ་སོགས་གནས་ཚུལ་དུ། །བཞག་ནས་རྒྱལ་བ་རྣམས་མཆོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །ཨོཾ་ཀྲ་ས་ཡྻ་སཱ་དྲྀ་རཾ་ཀྲཾ་ཁཾ་ཤཾ་ཧ་ཧཱུཾ་ཧཱུཾ་ཤ་ནོ་ཤཱིསཱཾ། ལས་ཀྱི་ཕྱག་རྒྱའི་མདོར་བསྡུས་ན། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ལས། རྟོག་པ་ཆེན་པོའི་ རྒྱལ་པོ་རྡོ་རྗེ་ལས་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བའི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ། དེ་ནས་ཡང་དེ་བཞིན་གཤེགས་པ་མི་གཡོ་བས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པ། ཨོཾ་བཛྲ་སཏྭ་མུཥྚི་ཨ། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ ཀྱི་རྟོག་པའི་རྒྱལ་པོ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པ། ཨོཾ་བཛྲ་རཏྣ་མུཥྚི་ཏྲཱཾ། དེ་ནས་དེ་བཞིན་གཤེགས་པ་ཚེ་ཚད་མེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པ། ཨོཾ་ བཛྲ་དྷ་རྨ་མུཥྚི་ཁཾ། དེ་ནས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྟོག་པའི་རྒྱལ་པོ་ཆེན་པོའི་ཆོ་ག་རྒྱས་པ་ འདིའི་དངོས་གྲུབ་ཐམས་ཅད་བསྡུ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་སྙིང་པོ་འདི་སྨྲས་པ། ཨོཾ་བཛྲ་ཀརྨ་མུཥྚི་ཧཾ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་རང་གི་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རིགས་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བའི་ཕྱིར། རྡོ་རྗེ་དངོས་གྲུབ་ཅེས་བྱ་བ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་འདི་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཕྱག་ རྒྱ་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་དངོས་གྲུབ་ཞེས་ཀྱང་གྲགས། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །མཁས་པས་རབ་ཏུ་སྦྱིན་པར་བྱ། །ཐོག་མར་སངས་རྒྱས་གཟུགས་གཞག་སྟེ། །དེ་ནས་ཕྱག་རྒྱ་བཞི་ཡང་བྲི། །ཟླ་བའི་དཀྱིལ་འཁོར་ དབུས་སུ་ནི། །རྡོ་རྗེའི་ཕྱག་རྒྱ་ལ་སོགས་བྲི། །དེ་ནས་རྡོ་རྗེ་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འདིར་འགུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས། དེ་བཞིན་དུ་བཙུད་དེ་འདི་སྐད་དུ་སྨྲ་བར་བྱའོ། །ཁྱོད་ཀྱིས་གསང་བའི་ལེའུ་འདི་སུ་ལ་ཡང་མ་བསྟན་ཅིག །དེ་ཅིའི་ ཕྱིར་ཞེ་ན། ལོག་པར་ལྟ་བ་དང་། སྡིག་པའི་ལས་བྱེད་པའི་མི་སེམས་ཅན་རྣམས་ཀྱང་ཡོད་དོ། །བརྩོན་འགྲུས་ཆུང་བ་དང་། སྦྱོར་བ་མེད་པ་དང་། རི་མོ་མི་ཤེས་པའི་སེམས་ཅན་རྣམས་ཀྱང་ཡོད་དེ། དེ་དག་རྡོ་རྗེ་དབྱིངས་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ། བརྩོན་འགྲུས་ཆུང་བས་མི་འདུག་སྟེ། དེ་དག་གི་དོན་དུ་རྡོ་རྗེ་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཏུ་གྱུར་པ་འདི་མ་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ རྣམས་ཡོངས་སུ་བསྐྱབ་པ་དང་། ཕན་པ་དང་། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་མྱོང་བར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་པའི་དངོས་གྲུབ་ཀྱི་བར་དུ་བྱིན་གྱིས་བརླབས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ གསང་བ་འདི་རྣམས་ལ་ཡིད་མི་ཆེས་ཤིང་མ་དད་པར་མ་བྱེད་ཅིག །སེམས་ཅན་དམྱལ་བ་དང་བྱོལ་སོང་དང་། ཡི་དགས་ཀྱི་ཁམས་སུ་ལྷུང་བར་འགྱུར་བའམ། མི་བདེ་བ་མ་སྤངས་པར་དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ་ཞེས་བསྒོ་ལ། གདོང་གཡོགས་པ་བཀྲོལ་ཏེ་དཀྱིལ་འཁོར་ བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་དམ་ཚིག་འདི་བརྗོད་དོ། །བདག་ཉིད་ཆེན་པོ་གང་གང་གི། །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཡེ་ཤེས་འདི་ཡི་ཚུལ་གྱིས་ནི། །ཕྱག་ ན་རྡོ་རྗེས་གསུངས་པ་བཞིན། །བདག་ཉིད་ཆེན་པོ་ཕྱག་རྒྱ་ཀུན། །དེ་དག་ཀུན་གྱིས་འགྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་བརྗོད་པར་བྱའོ། །རང་གི་དབང་པོ་གཤིགས་ནས་ནི། །རྡོ་རྗེ་བཅིང་བས་གཟུང་བར་བྱ། །དེ་ཡིས་ཕྱག་རྒྱ་གང་རེག་པ། །དེ་མ་ཐག་ཏུ་ དེ་དབང་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ཉིད་བརྗོད་པར་བྱའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དབང་དུ་འགྱུར། །དེ་ནས་ཕྱག་རྒྱ་ཀུན་གྱི་ལས་བརྗོད་པར་བྱའོ། །གླུ་དང་གར་དང་ཟས་དང་ བྲོ། །སྤྱོད་པ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །དེ་ནས་དཀྱིལ་འཁོར་ཐམས་ཅད་དུ་བསྒྲུབ་པ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །མཚན་མ་བརྟན་པར་རང་གྱུར་ནས། །དཀར་པོར་གྱུར་པའི་ རས་ལ་གནས། །མཚན་མ་མཆོད་རྟེན་བྱིན་བརླབས་ཏེ། །བདག་ཉིད་རྡོ་རྗེ་དབྱིངས་སུ་བསྒོམ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་མྱུ་གུ་བཞིན་དུ་གཤིབས། །མཐེའུ་ཆུང་དང་ནི་མཛུབ་རྩེ་བསྒྲེང་། །དམ་ཚིག་མཆོག་གི་དམ་ཚིག་གོ། །རྡོ་རྗེ་ཕྲ་མོའི་ཚུལ་ གྱིས་ནི། །རབ་ཏུ་མཉམ་པར་བཞག་པས་བསྒོམ། །རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ཏེ། །ཏིང་འཛིན་དབང་དུ་གྱུར་བའི་ཚུལ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ལ། །དེ་གཉིས་རྡོ་རྗེ་དམ་དུ་གཟུང་། །མཛུབ་མོ་མཐེའུ་ཆུང་བསྣོལ་བ་ནི། །རྡོ་རྗེ་དགོས་མཆོག་དཀྱིལ་འཁོར་རོ། །དེ་ནས་ སེམས་དཔའ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་བཅིང་བ་བཞི་བསླབས་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱའོ། །རྡོ་རྗེ་དངོས་གྲུབ་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་མི་གཡོ་བའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་ ཐམས་ཅད་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཚུལ་དུ་རང་རང་གི་ཕྱག་རྒྱ་རྣམས་སུ་བྲིས་ན་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་བོ། །དེ་ལྟར་རས་དང་རྩིག་པ་དང་། ནམ་མཁའ་དང་། གནས་ཐམས་ཅད་དུ་བྲིས་ན་དངོས་གྲུབ་ཐམས་ཅད་འགྲུབ་པོ། །དཀྱིལ་འཁོར་བརྟག་པ་ནས་བརྩམས་ཏེ། ལ་ལ་ནི་དཀྱིལ་འཁོར་དུ་དེ་ཉིད་ཀྱི་ཚེ། ཇི་ལྟར་འདོད་པ་བཞིན་དུ་འགྲུབ། ལ་ལ་ནི་དེ་ནས་བརྩམས་ནས་ཉིན་ཞག་གཅིག་གིས། ལ་ལ་ནི་ཉི་མ་བཞིས། ལ་ལ་ནི་ཞག་བཅུ་དྲུག་གིས། ལ་ལ་ནི་མཚམས་མེད་པ་ལྔ་བྱས་པ་ཡང་ཇི་ལྟར་འདོད་པ་བདེ་བླག་ཏུ་དོན་ཐམས་ཅད་བྱེད་ཅིང་ཐམས་ ཅད་དགའ་བ་དང་། བྲོ་དང་། ཟས་དང་། སྤྱོད་པ་ཐམས་ཅད་ཀྱི་བདེ་བ་མྱོང་བར་བྱེད་ཀྱང་། ལོ་གཅིག་གིས་མཆོག་འགྲུབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་དམ་ཚིག་རྡོ་ རྗེ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་བོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་། །བཛྲ་སཏྭ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ཀྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང་། ཕན་པ་དང་། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་འགྲུབ་པར་བྱ་བའི་བར་དུ། ཐེག་པ་ཆེན་པོ་ མངོན་པར་རྫོགས་པའི་དཀྱིལ་འཁོར་འདི་བཤད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །སེམས་དཔའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་སེམས་དཔའ་ཞེས་ཀྱང་བཤད། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་པོ། །ཟླ་བའི་ དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་གཞག་པར་བྱ། །དེ་ནས་དགུག་པ་དང་གཞུག་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པའི་ཡེ་ཤེས་བསྐྱེད་པར་བྱའོ། །དེ་ལ་འདི་སྐད་དུ་ཁྱོད་ཀྱིས་དམ་ཚིག་མ་མཐོང་བ་དང་། ཁོང་དུ་ མ་ཆུད་པ་སུ་ལ་ཡང་གསང་བ་འདི་མ་སྨྲ་ཤིག །ཁྱོད་ངན་སོང་ཐམས་ཅད་དུ་ལྟུང་བའམ། མི་བདེ་བ་མ་སྤངས་པས་དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ་ཞེས་བསྒོ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་དངོས་གྲུབ་དམ་པ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ། །ཟླ་བ་རྒྱས་ལ་འདུག་ནས་ཀྱང་། ། ཕྱག་རྒྱ་ཆེན་པོ་གཟུང་བྱས་ནས། །བདག་ཉིད་རྡོ་རྗེ་སེམས་དཔར་ནི། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གི་ཡེ་ཤེས་བསླབ་པར་བྱའོ། །འདོད་ཆགས་བྲལ་བའི་སྡིག་ལྟ་བུ། །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་པའི་ ཆགས་བྲལ་བར། །ཁྱོད་ཀྱིས་ཀྱང་ནི་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ཧ་ན་ཕཊ། དེ་ནས་མནའི་སྙིང་པོ་འདི་སྦྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྣམས་སུ་དམ་ཚིག་གི་སྡོམ་པ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ ལ་སོགས་པ་བཞི་བཅིང་བ་བསླབ་པར་བྱའོ། །དངོས་གྲུབ་ཀྱང་དེ་བཞིན་ནོ། །རི་མོ་ལ་སོགས་པ་དང་། ལུགས་མའི་སྐུ་གཟུགས་ཐམས་ཅད་ལ་ཡང་ཇི་ལྟར་འདོད་པའི་ཆོ་ག་བཞིན་དུ་བྱས་ནས། དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོའི་ཆོ་ག་རྒྱས་པར་བྱས་པ་ཅི་ལྟ་བ་བཞིན་དུ་ཡང་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ། བྱང་ཆུབ་ཀྱི་སེམས་ཆེན་པོ་རྡོ་རྗེ་སེམས་དཔའི་ཕྱག་ན་རྡོ་རྗེ་ ཆེན་པོ་ལ་རྡོ་རྗེ་དགྱེས་པའི་སྙིང་པོ་འདིས་ལེགས་པ་གསོལ་ཏོ། །ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ལེགས་སོ། །ལེགས་སོ་རིན་ཆེན་རྡོ་རྗེ་ཁྱོད། །རྡོ་རྗེ་ཆོས་ནི་ཁྱོད་ལགས་སོ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཐེག་པ་ཆེན་ པོ་མངོན་བསྡུས་པའི། །མདོ་སྡེ་འདི་ནི་ལེགས་པར་བཤད། །རྡོ་རྗེ་སེམས་དཔའི་མཚན་ཉིད་ཀྱང་། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །དག་པར་བྱས་པས་བསྒྲུབས་ན་ནི། །སངས་རྒྱས་ཉིད་ཀྱང་བདེ་བར་འཐོབ། །རྡོ་རྗེ་ཆོས་ཀྱི་སྦྱོར་བ་ནི། །འདོད་པ་ཀུན་གྱི་བདེ་བས་བདེ། །ཚེ་ འདི་ཉིད་ཀྱིས་འགྲུབ་པས་ན། །བདེ་བ་མི་ཟད་མེད་མི་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་དུམ་བུ་དང་པོ་རྫོགས་སྟོ།། །། བམ་པོ་བཞི་པ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འཁོར་ལོ་ཆེན་པོ་བསྐོར་བ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་བོ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ། །རྡོ་རྗེ་ མགོན་པོ་རབ་སྒྲུབ་མཛད། །རྡོ་རྗེ་དབང་བསྐུར་རྡོ་རྗེ་འོད། །རྡོ་རྗེ་དཔལ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བཞད་པ་ཆོས་ཆེན་པོ། །རྡོ་རྗེ་རལ་གྲི་མཆོག་ཆེན་པོ། །དཀྱིལ་འཁོར་ཀུན་གྱི་རྒྱལ་པོ་མཆོག །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལས་དང་སྲུང་བ་ཆེ། །གནོད་སྦྱིན་གཏུམ་ པ་གདོན་ཆེན་པོ། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཀུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དང་བྱང་ཆུབ་ཆེ། །སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །ཐེག་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དོན་ཀུན་གྱི་ནི་དེ་ཉིད་དོན། །སེམས་ཅན་དོན་ ཆེན་ཀུན་རིག་པ། །ཀུན་མཁྱེན་ཀུན་བྱས་ཐམས་ཅད་དེ། །ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་བདག་རབ་རྡོ་རྗེ་མཆོག །རྡོ་རྗེ་བརྩོན་རབ་རྡོ་རྗེ་འཆང་། །དམ་ཚིག་ཆེན་པོ་དེ་ཉིད་དོན། །སེམས་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྕགས་ཀྱུ་འདོད་པ་ཆེ། །རབ་ཏུ་དགའ་ བ་འོད་ཆེན་པོ། །རྡོ་རྗེ་འོད་དང་འོད་གསལ་བ། །སངས་རྒྱས་འོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྒྱལ་མཆོག་རྡོ་རྗེ་དྲག །རིགས་མཆོག་མཆོག་དང་མི་ཡི་མཆོག །རྡོ་རྗེ་དམ་པ་མཆོག་ཆེན་མཆོག །རིགས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དབྱིངས་དང་གསང་བ་ཆེ། ། རྡོ་རྗེ་གསང་བ་རབ་གསང་འཆང་། །རྡོ་རྗེ་ཕྲ་བ་བསམ་གཏན་ཆེ། །རྡོ་རྗེ་དགོས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་སངས་རྡོ་རྗེ་མཆོག །སངས་རྒྱས་བྱང་ཆུབ་མཁས་པ་ཆེ། །སངས་རྒྱས་ཡེ་ཤེས་སངས་རྒྱས་ཆེ། །སངས་རྒྱས་སངས་རྒྱས་ཁྱོད་ཕྱག་འཚལ། །སངས་རྒྱས་ མཆོད་པ་མཆོད་པ་ཆེ། །སེམས་དཔའ་མཆོད་པ་རབ་མཆོད་པ། །ཐབས་ཆེན་དང་ནི་དངོས་གྲུབ་ཆེ། །རྡོ་རྗེ་གྲུབ་ཁྱོད་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །དེ་བཞིན་གཤེགས་པའི་གསུང་དབྱངས་ཏེ། །དེ་བཞིན་གཤེགས་པའི་སེམས་ཆེན་པོ། །རྡོ་རྗེ་རྡོ་རྗེ་ཁྱོད་ ཕྱག་འཚལ། །སངས་རྒྱས་གཙོ་བོ་རྒྱལ་བཀའ་ཉན། །སངས་རྒྱས་གཙོ་བོ་བཤེས་གཉེན་སྐྱེས། །རྣམ་པར་སྣང་མཛད་ཆེ་དང་ཁྱབ། །སྟོན་ཞིང་ཁྲོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དེ་ཉིད་ཆེ། །ཡང་དག་མཐའ་སྟེ་ཆེ་བའི་ཚུལ། །ཕ་རོལ་ཕྱིན་པ་ཀུན་མཁྱེན་པ། ། དོན་དམ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་དུ་བཟང་དང་སྤྱོད་པ་མཆོག །བདུད་དང་བདུད་ནི་རབ་འདུལ་བ། །ཀུན་ནི་མཆོག་དང་མཉམ་ཉིད་མཁྱེན། །ཀུན་དུ་འགྲོ་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་ཧཱུྃ་ཞེས་ཧཱུྃ་ཞེས་པ། །རྡོ་རྗེ་ཧཱུྃ་ཞེས་འདུལ་བ་པོ། །རྡོ་རྗེ་ཐམས་ཅད་རྡོ་རྗེ་མཆོག །ཕྱག་ ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྱག་བྱས་མཆོད་ཅིང་བརྗོད་པ་དང་། །རིམ་གྲོར་དེ་བཞིན་གཤེགས་པས་བྱས། །གང་ཕྱིར་རྡོ་རྗེ་སེམས་བརྟན་པས། །རྡོ་རྗེ་སེམས་དཔའ་ཞེས་བྱ་ཁྱོད། །རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཀུན་གཟིགས་ཡབ་ནི་ཁྱོད་ཡིན་ཏེ། །བྱུང་བ་དང་ནི་འབྱུང་འགྱུར་ བའི། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་བསྒྲུབས། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །རབ་ཏུ་མོས་པས་སྟོད་བྱེད་ཅིང་། །གླུ་བླངས་གང་ཞིག་སྟོད་བྱེད་པ། །དེ་ནི་རྡོ་རྗེ་འཛིན་འདྲར་འགྱུར། །སངས་རྒྱས་ཀུན་ལ་མངའ་མཛད་པའི། །མགོན་པོ་ཁྱོད་ལ་གསོལ་ བ་ནི། །སེམས་ཅན་ཀུན་དོན་མཛད་པའི་ཕྱིར། །རང་གི་རིགས་ནི་སྐྱེད་པར་མཛད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བའི་ཚིག་ཐོས་ནས། རྡོ་རྗེ་བདག་ཉིད་ཀྱི་ཐུགས་ཀར་བཞག་སྟེ། དེ་བཞིན་གཤེགས་པ་ དེ་དག་ཐམས