Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ
Văn bản gốc(Tây Tạng)
Trang 12 / 18 (50.000 ký tự/trang)
ྕགས་ཀྱུ་གཡས་ ཕྱོགས་སུ། །ནུབ་ཀྱི་ཕྱོགས་སུ་བདུད་འཇོམས་པ། །རྡོ་རྗེ་ལེགས་པ་རྒྱལ་པོ་ཆེ། །ཆོས་འཛིན་ཆེན་པོ་དབང་དང་ལྡན། །ཆོས་འཛིན་པ་ནི་བྱང་དུ་སྟེ། །མདུན་དུ་རྡོ་རྗེ་བསྙེམས་ཚུལ་ལོ། །དེ་ལ་དེ་ཡི་སྙིང་པོ་གསང་། །ཤིན་ཏུ་རྟོག་པར་བྱེད་པའི་མཆོག །སྡུག་བསྔལ་ ཀུན་ལས་རབ་གྲོལ་བྱེད། །བྱང་ཆུབ་སེམས་ནི་རབ་བསྐུལ་བ། །ཧཱུྃ་ཛཿཧོ་སཱ། །ཤར་ཕྱོགས་ཆ་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །དཀྱིལ་འཁོར་དེ་ཡི་དབུས་དེ་རུ། །མི་བསྐྱོད་པ་ནི་དགོད་པར་བྱ། །རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི། །ཐེ་ཚོམ་གཅོད་ པ་སྔོན་འགྲོ་ཅན། །ཚོགས་སྔོན་འགྲོ་བ་བཟང་པོ་སྟེ། །སྡིག་པ་ཐམས་ཅད་རབ་འཇོམས་བྱེད། །ཨོཾ་བེ་ག་ཀྲ་མ་ཧོ། སངས་རྒྱས་ཀུན་གྱི་གསང་བ་ཆེ། །ཐུབ་པ་སྐྱེས་ཆོག་མི་བསྐྱོད་པ། །གླང་པོ་ཕྱག་རྒྱ་ལ་གནས་ཤིང་། །ཞི་བའི་ཕྱག་རྒྱ་ཡོངས་སུ་འཛིན། །དེ་ལ་སྙིང་པོ་ འདི་ཡིན་ཏེ། །ཧཱུྃ། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་མཆོག་རྣམས་དགོད་པ་ནི། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་ཤིང་། །ཁྲོས་བཅས་བཞིན་ནི་འཛུམ་ལྡན་པའི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྡོ་རྗེ་ལྕགས་ཀྱུ་བསྟན་པ་ཆེ། །རྡོ་རྗེ་འདོད་ཆགས་བདུད་ ཆེན་པོ། །རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཆེ། །རྡོ་རྗེ་རིན་ཆེན་དགོད་པར་བྱ། །རྡོ་རྗེ་ཆགས་པ་གང་བཤད་པ། །རྡོ་རྗེ་ཆོས་ནི་དགོད་པར་བྱ། །རྡོ་རྗེ་ལེགས་པར་གང་བཤད་པ། །རྡོ་རྗེ་ལས་ནི་ཡོངས་སུ་གཟུང་། །དམ་ཚིག་རྣམ་པ་བཞི་པོ་ནི། །འཁོར་ལོས་སྒྱུར་བ་དགོད་པར་ བྱ། །ཐམས་ཅད་སངས་རྒྱས་ཅོད་པན་ལྡན། །འཁོར་ལོས་སྒྱུར་བར་དབང་བསྐུར་བ། །རྡོ་རྗེ་རིན་ཆེན་དེ་བཞིན་ལས། །པདྨ་སྣ་ཚོགས་དགའ་ཆེན་པོ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །བྱང་ཆུབ་མཆོག་དེ་ཡང་དག་གཟུང་། །ཡན་ལག་འགྱུར་བ་ལྷག་མ་རྣམས། ། རྡོ་རྗེ་སེམས་དཔའ་ལ་སོགས་དགོད། །དེ་ནས་སངས་རྒྱས་རིགས་བཞག་སྟེ། །རྡོ་རྗེའི་རིགས་ཀྱི་སྙིང་པོ་ལ། །ཕྱག་རྒྱ་དང་ནི་སྙིང་པོ་བཤད། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང་། །ཧཱུྃ་ཛཿཧོ་སྭ། ཡི་གེ་ཛ་སོགས་བཤད་པ་ལ། །ཡི་གེ་ཨོཾ་ནི་ཡང་དག་དགོད། །ཧོ་དྷི་ཆོས་ དབྱིངས་ཡི་གེ་ཨ། །ཡི་གེ་སྭ་ནི་ཡོངས་སུ་བསྒྱུར། །རྡོ་རྗེ་ཤུགས་ཀྱིས་ལྷོར་སོང་ནས། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ལོ། །བཅོམ་ལྡན་མཆོག་ནི་ཡོངས་སུ་འཛིན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་ལ་སོགས་བྲིས། །རིན་ཆེན་ གཟི་བརྗིད་རྒྱལ་མཚན་དང་། །རིན་ཆེན་སོ་ཡི་རྒྱན་བཅས་པ། །དེ་ལ་རྣམས་ཀྱི་སྙིང་པོ་ནི། །ཨོཾ་ཨཿཏྲཱ་ཧ། ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་སུ། །དེ་ཡི་དབུས་སུ་རྡོ་རྗེ་ཆོས། །འོད་དཔག་མེད་ནི་དགོད་པར་བྱའོ། །དེ་ཡི་སྙིང་པོ་ནི་ཧྲཱིཿ། དེ་ཡི་ཕྱོགས་ རྣམས་ཐམས་ཅད་དུ། །རྡོ་རྗེ་པདྨ་ལ་སོགས་བྲི། །པདྨ་རྣོན་པོ་དེ་བཞིན་རྒྱུ། །སྨྲ་བ་ཕྱག་རྒྱ་པདྨ་བཅས། །དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི་ཧྲཱིཿརྡྃ་མྃ་རྃ། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །བྱང་གི་དཀྱིལ་འཁོར་དབུས་སུ་ནི། །བཅོམ་ལྡན་འདས་ནི་དོན་ཡོད་གྲུབ། །སངས་རྒྱས་ ཉིད་ནི་དགོད་པར་བྱ། །དེ་ཡི་སྙིང་པོ་ནི་ཀྃ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ལས་ལ་སོགས་པ་བྲི། །ཐམས་ཅད་བསྲུང་བ་གནོད་སྦྱིན་ཆེ། །ལས་དང་ཁུ་ཚུར་ཤིན་ཏུ་བརྟན། །དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི། ཀྃ་ཧྃ་ཧཱུྃ་པྃ། དབུས་ཀྱི་འཁོར་ལོ་གྲྭ་བཞི་རུ། །ལྷ་ མོ་བཞི་ནི་ཡང་དག་བྲི། །རྡོ་རྗེ་རིན་ཆེན་དེ་བཞིན་ལས། །པདྨ་ལྷ་མོ་བཞི་རུ་བཤད། །དེ་ལ་དེ་རྣམས་ཀྱི་སྙིང་པོ་ནི། །ཨོྃ་ཨོྃ་ཧྲཱིཿཨ་ཐམས་ཅད་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་ལས་ཆ་དང་པོའི་དཀྱིལ་འཁོར་དབུས་མ་རྫོགས་སོ།། །།དཀྱིལ་འཁོར་དབུས་མ་རྫོགས་ ནས་ནི། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་བྲི། །ཕྱག་རྒྱ་དེ་ནི་བྱིན་བརླབ་པ། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང་། །བྱང་ཆུབ་མཆོག་ཏུ་དབུས་ནས་མཆོག །ཤིས་པ་ཤར་གྱི་ཕྱག་རྒྱ་སྟེ། །ལྷོ་ཡི་ཕྱོགས་སུ་མཆོག་སྦྱིན་ནོ། །ནུབ་ཏུ་ཆོས་ཀྱི་འཁོར་ལོ་ འཛིན། །བྱང་དུ་མི་འཇིགས་སྦྱིན་ཞེས་པ། །དོན་ཡོད་གྲུབ་པས་ཡོངས་སུ་གཟུང་། །ཕྱག་རྒྱ་ལྷག་མ་ཕྱག་མཚན་བཅས། །དེ་ནས་རྡོ་རྗེ་སེམས་ཚོགས་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་རྡོ་རྗེ་འཁོར་ལོ་ཆེན་པོའི་དབུས་ཀྱི་ཆ་ཞེས་བྱ་བ་ རྫོགས་སོ།། །།རྡོ་རྗེ་ཤུགས་ཀྱིས་སོང་ནས་སུ། །ཤར་ཕྱོགས་ཀྱི་ནི་དཀྱིལ་འཁོར་ལ། །རྡོ་རྗེ་རིགས་ཆེན་ཉམས་དགའ་བའི། །དཀྱིལ་འཁོར་ལྔ་ནི་ཡང་དག་བྲི། །ཀ་བ་བརྒྱད་ནི་རྡོ་རྗེ་ཆེ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །དཀྱིལ་འཁོར་བཞི་ དང་ལྡན་པ་ཡི། །རྡོ་རྗེའི་འཁོར་ལོ་ཡོངས་སུ་དགོད། །དེ་ཡི་ཤར་གྱི་དབུས་སུ་ནི། །སངས་རྒྱས་གཟུགས་ཅན་ཡང་དག་བྲི། །ཨུཏྤལ་སྔོན་པོ་འོད་ཆེན་ལྡན། །ཁྲོ་བཅས་བཞིན་ནི་འཛུམ་ལྡན་པའི། །དྲག་པོ་འབར་བའི་ཕྲེང་བས་ཁྱབ། །རྡོ་རྗེ་ཏི་རིན་ཏི་རི་འཛིན། ། ཁྲོ་བོ་རྡོ་རྗེའི་ལྟ་བ་འཛིན། །གཏུམ་པ་ཐམས་ཅད་རབ་འདུལ་བྱེད། །སངས་རྒྱས་མདུན་དུ་རྡོ་རྗེ་འཛིན། །འབར་བའི་དབུས་སུ་དགོད་པར་བྱ། །དེ་བཞིན་འབར་དབུས་པདྨ་དང་། །དེ་བཞིན་རིན་ཆེན་སྣ་ཚོགས་མཚན། །དེ་ཉིད་ཤར་གྱི་འཁོར་ལོ་ཆེ། །ཤར་གྱི་ཆ་རུ་སོང་ ནས་ནི། །དེ་ཡི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཧཱུྃ་མཛད་ཡང་དག་བྲི། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །ཕྱག་རྒྱ་བརྒྱད་ནི་ཡོངས་སུ་འཛིན། །མཆེ་བ་དག་ནི་ཅུང་ཟད་གཙིགས། །ཁྲོ་བཅས་བཞིན་ནི་འཛུམ་ལྡན་པའི། །ལྕགས་ཀྱུ་རྡོ་རྗེ་ལྕགས་སྒྲོག་ དང་། །ཞགས་པ་ཕྱག་རྒྱ་བཞི་རུ་བཤད། །མདའ་དང་གཞུ་ནི་གཉིས་སུ་འཛིན། །གཉིས་ནི་ཡི་གེ་ཧཱུྃ་གིས་བསྡུས། །དེས་ནི་རྐང་པ་གཡོན་པ་ཡིས། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པས་ལྷ་མོ་ཨུ་མ་ཡི། །ནུ་མའི་བར་དུ་མནན་པ་སྟེ། །གཡོན་ བརྐྱང་པ་ཡིས་ལེགས་པར་གནས། །འབར་བའི་ཕྲེང་བས་ཁྱབ་འོད་ལྡན། །སྐུ་མདོག་སྔོན་པོ་དྲག་པོ་སྟེ། །སངས་རྒྱས་ཐམས་ཅད་འཇིགས་བྱེད་པ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོ་དགོད་པར་བྱ། །ཐམས་ཅད་ཁྲོ་བོའི་འབར་བས་ཁྱབ། ། མཆེ་བདག་ནི་ཅུང་ཟད་གཙིགས། །ཁྲོ་བོ་སེམས་དཔའ་ཁྲོ་རྡོ་རྗེ། །དེ་བཞིན་ཁྲོ་བོ་ཆགས་པ་སྟེ། །ཁྲོ་བོ་ལེགས་པ་དྲག་པ་སྟེ། །དབུས་ཀྱི་དཀྱིལ་འཁོར་བསྐོར་བར་བྱ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཁྲོ་བོའི་རྒྱལ་པོ་གཡས་ཕྱོགས་སུ། །ཁྲོ་བོའི་བདག་ཉིད་ཆེན་པོས་ བསྐོར། །དབུས་སུ་ཁྲོ་བོ་ཁྲོ་གཉེར་ཅན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོའི་དབང་བསྐུར་ལྡན། །ཐམས་ཅད་བྲི་ཞིང་ཡང་དག་ད་གོད། །ཁྲོ་གཉེར་ཅན་གྱི་དཀྱིལ་འཁོར་མཆོག །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་ཁྲོ་བོ་དགོད་ པར་བྱ། །ཁྲོ་གཉེར་ཉི་མའི་རྒྱལ་མཚན་དང་། །ཁྲོ་བོ་བཞད་པ་ཤིན་ཏུ་བྱུང་། །དཀྱིལ་འཁོར་དམ་པ་གསུམ་པ་རུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཁྲོ་བོའི་བདག་ཉིད་ཆེན་པོར་བསྐོར། །རྡོ་རྗེའི་སྡེ་ནི་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་ ཁྲོ་བོ་དགོད་པར་བྱ། །ཆོས་དང་རྣོན་པོ་དེ་བཞིན་རྒྱུ། །བཞད་པ་ཁྲོ་བོ་རྫུ་འཕྲུལ་ཆེ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །ལས་ཀྱི་རྒྱལ་པོ་བདག་ཉིད་ཆེ། །རྡོ་རྗེ་དབབ་པ་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ ཀྱི་ཁྲོ་བོ་ལ་སོགས་བྲི། །ལས་ཀྱི་གནོད་སྦྱིན་སྲིན་པོ་དང་། །བསྡུ་བའི་རྫུ་འཕྲུལ་ཁུ་ཚུར་ཆེ། །དཀྱིལ་འཁོར་ལྔ་པོ་ཀུན་ཏུ་བྲི། །དེ་ནི་རྡོ་རྗེའི་རིགས་སུ་བཤད། །དཀྱིལ་འཁོར་ཆེན་པོ་ཆེ་ཞེས་བྱ། །གསང་བ་དེ་ཉིད་ཚོགས་ཀྱི་བདག །དེ་ནས་ཀུན་གྱི་སྙིང་པོ་ནི། །རྡོ་རྗེ་ རིགས་ཀུན་ཉམས་དགའ་བའི། །ཡི་གེ་ཧཱུྃ་ནི་འདིར་བརྗོད་དོ། །དྲག་པོ་ཧ་ཧ་ཞེས་སྒྲོགས་ཧཱུྃ། །ཧཱུྃ་ཧཱུྃ་ཞེས་སྒྲོགས་འཇིགས་པར་བྱེད། །དེ་ཡི་དཀྱིལ་འཁོར་རྒྱལ་པོ་ནི། །རྡོ་རྗེ་གསང་བའི་ལེགས་འདུས་བྱ། །འཁོར་ལོ་དཀྱིལ་འཁོར་གྲྭ་རྣམས་སུ། །ལྷ་མོ་བཞི་ནི་ཡང་དག་བྲི། །ཁྲོ་བོའི་ སེམས་མ་རིན་ཆེན་དང་། །པདྨ་དང་ནི་ལས་ཤེས་བྱ། །ཀུན་ནས་མཚམས་རྣམས་དག་ཏུ་ནི། །ཕྱག་རྒྱ་དམ་བཅས་དེ་དག་བཟུང་། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་ཆ་གཉིས་པ་རྫོགས་སོ། །ཤར་ཕྱོགས་ཀྱི་ཆའི་དཀྱིལ་འཁོར་ཡང་རྫོགས་སོ།། །། དབུས་ཀྱི་དཀྱིལ་འཁོར་འཁོར་ལོ་ཡི། །ཀ་བའི་ཕྱི་རོལ་དཀྱིལ་འཁོར་དུ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་ལྷ་མོ་ཕྱག་རྒྱ་བཅས། །ཤར་གྱི་རྡོ་རྗེ་རིགས་ཉིད་ལ། །ཕྱི་རོལ་གནས་སུ་དེ་བཞིན་ཉིད། །ཉི་མ་ལ་བསྐྱེད་བཞི་པོ་ནི། །རྡོ་རྗེ་ལྷ་མོས་ཡོངས་སུ་བཟུང་། །རྡོ་རྗེའི་ དཀྱིལ་འཁོར་སྦྱོར་འབྱུང་བ། །ཡི་གེ་ཧཱུྃ་ནི་ཀུན་ཏུ་དགོད། །དེ་བཞིན་སངས་རྒྱས་རིགས་རྒྱལ་པོ། །ཡི་གེ་ཧཱུྃ་ནི་འདིར་བརྗོད་དོ། །ཕྱག་རྒྱ་རང་གི་ཡན་ལག་འགྱུར། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང་། །ཕྱག་རྒྱ་ཐམས་ཅད་རབ་སྦྱོར་བས། །དེ་དག་གསང་ཞིང་མཆོག་ གསང་བཤད། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་རྡོ་རྗེ་རིགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།ལྷོ་ཡི་རིན་ཆེན་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་རུ་ཕུན་ཚོགས་དཀྱིལ་འཁོར་ གྱི། །འཁོར་ལོ་ལྔ་པོ་དགོད་པར་བྱ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ལ། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །རིན་ཆེན་ཆེན་པོ་རྟ་ལ་བཅིབས། །སངས་རྒྱས་ཉི་མ་དེ་བཞིན་གཤེགས། །འབར་བའི་ཕྲེང་བས་ཁྱབ་པའི་སྐུ། །འོད་ཟེར་ཕྲེང་བས་ཀུན་ཏུ་ཁྱབ། །རིན་ ཆེན་ཕྲེང་བ་མཆོག་འཛིན་པའི། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། །སོ་ཡི་ཕྲེང་བ་རབ་བཞད་ཅིང་། །སོ་ཡི་ཕྲེང་བའི་ཕྱག་རྒྱར་ལྡན། །མཐེ་བོའི་རྩེ་མོ་རྒྱལ་མཚན་འཛིན། །ཉི་མའི་དབུས་ན་སངས་རྒྱས་ཆེ། །ཟླ་བ་ལྟ་བུའི་བདུད་རྩིའི་སྐུ། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། ། རྡོ་རྗེ་ཉི་མའི་རིགས་མཆོག་གོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་སེམས་དཔའ་པདྨ་དང་། །དེ་བཞིན་རྡོ་རྗེ་ལས་ཉིད་དོ། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །འཁོར་ལོས་སྒྱུར་བས་རྣམ་པར་བརྒྱན། །རིན་ཆེན་ཆེན་པོ་རིགས་ལས་བྱུང་། །ནོར་བུའི་རྡོ་རྗེ་ཉི་ མ་འཛིན། །དེ་ནས་སྙིང་པོ་ནི་ཏྲཱྃ། ལྷོ་ཡི་ཤར་གྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ནོར་བུའི་འོད་ཆེན་ཡང་དག་བྲི། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །སངས་རྒྱས་རྡོ་རྗེ་དབང་བསྐུར་ལྡན། །དེ་ཡི་ཕྱོགས་རྣམས་ ཐམས་ཅད་དུ། །རིན་ཆེན་དེ་བཞིན་ཡང་དག་བྲི། །རིན་ཆེན་སེམས་དཔའ་དེ་བཞིན་ཆགས། །རྒྱལ་པོ་ལེགས་པ་རྫུ་འཕྲུལ་ཆེ། །རྡོ་རྗེ་རིན་ཆེན་སོགས་ཕྱག་རྒྱ། །རང་གི་ཕྱག་རྒྱ་ཕྱག་མཚན་ཕྲག །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །ལྷོ་ཡི་གནས་ཀྱི་སྟེང་འདུག་ ནས། །རིན་ཆེན་རིགས་ཆེན་བཟང་པོ་ལ། །རྡོ་རྗེ་རིན་ཆེན་བཟང་པོ་བྲི། །རིན་ཆེན་བཞི་ཡི་དབང་བསྐུར་ལྡན། །སངས་རྒྱས་སྤྱི་པོ་འཛིན་པའི་མཆོག །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །རིན་ཆེན་ཕྲེང་བའི་དབང་བསྐུར་ལྡན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་ དུ། །སེམས་དཔའ་བཞི་ནི་ཡང་དག་བྲི། །རིན་ཆེན་རྒྱལ་པོ་རྒྱལ་མཚན་དང་། །བཞད་དང་རིན་ཆེན་རྒྱལ་པོ་ཆེ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །ནུབ་ཀྱི་རྡོ་རྗེ་དཀྱིལ་འཁོར་ལ། །པདྨ་རིན་ཆེན་བདག་ཉིད་ཆེ། །རིན་ཆེན་ཕྲེང་བས་དབང་བསྐུར་ལྡན། །རིན་ཆེན་ པདྨའི་མཆོག་འཛིན་པ། །སངས་རྒྱས་དབུ་རྒྱན་སེམས་དཔའ་ཆེ། །རིན་ཆེན་ཞི་བ་ཡོངས་སུ་འཛིན། །ཟུར་མིག་འདོད་ཆགས་ཆགས་པའི་སྤྱན། །སྐྱེས་བུ་འདུལ་བ་ལ་གཟིགས་པ། །པདྨ་འཛིན་པའི་རྒྱལ་པོ་ཆེ། །འཇིག་རྟེན་དབང་ཕྱུག་ཚེ་དཔག་མེད། །དེ་ཡི་ཕྱོགས་ རྣམས་ཐམས་ཅད་དུ། །རིན་ཆེན་པདྨ་ཡང་དག་བྲི། །རིན་ཆེན་པདྨ་དེ་བཞིན་ནོ། །དེ་བཞིན་རྒྱུ་དང་སྨྲ་བ་འཛིན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ལ། །རིན་ཆེན་ལས་ཆེན་རྒྱལ་པོ་ནི། །བདག་ཉིད་ཆེན་པོས་ཡང་དག་བྲི། །བཅོམ་ལྡན་ ཐུབ་པའི་དབང་པོ་དོན་ཡོད་གྲུབ། །ལས་ཀུན་འཛིན་པའི་སངས་རྒྱས་རྣམ་འཕྲུལ་པའི། །རྡོ་རྗེ་ལས་ཏེ་རྒྱལ་པོ་མཛོད་འཛིན་པ། །འཁོར་ལོས་སྒྱུར་བའི་གཙོ་བོ་མཆོག་དམ་པ། །སངས་རྒྱས་དབུ་རྒྱན་ལས་རྣམས་བཞི་དང་ལྡན། །རྒྱན་རྣམས་ཀུན་གྱིས་ཡན་ལག་ ལེགས་པར་བརྒྱན། །ལས་ཀྱི་རིན་ཆེན་དམ་པས་རྒྱས་གདབ་ཅིང་། །རིན་ཆེན་དཀྱིལ་འཁོར་ཚོགས་ཆེན་མཆོག་གྱུར་པས། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཀྱི་རིན་ཆེན་ཡང་དག་བྲི། །ལས་ཀྱི་སྲིན་པོ་གནོད་སྦྱིན་དང་། །དེ་ཡི་བསྡུ་བའི་ཁུ་ ཚུར་འཛིན། །དེ་ནས་ཀུན་གྱི་སྙིང་པོ་ནི། །ཏྲཱཾ། རིན་ཆེན་རིགས་ཆེན་རྣལ་འབྱོར་པ། །ཡི་གེ་ཏྲཱཾ་ནི་བརྗོད་པར་བྱ། །ཅི་རིགས་པར་ནི་རང་ཉིད་ཀྱི། །ཕྱག་རྒྱ་ཕྱག་མཚན་ཡང་དག་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་རྐང་པ་གསུམ་པ་ རྫོགས་སོ། །ལྷོ་ཕྱོགས་ཆའི་དཀྱིལ་འཁོར་ཡང་རྫོགས་སོ།། །།དེ་ཉིད་ཀྱི་ནི་གྲྭ་བཞི་རུ། །ལྷ་མོ་བཞི་ནི་ཡང་དག་བྲི། །ཕྱི་ཡི་དཀྱིལ་འཁོར་མདུན་ནས་སུ། །ལྷ་མོ་བཞི་ནི་ཡང་དག་བྲི། །སེམས་མའི་རིན་ཆེན་དེ་བཞིན་ཆོས། །ལས་མ་འཁོར་ལོའི་དཀྱིལ་འཁོར་དུ། །སྒེག་ མོ་ཕྲེང་བ་དེ་བཞིན་གླུ། །གར་མ་རྣམ་པར་སྒེག་མོ་ཡི། །ནོར་བུ་རིགས་ཆེན་བཟང་པོ་ནི། །རིན་ཆེན་ཕྱག་རྒྱས་ཀུན་ཁྱབ་ལ། །ཕྱག་མཆོག་རང་གི་ཕྱག་རྒྱས་མཚོན། །འོད་ཟེར་ཕྲེང་བས་ཁྱབ་འོད་ལྡན། །རིན་ཆེན་རྡོ་རྗེས་དབང་བསྐུར་བ། །རང་རང་ཕྱག་རྒྱ་ཡོངས་སུ་འཛིན། ། རིན་ཆེན་མཚོན་ཆ་སྣ་ཚོགས་ཐོགས། །རིན་ཆེན་ལས་བྱུང་རིན་ཆེན་ལྡན། །རིན་ཆེན་རང་བཞིན་ཁང་པར་གནས། །སྤོས་དང་རིན་ཆེན་མེ་ཏོག་བཅས། །རིན་ཆེན་མཆོག་ཆེན་ལ་གནས་ཤིང་། །ལུས་ལ་རིན་ཆེན་གོས་གྱོན་པ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་ འཁོར་ཆེན་པོ་གསང་བ་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་ནོར་བུའི་རིགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །ནུབ་ཀྱི་པདྨའི་དཀྱིལ་འཁོར་ལ། །པདྨའི་རིགས་ཆེན་བཟང་པོ་ནི། །དགའ་བ་ཆེན་པོས་ཡང་དག་བྲི། །དེ་ཡི་ནུབ་ཀྱི་དཀྱིལ་འཁོར་ ལ། །དཀྱིལ་འཁོར་ལྔ་ནི་ཡང་དག་བྲི། །དབུས་ཀྱི་ལྟེ་བའི་འཁོར་ལོ་ལ། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །པདྨ་བཟང་པོ་འདབ་མ་བརྒྱད། །འདབ་མ་བརྒྱད་པ་ཡིད་འོང་བ། །ཆོས་དབྱིངས་བརྟན་པའི་རྣལ་འབྱོར་ཅན། །པདྨའི་ཕྲེང་བས་རྣམ་པར་མཛེས། །དེ་ཡི་ དབུས་སུ་རྒྱལ་པོ་ཆེ། །སྣ་ཚོགས་གཟུགས་ཅན་རང་བཞིན་མཆོག །སངས་རྒྱས་ཤེས་རབ་ཐབས་ལྡན་པ། །ཆོས་ཀྱི་འཁོར་ལོ་ཡོངས་སུ་འཛིན། །པདྨ་གཅིག་པོ་དེ་གནས་ཤིང་། །དེ་ཡི་དཀྱིལ་འཁོར་ལ་བརྟེན་པ། །པདྨའི་སེམས་དཔའ་བཞི་པོ་བྲི། །འཁོར་ལོས་སྒྱུར་བ་འཇིགས་ པ་མེད། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །སངས་རྒྱས་པདྨ་དབང་བསྐུར་ལྡན། །རྡོ་རྗེ་པདྨ་ལ་སོགས་བྲི། །པདྨའི་སེམས་དཔའ་འཇིགས་པ་མེད། །ཀུན་ཀྱང་སངས་རྒྱས་ཅོད་པན་ལྡན། །ཆོས་ཀྱི་ཕྲེང་བས་དབང་བསྐུར་བས། །པདྨའི་ཕྱག་མཚན་མཚོན་ཆ་བསྣམས། ། སངས་རྒྱས་འཕྲུལ་པས་རྣམ་པར་རོལ། །པདྨའི་སེམས་དང་དེ་བཞིན་རྒྱལ། །རིན་ཆེན་ཆོས་ནི་ཚུལ་ཆེན་པོ། །དམ་ཚིག་མཆོག་རྣམས་བཞི་པོ་ནི། །རིམ་པ་བཞིན་དུ་ཡང་དག་བྲི། །ནུབ་ཀྱི་ཤར་གྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་ཡི་དབུས་སུ་ རྒྱལ་པོ་ཆེ། །སྣ་ཚོགས་འཁོར་ལོ་དགོད་པར་བྱ། །ཆོས་ཀྱི་སྙིང་པོ་རབ་ཏུ་གནས། །པདྨ་འདབ་མ་བརྒྱད་ལ་བརྟེན། །པདྨའི་གེ་སར་དབུས་སུ་ནི། །སྣ་ཚོགས་གཟུགས་ཅན་དགོད་པར་བྱ། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །གཟུགས་བཟང་ལྡན་པའི་སྐུ་མངའ་བ། ། སངས་རྒྱས་ལྔ་ཡི་དབང་བསྐུར་ལྡན། །སྤྱན་གསུམ་ཕྱག་ནི་བརྒྱད་པ་སྟེ། །ཐོར་ཚུགས་ཚངས་པ་དཔྲལ་བར་དབང་། །མེ་ཏོག་མཚོན་ཆ་སྨིན་མཚམས་སུ། །མིག་ལ་ཉི་མ་ཟླ་བ་དགོད། །ཐ་སྐར་གཞོན་ནུ་རྣ་བ་ལ། །ཁྱབ་འཇུག་སྣ་ཡི་རྩེ་མོ་སྟེ། །མཆེ་བ་ནག་པོ་ གསུས་པོ་ཆེ། །ལྕེ་ལ་དབྱངས་ཅན་མ་ཡིན་ཏེ། །གསུང་དབྱངས་ལ་ནི་དབྱངས་ཆེན་མ། །ཀུ་མུ་ད་དང་པད་ཕྲེང་ཅན། །ཁ་དང་འགྲམ་པ་དག་ལ་གནས། །སྤྱན་ལ་ཤེས་རབ་ཕ་རོལ་ཕྱིན། །གདོང་གི་ཕྱེད་ནི་སྤྲུལ་པར་བྱེད། །ཕྲག་པ་གཡས་པར་སེང་གེ་སྟེ། །གཡོན་པ་ཕག་ ནི་ཡང་དག་གནས། །སྣ་ཡི་བུ་གུ་གཉིས་ལ་ནི། །རྒྱ་མཚོ་ཉེ་བར་གདུང་བ་དག །དགའ་བོ་ཉེ་དགའ་དཔུང་བ་ལ། །ལྟོ་བ་ལ་ནི་རྒྱ་མཚོ་གནས། །བརླ་གཡས་པ་ལ་དཔུང་ཆེན་གནས། །ཚོགས་ཀྱི་དབང་ཕྱུག་དཔུང་པ་ལ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །མཚན་མའི་ སྟེང་གི་སྒོ་ན་གནས། །དཔལ་བེའུ་སྙིང་ག་ལ་གནས་ཏེ། །ལྷག་པ་ལྷ་མོ་ཆེན་མོ་དཔལ། །འོག་གི་ཁ་ཡི་སྒོ་རུ་ནི། །གཤིན་རྗེའི་རྒྱལ་པོ་རྣམ་པར་བརྟེན། །རྫོང་དང་འཇིགས་བྱེད་ལྷ་མོ་ཆེ། །པུས་མོ་ལ་ནི་ཡང་དག་གནས། །རྐང་པའི་སོར་མོ་བཅུ་ལ་ནི། །མ་མོ་བཅུ་ནི་ཀུན་ དུ་གནས། །དྲག་པོ་རྗེ་ངར་གནས་པ་ཉིད། །ཆུ་ཡི་ལྷ་མོ་རྒྱབ་ན་གནས། །དཔྱིད་དང་སོ་ག་དབྱར་དང་ནི། །སྟོན་དང་དགུན་དང་དགུན་སྨད་ལྷ། །གཡས་པ་དང་ནི་གཡོན་པ་ཡིན། །རྐང་པ་དག་ལ་ཡང་དག་གནས། །འོག་གི་འཁོར་ལོ་རྩིབས་སྟོང་ལ། །དྲག་པོའི་ཕུང་པོ་འཆིང་བ་དང་། །སྒྲ་གཅན་ ཐགས་བཟངས་རིས་སྣང་བྱེད། །ལྷ་མ་ཡིན་རྣམས་ཀུན་དུ་གནས། །ལག་པ་བཅུ་ཡི་ཐལ་མོ་ལ། །ཕ་རོལ་ཕྱིན་པ་བཅུ་དག་གནས། །མངོན་པར་འདོད་པ་ཉིད་དག་གི །ལྷ་ཆེན་ལ་སོགས་འདི་དག་བྲི། །ཞལ་བཞི་ཕྱག་ནི་བརྒྱད་པ་སྟེ། །ཞལ་རེ་ཞིང་ནི་སྤྱན་གསུམ་པའི། །གོས་དང་གཟུགས་ནི་ བཟང་པོར་ལྡན། །དེ་འདྲའི་རང་བཞིན་ཐུབ་པ་དགོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་སེམས་དཔའ་ཡང་དག་བྲི། །པདྨའི་སེམས་དཔའ་ལྕགས་ཀྱུ་དང་། །མདའ་དང་པདྨ་ལེགས་པར་སྦྱིན། །ནུབ་ཀྱི་ལྷོ་ཡི་ཕྱོགས་མཆོག་ཏུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་ཡི་དབུས་སུ་ སེམས་དཔའ་ཆེ། །རིན་ཆེན་པདྨ་ཡང་དག་བྲི། །ཞལ་ནི་བཅུ་གཉིས་ལྡན་པ་ཉིད། །ཕྱག་བཅུ་གཉིས་དང་ལྡན་པའི་མཆོག །རིན་ཆེན་པདྨར་ཡང་དག་བཞུགས། །རིན་ཆེན་ལས་ནི་འབྱུང་བར་འདོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་རིན་ཆེན་དྲ་སོགས་བྲི། །ཁྲོ་གཉེར་ཉི་མའི་རྒྱལ་ མཚན་དང་། །དེ་བཞིན་ཞལ་ནི་བཅུ་གཅིག་པ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །འོད་དཔག་མེད་ནི་དགོད་པར་བྱ། །པདྨ་ཆེན་པོ་རབ་སྟེར་བ། །པདྨ་གར་གྱི་དབང་ཕྱུག་གཙོ། །སྤྱན་དང་ཕྱག་ནི་སྟོང་པར་ལྡན། ། ཕྱག་རྒྱ་མཚོན་ཆ་ཐམས་ཅད་བཅང་། །ཞལ་བཅུ་གཉིས་པ་བཟང་པོ་སྟེ། །པདྨའི་ལྷ་མོ་ཡང་དག་ལྡན། །ཕ་རོལ་ཕྱིན་པ་བཅུ་དང་ལྡན། །ཚོགས་ཀྱི་དབུས་ན་རྣམ་པར་རོལ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་སེམས་དཔའ་ཡང་དག་བྲི། །སྒྲོལ་མ་གཞོན་ནུའི་མཐུ་ཅན་དང་། །མགྲིན་ སྔོན་ཚངས་པའི་མདོག་ལས་བྱུང་། །ནུབ་ཀྱི་བྱང་གི་ཆ་རུ་ནི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །པདྨ་ལ་སོགས་དགོད་པར་བྱ། །ཞལ་དྲུག་ཕྱག་ནི་བཅུ་གཉིས་པའི། །ཕྱག་རྒྱ་མཚོན་ཆ་འཛིན་པའི་མཆོག །ཆེན་པོ་སྣ་ཚོགས་རབ་སྟེར་བ། །པདྨ་ལས་ནི་ཡང་ དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨ་གར་གྱི་དབང་ཕྱུག་རྒྱལ། །དཀྱིལ་འཁོར་གྱི་ནི་མདུན་གནས་པ། །པདྨའི་སྲིན་པོ་གནོད་སྦྱིན་དང་། །པདྨའི་ཁུ་ཚུར་ཡང་དག་བྲི། །གཡས་དང་གཡོན་དང་རྒྱབ་དང་ནི། །མདུན་ཉིད་ཀྱི་ནི་དཀྱིལ་འཁོར་རོ། །དེ་ནས་སྙིང་པོ་ནི་ཧ། སངས་རྒྱས་ ཀྱི་སྙིང་པོ་ཧྲཱིཿསྟེ། ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་རྐང་པ་བཞི་པ་རྫོགས་སོ།། །།པདྨའི་རིགས་ཀྱི་ཚོགས་དག་གི །དཀྱིལ་འཁོར་ཡོངས་སུ་རྫོགས་ནས་ནི། །དེ་ཡི་འཁོར་ལོའི་གྲྭ་ བཞི་རུ། །ལྷ་མོ་བཞི་ནི་ཡང་དག་བྲི། །པདྨའི་སེམས་དཔའ་རིན་ཆེན་དང་། །ལས་དང་ཆོས་མ་ཡང་དག་བྲི། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་འདི་ནི་ཡང་དག་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་པདྨའི་རིགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།བྱང་གི་ ལས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་ཡི་དཀྱིལ་འཁོར་རྒྱལ་པོ་ནི། །འཁོར་ལོ་ལྔ་ལྔ་དགོད་པར་བྱ། །དེ་ཡི་དབུས་སུ་ལས་ཆེན་པོ། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །ཆོས་འཛིན་པ་ཡི་རྒྱལ་པོ་ཆེ། །ནམ་མཁའ་ལྡིང་གི་གདན་ལ་བཞུགས། །དེ་ཡི་ཕྱོགས་ རྣམས་ཐམས་ཅད་དུ། །ལས་ཀྱི་ཕྱག་རྒྱ་ཡང་དག་བྲི། །ལས་ཀྱི་སེམས་དཔའ་རིན་ཆེན་དང་། །དེ་བཞིན་ལས་དང་ཆོས་ཉིད་དོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །བྱང་གི་ཤར་གྱི་དཀྱིལ་འཁོར་ལ། །མི་བསྐྱོད་པ་ནི་སངས་རྒྱས་ཆེ། །རྡོ་རྗེ་ལས་ནི་དགོད་པར་བྱ། །དེ་ཡི་མཆོད་པ་མཚོན་ཆ་བཅས། །དེ་ ཡི་ཕྱག་རྒྱ་བཅས་པ་བཟུང་། །ལས་ཆེན་འཛིན་པ་བཟང་པོ་སྟེ། །སངས་རྒྱས་མཛད་པ་ཡང་དག་ལྡན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཀྱི་སེམས་དཔའ་ཡང་དག་བྲི། །སེམས་དཔའ་ཆགས་པའི་རྒྱལ་པོ་ཆེ། །ལེགས་པ་དེ་བཞིན་ལས་ཉིད་དོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །བྱང་གི་ལྷོ་ཡི་ཆར་ རུ་ནི། །རིན་ཆེན་ཏིང་འཛིན་རྒྱལ་པོ་ཆེ། །རིན་ཆེན་ལས་ནི་ཡང་དག་བྲི། །རིན་ཆེན་ཆར་ནི་རབ་འབེབས་ཤིང་། །སྡུག་བསྔལ་ཐམས་ཅད་རབ་ཏུ་འཇོམས། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་ལས་ནི་ཡང་དག་བྲི། །སེམས་དཔའི་གཟི་བརྗིད་རྒྱལ་མཚན་དང་། ། ལས་དང་བཞད་པ་རྣམ་སྦྱོང་བ། །ལས་ཀྱི་རིན་ཆེན་བཟང་པོ་ལ། །རིན་ཆེན་དཀྱིལ་འཁོར་ཡང་དག་ལྡན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །བྱང་གི་ནུབ་ཀྱི་ཆ་རུ་ནི། །པདྨའི་ལས་ཀྱི་སེམས་དཔའ་ཆེ། །དཀྱིལ་འཁོར་དབུས་སུ་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་ ལས་ནི་ཡང་དག་བྲི། །པདྨ་རྣོན་པོ་དེ་བཞིན་རྒྱུ། །དེ་བཞིན་སྨྲ་བ་ལས་ཡིན་ནོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །བྱང་གི་བྱང་ཕྱོགས་དཀྱིལ་འཁོར་ལ། །ལས་ཆེན་འཛིན་པ་དབང་ལྡན་པ། །ལས་ཀྱི་རྒྱལ་པོ་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཀྱི་སེམས་དཔའ་དགོད་ པར་བྱ། །ལས་ཀྱི་སྲིན་པོ་གནོད་སྦྱིན་དང་། །དེ་བཞིན་བསྡུ་བའི་ཁུ་ཚུར་ཉིད། །དེ་ནས་སྙིང་པོ་ནི་ཨཿ། སངས་རྒྱས་ཀྱི་སྙིང་པོ་ནི་ཨཿསྟེ། ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་གསང་བ་ཞེས་བྱ་བ་ལས་རྐང་པ་ལྔ་པ་རྫོགས་སོ། ། བྱང་གི་ཆའི་དཀྱིལ་འཁོར་ཡང་རྫོགས་སོ།། །།བྱང་དུ་དཀྱིལ་འཁོར་བྲི་བྱས་ཏེ། །ལས་ཀྱི་དཀྱིལ་འཁོར་རྫོགས་ནས་ནི། །དེ་ཡི་འཁོར་ལོའི་གྲྭ་བཞི་རུ། །ལྷ་མོ་བཞི་ནི་དགོད་པར་བྱ། །སྔར་གྱི་དམ་ཚིག་བཞི་པོ་ནི། །ཐམས་ཅད་སུམ་ཅུ་རྩ་གསུམ་ཡིན། །དབུས་མ་ཞེས་བྱ་སུམ་ཅུ་གསུམ། ། ཤར་གྱི་ཕྱོགས་ན་སུམ་ཅུ་གསུམ། །དེ་བཞིན་ནུབ་ཀྱི་ཕྱོགས་ཆའོ། །བྱང་དང་ལྷོ་ཡང་དེ་བཞིན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ལས་ལས་ཀྱི་རིགས་ཞེས་བྱ་བ་རྫོགས་སོ། །དཀྱིལ་འཁོར་གྱི་འཁོར་ཐམས་ཅད་ཀྱང་རྫོགས་སོ།། །། བརྒྱ་དྲུག་ཅུ་རྩ་ལྔ་པའོ། །དེ་ནས་དཀྱིལ་འཁོར་འཁོར་ལོ་མཆོག །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །འཁོར་ལོ་ཆེན་པོའི་གྲྭ་བཞི་རུ། །དཀྱིལ་འཁོར་བཞི་ནི་བྲི་བར་བྱ། །འཁོར་ལོ་སྦྱོར་ཆེན་ཤར་ལྷོ་རུ། །ཟླ་བའི་གཟུགས་སུ་དགོད་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་ དཔའ་དགོད་པར་བྱ། །འཛུམ་ཞིང་ཟླ་བའི་མདོག་ཅན་ཏེ། །འོད་ཟེར་དམར་པོ་སྣ་ཚོགས་འབར། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་བཞུགས། །རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག །ཕྱག་གཡས་པ་ན་རྡོ་རྗེ་བསྣམས། །དེ་བཞིན་གཡོན་ན་དྲིལ་བུ་བསྣམས། །མཉམ་པར་གཞག་པའི་སེམས་དཔའ་ཆེ། ། སེམས་ཅན་ཀུན་གྱི་དོན་སེམས་པ། །དེ་ཡི་པདྨ་ཡང་དག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་པ། །ལྷ་མོ་བཞི་ནི་ཡང་དག་བྲི། །གསང་བ་ལྔ་ནི་ཡང་དག་བསྟན། །དང་པོ་དང་ནི་གཉིས་པ་ནི། །གཡས་ཀྱི་ཕྱོགས་ན་ཡང་དག་གནས། །གསུམ་པ་དང་ནི་བཞི་པ་ནི། །གཡོན་ལོགས་ན་ནི་རབ་ཏུ་ གནས། །ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོགས། །པུས་འཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་སྒྱུར་ཞིང་། །འཛུམ་བཅས་ཀུན་དུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཆུ་སྲིན་གྱི་ནི་རྒྱལ་མཚན་བསྒྲེང་། །དེ་ཡི་གློ་ན་བཞད་བཅས་ཤིང་། །རྡེག་བྱེད་སྐྱེ་དགུའི་བདག་མོ་ཡི། །རྡོ་རྗེ་ཅ་ཅོའི་སྒྲ་སྒྲོག་ དང་། །དེ་བཞིན་རྡོ་རྗེ་དོན་ཡོད་དགའ། །ལྷ་མོ་རྡོ་རྗེ་འདོད་དབང་ཕྱུག །གཟི་བརྗིད་དགའ་བའི་རྡོ་རྗེ་མ། །ལྷོ་དང་ནུབ་ཀྱི་མཚམས་སུ་ནི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །དེ་ཡི་དཀྱིལ་འཁོར་དབུས་སུ་ནི། །པདྨ་ཆེན་པོ་དགོད་པར་བྱ། །པདྨའི་དཀྱིལ་འཁོར་དབུས་སུ་ནི། །པདྨའི་སེམས་དཔའ་དགོད་ པར་བྱ། །ཞལ་བཞི་ཕྱག་ནི་བརྒྱད་པ་སྟེ། །འཁོར་ལོས་དཀྱིལ་འཁོར་འོད་བཅས་པ། །དེ་ཡི་པདྨར་ཡང་དག་ག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་པ། །པདྨའི་རིགས་ཅན་ལས་བྱུང་བ། །ལྷ་མོ་བཞི་ནི་ཡང་དག་བྲི། །ཀུན་ནས་གསང་བའི་ལྷ་མོ་ཡི། །དེ་ནས་མིང་ནི་རབ་བཤད་བྱ། །རྡོ་རྗེ་དཔལ་ དང་རྡོ་རྗེ་དཀར། །རྡོ་རྗེ་སྒྲོན་མ་རྡོ་རྗེ་ཅན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་དུ། །ནམ་མཁའི་དཀྱིལ་འཁོར་བྲི་ནས་ནི། །རྡོ་རྗེ་ཉི་མ་ཡང་དག་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །རིན་ཆེན་སེམས་དཔའ་དགོད་པར་བྱ། །སྔོན་དམར་གྱི་ནི་འོད་ཀྱིས་ཁྱབ། །རྒྱན་ རྣམས་ཐམས་ཅད་ཀྱིས་བརྒྱན་པའི། །དེ་ཡི་པདྨ་ཡང་དག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་པ། །རིན་ཆེན་རིགས་ཆེན་ལས་བྱུང་བའི། །ལྷ་མོ་བཞི་ནི་ཡང་དག་བྲི། །ནམ་མཁའ་ལས་བྱུང་མཁའ་རྡོ་རྗེ། །ནམ་མཁའི་མདོག་ཅན་སྐྱེ་དགུའི་བདག །རིན་ཆེན་དཔལ་ལྡན་ལྷ་མོ་ཆེ། །རིན་ཆེན་དང་བཅས་རིགས་ མཛེས་མ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང་། །བྱང་ཤར་མཚམས་ཀྱི་འཁོར་ལོ་ལ། །དེ་བཞིན་ཨུཏྤལ་སྔོན་པོའི་འདབ། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །ཨུཏྤལ་སྔོན་པོ་དེ་དབུས་སུ། །ལས་རྣམས་འཛིན་པ་ཆེན་པོའི་མཆོག །སངས་རྒྱས་ཀུན་ལས་སོགས་བཤད་པ། །རྡོ་རྗེའི་ལས་ནི་ དགོད་པར་བྱ། །དེ་ཡི་པདྨར་ཡང་དག་ག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་ཅིང་། །ལས་ཀྱི་རིགས་ཅན་ལས་བྱུང་བའི། །ལྷ་མོ་བཞི་ནི་ཡང་དག་བྲི། །ལས་རྒྱ་རྡོ་རྗེ་རིན་ཆེན་མ། །ལས་མ་ཆོས་མ་དཔལ་ལྡན་ཆེ། །ཇི་ལྟར་སྔོན་དུ་རྡོ་རྗེའི་རིགས། །དེ་བཞིན་དཀྱིལ་འཁོར་ཐམས་ཅད་ལ། །དེ་ཉིད་ཕོ་ཉ་མོ་ རུ་གནས། །དེ་ཉིད་ལྷ་མོར་ཡང་དག་གནས། །དེ་ཉིད་སྒེག་མོ་རྣམ་སྒེག་སོགས། །ཕྱག་རྒྱའི་རྒྱ་མཚོ་གཞན་ཡང་བྱེད། །སེར་མོ་དམར་མོ་ཉི་མ་མཚུངས། །ཨུཏྤལ་སྔོན་པོའི་མདོག་འདྲར་འགྱུར། །བསྙེམས་བཅས་ཞི་བའི་དབང་བསྐུར་ལྡན། །རང་གི་ཕྱག་རྒྱ་ཡོངས་སུ་འཛིན། །དེ་ནས་སྙིང་པོ་ཧཱུྃ་ ཧྲཱིཿཨོཾ་ཨཿ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་རྐང་པ་དྲུག་པ་རྫོགས་སོ། །མཚམས་རྣམས་ཀྱི་དཀྱིལ་འཁོར་ཡང་རྫོགས་སོ།། །།བརྒྱ་དང་བརྒྱད་ཅུ་རྩ་ལྔར་ལྡན། །འཁོར་ལོ་ཡོངས་སུ་རྫོགས་ནས་ཀྱང་། །དེ་ཡི་མཚམས་ ཀྱི་ལོགས་རྣམས་སུ། །ལྷ་བཞི་དག་ནི་ཡང་དག་བྲི། །ཤར་དུ་རྡོ་རྗེ་ཆེན་པོ་སྟེ། །རྡོ་རྗེ་མེ་ལྟར་འབར་བའོ། །རྡོ་རྗེ་རིགས་ཆེན་མཚན་མ་སྟེ། །འབར་བའི་ཕྲེང་བ་རབ་འཇིགས་པའི། །ལྷོ་རུ་རིན་ཆེན་ཕུན་ཚོགས་པ། །ཆུ་ལྷ་རིན་ཆེན་ཆུ་སྲིན་རྣམས། །རིན་ཆེན་རིགས་ཆེན་མཚན་མ་སྟེ། །སངས་རྒྱས་ཆོས་ཀྱི་འབྱུང་གནས་ བརྗོད། །ནུབ་ཏུ་ས་ལྷ་བྲི་བར་བྱ། །རྩལ་ལྡན་སྐྱེས་བུ་ཞེས་བྱ་ཡི། །དཀྱིལ་འཁོར་ཆེན་པོ་འཛིན་བྱེད་ཅིང་། །པདྨའི་རིགས་ཀྱི་མཚན་མའང་ཡིན། །བྱང་དུ་རླུང་གི་སྐྱེས་བུ་ནི། །རླུང་གི་ཤུགས་ཀྱིས་གོས་འཆང་ཞིང་། །དེ་བཞིན་ལས་ཀྱི་རིགས་འཛིན་མ། །གཡོ་ཞིང་རྩལ་ལྡན་བྲི་བར་བྱ། །བརྒྱ་དང་བརྒྱད་ཅུ་རྩ་དགུ་རུ། ། དབུས་ཀྱི་དཀྱིལ་འཁོར་ཡང་དག་བསྒྲུབ། །ཆོས་ཀྱི་ཚུལ་གྱི་གྲུ་ཆེན་པོ། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གསང་བ་ཞེས་བྱ་བ་རྫོགས་སོ།། །།ཐུན་མོང་མཆོག་ཏུ་གསང་བ་ཡི། །རྡོ་རྗེ་རིག་པ་འཛིན་པའི་མཆོག ། རང་ རིགས་འཁོར་ལོའི་དཀྱིལ་འཁོར་ནི། །ཕྱོགས་གཅིག་ཏུ་ནི་བཤད་པར་བྱ། །དཀྱིལ་འཁོར་ཀུན་གྱི་དབུས་སུ་ནི། །ཐུབ་པའི་དབང་ཕྱུག་རྣམ་སྣང་མཛད། །སེང་གེ་པདྨའི་གདན་ལ་བཞུགས། །དེ་ནི་བྱང་ཆུབ་མཆོག་འཛིན་པ། །མི་བསྐྱོད་པ་ནི་གླང་ཆེན་བཅིབས། །རིན་ཆེན་དབང་ནི་རྟ་ལ་ བཅིབས། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །རྨ་བྱའི་ཁྲི་ལ་ཡང་དག་བཞུགས། །དོན་ཡོད་གྲུབ་པ་བླ་ན་མེད། །མཁའ་ལྡིང་དབང་པོ་ཡང་དག་བཞུགས། །འདི་རྣམས་ཀྱི་ནི་བཞོན་པར་བཤད། །རིགས་མཆོག་ཀུན་གྱི་དབྱེ་བའོ། །མི་བསྐྱོད་པ་ཡི་ས་གནོན་ཏེ། །དེ་བཞིན་རིན་ ཆེན་དབང་མཆོག་སྦྱིན། །ཚེ་དཔག་མེད་ཀྱི་ཏིང་འཛིན་སྦྱིན། །དོན་ཡོད་གྲུབ་པའི་མི་འཇིགས་སྦྱིན། །སྔོན་པོ་སེར་པོ་དེ་བཞིན་དམར། །ཁ་དོག་ལྗང་གུ་ལས་འཛིན་པ། །དེ་བཞིན་གཤེགས་པའི་རིགས་ཡིད་འོང་། །སྐུ་མདོག་དཀར་པོ་རབ་ཏུ་བསྒྲགས། །དེ་བཞིན་རྡོ་རྗེ་རིན་ ཆེན་ལ། །རྡོ་རྗེ་ཕྲེང་བས་རྡོ་རྗེ་མཚན། །རྡོ་རྗེའི་དཀྱིལ་འཁོར་སྦྱོར་འབྱུང་བ། །རྡོ་རྗེའི་རི་མོ་ཡང་དག་བྲི། །པདྨའི་རིགས་ཆེན་བཟང་པོ་ལ། །པདྨའི་ཕྲེང་བས་པདྨ་མཚན། །པདྨའི་དཀྱིལ་འཁོར་སྦྱོར་བྱུང་བ། །པདྨའི་སྲད་བུས་ཐིག་གདབ་བྱ། །རིན་ཆེན་རིགས་ཅན་བཟང་པོ་ལ། །རིན་ཆེན་ཕྲེང་བས་རིན་ ཆེན་མཚན། །རིན་ཆེན་དཀྱིལ་འཁོར་སྦྱོར་བྱུང་བ། །རིན་ཆེན་རི་མོ་རྣམ་པར་མཛེས། །ལས་ཀྱི་རིགས་ལ་སྣ་ཚོགས་བཤད། །དེ་བཞིན་སངས་རྒྱས་རིགས་མཆོག་ལ། །འོན་ཀྱང་རྡོ་རྗེ་ཁྱད་པར་གྱིས། །རྡོ་རྗེ་དཀྱིལ་འཁོར་སྦྱོར་བྱུང་བའི། །རྡོ་རྗེ་ཤར་གྱི་ཕྱོགས་ཆ་རུ། །ལྷོ་རུ་རིན་ ཆེན་དཀྱིལ་འཁོར་ཏེ། །ནུབ་ཏུ་པདྨ་ཡང་དག་བཤད། །བྱང་དུ་ལས་ནི་ཡང་དག་སྦྱོར། །རྡོ་རྗེ་ཅན་ཀུན་ཁྲོ་གཉེར་ཅན། །རིན་ཆེན་ཚོགས་ནི་རབ་བཤད་པ། །པདྨ་ཆེན་པོ་དུལ་ཞིང་ཞི། །དྲག་པོ་ཞི་བ་ལས་འཛིན་པ། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་རུ། །འཁོར་ལོ་ཆེན་པོ་ཡང་དག་བྲི། །དེ་ ནས་ཕྱི་རོལ་འཁོར་ལོ་སོགས། །ཆོ་ག་འདི་ཀུན་དེ་དང་འདྲ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་ཆེན་པོ་མཆོག་ཏུ་གསང་བའི་དཀྱིལ་འཁོར་ཆེན་པོ་ལས་གསང་བ་ཞེས་བྱ་བ་རྐང་པ་བདུན་པ་རྫོགས་སོ། །ལས་ཀྱི་རྣལ་འབྱོར་ལས་བྱུང་བ་རྫོགས་སོ།། །། ནང་གི་དཀྱིལ་འཁོར་རྫོགས་ནས་ནི། །ཚོན་རྩི་ལས་ནི་དགང་བར་བྱའོ། །ཐིག་དང་རི་མོ་ཐམས་ཅད་ནི། །ཚོན་རྩི་ཀུན་གྱིས་རབ་ཏུ་དགང་། །དང་པོ་ནས་ནི་ཐ་མ་རུ། །ཕྱི་རོལ་དཀྱིལ་འཁོར་ཀུན་དུ་བྲི། །མཉམ་ཞིང་ཀུན་དུ་ཆ་མཉམ་པས། །གྲུ་བཞི་རུ་ནི་རབ་ཏུ་བརྟག །ཟུར་བཞི་ པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་བྱས་པ། །ཀ་བ་བརྒྱད་དང་ཡང་དག་ལྡན། །ཡིད་དུ་འོང་ཞིང་ལེགས་པར་ཕྱེ། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་རིན་ཆེན་སྲད་བུ་ཡིས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར། ། རྡོ་རྗེ་ཁ་ཁྱེར་མཛེས་བྱས་ལ། །ཟླ་བ་ཕྱེད་པའི་ལྕུག་མས་ཁྱབ། །རྡོ་རྗེ་ཕྲེང་བའི་ཚོགས་དང་ལྡན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །གཡེར་ཀའི་དྲ་བས་ཡང་དག་ལྡན། །ཁ་དོག་སྣ་ཚོགས་རྣམ་པར་བརྒྱན། །དེ་དང་དབུས་ཀྱི་བར་ཐིག་ལ། །བྱང་ཆུབ་སེམས་རྣམས་ཡང་ དག་བྲི། །བསྐལ་པ་བཟང་པོ་སྟོང་དག་ནི། །འདས་པའི་རྫུ་འཕྲུལ་ཆེན་པོ་རྣམས། །ཤར་དུ་ཐམས་ཅད་རྡོ་རྗེ་མཚན། །ལྷོ་རུ་རིན་ཆེན་ཕྱག་མཚན་བསྣམས། །ནུབ་ཏུ་པདྨ་རྡོ་རྗེ་སོགས། །བྱང་དུ་ལས་ཀྱི་རྡོ་རྗེ་བསྣམས། །རྫུ་འཕྲུལ་ཆེན་པོའི་ལྷ་གང་དག །ཕྱི་རོལ་ཐིག་ལ་ཡང་དག་བྲི། །དྲག་ པོ་ལ་སོགས་ལྷ་ཆེན་རྣམས། །སྣམ་བུ་ལས་ནི་ལུས་ཕྱེད་ཕྱུང་། །དབང་ཕྱུག་ཆེན་པོ་ཚངས་པ་ཆེ། །ཁྱབ་འཇུག་གཡུང་དྲུང་གཞོན་ནུ་ནི། །རིགས་བཅས་དཔུང་དང་བཅས་རྒྱལ་པོ། །ཤར་གྱི་དཀྱིལ་འཁོར་ཡང་དག་བྲི། །འཁྱིལ་པའི་འོད་ཅན་གཏུམ་པོ་དང་། །སེར་སྐྱ་རྡོ་རྗེ་སེར་སྐྱ་རྣམས། ། རིགས་བཅས་འཁོར་ལོ་ཡང་དག་ལྡན། །ལྷོ་ཡི་ཕྱོགས་སུ་ཡང་དག་བྲི། །མྱོས་པ་ཕྲེང་ལྡན་རྒྱལ་ཉིད་པ། །རྣམ་པར་རྒྱལ་དང་སྐྱེལ་བྱེད་རྣམས། །རིགས་བཅས་དཔུང་དང་ཡང་དག་ལྡན། །ནུབ་ཀྱི་ཆ་རུ་ཡང་དག་བྲི། །ཀོ་ཤི་གོས་ཅན་མེ་དང་རླུང་། །རྡོ་རྗེ་འཇིགས་བྱེད་ལ་སོགས་རྣམས། །ནུབ་ཀྱི་ ཆ་ལས་འོག་ཏུ་ནི། །བྱང་གི་ཆ་རུ་ཡང་དག་བྲི། །དེ་བཞིན་དཔུང་དང་བདག་པོར་བཅས། །མ་མོ་འཇིག་རྟེན་རབ་གྲགས་དང་། །གཙོ་བོ་འཁོར་ལོ་རྣམ་རོལ་པ། །ལྷ་མིན་ལ་སོགས་རྫུ་འཕྲུལ་ཆེ། །ཕྱི་རོལ་འཁོར་ལོའི་རིགས་སུ་བཤད། །རྒྱུད་ཆེན་གསང་བ་ཞེས་བྱ་ལས། །སྟོང་ཕྲག་བཅུ་རུ་བཤད་པ་ རྣམས། །ཇི་ལྟར་མངོན་པར་འདོད་པ་བྲི། །ཕྱི་ཡི་དཀྱིལ་འཁོར་གནས་ཟུར་དུ། །དཀྱིལ་འཁོར་བཞི་ནི་བྲི་བར་བྱ། །མེ་ཏོག་སྤོས་ལ་སོགས་ལྡན་པ། །མཆོད་པའི་ལྷ་མོ་ཡང་དག་བྲི། །ཇི་ལྟར་ནུས་ཤིང་བྲི་བ་དང་། །ཇི་ལྟར་མཛེས་ཤིང་རྗེས་སུ་མཐུན། །ཇི་ལྟར་རང་གི་རིགས་བཤད་པ། །ཇི་ ལྟར་མངོན་པར་འདོད་པ་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་ཕྱི་རོལ་གྱི་དཀྱིལ་འཁོར་མཆོག་ཏུ་མཛེས་པ་ཞེས་བྱ་བ་རྐང་བ་བརྒྱད་པ་རྫོགས་སོ།། །།དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ཆེན་པོ་མ་ལུས་པ་ རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་འདི་ལ་སངས་རྒྱས་ཀྱི་བྱང་ཆུབ་མ་ལུས་པར་དགུག་པ་འདི་འབྱུང་ངོ་། །འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དགུག་པ་ཉིད་དང་། ཕྱིར་མི་ལྡོག་པའི་ས་ལ་ཐབས་མཁས་པ་ཆེན་པོ་ འཇུག་པར་བྱེད་པ་ཉིད་དང་། དོན་ཐམས་ཅད་ལ་མངོན་དུ་ཕྱོགས་པ་དང་། མྱ་ངན་ལས་འདས་པ་ལ་གནས་པ་དང་། བྱང་ཆུབ་ཆེན་པོའི་ཚོགས་བསགས་པ་དང་། སེམས་ཅན་གྱི་དོན་ལ་མི་སླུ་བ་དང་། ཐེག་པ་ཆེན་པོ་འདི་ལས་ཐེག་པ་གཞན་ལ་འདོད་པ་མི་བསྐྱེད་ཅིང་འགྱུར་བ་མེད་པར་འཆིང་བ་ཉིད་ དང་། ཐབས་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་སྡུད་པར་བྱེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་ཉིད་ལ་ཡང་དག་པར་བྱེད་པ་ཉིད་དོ། །དེ་ལ་ཤར་གྱི་སྒོར་རྡོ་རྗེ་ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཛིན་དགོད་པར་བྱའོ། །ལྷོ་རུ་ ནི་རྡོ་རྗེ་ཞགས་པ་ཞེས་བྱ་བ་དང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བ་དང་། བྱང་དུ་རྡོ་རྗེ་དྲིལ་བུ་ཞེས་བྱ་བའི་རྡོ་རྗེ་འཛིན་པ་ཆེན་པོ་དགོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་གསང་བ་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་ཆེད་དུ་བརྗོད་པ་ལས་རབ་ཏུ་ འཇུག་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། །།དེ་བཞིན་གཤེགས་པའི་འཁོར་ལོ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཚུལ་ཐོབ་བྱེད། །དཀྱིལ་འཁོར་ཡོངས་སུ་རྫོགས་ནས་ནི། །དམ་ཚིག་མཆོག་ཆེན་སེམས་དཔའ་ཡིས། །བསྐོར་བ་དག་ནི་ལན་གསུམ་བྱ། །མ་ལུས་གསང་བ་ བལྟ་བྱ་ཞིང་། །ཀུན་དུ་ཚོགས་ནས་དགའ་བར་བྱ། །གསང་བ་ཆད་ན་དག་བྱ་ཞིང་། །ལྷག་མ་རྣམ་པར་སྦྱང་བར་བྱ། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །མྱུར་དུ་ཕྱག་རྒྱ་ཆེ་བསྟེན་བྱ། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་ཏུ་ནི་བརྗོད་པར་བྱ། །འཁོར་ལོ་ཟུར་ནི་ཡང་དག་ གནས། །རྡོ་རྗེ་ལྷ་མོ་སྤྱན་དྲང་བྱ། །ཕྱི་རོལ་དཀྱིལ་འཁོར་ལ་གནས་པའི། །སངས་རྒྱས་མཆོད་རྟེན་སྤྱན་དྲང་བྱ། །སྒོ་ཡི་དབུས་ན་གང་གནས་པ། །སྒོ་སྲུང་རྣམས་ནི་སྤྱན་དྲང་བྱ། །ཕྱི་རོལ་དཀྱིལ་འཁོར་ལ་གནས་པའི། །སེམས་དཔའ་ཆེན་པོ་སྤྱན་དྲང་བྱ། །དེ་ནས་སྒོ་རྣམས་ ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བྱས་ཏེ། །ཕྱག་རྒྱ་བཞི་ནི་ཡང་དག་བཅིང་། །བརྒྱ་དང་རྩ་བརྒྱད་དག་བྱ་བ། །རྡོ་རྗེ་ལྕགས་ཀྱུ་ཀུན་དུ་དགུག །རྡོ་རྗེ་ཞགས་པས་གཞུག་པར་བྱ། །རྡོ་རྗེ་ལྕགས་སྒྲོག་ཀུན་དུ་བཅིང་། །རྡོ་རྗེ་དྲིལ་བུས་དབབ་པར་བྱ། །སྒོའི་བྱ་བའོ། །དེ་ ནས་དབུས་སུ་འདུག་བྱས་ནས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །རྡོ་རྗེ་དབྱེ་བའི་ཕྱག་རྒྱ་ཡིས། །སྒོ་རྣམས་ཐམས་ཅད་དབྱེ་བར་བྱ། །སྒོ་སྲུང་བ་རུ་དམིགས་ནས་ནི། །སྒོ་རྣམས་དབྱེ་བར་བྱ་བ་ཡིན། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས། །གདུག་པ་ཐམས་ཅད་བསྡིགས་པར་བྱ། ། གང་ཚེ་མཆོད་པ་ཡང་དག་རྩོམ། །ཇི་སྲིད་དུས་ཀྱིས་རྫོགས་འགྱུར་བ། །གྲྭ་ནི་ཐམས་ཅད་དག་ཏུ་ནི། །བདུག་སྤོས་རྣམས་ནི་གདུལ་བར་བྱ། །སྔོན་དུ་སྒོ་ཡི་ལས་བྱས་ཏེ། །དེ་ནས་མཆོད་པ་ཡང་དག་བྱ། །དང་པོར་མེ་ཏོག་ཤིང་ལ་སོགས། །སྤོས་དང་མར་མེ་ཕྱག་རྒྱར་བཅས། ། མཚམས་ཀྱི་དུས་ལས་སྔོན་དུ་ནི། །བུམ་པ་རྡོ་རྗེ་སྤྱན་དྲང་བྱ། །རྡོ་རྗེ་བུམ་པའི་ཕྱག་རྒྱ་ཡིས། །ཅི་ནུས་བར་ནི་སྤྱན་དྲང་བྱ། །བུམ་པ་ཤིན་ཏུ་བཟང་པོ་གཅིག །རིན་ཆེན་སྣ་བདུན་ལས་བྱས་མཛེས། །ཡང་ན་རིན་ཆེན་དང་བསྲེས་པའི། །རྡོ་རྗེ་དྲི་ཡི་ཆུ་ལྡན་བྱ། །རྡོ་རྗེ་ཆུ་ཡི་སྔགས་དང་ནི། ། རྡོ་རྗེ་ཕྱག་རྒྱ་ཆུ་གཙང་མ། །སྟོང་དང་རྩ་བརྒྱད་བཟླས་བྱས་ན། །རྡོ་རྗེའི་བདུད་རྩིའི་ཆུ་རུ་འགྱུར། །བུམ་པའི་སྔགས་ནི་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། མེ་ཏོག་གི་སྔགས་ནི། །ཨོཾ་བཛྲ་པུཥྤེ་ཧཱུཾ། མར་མེའི་སྔགས་ནི། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། །དྲིའི་སྔགས་ནི། ཨོཾ་བཛྲ་གནྡཱ་ཧཱུཾ། འདུག་སྤོས་ཀྱི་སྔགས་ ནི། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། །སྤོས་དང་མེ་ཏོག་ལ་སོགས་པ། །ཐམས་ཅད་ཕྱག་རྒྱ་ལྡན་པར་བྱ། །རྡོ་རྗེ་ཕྱག་རྒྱ་གཟུང་བྱས་ནས། །རྡོ་རྗེའི་སྔགས་ཀྱིས་རབ་ཏུ་སྦྱོར། །དགོངས་ཀའི་དུས་ནས་བརྩམས་ནས་ནི། །ཁྲུས་ཀྱི་ཆོ་ག་ཡང་དག་བྱ། །ལུས་ལ་དྲི་ཡིས་བྱུག་པ་དང་། ། རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། །རྡོ་རྗེའི་ཤུགས་ཀྱི་སྔགས་དང་ནི། །རྡོ་རྗེའི་ཤུགས་ཀྱི་ཕྱག་རྒྱ་ཡིས། །འབྱུང་བ་དང་ནི་འཇུག་པ་ཡི། །རྡོ་རྗེའི་རྣལ་འབྱོར་ཉེས་མི་འགྱུར། །སྨིན་མ་རྡོ་རྗེ་རི་མོ་མཚན། །སངས་རྒྱས་ཕྱག་རྒྱ་ལ་སོགས་ཚོགས། །སེམས་དཔའ་ ཐམས་ཅད་འགོམ་བྱས་ཀྱང་། །རྡོ་རྗེའི་རྣལ་འབྱོར་ཉེས་མི་འགྱུར། །དེར་ནི་འགྱོད་པ་མེད་པར་འགྱུར། །རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིས། །ཆོ་ག་ཆད་དམ་ལྷག་ཀྱང་རུ། །འགྲུབ་འགྱུར་ཉེས་པར་མི་འགྱུར་རོ། །གལ་ཏེ་དེ་ནི་ཆོ་གར་ལྡན། །ཀུན་དུ་འཇིགས་པར་མི་བྱའོ། ། གྲུབ་པའི་རྣལ་འབྱོར་གོ་ཆ་ཡིས། །སངས་རྒྱས་སྐྱོན་དུ་འཛིན་མི་མཛད། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེས། །དཀྱིལ་འཁོར་མཆོད་ཕྱིར་འཇུག་པར་བྱའོ། །ཞུགས་ནས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་དག་ནི་དགུག་པར་བྱ། །རྡོ་རྗེ་ལྕགས་ཀྱུ་ཀུན་བཅིངས་ནས། །སོར་མོ་ ཡིས་ནི་དགུག་པར་བྱ། །དེ་ཉིད་རྡོ་རྗེ་ལྕགས་ཀྱུ་ཡིས། །རྒྱུད་ལས་དགུག་པ་ཉིད་དུ་གསུངས། །དེ་བཞིན་རྡོ་རྗེ་རིགས་ཆེན་ལ། །རྡོ་རྗེ་ལྕགས་ཀྱུ་ཡང་དག་བཅིང་། །རིན་ཆེན་ལྕགས་ཀྱུའི་སྦྱོར་བ་ཡིས། །རིན་པོ་ཆེ་ནི་དགུག་པར་བྱ། །པདྨ་ལྕགས་ཀྱུའི་ཕྱག་རྒྱ་ནི། །པདྨའི་ རིགས་ཆེན་དག་ལ་བཤད། །ལས་ཀྱི་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ལས་ཀྱི་རིགས་ཆེན་དགུག་པར་བྱ། །རྡོ་རྗེ་ཆེན་པོའི་ལྕགས་ཀྱུ་བཅིང་། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །དཀྱིལ་འཁོར་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་བྱ། །ཕྱི་རོལ་རྡོ་རྗེ་ ལྕགས་ཀྱུ་བཅིང་། །ཕྱི་རོལ་རྡོ་རྗེ་རིགས་སྤྱན་དྲང་། །བཀྲ་ཤིས་རྡོ་རྗེའི་ལྕགས་ཀྱུ་ཡིས། །བྱང་ཆུབ་སེམས་དཔའ་སྤྱན་དྲང་བྱ། །བྱང་མཆོག་ལྕགས་ཀྱུའི་སྦྱོར་བ་ཡིས། །དཀྱིལ་འཁོར་པ་རྣམས་སྤྱན་དྲང་བྱ། །རིན་ཆེན་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །རྡོ་རྗེ་འཛིན་པ་སྤྱན་དྲང་བྱ། །སྙིང་ པོའི་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ཕྱག་ན་རྡོ་རྗེ་སྤྱན་དྲང་བྱ། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས། །ཀུན་ལ་ཉི་ཤུ་རྩ་གཅིག་བཟླས། །བསྙེམས་ཚུལ་སྔགས་ཀྱི་ཕྱག་རྒྱ་ཡིས། །རྣམ་སྣང་ཡང་དག་སྤྱན་དྲང་བྱ། །སངས་རྒྱས་ལྕགས་ཀྱུའི་སྦྱོར་བ་ཡིས། །དེ་བཞིན་ ཁོ་ནར་སངས་རྒྱས་རྣམས། །དམ་ཚིག་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །དམ་ཚིག་སེམས་དཔའ་སྤྱན་དྲང་བྱ། །དགུག་པའི་སྦྱོར་བ་བྱས་ནས་ནི། །མཚན་བརྒྱ་རྩ་བརྒྱད་གདོན་པར་བྱ། །མཚན་བརྒྱ་རྩ་བརྒྱད་རྫོགས་ནས་ནི། །མཆོད་པའི་སྤྲིན་རྣམས་ཡང་དག་སྒྲུབ། །བདག་ ཉིད་དབུལ་བ་ལ་སོགས་པའི། །ཇི་སྐད་བཤད་པའི་བརྟུལ་ཞུགས་སྤྱད། །བཤགས་དང་གསོལ་གདབ་མཆོད་པ་དང་། །བདག་ཉིད་དབུལ་བ་ལ་སོགས་རྣམས། །བདག་གི་བྱ་བ་རྫོགས་ནས་ནི། །ཕྱག་རྒྱ་བཅིང་བ་ཡང་དག་བརྩམ། །བརྒྱ་འམ་ཡང་ན་སྟོང་དག་གམ། ། བརྒྱ་ཕྲག་བརྒྱ་ནི་བསྡུས་པ་ཡིས། །ཕྱག་རྒྱའི་ཚོགས་ནི་བཅིང་བྱས་ནས། །དཀྱིལ་འཁོར་དག་ནི་འགྲུབ་པར་འགྱུར། །དེ་ནས་དཀྱིལ་འཁོར་ལས་བྱས་ཏེ། །ཇི་སྲིད་སྐྱ་རེངས་ཤར་གྱུར་པ། །དེ་སྲིད་ཕྱག་རྒྱ་ཡང་དག་བཅིང་། །ངེས་པར་དངོས་གྲུབ་སྟེར་བར་བྱེད། །དེ་ནས་ ལངས་ཏེ་ཕྱག་རྒྱ་བཅས། །དཀྱིལ་འཁོར་ཕྱི་རོལ་བྱུང་ནས་ནི། །གདུག་པ་ལ་སོགས་ཀུན་བསྡིགས་ཏེ། །དཀྱིལ་འཁོར་མཆོད་ཕྱིར་འཇུག་པར་བྱ། །རང་གི་ཁྲུས་བྱས་ལུས་དྲིས་བྱུགས། །ཇི་ལྟར་འཚམ་པའི་རྒྱན་གོས་ལྡན། །ཤིན་ཏུ་མཛེས་པའི་གོས་གྱོན་ཞིང་། །ཕྲེང་ལྡན་ཁ་ ནི་དྲི་ཞིམ་པས། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །མེ་ཏོག་སྤྱི་བོར་གཞག་བྱས་ཏེ། །རོལ་པའི་རྡོ་རྗེ་དགའ་བ་ཡིས། །ཞུགས་ནས་མགོན་ལ་རབ་བཏུད་ཅིང་། །དེ་ཉིད་འདོད་ཆགས་རྗེས་ཆགས་དང་། །དེ་ཉིད་བསྐུལ་བའི་ཕྱག་རྒྱ་ཡིས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །སངས་ རྒྱས་ཀུན་ནི་བསྐུལ་བར་བྱ། །སྐྱོན་དང་བྲལ་ཞིང་རྟག་པ་སྟེ། །འདོད་ཆགས་ཀུན་ལ་རྗེས་ཆགས་པ། །མཆོད་འོས་ཆེན་པོ་རྒྱལ་པོ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །དེ་ནས་དམ་ཚིག་མཆོག་གི་ནི། །ཕྱག་རྒྱ་ཆོ་ག་བཞིན་བཅིངས་ནས། །རྡོ་རྗེ་སློབ་དཔོན་ཞུགས་ནས་ནི། ། ལྕགས་སྒྲོག་ཕྱག་རྒྱ་ཡང་དག་བཅིང་། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དེ་ཉིད་རྡོ་རྗེ་ལྕགས་ཀྱུ་བཅིང་། །སྟེང་དུ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །སངས་རྒྱས་བསྡུ་བའི་སྔགས་ནི་ཛཿཛཿཛཿ། །ཤར་གྱི་སྒོ་རུ་ཡི་གེ་ཛཿ། །དེ་བཞིན་ལྷོ་རུ་ཡི་ གེ་ཧཱུྃ། །ནུབ་ཏུ་ལྕགས་སྒྲོག་ཆེན་པོ་བཾ། །བྱང་དུ་ཀུན་དུ་དབབ་པ་ཨཿ། །རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ལ། །ལས་འདི་དག་ནི་ཡང་དག་བཤད། །ལས་ནི་ཀུན་དུ་རྫོགས་བྱས་ནས། །དེ་བཞིན་ངོ་མཚར་མཐོང་འགྱུར་བ། །ཆོ་འཕྲུལ་ཆེན་པོ་རྨད་འབྱུང་ཆེ། །སྣ་ཚོགས་བརྒྱ་ དང་རྩེ་བཅུ་སྟེ། །ཆོ་འཕྲུལ་རྨད་བྱུང་ཆེན་པོ་རྣམས། །རྡོ་རྗེ་སློབ་དཔོན་གྱིས་མཐོང་འགྱུར། །དངོས་གྲུབ་བདག་ཉིད་ཆེན་པོ་ཀུན། །དཀྱིལ་འཁོར་ཀུན་ཏུ་འོང་བར་འགྱུར། །རྡོ་རྗེ་ཅན་དང་བྱང་ཆུབ་སེམས། །དེ་བཞིན་རིགས་ནི་རྣམ་ལྔ་དང་། །རྡོ་རྗེ་དབྱིངས་ནི་བདག་ཉིད་ཆེ། ། བཅོམ་ལྡན་མཆོག་ཀྱང་གཤེགས་པར་འགྱུར། །རྡོ་རྗེ་སེམས་སོགས་སངས་རྒྱས་སྲས། །ངོ་མཚར་སློབ་དཔོན་གྱིས་མཐོང་འགྱུར། །མཆོད་པ་དང་ནི་གཏོར་མ་ཉིད། །ཇི་བཞིན་ཆོ་ག་བཅས་པར་འགྱུར། །དེ་བཞིན་རྫུ་འཕྲུལ་དངོས་གྲུབ་དག །མཐོང་ནས་དཀྱིལ་འཁོར་བྱ་བ་ཡིན། ། ཇི་ལྟར་བཀོད་པ་འཁོར་ལོ་དང་། །ཇི་ལྟར་ཡོ་བྱད་ཟད་པ་དང་། །ཇི་ལྟར་བརྟུལ་ཞུགས་སྤྱད་པ་བཞིན། །དེ་བཞིན་དངོས་གྲུབ་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དང་། །སངས་རྒྱས་ཡང་དག་མཐོང་བར་འགྱུར། །ཇི་ལྟར་འཁོར་ལོ་ཆེན་པོ་བྱོན། །འདི་ནི་ངོ་མཚར་མཆོག་ཡིན་ ནོ། །ཇི་ལྟར་དེ་རྣམས་བཞུགས་པ་བཞིན། །དེ་བཞིན་འཁོར་ལོ་ཡོངས་སུ་བཟུང་། །ཡེ་ཤེས་བཟང་པོ་ཁྱབ་པ་ཡི། །རྨད་བྱུང་དམ་པ་ཐོབ་པར་འགྱུར། །དཀྱིལ་འཁོར་རྨད་བྱུང་ཐམས་ཅད་ནི། །ས་དག་བརྟོལ་ནས་མཐོང་བར་འགྱུར། །ཡང་ན་དཀྱིལ་འཁོར་བར་སྣང་གི། ། ནམ་མཁའ་ལ་གནས་མཐོང་བར་འགྱུར། །ཡང་ན་སངས་རྒྱས་ཀུན་གང་བའི། །སངས་རྒྱས་རྒྱ་མཚོ་མཐོང་བར་འགྱུར། །ཡང་ན་ཕྱོགས་རྣམས་ཐམས་ཅད་དུ། །སངས་རྒྱས་སྐུ་ནི་རབ་མཐོང་འགྱུར། །རྡོ་རྗེ་སེམས་དཔའི་གཟུགས་བཞིན་དུ། །རྡོ་རྗེ་ཅན་གྱིས་བདག་ཉིད་མཐོང་། ། ཡང་ན་གསང་བ་ལྔ་ཞེས་པའི། །ཡང་ན་སངས་རྒྱས་མཁས་པའི་མཆོག །ཡང་ན་དཀྱིལ་འཁོར་གནས་དེ་ནི། །སྟོང་ཕྲག་གསུམ་ནི་ཡོངས་སུ་གཟུང་། །ཡང་ན་རྡོ་རྗེ་སེམས་གཅིག་པོ། །དཀྱིལ་འཁོར་བདག་པོ་ཞེས་བཤད་དོ། །དེ་ཡི་མཚན་ མོ་ཉིན་མོ་མཐོང་། །ཉི་མའི་འོད་ཀྱིས་ཀུན་ཁྱབ་པའི། །ཡང་ན་ཉི་མ་འཆར་བ་སྟེ། །ཡང་ན་ཟླ་བའི་དཀྱིལ་འཁོར་རོ། །དག་པའི་ཞིང་ནི་མཐོང་ནས་སུ། །སངས་རྒྱས་རོལ་པ་མཐོང་བར་འགྱུར། །འདུས་པ་ཤིན་ཏུ་དག་པ་ཡི། །དབང་བསྐུར་བ་ནི་མཐོང་བར་འགྱུར། ། རྨད་བྱུང་སྣ་ཚོགས་ཞེས་བྱ་བ། །རྣམ་འཕྲུལ་ངོ་མཚར་འདི་མཐོང་འགྱུར། །རྡོ་རྗེ་སློབ་དཔོན་སྐལ་ཆེན་གྱིས། །དཀྱིལ་འཁོར་མཆོད་པ་སྣ་ཚོགས་འགྱུར། །ཡོ་བྱད་ཚོགས་པར་གྱུར་ཀྱང་ནི། །གང་ཞིག་བསྒྲིབས་པར་གྱུར་པ་ཡི། །དེ་བཞིན་ངོ་མཚར་ཉིད་མི་མཐོང་། །རྣལ་འབྱོར་ གཞན་ནི་ཡང་དག་རྩོམ། །ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །སྡིག་པ་དྲལ་བ་ཡང་དག་བྱ། །རྨད་བྱུང་སྣ་ཚོགས་འདི་ལྟ་སྟེ། །ལ་ལར་ཞུགས་པ་ཙམ་གྱིས་ནི། །འགྲུབ་པ་ཉིད་དུ་གདོན་མི་ཟ། །དང་པོ་ཐུན་ལ་འགྲུབ་པར་འགྱུར། །དེ་བཞིན་ལ་ལར་མཚན་ཕྱེད་ན། །གསུམ་ པའང་སྐྱ་རེངས་འཆར་ན་འགྲུབ། །དེ་བཞིན་ལ་ལར་ཉི་ཤར་ན། །དེ་མ་ཐག་ཏུ་མངོན་འདོད་པའི། །སངས་རྒྱས་བྱང་ཆུབ་མཆོག་འགྲུབ་འགྱུར། །སྐལ་ལྡན་ཐར་པར་འདོད་འགྱུར་ན། །ས་ནི་དང་པོར་འདོད་པ་སྟེ། །རབ་ཏུ་དགའ་བའི་ས་ཐོབ་ནས། །གང་གིས་གནས་མེད་འགྲོ་བའོ། ། ཡང་ན་རིག་པ་འཛིན་ཉིད་དམ། །དེ་བཞིན་རྡོ་རྗེ་ཉིད་དུ་འགྱུར། །ཇི་ལྟར་མངོན་པར་འདོད་པར་འགྲུབ། །སངས་རྒྱས་བྱང་ཆུབ་ཡོངས་སུ་འཛིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །དེ་བཞིན་སྡིག་པ་ཀུན་བྱེད་པས། །གང་ཚེ་ལན་བདུན་བྱས་ནས་ནི། །བསྒྲུབ་པས་རྣལ་འབྱོར་ འགྲུབ་པར་འགྱུར། །འབྱུང་བ་བཞི་ལས་གཟུགས་ཅན་མིན། །ནམ་མཁའི་གཟུགས་སུ་རྟག་ཏུ་འགྱུར། །ཆོས་ཀྱི་དབྱིངས་སུ་འགྱུར་བ་ཉིད། །རྡོ་རྗེའི་བཀའ་ནི་གཞན་དུ་མིན། །གང་དག་ལན་བདུན་བསྒྲུབས་ན་ནི། །སྡིག་པ་དགེ་བ་ཉིད་འགྱུར་ཞིང་། །ཉེས་པར་བྱས་པ་ བསོད་ནམས་ཚོགས། །གཞན་དུ་འགྲུབ་པར་མི་འགྱུར་ཏེ། །དད་པ་མེད་པར་གནས་པ་དང་། །གང་ཚེ་ཐེ་ཚོམ་ཟ་འགྱུར་བ། །དེ་ནི་རྣལ་འབྱོར་ཉམས་པར་འགྱུར། །བྱང་ཆུབ་སེམས་ནི་ཡོངས་མ་བཟུང་། །སྔོན་དུ་བསྙེན་པ་ཉམས་འགྱུར་ཏེ། །རྟག་ཏུ་བརྟུལ་ཞུགས་ཉམས་ པར་འགྱུར། །དེ་འདྲ་ལ་སོགས་བགེགས་མང་དང་། །ང་རྒྱལ་འདི་དག་རྣམ་པར་སྤངས། །སྡོམ་པ་ཡོངས་སུ་མ་བཟུང་ཞིང་། །རྣལ་འབྱོར་དེ་ཉིད་ཚུལ་ཤེས་མིན། །རྡོ་རྗེ་སློབ་དཔོན་མི་བརྟན་འགྱུར། །འགྲུབ་པ་ཉིད་དུ་མི་འགྱུར་རོ། །དེ་བས་འབད་པ་ཐམས་ཅད་ཀྱིས། ། གལ་ཏེ་རྡོ་རྗེ་སློབ་དཔོན་འགྱུར། །མཁས་ཤིང་སྡོམ་པ་བླངས་པ་དང་། །བྱང་ཆུབ་སེམས་ནི་ཡོངས་སུ་གཟུང་། །གང་ཚེ་འཚོ་བ་དོན་ཡོད་ཅིང་། །གལ་ཏེ་སྐྱེ་བ་འབྲས་བཅས་འདོད། །འབད་པས་ཐམས་ཅད་ཉིད་ཀྱིས་ནི། །རྣལ་འབྱོར་ཆེན་པོ་ཡང་དག་བརྩམ། །བྱང་ཆུབ་སེམས་ དང་ལྡན་གྱུར་ནས། །རིག་པའི་སྡོམ་པ་འཛིན་པ་ཡི། །དེ་ནས་རྣལ་འབྱོར་ཡང་དག་བརྩམ། །སངས་རྒྱས་བྱང་ཆུབ་རབ་འགྲུབ་འགྱུར། །ཡང་ཞུས་པ། །རིག་པའི་རྒྱུད་ནི་རབ་བསྒྲུབ་ཕྱིར། །སྡོམ་པ་ཇི་ལྟར་བླང་བར་བགྱི། །ཇི་ལྟར་དམ་ཚིག་བསྲུང་བར་བགྱི། །དམ་ཚིག་ ཉམས་པ་ཇི་ལྟ་བུ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བྱང་སེམས་ཡང་དག་བསྐྱེད་ནས་ནི། །ཐེག་པ་གཞན་ལ་འདོད་མི་བྱ། །དེ་ནས་རྣལ་འབྱོར་ཡང་དག་བརྩམ། །དཀྱིལ་འཁོར་གང་ན་གནས་ཀྱང་རུང་། །སློབ་དཔོན་གྱི་ནི་མདུན་སོང་སྟེ། །ཞབས་དག་ལ་ནི་བཏུད་ནས་ བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། ། སློབ་དཔོན་གྱིས་ནི་ཉེ་བར་བརྟག །རྣམ་པ་ཀུན་དུ་དྲི་བར་བྱ། །དམ་ཚིག་བརྗོད་བྱ་གང་ཞིག་ནི། །སྣོད་དུ་རུང་བ་དེ་གཞུག་བྱ། །བུ་དང་སློབ་མ་མ་ཡིན་མིན། །སྣོད་དང་ལྡན་ལ་སྦྱིན་པར་བྱ། །གལ་ཏེ་སྣོད་དང་ལྡན་པར་ཤེས། །སྲོག་དང་བདོག་པ་ཀུན་སྦྱིན་བྱ། །སྔོན་དུ་དཀྱིལ་ འཁོར་རབ་འཇུག་ཅིང་། །ཆོ་ག་བཞིན་དུ་བཅུག་ནས་ནི། །དེ་ནས་མེ་ཏོག་བཅས་ཐལ་མོ། །ལུས་བཏུད་དགའ་བ་ཆེ་རྣམས་ཀྱིས། །བཤགས་པ་དང་ནི་གསོལ་བ་གདབ། །རྗེས་སུ་ཡི་རང་ཀུན་དུ་བྱ། །རྒྱུད་དབང་གསང་བ་ལས་གསུངས་བཞིན། ། མཆོད་པ་དང་བཅས་ཡོངས་སུ་བསྔོ། །ཕྱོགས་རྣམས་ཀུན་དུ་ཕྱག་བྱ་ཞིང་། །སྡོམ་པ་ཆེན་པོ་བླང་བར་བྱ། །སློབ་དཔོན་ལ་ནི་རབ་ཏུ་མཛོད། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་ བགྱི་བ་འདི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་བར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོ་འཇུག་པར་བགྱི། །གསང་བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་ མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །གསང་བའི་རིགས་ལས་བྱུང་བ་ཡི། །རྡོ་རྗེའི་རིགས་བཅས་འཁོར་ལོ་སྟེ། །རྟ་བབས་བཅས་པར་ཡང་དག་ལྡན། །སློབ་དཔོན་གྱུར་པར་ཤེས་པར་བྱ། །བདག་ཉིད་ཉེ་ བར་ཞི་བ་ཉིད། །བྱང་ཆུབ་སེམས་ནི་ཡོངས་སུ་གཟུང་། །གསང་བ་ཡི་ནི་འཁོར་ལོ་རུ། །སྡོམ་པ་དང་བཅས་འཇུག་པར་བགྱི། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །གསང་བ་ཆེན་པོ་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་ བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་ དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་ དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་འགྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པ་ཡང་མི་བླང་ངོ་། །འདོད་པ་ལོག་ པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདས་མི་ཆགས། ། ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ ཏུ་བཤད། །དེ་ཉིད་ཀྱིས་ཀྱང་བརྗོད་པར་བྱ། །འདིར་ནི་སློབ་དཔོན་བདག་ལ་གསོན། །གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་ སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་ རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་ མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་ རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་ མ་ལུས་གཟུང་། །མ་གྲོལ་བ་ནི་གྲོལ་བར་བགྱི། །མ་རྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཆོ་ག་ཇི་བཞིན་དབང་བསྐུར་བྱ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། ། གསང་བའི་རྒྱུད་ལས་རབ་ཏུ་བཤད། །དེ་ལྟ་བུ་ཡི་ཆོ་ག་ཡིས། །རྟག་པ་ཉིད་དུ་སྤྱོད་པ་ན། །སློབ་དཔོན་རྡོ་རྗེ་འཆང་ཆེན་དུ། །འདི་ནི་འགྱུར་བ་ཐེ་ཚོམ་མེད། །རྡོ་རྗེ་སློབ་དཔོན་གྱི་ལས་རྫོགས་སོ།། །།དེ་ནས་སློབ་མ་གཞུག་པའི་ལས། །ཡང་དག་ཉིད་དུ་བཤད་ པར་བྱ། །སློབ་མ་རྡོ་རྗེ་སློབ་དཔོན་གྱིས། །ཇི་བཞིན་གསང་བ་ཆེན་པོར་གཞུག །སྣོད་དང་སྣོད་མིན་བརྟག་པ་ཉིད། །བདག་ཉིད་ཆེན་པོས་མི་བྱའོ། །འདི་ནི་མཐོང་བ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་ནི་འགྲུབ་པར་འདོད། །གལ་ཏེ་དེ་ནི་སྣོད་མིན་ན། །དེ་ལ་ གཞུག་པ་སྦྱིན་པར་བྱ། །ཡང་ན་གང་ཞིག་དོན་གཉེར་འགྱུར། །དེ་ལ་ཇི་ལྟར་བདེ་བ་ཉིད། །ཅི་སྟེ་གང་ཞིག་འདུག་པར་འགྱུར། །མཁས་པས་གཞུག་པ་སྦྱིན་པར་བྱ། །གང་ཕྱིར་མཐོང་བ་ཙམ་གྱིས་ནི། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །འོན་ཀྱང་གང་ ཞིག་འདུག་པར་འགྱུར། །དེ་ལ་ལས་ནི་བྱ་བ་མིན། །གཞུག་པ་ཙམ་ཞིག་སྦྱིན་བྱའོ། །རྣམ་པ་ཐམས་ཅད་ཉིད་མི་བྱ། །དགའ་ཞིང་དད་དང་ལྡན་གྱུར་ན། །སྣོད་དུ་རུང་བ་བརྟག་པར་བྱ། །གསུམ་ལ་སྐྱབས་འགྲོ་སྔོན་སོང་བའོ། །དེ་ལ་གཞུག་པ་སྦྱིན་པར་བྱ། ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །རྡོ་རྗེ་སློབ་མ་ལ་སྦྱིན་བྱ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེས། །སྦྱོར་བཞིན་སུ་ཡིན་བརྗོད་པར་བྱ། །དཀར་པོ་དམར་པོ་དང་ལྡན་པའི། །གོས་ཀྱིས་མིག་ནི་བཀབ་གྱུར་དང་། །རྡོ་རྗེ་འཇུག་བྱེད་ཕྱག་རྒྱ་ཡིས། །རྡོ་རྗེ་སློབ་མ་གཞུག་ པར་བྱ། །དེ་ནས་སྒོ་ཡི་ལས་བྱ་སྟེ། །སྔོན་ལ་རྡོ་རྗེ་ལྕགས་ཀྱུ་ཡིས། །རྡོ་རྗེ་ལྕགས་ཀྱུ་དགུག་བྱ་ཞིང་། །ཡི་གེ་ཛཿནི་བརྗོད་པར་བྱ། །བཛྲ་ཨཾ་ཀུ་ཤ་ཛཿ། རྡོ་རྗེ་ལྕགས་ཀྱུ་བཀུག་ནས་ནི། །རྡོ་རྗེ་ཞགས་པས་གཞུག་པར་བྱ། །ལྷོ་ཡི་སྒོར་ནི་སྦྱོར་བྱ་ཞིང་། །ཡི་གེ་ཧཱུྃ་ནི་ བརྗོད་པར་བྱ། །ཧཱུྃ་བཛྲ་པཱ་ཤ་ཧཱུྃ། རྡོ་རྗེ་ཞགས་པས་བཅུག་ནས་ནི། །ལྕགས་སྒྲོག་ལྡན་པས་བཅིང་བར་བྱ། །ནུབ་ཀྱི་སྒོ་རུ་བཅིངས་ནས་ནི། །ཡི་གེ་བཾ་ནི་བརྗོད་པར་བྱ། །བཛྲ་སྥོ་ཊ་བཾ། རྡོ་རྗེ་ལྕགས་ཀྱུ་ཡང་དག་དགུག །རྡོ་རྗེ་ཞགས་པས་གཞུག་བྱ་ཞིང་། །རྡོ་རྗེ་ ལྕགས་སྒྲོག་གིས་བཅིང་བྱ། །རྡོ་རྗེ་དྲིལ་བུས་ཡང་དག་དབབ། །བཛྲ་གྷནྜེ་ཨཿ། རྡོ་རྗེ་གཞུག་པའི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་མཆོད་ཕྱིར་གཞུག་པར་བྱ། །དམ་ཚིག་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེའི་ཡེ་ཤེས་ཡང་དག་དབབ། །ས་མ་ཡ་སྟྭཾ། དམ་ཚིག་ ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །དམ་ཚིག་བདག་ཉིད་ཆེན་པོ་ཡིས། །སངས་རྒྱས་ཡེ་ཤེས་དབབ་པར་བྱ། །ས་མ་ཡ་ཧཱུཾ། དེ་ནས་མཆོད་པ་ཕྱག་རྒྱར་བཅས། །སྤོས་དང་མེ་ཏོག་ལ་སོགས་ཚོགས། །ཕྱག་རྒྱ་དག་ནི་ཐམས་ ཅད་བྱ། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །དེ་ནས་ཆོ་ག་ཇི་བཞིན་དུ། །རྡོ་རྗེ་སློབ་མ་མནའ་བསྒག་བྱ། །བཛྲ་ཨུད་ཀ། རྡོ་རྗེ་མིང་གིས་དབང་བསྐུར་བས། །ཇི་ལྟར་འདོད་པས་དབང་བསྐུར་བྱ། །བཛྲ་ཨ་བྷི་ཥེ་ཀ། རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་ནས་དེ་ལ་དབབ་པ་ སྦྱིན། །བཛྲ་ཨཱ་བེ་ཤ་ཨ་ཨ། བཅུ། ཉི་ཤུ། སུམ་ཅུ། བཞི་བཅུ། ལྔ་བཅུ། དྲུག་ཅུ། བདུན་ཅུ། བརྒྱད་ཅུ། དགུ་བཅུ། བརྒྱ། རྡོ་རྗེ་ཡིས་ནི་སྔགས་འདི་ཡིས། །ཐམས་ཅད་དུ་ནི་ཡང་དག་དབབ། །དེ་ནས་གདོང་གཡོགས་དགྲོལ་བར་བྱ། །རྡོ་རྗེའི་མིག་ནི་བླ་ ན་མེད། །བཛྲ་ཨཀྵ། རྡོ་རྗེའི་རིགས་ནི་སྐལ་ལྡན་གྱི། །དཀྱིལ་འཁོར་ལྟོས་ཤིག་ཅེས་བརྗོད་བྱ། །བཛྲ་པཱ་ཤྱ་ཧོ། དེ་ནས་དེ་ལ་བུམ་པ་བཟང་། །རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར། །གང་མིང་བཟང་བ་ཙམ་གྱིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །ཨོཾ་བཛྲ་ ཨ་བྷི་ཥིཉྩ། སྣོད་ནི་ཡང་དག་བརྟག་བྱ་ཞིང་། །དེ་ཡི་ཡེ་ཤེས་ཡོངས་སུ་སྦྱང་། །གལ་ཏེ་སྣོད་དུ་རུང་ཤེས་ན། །རྣམ་པར་དབྱེ་བར་དགའ་བར་བྱ། །ཧེ་བཛྲ་ནཱ་མ། ཆོ་ག་བཅུ། གཟུང་ཉི་ཤུ། ཆུ་སུམ་ཅུ། རྡོ་རྗེ་བཞི་བཅུ། རིན་ཆེན་ལྔ་བཅུ། ཕེག་རྡོབ་དྲུག་ཅུ། ཁ་སྦྱར་ བདུན་ཅུ། བཞད་པ་བརྒྱད་ཅུ། དག་པ་དགུ་བཅུ། སེམས་དཔའ་བརྒྱ། སངས་རྒྱས་སྟོང་། ལས་ཉིས་སྟོང་། གཟུགས་སུམ་སྟོང་། རྣལ་འབྱོར་བཞི་སྟོང་། འཛིན་པ་ལྔ་སྟོང་། གཟུགས་དྲུག་སྟོང་། ཁ་དོག་བདུན་སྟོང་། དབྱིབས་བརྒྱད་སྟོང་། མཚན་མ་དགུ་སྟོང་། ཚིག་འབུམ། ཨ་འབུམ་ཕྲག་གཅིག་ནི་ཡོངས་རྫོགས་ནས། །འཁོར་ལོའི་མཚན་ཉིད་ཡང་དག་ལྡན། །གསང་བ་ཡི་ནི་སྤྱོད་ཡུལ་གཞན། །དེ་ནས་ལས་ནི་རབ་བཤད་བྱ། །སློབ་མའི་ཆོ་ག་དང་མིང་གི་དམ་ཚིག་རྫོགས་སོ།། །།ཡེ་ཤེས་དག་པ་བདག་ཉིད་ཆེ། །དེ་ནས་གསང་བ་ རབ་བཤད་བྱ། །གང་གི་ཆོ་ག་ཐམས་ཅད་ཀྱིས། །འཁོར་ལོ་ཆེན་པོ་བརྟན་འགྱུར་བ། །སངས་རྒྱས་སེམས་དཔའ་སེམས་དཔའ་ཉིད། །ས་ཡི་མཚན་ཉིད་ཡང་དག་ལྡན། །གསང་བའི་དམ་བཅས་ཡི་རང་བཞིན། །དེ་བཞིན་གཤེགས་པའི་ཐུགས་དག་པ། །རྡོ་རྗེའི་སྐུ་དང་ གསུང་དང་ཐུགས། །ཡེ་ཤེས་དག་པ་རྫུ་འཕྲུལ་ཆེ། །རྡོ་རྗེའི་ཐུགས་འཛིན་གྱུར་ནས་ནི། །མཚན་ཉིད་དག་ནི་ཡང་དག་བརྟག །རྣལ་འབྱོར་དཔེ་བྱད་དོན་ལྡན་པ། །མཚན་ཉིད་རྗེས་སུ་བརྟག་པར་བྱ། །རྡོ་རྗེའི་ཐུགས་ཀྱི་རྗེས་སྦྱོར་བས། །ཡེ་ཤེས་དག་པ་ཡང་དག་གཟུང་། ། མཆོག་ཏུ་གསང་བ་དམ་པ་མཆོག །ཡེ་ཤེས་བཞུགས་པ་ཀུན་དུ་བཤད། །དེ་ནས་ཡེ་ཤེས་དམ་པ་ཡིས། །འཇིག་རྟེན་འདས་པ་རབ་གཞུག་བྱ། །མཚན་ཉིད་ཆེན་པོ་དང་ལྡན་པའི། །རྟོགས་པའི་ས་ལ་ཡང་དག་བརྟེན། །རྣལ་འབྱོར་པ་ཡི་སྤྱོད་ཡུལ་མཆོག །རྡོ་རྗེ་ཆོས་ནི་ ཡིད་འོང་བའོ། །ཐིམ་དང་ཆོས་སྐུ་ཞེས་བྱ་དང་། །བསྡིགས་དང་འོད་ཟེར་ལྔ་པ་དང་། །གློག་དང་ཆུ་ཟླ་ཞེས་བྱ་བས། །སངས་རྒྱས་ཡེ་ཤེས་ཡང་དག་འཐོབ། །ཆུ་ཡི་ཟླ་བ་བཟང་པོ་ཡིས། །ཟླ་བའི་དཀྱིལ་འཁོར་སྤང་བར་བྱ། །ཉི་མ་ལྔ་དང་ཡང་དག་ལྡན། །རིགས་ཆོས་ སྐར་མ་ཞེས་བྱ་བ། །ཉོན་མོངས་གནོད་པ་འཇོམས་བྱེད་པ། །ཨེ་མའོ་གསང་བ་ཆེན་པོར་བཤད། །གསང་བ་ཞེས་བྱ་རྡོར་འོད་འབྱུང་། །གཞན་ཡང་ཟླ་བ་ཕྱེད་པར་འདོད། །ཕོ་ཉའི་དཀྱིལ་འཁོར་ཁ་ཊྭཱཾ་ག །བཅིང་བརྩེ་གསུམ་སྦྱོར་ལས་བྱུང་། །ལྕགས་ཀྱུ་ཤིན་ཏུ་འབར་བ་དང་། ། གཏུམ་པོ་རྡོ་རྗེ་ཅན་གྱི་ཚོགས། །རྟོག་པའི་གནས་ནི་ཡོངས་འགྱུར་བ། །ཐོབ་བྱེད་རྡོ་རྗེ་ཆེན་པོར་འདོད། །ཀུན་གྱི་གོང་མའི་འོག་མ་ཡིས། །ཉི་ཚེ་བ་དེ་སྤང་བར་བྱ། །མཆོག་ཏུ་གསང་བ་རྫོགས་སོ།། །།དེ་ནས་མཆོག་ཏུ་གསང་བ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་ཡུལ་ ཅན། ཟབ་པ། ཚུལ་རྒྱ་ཆེ་བ་མཁས་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ལས་ཀྱི་ཚོགས་སྟོན་པ། དགའ་བ་ཆེན་པོའི་བཀོད་པས་ཀུན་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་འབྱུང་ ཕ་རོལ་པའི་འཁོར་ལོ་ཆེན་པོ་འདི་ལས་ཕྱག་རྒྱ་ཆེན་པོའི་རྒྱུད་མཆོག་ཅེས་བྱ་བ་འབྱུང་སྟེ། གསང་བ་མཆོག་ཏུ་རྒྱ་ཆེ་བ། །བསམ་གྱིས་མི་ཁྱབ་ལས་རྣམས་སྟོན། །རོལ་པའི་འཁོར་ལོ་ཆེན་པོ་རུ། །ཆོས་ཀྱི་མཛོད་ནི་འཛིན་པར་བྱ། །རེ་ཞིག་དང་པོར་ལས་ཀྱི་ ཚོགས་བསྟན་པར་བྱ་སྟེ། འདི་ལྟ་སྟེ་ཧཱུྃ། འཁོར་ལོའི་དཀྱིལ་འཁོར་གཟུང་བ་ཡི། །སྦྱོར་ཐབས་ཡི་གེ་ཧཱུྃ་བརྗོད་དེ། །འདི་ཡིས་ཀྱང་ནི་རྒྱལ་པོ་དང་། །ཕྱག་རྒྱའི་རྒྱལ་མོ་བརྒྱ་རུ་འགྱུར། །གཉིས་པ་ནི་བྱང་ཆུབ་ཆེན་པོའི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཆོས་ཀྱི་འཁོར་ལོའི་ ཚུལ་ལ་འཇུག་པ་ཡིན་ནོ། །འདི་ལྟ་སྟེ་ཧཱུྃ། འདིས་ནི་ཕྱག་རྒྱ་ཞེས་བྱ་ཡི། །ཡི་གེ་ཧཱུྃ་ནི་བརྟན་པར་འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །ཕྱག་རྒྱའི་རྒྱལ་མོ་རྣམ་པ་སྟོང་། །གསུམ་པ་ཕྱག་རྒྱ་སྟོང་ཕྲག་ནི། །བརྒྱ་ཡི་ཚོགས་སུ་འགྱུར་བ་ཡིན། །སངས་རྒྱས་འཁོར་ལོར་ འཇུག་པ་ཡི། །ཡི་གེ་ཧཱུྃ་གིས་བརྟན་པར་འགྱུར། །ཧཱུྃ་རྣལ་འབྱོར་བཞི་པའི་དབྱེ་བ་ནི། །བརྒྱ་ཕྲག་ཁྲི་རུ་འདིར་འགྱུར་རོ། །རིག་པའི་འཁོར་ལོ་ཞེས་བྱ་བ། །ཕྱག་རྒྱའི་རྒྱལ་མོ་ཀུན་ཧཱུྃ་བཅས། །འཁོར་ལོའི་ཕྱག་རྒྱ་ཇི་སྙེད་ཡོད། །མངག་གཞུག་པ་ནི་བྱེ་བར་འགྱུར། །རྩེ་གསུམ་ ལ་སོགས་མཚོན་ཆ་ནི། །རྟག་ཏུ་ཕྱག་རྒྱའི་རྒྱལ་པོ་ཡིན་ཧཱུྃ། །དེ་ནས་སྔགས་ཀྱི་ཚོགས་འབྱུང་སྟེ། །ཊག་གི་བཅུ། མཊ་ཉི་ཤུ། ཕཊ་སུམ་ཅུ། རཊ་བཞི་བཅུ། བཊ་ལྔ་བཅུ། རིཊ་དྲུག་ཅུ། ཁཊ་བདུན་ཅུ། ཝཊ་བརྒྱད་ཅུ། ཏཊ་དགུ་བཅུ། ཏཊ་བརྒྱ། ཀ་ཏནི་ལན་སྟོང་ ཡིན། །ཏ་དང་ཝ་ཞེས་བྱ་བ་དང་། །ཌ་ནི་རྣམ་པ་བཅུ་རུ་འགྱུར། །ཡི་གེ་ཌ་ནི་ལན་གསུམ་སྦྱར། །ཡི་གེ་ཨ་ཡང་རྣམ་པ་བཞི། །ཡི་གེ་བ་ནི་རྣམ་པ་ལྔ། །ཡི་གེ་ཨ་ནི་ལན་དྲུག་སྦྱར། །ཀ་ནི་ལན་བདུན་ཡང་དག་སྦྱར། །ཡི་གེ་དྷ་ནི་ལན་བརྒྱད་སྦྱར། །ཡི་གེ་ཤ་ནི་ཕྱེད་དུ་འགྱུར། ། ཁིཊ་ནི་སྟོང་ཕྲག་བརྒྱ་རུ་འགྱུར། །སྟོང་ཕྲག་བརྒྱ་ལས་རྣལ་འབྱོར་གྱིས། །ཕྱག་རྒྱའི་རྒྱུད་ནི་བཏུ་བར་བྱ། །རྟོག་པ་ཐམས་ཅད་བསྡུས་པ་གསང་བའི་རྣལ་འབྱོར་ཆེན་པོའི་དྲུག་པ་གསང་བའི་ཚོགས་ཆེན་པོའི་མཆོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྟོག་པའི་རྒྱལ་པོ་ ཆེན་པོ་ཤིན་དུ་གསང་བའི་རྣལ་འབྱོར་རྡོ་རྗེ་རྩེ་མོ་ལས། བྱང་ཆུབ་པའི་ཚུལ་རྒྱ་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་ལེའུ་གཉིས་པ་རྫོགས་སོ།། །།རིག་པ་འཛིན་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཡང་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེན་པོ་ འདི་ལས་དཀྱིལ་འཁོར་ཆེན་པོའི་དང་པོར་ཕྱག་རྒྱ་དང་ཉེ་བའི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་འབྱུང་སྟེ། གང་ཚེ་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་སློབ་མར་གྱུར་པ་ན། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་བཅིང་། །གང་ཕྱིར་རྡོ་རྗེ་འཛིན་པའི་གནས། །གང་ཚེ་རྡོ་རྗེ་སེམས་དཔའ་འཆིང་། །རྡོ་རྗེ་ཁུ་ཚུར་དམ་ དུ་འཆིང་། །གང་ཚེ་རྡོ་རྗེ་རྒྱལ་པོ་འཆིང་། །རྡོ་རྗེ་གནོད་སྦྱིན་རབ་ཏུ་འཆིང་། །གང་ཚེ་རྡོ་རྗེ་ཆགས་པ་འཆིང་། །རྡོ་རྗེ་སྲིན་པོ་རབ་ཏུ་འཆིང་། །གང་ཚེ་རྡོ་རྗེ་ལེགས་པ་འཆིང་། །རྡོ་རྗེ་ལས་ནི་རབ་ཏུ་འཆིང་། །གང་ཚེ་རྡོ་རྗེ་རིན་ཆེན་འཆིང་། །རྡོ་རྗེ་སྨྲ་བ་རབ་ཏུ་འཆིང་། །གང་ཚེ་རྡོ་རྗེ་གཟི་ བརྗིད་འཆིང་། །རྡོ་རྗེ་རྒྱུ་ནི་རབ་ཏུ་འཆིང་། །གང་ཚེ་རྡོ་རྗེ་རྒྱལ་མཚན་འཆིང་། །རྡོ་རྗེ་རྣོན་པོ་རབ་ཏུ་འཆིང་། །གང་ཚེ་རྡོ་རྗེ་བཞད་པ་འཆིང་། །རྡོ་རྗེ་ཆོས་ནི་རབ་ཏུ་བཅིང་། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །ཕྱག་རྒྱའི་ལན་ནི་ཡང་དག་སྦྱར། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་ཡིས། །རྡོ་རྗེའི་ཕྱག་རྒྱ་ བརྟན་པར་འགྱུར། །མཆོད་པའི་ཕྱག་རྒྱ་ཇི་ལྟར་ལགས། །རྡོ་རྗེའི་ལྕགས་ཀྱུས་བཀུག་ནས་སུ། །རྡོ་རྗེའི་མདས་ནི་དགའ་བར་བྱ། །རྡོ་རྗེའི་མདས་ནི་འཕངས་ནས་སུ། །རྡོ་རྗེའི་ཁུ་ཚུར་གྱིས་བསྒྲུབ་བྱ། །ཕྱག་རྒྱ་ཇི་བཞིན་བཀྲོལ་ནས་ནི། །དེ་ནི་བཅིང་བ་རབ་ཏུ་བྱ། །མཆོད་པའི་ཆོ་ ག་འདི་ཡིས་ནི། །རྡོ་རྗེ་དཀྱིལ་འཁོར་མཆོད་པར་འགྱུར། །དེ་བཞིན་གཡོན་པས་གར་བྱ་ཞིང་། །གཡས་པས་ཁུ་ཚུར་བཅིངས་ནས་ནི། །དཔྲལ་བར་ཡོངས་སུ་བསྐོར་ནས་སུ། །ཁ་ཡི་མདུན་དུ་དགོད་པར་བྱ། །རྡོ་རྗེ་ཉི་མ་བཞད་པས་བགད། །མཉམ་ཞིང་ཅུང་ཟད་གདངས་ཏེ་ གནས། །རལ་གྲི་དྲི་མ་མེད་སྣང་བས། །རྡོ་རྗེ་གླུ་ནི་བླང་བར་བྱ། །རྡོ་རྗེ་ཁྲོ་བོའི་མཛུབ་མོ་ནི། །ཡང་དག་བསྒྲེང་བ་ལེགས་པར་བསྒྲུབ། །དེ་ནས་སྤྱི་གཙུག་ཁ་དག་ཏུ། །ལས་བྱས་དཀྱིལ་འཁོར་མཆོད་པ་ན། །རིགས་ཀྱི་ལྷ་ཡི་སྦྱོར་བ་ཡིས། །ལེགས་པར་བསྒྲུབ་པས་གཏམ་ འགྲུབ་བྱ། །དང་པོར་བདག་ཉིད་རྡོ་རྗེ་སེམས། །དེ་བཞིན་ལྷ་ཉིད་བརྟག་པར་བྱ། །བརྟུལ་ཞུགས་སྦྱོར་བ་འདི་ཡིས་ནི། །རིགས་ཀྱི་ལྷ་ཉིད་བསྒྲུབ་པར་བྱ། །འཁོར་ལོ་རྣམ་པ་དུ་རུ་བརྗོད། །ཇི་ལྟར་རིགས་དེ་བཞིན་འཁོར་ལོ། །ཇི་ལྟར་དགོད་པ་དེ་བཞིན་འགྱུར། ། ཇི་སྐད་གསུངས་པ་དགོངས་པ་བཞིན། །མདོར་བསྡུ་ན་ནི་རྣམ་པ་ལྔ། །རྡོ་རྗེ་རིན་ཆེན་དེ་བཞིན་ཆོས། །པདྨ་སྣ་ཚོགས་ཤིན་ཏུ་བསྟན། །དེ་བཞིན་སངས་རྒྱས་རྣལ་འབྱོར་གསང་། །འཁོར་ལོ་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་དུ་རུ་འགྱུར། །གསང་བ་རྣམ་པ་ལྔ་རུ་བརྗོད། ། རྒྱས་པའི་སྒོ་ནས་རྣམ་པ་མང་། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་ནི་གྲགས་ཆེན་ནོ། །ཆོ་ག་རྣམ་པ་དུ་རུ་བརྗོད། །མདོར་ན་རྣམ་པ་གསུམ་དུ་འདོད། །ཞི་བ་དང་ནི་རྒྱས་པ་དང་། །མངོན་སྤྱོད་ཀྱི་ནི་རྟོག་པ་ལ། །རྡོ་རྗེ་སྦྱོར་བ་ལས་བྱུང་དུ། །རྡོ་རྗེ་སྦྱོར་བ་བླ་མེད་པ། ། ཚད་མེད་བགྲང་དུ་མེད་པ་ཡིས། །ཇི་ལྟར་གདུལ་བྱ་རྣམས་ཀྱི་ཁམས། །དེ་བཞིན་རྡོ་རྗེ་སྦྱོར་འབྱུང་རྣམས། །རྩ་བའི་རྒྱུད་དུ་ཇི་ལྟར་བརྗོད། །གསང་བ་ལྔ་ལྡན་གང་ཡིན་པའི། །དེ་ནི་རྩ་བའི་རྒྱུད་ཅེས་བྱ། །དབང་བསྐུར་ཕྱག་རྒྱ་ཆེན་པོ་དང་། །རིགས་ཀྱི་དཀྱིལ་འཁོར་རྣལ་འབྱོར་ འབྱུང་། །ཇི་ལྟར་གསང་བའི་རིགས་ལས་བྱུང་། །གང་ཞིག་སྔོན་དུ་ཆོས་ཉིད་སྣང་། །ཡིད་ལ་བྱེད་པ་དང་ལྡན་པ། །རྫོགས་སངས་རྒྱས་ཀྱི་ཐབས་ཆེན་པོ། །དེ་བཞིན་གསང་བ་རབ་ཏུ་བརྟག །འདི་ཡི་རྟག་ཏུ་དེ་ཉིད་རིག །རྡོ་རྗེའི་ཡེ་ཤེས་ཇི་ལྟར་འགྱུར། །ཇི་ལྟར་བསྒོམས་པས་རྡོ་རྗེ་ ཅན། །མངོན་པར་སྦྱོར་བ་དེ་ཉིད་རིག །དེ་ཚེ་ཡེ་ཤེས་རང་བཞིན་སེམས། །དེ་ཉིད་ཡེ་ཤེས་བརྟན་པར་འགྱུར། །མཆོག་ཏུ་གསང་བ་ཅི་འདྲར་བརྗོད། །ཕྱག་རྒྱ་རྣམ་པ་ལྔ་ལྡན་པ། །དེ་ནི་མཆོག་ཏུ་གསང་བ་བསྒྲགས། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་བསྡུ། །ཉེ་བར་བཞད་པའི་མཆོད་ པའོ། །དེ་ཉིད་ཀྱང་ནི་ཇི་ལྟ་བུ། །རིག་པའི་བསྒོམ་པ་བསྟན་པ་དང་། །ཏིང་འཛིན་སྒོ་དང་ཡང་དག་ལྡན། །རིག་པའི་ལྷ་མོའི་འཁོར་གྱི་མཆོག །དེ་ཉིད་དུ་ནི་རྟག་ཏུ་འགྱུར། །རྡོ་རྗེ་ཕྲ་མོ་ཇི་ལྟར་བརྗོད། །ཤེས་རབ་ཅན་གྱིས་བདག་བསམ་བྱ། །ད་ནི་སུ་ཞིག་བདག་མི་དམིགས། ། འབྱུང་བ་བཞི་ཡི་རང་བཞིན་ལུས། །འབྱུང་བ་རྣམས་ལས་ཇི་ལྟར་འབྱུང་། །དེ་ནས་ལུས་འདི་ཐམས་ཅད་ནི། །རྣལ་འབྱོར་སྤྱི་བོ་ནས་བརྩམས་ཏེ། །རྐང་པ་ཡི་ནི་མཐིལ་བར་དུ། །མི་གཙང་རྫས་ནི་འབྱུང་བར་འགྱུར། །ཟླ་བའི་རྡོ་རྗེ་དབུས་གནས་པར། །ཡང་ན་བདག་ཉིད་ བསམ་པར་བྱ། །ཡང་ན་སྙིང་གའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཡང་ན་ཟླ་གཉིས་ཡང་དག་ལྡན། །དབུས་སུ་རྡོ་རྗེ་རྣམ་པར་བསྒོམ། །ཡང་ན་རྡོ་རྗེའི་དབུས་གནས་པ། །ལུས་ཀུན་བརྟན་པར་སྤྲོ་བར་བྱ། །ཡང་ན་རྡོ་རྗེ་བདག་ཉིད་སྐུ། །རྡོ་རྗེའི་དངོས་ པོ་རྣམ་སྤངས་པའི། །ཡང་ནམཁའ་མཚུངས་ཆོས་ཤེས་པའི། །རྡོ་རྗེའི་རྣལ་འབྱོར་ཡང་དག་གཟུང་། །ལྕེ་ནི་རྐན་ལ་སྦྱར་བྱས་ཏེ། །སྣ་ཡི་རྩེ་མོར་བལྟ་བྱ་ཞིང་། །རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །རྡོ་རྗེ་ཕྲ་མོའི་བདེ་རེག་ལ། །རྟག་ཏུ་མཚན་ མའང་འབྱུང་བར་འགྱུར། །མཚན་མ་དེ་ནི་སྤྲོ་བྱས་ཏེ། །ཕྱོགས་ཀུན་དུ་ནི་ཡོངས་སུ་སྤྲོ། །སྥ་ར་ཎ་བཛྲ། ཅི་སྟེ་སེམས་ནི་སྤྲོ་བར་འདོད། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །སྣ་ཡི་རྩེ་མོར་ཕྱིན་བར་དུ། །སེམས་ནི་སླར་ཡང་བསྡུ་བར་བྱ། །སཾ་ཧ་ར་ཎ་བཛྲ། དེ་ནས་བརྩམས་ཏེ་ མཉམ་བཞག་པས། །གང་ཞིག་ཅུང་ཟད་ཅི་བསྒོམ་པའི། །ཆོས་དང་གང་ཟག་བདག་མེད་ཅིང་། །གཟུང་དང་འཛིན་པ་སྤང་བའོ། །བཛྲ་བཛྲ་ཏིཥྛ་བཛྲ། སེམས་ཅན་གང་ལ་བྱམས་པ་ནི། །རྟག་ཏུ་བརྟན་པར་དམིགས་ནས་སུ། །སེམས་ནི་སྤྲོ་བའི་སྤྱོད་པ་ཡིས། །ཕྱོགས་རྣམས་ ཀུན་དུ་ཡོངས་སུ་སྤྲོ། །མ་ཧཱ་བཛྲ་མཻ་ཏྲི་སྥར་ཎ། སྡུག་བསྔལ་ཀུན་ལ་ཡང་