Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ

Văn bản gốc(Tây Tạng)

Trang 12 / 19 (50.000 ký tự/trang)
ང་འདུས་མ་བྱས་དང་ཡང་དག་པར་ལྡན་པ་མ་ཡིན་ནོ། །ཡང་སྨྲས་པ། ཅི་སྟོང་པ་ཉིད་དུ་ཡང་དག་
པར་འདུ་བ་ཡིན་ནམ། སྨྲས་པ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། རང་བཞིན་སྟོང་པ་ཉིད་དང་། འཇིག་པ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཡང་དག་པར་འདུ་བ་སྟོང་པ་ཉིད་དོ། །འདི་ལ་གང་སྟོང་པ་ཉིད་ཅེས་བྱ་བའི་དངོས་པོ་ཡང་མི་དམིགས་སོ། །
རིགས་ཀྱི་བུ་ཇི་ལྟར་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་དང་། མཚན་གྱི་གཞི་མཚན་གྱི་གཞིས་སྟོང་པ་དང་། མཚན་གྱི་གཞི་མེད་པ་མཚན་གྱི་གཞིས་སྟོང་པ་ཡིན་པ་དེ་བཞིན་དུ་ཚུལ་དེས་ཆོས་ཐམས་ཅད་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བརྗོད་དུ་མེད་པའི་ཕྱིར་
ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ཆོས་ཐམས་ཅད་ཀྱི་དེའི་ངོ་བོ་ཉིད་ཉན་ཐོས་རྣམས་ཀྱིས་བྱས་པ་མ་ཡིན་ནོ། །རང་རྒྱལ་བ་རྣམས་ཀྱིས་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པ་མ་ཡིན་ཏེ། དེ་ལྟར་ཡང་དག་པའི་མཐའ་དང་། དེ་
བཞིན་ཉིད་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཉིད་ཐམས་ཅད་ནམ་མཁའ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་མི་འདྲ་བ་མེད་པ་ཉིད་ནི་ཐ་མི་དད་པ་ཡིན་པར་ཤེས་པར་བྱའོ། །བསྟན་པ་འདི་བཤད་པ་ན་སྔོན་སྟོང་པ་ཉིད་ཀྱི་ཚུལ་ལ་ཡོངས་སུ་སྦྱང་བ་བྱས་པའི་སེམས་
ཅན་དཔག་ཏུ་མེད་པ་ནི་སྔོན་གྱི་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཟད་ཅིང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པར་གྱུར་ཏོ། །སེམས་ཅན་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ཤིང་ཕྱིར་
མི་ལྡོག་པའི་ཆོས་རྣམས་ལ་གནས་པར་གྱུར་ཏོ། །འཕགས་པ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ། ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་ཀུན་ཏུ་བསྲུང་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།ཡང་དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་དགའ་བ་དང་

མཆོག་ཏུ་དགའ་བ་དམ་པ་སྐྱེས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་མངོན་པར་བརྩོན་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་གཏམས་ཞིང་སྔོན་མ་
མཐོང་མ་ཐོས་པའི་སྣང་བ་ཆེན་པོས་ཁྱབ་པ་དེ་ལྟ་བུ་ནི་ངོ་མཚར་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་མཆོག་ཏུ་ངོ་མཚར་ལགས་ཏེ། སངས་རྒྱས་ཀྱི་ཞིང་འདི་དང་མཚམས་གཞན་གྱི་ཁོར་ཡུག་ཆེན་པོའི་རི་མ་གཏོགས་པར་གཡར་སྔར་གཞན་ཅི་ཡང་
གདའ་བར་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་བས་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་མཐོང་ལགས་ན་དེ་བཞིན་གཤེགས་པ་སྙོམས་པར་ཞུགས་པའི་སྣང་བ་ཇི་ལྟ་བུར་འགྱུར་བ་
ལགས། ཅི་དེ་བཞིན་གཤེགས་པའི་སྣང་བས་བདག་ཅག་གིས་སངས་རྒྱས་ཀྱི་ཞིང་གཞན་གྱི་ཡོན་ཏན་བཀོད་པ་མཐོང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རང་གི་སྤྱོད་ཡུལ་ན་བཞུགས་སོ། །
དེ་བཞིན་གཤེགས་པ་བསོད་ནམས་ཆེན་པོའི་རྒྱན་གྱིས་མངོན་པར་བརྒྱན་པ། སྔོན་གྱི་ཚོགས་བསགས་པའི་དགེ་བའི་རྩ་བ་དང་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་འཐུན་པའི་བྱང་ཆུབ་སེམས་དཔར་གྱུར་པའི་རྒྱུ་འཐུན་པའི་རང་གི་གནས་སངས་རྒྱས་ཀྱི་རྣམ་པར་
སྨིན་པས་མངོན་པར་གྲུབ་པ་མཐའ་ཡས་པར་བསྟན་པ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་མ་ཆགས་པའི་སྤྱོད་ཡུལ་གྱིས་བྱིན་གྱིས་བརླབས་པ། ཡེ་ཤེས་གསལ་བ་བསྐྱེད་པར་འཇུག་པའི་བློ་གྲོས་དང་ཡང་དག་པར་ལྡན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་གཤེགས་
པ་ལས་རབ་ཏུ་སྐྱེས་པ། ཕྱི་མའི་མཐའི་བསྐལ་པར་ཡང་དག་པར་བསྒྲུབས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་ཚད་མེད་པ་ལ་གནས་པ། ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་བ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་བརྙེས་པའི་རྒྱུ་འཐུན་པ། སེམས་ཅན་ཐམས་ཅད་ཀྱི་

དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། ཡོངས་སུ་སྨིན་པར་མཛད་པ་ལ་མཁས་པ། བག་ཆགས་ཡང་དག་པར་བཅོམ་པས་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ཡང་དག་པར་བསྟན་པ་ན་བཞུགས་སོ། །རྒྱལ་པོ་ཆེན་པོ་དེས་ན་ཕྱོགས་
བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་ཏུ་མེད་པ་ཁྱོད་ཀྱིས་མཐོང་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་གྲངས་མེད་པ་དཔག་ཏུ་མེད་པ་བཞུགས་ཤིང་གཞེས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་
བ་དང་བཅས་པ་ཁྱོད་ཀྱིས་མཐོང་བར་འགྱུར་རོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་སྲོག་ཆགས་བྱེ་བ་མང་པོ་གཞན་དག་གིས་ཀྱང་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་སངས་རྒྱས་ཀྱི་ཡུལ་ཉིད་ཀྱི་སྤྱོད་ཡུལ་བསོད་
ནམས་ཆེན་པོའི་རྒྱན་གྱི་རྒྱུ་འཐུན་པ་བསྟན་དུ་གསོལ། བདག་ཅག་ལ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའི་བར་ཡང་དག་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་དག་པར་བསྟན་པ་གནང་བར་མཛད་དུ་གསོལ།
དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ། ཀཽ་ཌི་ནྱ་ཉན་ཐོས་ཆེན་པོ་རྣམས་དང་། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་གང་དག་ཡིན་པ་ཐམས་ཅད་རང་གི་དགེ་བའི་ཕྱོགས་ཀྱི་ནང་དུ་ཡང་དག་འཇོག་ལ་གནས་པར་བྱོས་ཤིག །ང་
ཡང་རང་གི་སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་ནང་དུ་ཡང་དག་འཇོག་ལ་གནས་པར་མཛད་དོ། །ཡང་དེའི་ཚེ་ལྷ་དང་། ཀླུ་དང་། གནོད་སྦྱིན་ནས་མི་དང་། མི་མ་ཡིན་པའི་བར་གང་དག་ཡིན་པ་དང་། བདེན་པ་མཐོང་བ་གང་དག་ཡིན་པ་དང་། རྗེས་སུ་འཐུན་པའི་བཟོད་པ་
ཐོབ་པ་གང་དག་ཡིན་པ་དང་། ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པ་གང་དག་ཡིན་པ་དང་། དཀོན་མཆོག་གསུམ་ལ་མངོན་པར་དད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་སྐྱིལ་མོ་ཀྲུང་དུ་འཁོད་ནས་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་སངས་རྒྱས་

ཐམས་ཅད་ཀྱི་ཡུལ་གྱི་སྤྱོད་ཡུལ་ལ་ཤེས་རབ་ཀྱིས་ནམ་མཁའ་ཁྱབ་པར་བྱེད་པ། མཁས་པ་མང་པོ་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ་ཉི་མ་དང་ཟླ་བ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ནི་ཉན་ཐོས་དང་རང་རྒྱལ་
བ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་ཏེ། དེ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་
ཡུལ་མཁྱེན་པ་ནི་མ་གཏོགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་དང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་དང་ཟླ་བ་བྱེ་བ་ཕྲག་བརྒྱ་སྙེད་
དང་། སྲིད་པའི་རྩེ་མོའི་ལྷའི་གནས་བྱེ་བ་ཕྲག་བརྒྱ་སྙེད་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ལ་ཆུད་པར་ཡང་དག་པར་སྣང་ངོ་། །ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ལ་གནས་པར་ཡང་དག་
པར་སྣང་ངོ་། །སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་གཏོགས་པའི་སེམས་ཅན་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་པའམ། ལྷའམ། མི་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་སྡུག་བསྔལ་གྱི་ཉོན་མོངས་པ་ཡང་
ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་དོ། །དེ་དག་ཐམས་ཅད་ཀྱིས་ལུས་དང་སེམས་ཀྱི་བདེ་བ་འདི་ལྟ་བུ་ཐོབ་པར་གྱུར་ཏེ། དཔེར་ན་བསམ་གཏན་གཉིས་པའི་ཞི་གནས་ཐོབ་པའི་དགེ་སློང་སྙོམས་པར་ཞུགས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཏིང་
ངེ་འཛིན་ལས་ལངས་ཏེ་ལངས་པ་དེ་དག་ཐམས་ཅད་ཀྱི་རང་གི་ལུས་ལ་སྣང་བ་ནུབ་པར་གྱུར་ཏོ། །ཉན་ཐོས་ཐམས་ཅད་དང་སེམས་ཅན་གང་སུ་དག་སྙོམས་པར་ཞུགས་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་ལས་ལངས་ཏེ། དེ་དག་ཐམས་ཅད་ལུས་དང་སེམས་

ཀྱི་བདེ་བ་དེ་ལྟ་བུ་དང་ཡང་དག་ལྡན་པར་གྱུར་ཏོ། །དེ་དག་ཐམས་ཅད་ངོ་མཚར་ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་སྟེ། དབང་པོ་ཚིམ་ནས་དེ་དག་དེ་བཞིན་གཤེགས་པའི་སྐུའི་ནང་དུ་གནས་ཤིང་འཁོད་ནས་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་ཁུང་བུ་ལ་བལྟས་ཏེ།
དེ་དག་ཐམས་ཅད་ཀྱིས་འདི་ལྟར་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་ཁུང་བུ་གཅིག་ནས་འོད་ཟེར་འདི་ལྟ་བུ་བྱུང་བ་དེ་ལྟ་བུ་མཐོང་བར་གྱུར་ཏེ། དཔེར་ན་ཉི་མ་དང་ཟླ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། ནོར་བུ་རིན་པོ་ཆེ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྣང་
བ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འོད་ཟེར་གྱི་སྣང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་དེ་ལྟ་བུ་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རབ་ཏུ་བྱུང་བ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་
ཀྱི་ཞིང་ཐམས་ཅད་སྣང་བ་ཆེན་པོས་རྒྱས་པར་གང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དང་དེ་དག་གིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་
ཞིང་མི་མཇེད་ཐམས་ཅད་འདི་ལྟ་བུའི་དབྱངས་བརྗོད་པས་ཀུན་ཏུ་གང་བར་མཛད་དོ། །ཤཱཀྱ་སེང་གེ་མི་ཡི་མཆོག །བྱམས་དང་ཐུགས་རྗེའི་རྒྱུ་འཐུན་པ། །སེམས་ཅན་ཀུན་ལ་ཕན་མཛད་པ། །བསོད་ནམས་ལས་གྲུབ་པ་ལ་ལྟོས། །སེམས་ཅན་
ཀུན་ལ་ཐུགས་བརྩེའི་ཕྱིར། །སངས་རྒྱས་སྤྱོད་ཡུལ་སྟོན་པར་མཛད། །ཐུགས་རྗེས་འོད་ཟེར་བཀྱེ་བས་ནི། །ཞིང་རྣམས་ཐམས་ཅད་གསལ་བར་གྱུར། །རེ་རེས་ཞིང་ནི་རྒྱས་གྱུར་པ། །གནས་ཀུན་གསལ་བ་མཐོང་ནས་སུ། །བྱང་ཆུབ་མཆོག་ནི་ཡོངས་ཚོལ་
ཞིང་། །སེམས་ཀྱི་མཆོག་ཀྱང་སྐྱེད་པར་བྱེད། །གང་དག་ལུས་ཅན་རྫུ་འཕྲུལ་འཐོབ། །དེ་དག་ཐམས་ཅད་མྱུར་དུ་ལྷགས། །ཤཱཀྱ་སེང་གེ་མི་མཆོག་ལ། །ཁྱེད་ཀྱིས་བསྐོར་བ་བྱས་ནས་ཀྱང་། །གང་དག་རྫུ་འཕྲུལ་མ་ཐོབ་ཀུན། །རྒྱང་མ་ནས་ནི་ཕྱག་འཚོལ་

ལ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དང་། །མི་ཡི་སྐྱེས་མཆོག་རྣམས་སུ་འགྱུར། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་རང་རང་གི་སངས་རྒྱས་ཀྱི་ཞིང་ནས་དབྱངས་ཀྱིས་གོ་བར་མཛད་ནས། ཐུགས་རྗེའི་དབང་གིས་སེམས་ཅན་རྣམས་ཡོངས་
སུ་སྨིན་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་སྨོན་ལམ་ཡོངས་སུ་བསྐང་བའི་ཕྱིར་དང་། དེའི་ཡོན་ཏན་བརྗོད་པའི་ཕྱིར་དེ་བཞིན་གཤེགས་པ་རེ་རེ་ཡང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་དུ་ཉན་ཐོས་ཆེན་པོ་གང་གཱའི་ཀླུང་གི་
བྱེ་མ་སྙེད་ཕྲག་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྲག་དུ་མས་མདུན་དུ་བདར་ཅིང་ཡོངས་སུ་བསྐོར་ཏེ། དེ་དག་རང་རང་གི་
སངས་རྒྱས་ཀྱི་ཞིང་རྣམས་ནས་རྫུ་འཕྲུལ་གྱིས་ཡང་དག་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་གཤེགས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་ལ་ལན་གསུམ་བསྐོར་བ་མཛད་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་གྱི་སེམས་ཅན་གང་དག་ཡིན་
པ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སྐོར་བ་བྱེད་ཅིང་དེ་ལྟ་བུའི་མཆོད་པ་བྱེད་པར་གྱུར་ཏོ། །ཡང་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་ཡང་དོང་ངོ་། །དེའི་དུས་ན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་བཅོམ་ལྡན་འདས་ཀྱི་
སྐུ་ལ་ཆུད་པ་དེ་དག་ཐམས་ཅད་ཀྱིས་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་མཐོང་ངོ་། །དེ་དག་ཐམས་ཅད་ཀྱིས་དེ་ནས་ཡང་དག་པར་ཞུགས་པ་འཁོར་དང་བཅས་པ་རྣམས་དང་།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བསྐོར་བ་མཛད་ཅིང་གཤེགས་པ་དང་། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་འཇུག་ཅིང་རྡོ་རྗེའི་གདན་ལ་བཞུགས་ཏེ་ཆོས་སྟོན་པ་མཐོང་ངོ་། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་རང་རང་གི་

གདན་ལ་བཞུགས་ནས་རང་རང་གི་འཁོར་ལས་བརྩམས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྔགས་པ་དང་། ཡོན་ཏན་དང་། གྲགས་པ་དང་། ཤེས་རབ་དང་། བསོད་ནམས་དང་། བརྩོན་འགྲུས་དང་། ཐུགས་རྗེ་དང་། སེམས་ཅན་ཡོངས་སུ་སྨིན་
པར་མཛད་པ་བསྟན་པ་བཞིན་དེར་སངས་རྒྱས་ཀྱི་ཞིང་རེ་རེར་ཡང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རང་རང་གི་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །
རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དེ་བཞིན་ནོ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་དེ་བཞིན་ནོ། །འདིར་བཅོམ་ལྡན་འདས་ཀྱི་སྐུ་ལ་ཆུད་པ་གང་དག་ཡིན་པ་ཐམས་ཅད་ཀྱིས་ཀྱང་མཐོང་ངོ་། །ལུང་བསྟན་པ་ཡང་ཐམས་ཅད་ཀྱིས་ཐོས་སོ། །སྙིགས་མ་ལྔའི་སངས་རྒྱས་
ཀྱི་ཞིང་སྟོང་པ་དག་ན་སེམས་ཅན་གང་དག་ཡོད་པའི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ཅི་འདྲ་བ་མྱོང་བ་དག་ཀྱང་འདིར་བཅོམ་ལྡན་འདས་ཀྱི་སྐུ་ལ་ཆུད་ཅིང་འཁོད་པ་རྣམས་ཀྱིས་མཐོང་ངོ་། །དེའི་ཚེ་སྙིགས་མ་ལྔའི་འཇིག་རྟེན་གྱི་ཁམས་སྟོང་པ་དག་ན་སེམས་ཅན་གང་
དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སྣང་བ་དེ་མཐོང་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡང་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་བགྲང་བ་ལས་འདས་པ་དང་། དེ་བཞིན་གཤེགས་པ་རེ་རེ་ཡང་སེམས་ཅན་བགྲང་བ་ལས་འདས་པ་དག་དང་ཐབས་
ཅིག་ཏུ་འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བསྐོར་བ་མཛད་པ་མཐོང་ངོ་། །དེའི་ཚེ་སེམས་ཅན་དེ་དག་ཐམས་ཅད་མཆོག་ཏུ་དགའ་བའི་དམ་པ་སྐྱེས་ཏེ། ཐམས་ཅད་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་དོ། །སྙིགས་མ་ལྔའི་སངས་རྒྱས་ཀྱི་ཞིང་སྟོང་པ་དེ་དག་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་གང་དག་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་ཀྱི་ཞིང་གང་ན་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་དག་ཡོད་པ་དེར་སངས་རྒྱས་ཀྱི་སྐུ་བྱད་

ཀྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དབྱངས་དང་། ངག་དང་། སྒྲ་བརྗོད་པ་གཅིག་གིས་གོ་བར་མཛད་དོ། །དགེ་བའི་དོན་དུ་ཞིང་གཅིག་ཏུ། །ངེད་ཅག་ཐམས་ཅད་གཤེགས་པ་ཡིན། །སངས་རྒྱས་རྣམས་ནི་མི་བཞུགས་ན། །སུས་
ཀྱང་དཔལ་ཆེན་མི་འཐོབ་བོ། །ཁྱེད་ཅག་གིས་ནི་བྱང་ཆུབ་ཏུ། །གཅིག་ཏུ་སེམས་ནི་གཞོལ་བྱས་ན། །ཁྱེད་ཅག་ཕྱིན་ཅད་འཁོར་བར་ནི། །སྡུག་བསྔལ་སྐྱེ་བར་མི་འགྱུར་རོ། །ཤཱཀྱ་ཁྱུ་མཆོག་མཆོད་པ་དང་། །དེ་ལ་བསྐོར་བ་བྱ་བའི་ཕྱིར། །འདི་ལྟར་
ཁྱེད་ཅག་ཐམས་ཅད་ནི། །ང་དང་ཐབས་ཅིག་མྱུར་དུ་འདེང་།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་དགུ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སངས་རྒྱས་ཀྱི་སྐུ་བྱད་
ཀྱིས་རེ་རེ་ཞིང་སེམས་ཅན་རྫུ་འཕྲུལ་དང་ལྡན་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་དང་ལྷན་ཅིག་ཏུ་དེ་ནས་ཆས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སེམས་ཅན་དེ་དག་གིས་རིན་པོ་ཆེ་སྣ་
ཚོགས་ནས་རོལ་མོའི་སྒྲ་དང་། གར་དང་གླུ་སྣ་ཚོགས་པའི་བར་གྱིས་མཆོད་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །ཁ་ཅིག་གིས་ནི་རྐྱེན་གྱི་ཐེག་པར་སྨོན་ལམ་བཏབ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པར་སྨོན་
ལམ་བཏབ་སྟེ། ཐམས་ཅད་ཀྱང་བསམས་པ་ཇི་ལྟ་བ་བཞིན་དུ་ཕྱིར་མི་ལྡོག་པར་གྱུར་ཏོ། །དེའི་ཚེ་དེ་དག་ཆོ་ག་བཞིན་དུ་ཏིང་ངེ་འཛིན་དང་། བཟོད་པ་དང་། གཟུངས་ཐོབ་སྟེ། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསྒྲུབས་ནས་རང་གི་ཞིང་དུ་དོང་སྟེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ནི་རང་རྒྱལ་བའི་ལུས་བྱད་ཀྱིས་ཞེས་བྱ་བ་ནས་ཁ་ཅིག་ནི་ཉན་ཐོས་ཀྱི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་དང་། ཁ་ཅིག་ནི་ཚངས་པའི་ལུས་བྱད་དང་། ཁ་ཅིག་ནི་བརྒྱ་བྱིན་གྱི་ལུས་བྱད་ཀྱིས་ཞེས་བྱ་བ་ནས་ཁ་ཅིག་ནི་རྒྱལ་པོ་ཆེན་པོ་བཞིའི་

ལུས་བྱད་ཀྱིས་ཞེས་བྱ་བའི་བར་དང་། ཁ་ཅིག་ནི་སྲེད་མེད་ཀྱི་བུའི་ལུས་བྱད་དང་། ཁ་ཅིག་ནི་དབང་ཕྱུག་ཆེན་པོའི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་དང་། ཁ་ཅིག་ནི་ཀླུའི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་དང་། ཁ་ཅིག་ནི་གནོད་སྦྱིན་གྱི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་
དང་། ཁ་ཅིག་ནི་ལྷ་མ་ཡིན་གྱི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་དང་། ཁ་ཅིག་ནི་འཁོར་ལོས་སྒྱུར་བའི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་གྱིས་སངས་རྒྱས་ཀྱི་ཞིང་གང་དག་ན་སེམས་ཅན་ཉན་ཐོས་ཀྱིས་འདུལ་བའི་བར་དུ་ཡོད་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞུགས་ཏེ། དེར་ཉན་ཐོས་ཀྱི་ལུས་བྱད་ཀྱི་བར་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེར་ཡང་སེམས་ཅན་ཐམས་ཅད་ཀྱིས་སྣང་བ་དེ་མཐོང་སྟེ།
དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡང་མཐོང་ནས་སེམས་ཅན་དེ་དག་ཤིན་ཏུ་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཤིང་དབང་པོ་རྣམས་ཚིམ་སྟེ། ཐམས་ཅད་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་དོ། །དེ་དག་ལ་བདེ་བའི་ཚོར་བ་ཡང་བྱུང་ངོ་། །སངས་རྒྱས་ཀྱི་ཞིང་དེར་
གང་ཉན་ཐོས་ཀྱི་ལུས་བྱད་ཀྱིས་ཆོས་སྟོན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། དེས་བསོད་ནམས་ཆེན་པོ་བསགས་པའི་དགེ་བའི་རྩ་བས་འདི་ལྟ་བུའི་དབྱངས་དང་སྒྲ་བརྗོད་པས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་གོ་བར་བྱེད་པ་
འདི་སྐད་ཅེས་སྨྲས་སོ། །སྡིག་པའི་སེམས་ནི་གཞོམ་པར་བྱོས། །སྡིག་པའི་ལྟ་བ་སྤོང་བར་བྱོས། །གང་དུ་འཇིག་རྟེན་མི་འཇུག་པའི། །འཁོར་བའི་ཕ་རོལ་འདོང་བར་བྱོས། །ཁྱེད་ཅག་སྡིག་པའི་སེམས་ཀྱིས་སུ། །ངེས་པར་འབྱུང་བར་མི་ལྟ་བས། །རྒ་
བ་དང་ནི་འཆི་བའི་ལུས། །འཁོར་བར་རིང་པོར་ཞུགས་པ་ཡིན། །སྟོན་པ་མཐོང་བ་རྙེད་པར་དཀའ། །དལ་བ་འདི་འདྲ་རྙེད་པར་དཀའ། །ཆོས་ཐོས་པ་ཡང་རྙེད་པར་དཀའ། །དགེ་བྱེད་རབ་ཏུ་རྙེད་པར་དཀའ། །དེ་ལྟར་ཁྱེད་ཀྱིས་གུས་བྱས་ཏེ། །བྱང་ཆུབ་ཏུ་

ནི་འདུན་པ་སྐྱེད། །སྡུག་བསྔལ་ཀུན་ལས་ཐར་གྱིས་ལ། །འཇིག་རྟེན་འདྲེན་པར་འགྱུར་བར་བྱོས། །རྟག་པ་དང་ནི་ཆད་པའི་བློས། །ཆོས་གཉིས་མྱུར་དུ་སྤངས་ནས་ནི། །འདུ་བྱེད་ཐམས་ཅད་བདག་མེད་ལ། །ཚུལ་བཞིན་དུ་ནི་རྟག་པར་
བྱོས། །ཀུན་འབྱུང་སྲེད་དང་སྡུག་བསྔལ་ཡང་། །ཡེ་ཤེས་ཆུ་ཡིས་བཀྲུ་བར་བྱོས། །ཤཱཀྱ་སེང་གེ་མཆོད་པའི་ཕྱིར། །ཐམས་ཅད་ལྷན་ཅིག་མྱུར་དུ་འདོང་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཉན་ཐོས་ཀྱི་ལུས་བྱད་ཀྱི་བར་གྱིས་བྱང་ཆུབ་སེམས་
དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་དང་། སེམས་ཅན་རྫུ་འཕྲུལ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཚད་མེད་པ་དང་ལྷན་ཅིག་ཏུ་རང་རང་གི་སངས་རྒྱས་ཀྱི་ཞིང་ནས་ཆས་ཏེ། འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་ལ་ལན་གསུམ་བསྐོར་
བ་བྱས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དེ་དག་གིས་རིན་པོ་ཆེ་སྣ་ཚོགས་དང་། རས་བཅོས་བུ་སྣ་ཚོགས་དང་། ཆོས་གོས་སྣ་ཚོགས་དང་། རྒྱན་དང་རྒྱན་གྱི་ལྷབ་ལྷུབ་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། སྤོས་
སྣ་ཚོགས་དང་། རོལ་མོའི་སྒྲ་སྣ་ཚོགས་དང་། བསྟོད་པ་སྣ་ཚོགས་དང་། གླུ་སྣ་ཚོགས་དང་། གར་སྣ་ཚོགས་ཀྱིས་མཆོད་པ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ཕྱིན་ནས་རང་རང་གི་སྟན་དག་ལ་
འཁོད་དོ། །དེ་བཞིན་དུ་རང་རང་གི་འཁོར་རྣམས་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྔགས་པ་དང་གྲགས་པ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པའི་ཡོན་ཏན་གྱི་ཕན་ཡོན་གྱི་བར་བརྗོད་པར་གྱུར་ཏེ། དེ་ནས་སངས་རྒྱས་ཀྱི་ཞིང་དེ་དག་ན་
འཁོར་དེའི་སེམས་ཅན་གྲངས་མེད་པ་དཔག་ཏུ་མེད་པ་ཡོད་པ་དེ་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པར་ཡང་སེམས་བསྐྱེད་དེ། ཐམས་ཅད་ཀྱང་ཕྱིར་

མི་ལྡོག་པར་གྱུར་ཏོ། །དེའི་ཚེ་དེ་དག་གིས་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་སྣ་ཚོགས་ཐོབ་ནས་དགེ་བའི་རྩ་བ་རྣམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་གང་བཅོམ་ལྡན་འདས་ཀྱི་སྐུ་ལ་ཆུད་པར་གྱུར་པའི་
བཀོད་པ་དེ་ལྟ་བུ་ཡང་མཐོང་ངོ་། །དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ངོ་མཚར་ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་བོ། །དེའི་ཚེ་གང་དག་སྔོན་ཆད་སེམས་མ་བསྐྱེད་པའི་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་དཔག་ཏུ་མེད་པ་
དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་དང་། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པར་ཡང་སེམས་དག་བསྐྱེད་དེ། དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ། །དེ་
བཞིན་དུ་འཁོར་ལོས་སྒྱུར་བའི་ལུས་བྱད་ཀྱིས་ཞེས་བྱ་བའི་བར་དང་། ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཇི་ལྟར་བཅོམ་ལྡན་འདས་ཆོ་འཕྲུལ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་རྒྱུ་
འཐུན་པར་ཏིང་ངེ་འཛིན་དེ་ལྟ་བུ་ལ་སྙོམས་པར་ཞུགས་པ་བཞིན་ནོ། །འདུས་པ་ཆེན་པོ་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་ལེའུ་དྲུག་པའོ།། །།དེ་ནས་བདུད་སྡིག་ཅན་གྱིས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཉིད་ཀྱི་ཕོ་བྲང་ན་དེ་
བཞིན་གཤེགས་པའི་དབྱིངས་ན་བཞུགས་པ་མཐོང་ནས་མཆོག་ཏུ་ཡིད་མི་བདེ་སྟེ་ལུས་ཐམས་ཅད་ནས་རྡུལ་འཐོན་ཞིང་མཆི་མ་དག་བྱུང་ནས་མི་དགའ་བར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་གྱིས་གནས་ཐམས་ཅད་དུ་རྒྱུ་བར་བྱེད། །རྣམ་པར་རྒྱུ་བར་བྱེད། འཇུག་པར་
བྱེད། འབྱུང་བར་བྱེད། ལྡང་བར་བྱེད། རྒྱུག་པར་བྱེད། ཀུན་ཏུ་རྒྱུག་པར་བྱེད། གླལ་བར་བྱེད། འཛུམ་པར་བྱེད། ཤུགས་རིང་དུ་འབྱིན་པར་བྱེད། ཁ་ལ་ལྕེས་ལྡག་པར་བྱེད། མིག་འཛུམས་པར་བྱེད། ལག་པ་གཉིས་རྐྱོང་ཞིང་སྐུམ་པར་བྱེད། མགོ་

ལ་ལག་པ་གཉིས་ཀྱིས་རྡོབ་པར་བྱེད། མགྲིན་པ་དང་ནུ་མ་ལ་མཉེད་པར་བྱེད་དེ། དེ་མཐོང་བས་བདུད་ཀྱི་གནས་ན་གནས་པའི་སེམས་ཅན་ཐམས་ཅད་གནོད་པ་དང་། མངོན་པར་མི་དགའ་བ་དང་། ཡིད་མི་བདེ་བར་གྱུར་ཏོ། །དེ་ནས་བདུད་ཤོར་བ་ནམ་
མཁའི་ཤིང་ཞེས་བྱ་བ་དེས་བདུད་སྡིག་ཅན་ལ་ཚིགས་སུ་བཅད་པས་དྲིས་པ། འཁྲུག་སེམས་ཡིད་རབ་མི་བདེ་བས། །ཅི་སླད་དེ་ལྟར་ཁྱོད་རྒྱུག་ཅིང་། །ཀུན་ལ་དགའ་བར་མི་དགོངས་པས། །གང་དུ་ཡང་ནི་དགྱེས་མི་མངའ། །བདུད་སྡིག་ཅན་གདོང་མཆི་མ་
དང་བཅས་པས་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མ་སྟོབས་ཅན་མཐོང་ནས་ནི། །ང་ཡི་སྙིང་ནི་རྣམ་གས་ནས། །ལུས་ཀུན་ནས་ནི་རྡུལ་འཐོན་ཅིང་། །གདོང་ཡང་མཆི་མས་གང་བ་ཡིན། །སེམས་ཅན་ཐམས་ཅད་འཐུན་པ་རུ། །ཇི་ལྟར་ཐོས་པ་བཞིན་དུ་དེར། །
ཚོགས་ཆེན་རིལ་གྱིས་དོང་བས་ན། །ང་ཡི་ཡུལ་ནི་སྟོངས་པར་བྱས། །ནམ་མཁའ་དང་ནི་མཚུངས་པའི་ཡུལ། །ཕྱོགས་བཅུ་ནས་ནི་ལྷགས་པ་ཡིས། །དེ་ལ་བསྐོར་བ་བྱས་ནས་སུ། །བྱེ་བ་མང་པོས་ཡོངས་སུ་བསྐོར། །བདུད་རྣམས་ཐམས་ཅད་འཁོར་
བཅས་ཏེ། །དེ་ལ་ཡང་ནི་སྐྱབས་སོང་བས། །ང་ཡི་དཔུང་ནི་མ་མཐོང་སྟེ། །གང་ནའང་ང་ཡི་ཕྱོགས་མེད་དོ། །དེ་ནས་བདུད་སྡིག་ཅན་ལ་བདུད་ཤོར་བ་ནམ་མཁའི་ཤིང་དེས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཐམས་ཅད་འཁོར་བཅས་ཏེ། །
གོ་ཆ་སྲ་བ་དག་བགོས་ནས། །རལ་གྲི་འཁོར་ལོ་མདའ་བོ་ཆེས། །དེ་ཡི་ལུས་ནི་ཕྱེ་མར་རླག །སྡིག་ཅན་གྱིས་སྨྲས་པ། དེ་ལ་ཡང་ནི་སྐྱབས་སོང་ཞིང་། །དེར་ཡང་རང་ཉིད་སོང་བས་ན། །དེ་ལ་དམག་ནི་ཡང་དག་ཕུལ། །ང་ནི་བཅིང་བ་དམ་པོས་བཅིངས། །དེ་
ནས་བདུད་ཤོར་བ་ནམ་མཁའི་ཤིང་དེས་སྨྲས་པ། ཐབས་རྣམས་ཀུན་གྱིས་ཅི་བགྱིས་ཀྱང་། །དགྲ་ནི་དབང་དུ་མི་འགྱུར་ཏེ། །མཛའ་བོའི་གཟུགས་ཀྱིས་བསླུས་བགྱིས་ན། །དེ་ལྟ་ན་ནི་གསད་པར་ནུས། །སྡིག་ཅན་གྱིས་སྨྲས་པ། མཛའ་བོའི་གཟུགས་ཀྱིས་དེར་འགྲོ་

བར། །འདི་ལྟར་བདག་གིས་དེ་བསམས་ནས། །རང་གི་མགུལ་ན་དྲི་ང་བའི། །རོ་མྱགས་འཇིགས་སུ་རུང་བ་མཐོང་། །ནམ་མཁའི་ཤིང་གིས་སླར་སྨྲས་པ། །བདུད་དང་ཀླུ་དང་བསམ་གཏན་པའི། །ཡུལ་གསུམ་དག་ཏུ་བཤད་པ་ལ། །བདག་ཅག་གི་ནི་ཡུལ་
བཅོམ་ཡང་། །ཀླུ་རྣམས་ཀྱི་ནི་ཡུལ་བརྟན་ནོ། །ཀླུ་དེ་དག་ཀྱང་གཟི་བརྗིད་ཆེ། །དམག་རྣམས་མང་ཞིང་སྟོབས་ཀྱང་ཆེ། །དེ་དག་གི་ནི་ཡུལ་མཆིས་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །འདོད་པའི་ཁམས་ན་གང་སུ་དག །ཀླུ་ཡི་བདག་པོ་གནས་
གྱུར་པ། །དེ་དག་རྣམས་ལ་གཽ་ཏ་མ། །ཐལ་བར་རླག་པར་མྱུར་དུ་བསྒོ། །སྡིག་ཅན་གྱིས་སྨྲས་པ། ཀྱེ་བསོད་ནམས་ཤེས་རབ་ཆེན་པོ་ཅན། །ཀླུ་ཡི་གནས་སུ་ཉིད་སོང་ལ། །གཽ་ཏ་མ་དང་དམག་འགྱེད་པར། །ཐམས་ཅད་ལ་ནི་ཁྱོད་ཀྱིས་བསྒོ། །དེས་
སྨྲས་པ། དེ་བཞིན་དུ་བགྱིའོ་ཞེས་ནས་དམག་བརྒྱ་སྟོང་གོ་བགོས་པ་དེ་དག་ལ། ལག་པ་བསྒྲེང་སྟེ་བསྒྲགས་པ་ནི། །ཀླུ་ཡི་རྟེན་དུ་བདག་ཅག་འདེང་། །གཽ་ཏ་མ་དང་དམག་འགྱེད་ཅིང་། །སྲོག་དང་བྲལ་བར་བྱེད་དུ་གཞུག །དེར་ནི་བདག་ཅག་གྲོགས་བྱ་བར། །
ཐམས་ཅད་ལ་ནི་བསྒོ་བར་བྱ། །དེ་ན་འཁོད་པ་དེ་དག་ཀྱང་གང་དུ་ཡང་། སུ་ཡང་འགྲོ་བར་མ་ནུས་པ་དང་། ཤོར་བ་ནམ་མཁའི་ཤིང་དེ་གདོང་མཆི་མ་དང་བཅས་ཤིང་སྤུ་ཟིང་ཞེས་བྱེད་པར་གྱུར་ཏེ། ཐལ་མོ་རབ་ཏུ་སྦྱར་བ་བྱས་ནས་སྡིག་ཅན་ལ་སྨྲས་པ། བདག་ཅག་
གིས་ནི་གང་དུ་ཡང་། །མཆི་བར་བགྱི་བའི་རྔོ་མ་ཐོགས། །སྒྱུ་འཕྲུལ་བརྟན་པ་གཽ་ཏ་མ། །དྲང་སྲོང་གི་ནི་སྒྱུ་ལགས་སོ། །བདག་ཅག་ཐམས་ཅད་རྐང་པ་བཅིངས། །ལུས་རྣམས་ཀུན་ལ་རྡུལ་ཡང་བྱུང་། །གང་གིས་དགྲ་ལས་ཁྱེད་རྒྱལ་བར། །གཞན་ཞིག་
ཀྱང་ནི་མཛད་པར་གསོལ། །བདུད་སྡིག་ཅན་ཇེ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་མྱ་ངན་དུ་གྱུར་པ་དེ་འདི་ལྟ་བུའི་བློ་སྐྱེས་ཏེ། གང་བདག་གིས་ཀླུའི་རྟེན་ཐམས་ཅད་དུ་གང་ཀུན་ཏུ་སྨྲ་བར་བྱེད་པ་དང་། མངོན་པར་མི་དགའ་བ་སྐྱེད་པར་བྱེད་པ་དང་། ཀླུ་ཐམས་ཅད་ཀུན་

དུ་གཤེ་བར་བྱེད་པའི་བདུད་ཀྱི་སྟོབས་དེ་ལྟ་བུ་ཡང་དག་པར་རྗེས་སུ་དྲན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེའི་ཚེ་བདུད་སྡིག་ཅན་གྱིས་ཀླུའི་རྟེན་ཐམས་ཅད་དུ་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། སྦྲང་བུ་གདུག་པ་རྣམས་སྤྲུལ་ཏོ། །ཐམས་ཅད་
དྲི་ང་བས་བཀང་ངོ་། །རྡུལ་དབྱུང་བ་དང་མངོན་པར་མི་དགའ་བར་བྱས་སོ། །དེ་བཞིན་དུ་ཀླུ་དང་། ཀླུ་ཆེན་པོ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་མངོན་པར་མི་དགའ་ནས་དེ་དག་ཐམས་ཅད་ཀྱིས་རྣམ་པར་བལྟས་ཏེ། བདག་ཅག་ལ་
ཅོ་འདྲི་བར་བྱེད་པ་སུ་ཡིན་སྙམ་ན་དེ་དག་གིས་མ་ཤེས་ཤིང་མ་མཐོང་ངོ་། །གླིང་བཞི་པ་འདིའི་ཀླུ་དང་། ཀླུ་ཆེན་པོ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཁྲོ་བས་ཟིལ་གྱིས་ནོན་ནས་དེ་དག་ཐམས་ཅད་ཀྱིས་
ཀྱང་རང་གི་གནས་བོར། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་འཁོར་བརྒྱ་སྟོང་ཕྲག་དུ་མས་ཀྱང་རང་གི་གནས་བོར་ནས་རིའི་རྒྱལ་པོ་རི་རབ་ཀྱི་འདབ་ན་རི་ཁ་ལ་ཏི་ཡ་ཞེས་བྱ་བ་ཡོད་དེ། རི་ཁ་ལ་ཏི་ཡ་དེའི་རྩེ་མོ་ན་དྲང་སྲོང་ཐུབ་པ་རྣམས་ཀྱི་གནས་ཀྱི་རྟེན་ཀུན་
རྟེན་ཅེས་བྱ་བ་རྒྱར་དཔག་ཚད་བཞི་ཁྲི་པ་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་བཞི་ཡོད་པ། དྲང་སྲོང་ཐུབ་པའི་གནས་དེར་སྐྱབས་ཀྱི་དོན་དུ་རྟེན་ཅིང་ཞུགས་སོ། །དེར་དེ་དག་ཞུགས་མ་ཐག་ཏུ་འདི་ལྟ་བུའི་ལུས་ཆུང་ངུར་གྱུར་ཏེ། དཔེར་ན་མིག་སྨན་བསྐུ་བའི་ཐུར་
མ་བཞིན་ནོ། །དེ་དག་ཀྱང་རང་ཁྲོས་པའི་མཐུས་རེ་རེ་ཡང་འདི་ལྟ་བུའི་ལུས་རི་རབ་ཙམ་དུ་ཡང་དག་པར་ཤེས་ཏེ། དེ་དག་གིས་སྐད་འབྱིན་ཀྱང་མ་ནུས་སོ། །དེ་ནས་འགྲོ་བར་ཡང་མ་ནུས་ཏེ། མྱ་ངན་ཆེན་པོ་དང་ཁྲོས་པས་ཟིལ་གྱིས་ནོན་ནས་དེར་འཁོད་དོ། །དེ་བཞིན་
དུ་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་འཁོར་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། དེ་བཞིན་དུ་ས་སྲུང་གི་བུ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཤིན་ཏུ་བརྟན་པ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་འཇོག་པོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་མ་དྲོས་པ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་

བཏང་བཟུང་ཞེས་བྱ་བའི་བར་དང་། དེ་བཞིན་དུ་རྒྱ་མཚོས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཆུ་ལྷས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཁྱིམ་བདག་གིས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཆུ་བས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཆུ་སོག་མ་
མེད་ཀྱིས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་རི་བོས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་བ་ལང་མགོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་རྒྱན་སྐྱེས་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཨེ་ལའི་འདབ་མ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ལག་པའི་ཚིགས་
མི་མངོན་པ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་སྒྲ་བསགས་ཞེས་བྱ་བའི་བར་དང་། དེ་བཞིན་དུ་མཚོ་གྱད་ཅེས་བྱ་བའི་བར་དང་། དེ་བཞིན་དུ་སྟོབས་ཀྱིས་རྒྱུ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཏི་སེའི་གངས་མཐོ་བ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཆུའི་ཤུགས་ཞེས་
བྱ་བའི་བར་དང་། དེ་བཞིན་དུ་གཙུག་ཕུད་སྔོན་པོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་གསེར་སེར་སྐྱ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་རྩྭ་སྔོན་པོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་གཤེ་བའི་ཤིང་ཞེས་བྱ་བའི་བར་དང་། དེ་བཞིན་དུ་མིག་གསལ་ཞེས་བྱ་བའི་བར་དང་། དེ་བཞིན་
དུ་གླང་པོ་ཟད་ཅེས་བྱ་བའི་བར་དང་། དེ་བཞིན་དུ་རྣོན་པོས་བྱིན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་གནས་ན་རྒྱུ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་གཤོལ་ངན་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཨེ་ལའི་གདོང་ཞེས་བྱ་བའི་བར་དང་། དེ་བཞིན་དུ་མིག་དམར་ཞེས་བྱ་བའི་
བར་དང་། དེ་བཞིན་དུ་ཡིད་འཕྲོག་ཅེས་བྱ་བའི་བར་དང་། དེ་བཞིན་དུ་རབ་མཆོག་ཅེས་བྱ་བའི་བར་དང་། དེ་བཞིན་དུ་འཛམ་བུའི་གླིང་འདི་ན་ཀླུའི་རྒྱལ་པོ་ལྔ་ཁྲི་དྲུག་སྟོང་གང་དག་ཡིན་པའི་བར་དེ་དག་ཐམས་ཅད་ཀླུའི་རྒྱལ་པོ་རེ་རེ་ཡང་འཁོར་བརྒྱ་སྟོང་ཕྲག་དུ་མ་དྲང་སྲོང་ཐུབ་
པའི་གནས་དེར་སྐྱབས་ཀྱི་དོན་དུ་རྟེན་ཅིང་ཞུགས་སོ། །གླིང་བརྒྱད་ཁྲི་བཞི་སྟོང་ནས་གླིང་རེ་རེ་ནས་ཀྱང་ཀླུ་ཆེན་པོ་བརྒྱ་སྟོང་ཕྲག་དུ་མས་རང་རང་གི་གནས་བོར་ནས་གནས་རྟེན་དེར་སྐྱབས་ཀྱི་དོན་དུ་རྟེན་ཅིང་ཞུགས་སོ། །དེ་བཞིན་དུ་བྱང་གི་སྒྲ་མི་སྙན་ནས་ཀླུའི་རྒྱལ་པོ་ལུས་འབིགས་

པའི་ཁབ་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱུ་བ་ཆེན་པོ་ཞེས་བྱ་བ་དེ་གཉིས་རེ་རེ་ཡང་ཀླུ་དང་། ཀླུ་ཆེན་པོ་དང་། ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཡོངས་སུ་བསྐོར་ཅིང་དྲང་སྲོང་ཐུབ་པའི་གནས་དེར་སྐྱབས་ཀྱི་དོན་དུ་བརྟེན་ཏོ། །
ཤར་གྱི་ལུས་འཕགས་ཀྱི་གླིང་ནས་ཀླུའི་རྒྱལ་པོ་ཟླ་བ་སྲུང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་དབྱིག་གཏོང་ཞེས་བྱ་བ་དེ་གཉིས་རེ་རེ་ཡང་ཀླུ་དང་། ཀླུ་ཆེན་པོ་དང་། ཀླུའི་རྒྱལ་པོ་བྱེ་བ་བརྒྱ་སྟོང་ཕྲག་དུ་མས་ལྷན་ཅིག་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་དྲང་སྲོང་ཐུབ་པའི་
གནས་རྟེན་དེར་སྐྱབས་ཀྱི་དོན་དུ་རྟེན་ཅིང་ཞུགས་སོ། །བ་ལང་སྤྱོད་ཀྱི་གླིང་ནས་ཀླུའི་རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་ཅན་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་བ་ལང་གི་འོད་ཀྱི་ཕྲེང་བ་ཅན་ཞེས་བྱ་བ་དེ་གཉིས་རེ་རེ་ཡང་ཀླུ་དང་། ཀླུ་ཆེན་པོ་དང་། ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་ཕྲག་དུ་མས་ལྷན་ཅིག་ཏུ་མདུན་དུ་བདར་ཞིང་དྲང་སྲོང་ཐུབ་པའི་གནས་དེར་སྐྱབས་ཀྱི་དོན་དུ་ཞུགས་སོ། །ཡང་དེའི་ཚེ་གླིང་བཞི་པ་འདི་དང་གླིང་གཞན་བརྒྱ་སྟོང་ཕྲག་བརྒྱད་ཅུ་ན་ཀླུ་དང་། ཀླུ་ཆེན་པོ་དང་། ཀླུའི་སྐྱེ་གནས་པ་ཀླུ་སྒོ་ང་ལས་སྐྱེས་པ་དང་། ཀླུ་མངལ་
ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་ཕོ་དང་། མོ་དང་། ཁྱེའུ་དང་། བུ་མོ་ཡང་རུང་། གང་སུ་དག་ཡོད་པ་སྐད་ཅིག་དེ་ལ་གང་དེར་བརྟེན་པར་མ་གྱུར་པ་གཅིག་ཀྱང་མེད་དེ། དྲང་སྲོང་ཐུབ་པའི་གནས་དེར་སྐྱབས་ཀྱི་དོན་
དུ་ཞུགས་སོ། །དེ་དག་ཐམས་ཅད་ཞུགས་མ་ཐག་ཏུ་རེ་རེ་ཡང་འདི་ལྟ་བུའི་ལུས་ཆུང་ངུར་གྱུར་ཏེ། དཔེར་ན་མིག་སྨན་བསྐུ་བའི་ཐུར་མ་བཞིན་ནོ། །དེ་དག་ཀྱང་རང་ཁྲོས་པའི་མཐུས་རེ་རེ་ཡང་འདི་ལྟ་བུའི་ལུས་རི་རབ་ཙམ་ཆེན་པོར་ཡང་དག་པར་རྗེས་སུ་མཐོང་ངོ་། །
དེ་ནས་དེའི་ཚེ་བདུད་སྡིག་ཅན་གྱིས་གནས་རྟེན་དུ་ཀླུའི་སྐྱེ་གནས་པ་ཐམས་ཅད་འདུས་པ་དང་། ཐམས་ཅད་ལུས་ཆུང་ངུར་མཐོང་ངོ་། །དེ་མཐོང་བས་ཤས་ཆེར་འཁྲུགས་ཤིང་ཀུན་ཏུ་འཁྲུགས་ཏེ་སྐྲག་ནས་རང་གི་སྐྱེ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འབྱུང་པོ་ཆེན་པོ་ཀླུ་

རྣམས་ཐམས་ཅད་གཡོས། །དྲང་སྲོང་གནས་པ་དེར་ནི་འདུས་ནས་སུ། །ཐམས་ཅད་སྟོབས་དང་གཟུགས་དང་དཔལ་ལས་ཉམས། །དགེ་སྦྱོང་མདངས་ཀྱི་སྟོབས་ལ་བལྟ་བར་བྱོས། །དེ་ནས་བདུད་ཤོར་བ་གཞན་ཚུལ་ཁྲིམས་རྟེན་ཞེས་བྱ་བ་དེས་སྨྲས་པ།
ཐུགས་མི་དགྱེས་པ་མ་མཛད་བདག་ལ་གསོན། །ཀླུ་རྣམས་བདག་ཉིད་རྩེ་བ་འདི་ལགས་ཏེ། །འདི་ལྟར་ཤཱཀྱའི་བུ་ནི་ཕྱེར་རློག་པའི། །ཚོགས་ཅན་འདུས་པ་ལ་ནི་མངོན་བརྟག་མཛོད། །སྡིག་ཅན་གྱིས་སྨྲས་པ། བློ་མཆོག་དེར་ནི་མྱུར་དུ་འགྲོ་བར་བྱོས། །ཀླུ་ཡི་
ཚོགས་ནི་ཐམས་ཅད་སྤྲོ་བར་བྱོས། །ཇི་སྟེ་ཤཱཀ་བུ་ཚོགས་བཅས་གསད་ནུས་ན། །ཀླུ་རྣམས་ཀྱི་ནི་ཡུལ་ཡང་མཆོག་ཏུ་འགྱུར། །དེ་ནས་བདུད་ཤོར་བ་ཚུལ་ཁྲིམས་རྟེན་དེ་བདུད་ཀྱི་གནས་དེ་ནས་སྲོག་ཆགས་བརྒྱད་ཁྲི་དང་ལྷན་ཅིག་ཆས་སོ། །དེ་ནས་དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པ་སྔོན་གྱི་སྨོན་ལམ་མཐར་ཕྱིན་པས་དྲང་སྲོང་ཐུབ་པ་ཐམས་ཅད་དབང་དུ་མཛད། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་ཆོ་འཕྲུལ་གྱི་བྱིན་གྱི་རླབས་ཀྱི་རྒྱུ་འཐུན་པ་བཤད་པ་ཡང་དག་པར་བསྟན།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་སྐྱོ་བར་མཛད། ལྷ་དང་། ཀླུ་དང་། གནོད་སྦྱིན་ཞེས་བྱ་བ་ནས་མི་དང་། མི་མ་ཡིན་ཐམས་ཅད་རབ་ཏུ་དགའ་བར་མཛད། སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཤིན་ཏུ་ཡོངས་སུ་སྤྱད་པ་མཛད། སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་ཀྱི་ནང་ན་སངས་རྒྱས་ཀྱི་ཞིང་འདི་མཆོག་ཏུ་ཆེས་གཟི་བརྗིད་དང་ལྡན་པ་དང་། ཆེས་སྐལ་བ་དང་ལྡན་པ་དང་། ཆེས་བསོད་ནམས་ཀྱི་ས་བོན་བྱེད་པའི་མདངས་དང་ལྡན་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་མཆོད་པར་འོས་པ་
མཛད་དེ། དེ་ནས་དེ་བཞིན་གཤེགས་པས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་རྒྱུན་བཅད་དོ། །དེ་ལ་སངས་རྒྱས་ཀྱི་ཞིང་འདི་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྐུ་ལ་ཆུད་པར་གྱུར་ཏེ། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་

ཤེས་པ་སོ་སོར་སྦྱངས་སོ། །དེ་བཞིན་གཤེགས་པས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་རྒྱུ་འཐུན་པའི་ཆོ་འཕྲུལ་གྱི་བྱིན་གྱི་རླབས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་རྒྱུན་བཅད་པ་དང་། དེའི་ཚེ་སྔོན་ཇི་ལྟར་བཞུགས་པ་བཞིན་དུ་ཡང་དག་པར་སྣང་སྟེ། དེ་
དེ་ལྟར་ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེར་བཞུགས་སོ། །དེ་དེའི་བར་དུ་ཡང་རང་གི་གཟི་བརྗིད་ཀྱི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བས་ཁྱབ་པར་མཛད་ནས་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་སྟོང་ཕྲག་དུ་མ་དེ་དག་
ཐམས་ཅད་ངོ་མཚར་ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་སྟེ། བཅོམ་ལྡན་འདས་ལ་མེ་ཏོག་དང་། དྲི་དང་། ཕྱེ་མ་དང་། རིན་པོ་ཆེ་དང་། རས་བཅོས་བུ་དང་། ཆོས་གོས་དང་། ཕྱང་འཕྲུལ་དང་། རྒྱན་སྣ་ཚོགས་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་མཆོད་པ་བྱས་ཏེ། བསྐོར་
བ་བྱས་ནས་སྤྱན་སྔར་འཁོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཞེས་བྱ་བ་ནས་དེ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་།
ལུས་སྲུལ་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱི་བར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མེ་ཏོག་དང་། དྲི་དང་། ཕྱེ་མ་དང་། རིན་པོ་ཆེ་སྣ་ཚོགས་དང་། རས་བཅོས་བུ་དང་། ཆོས་གོས་དང་། ཕྱང་འཕྲུལ་དང་། རྒྱན་སྣ་ཚོགས་ཞེས་བྱ་བ་ནས་མཆོད་
པའི་བར་དུ་བྱས་ཏེ། བསྐོར་བ་བྱས་ནས་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །བདུད་ཤོར་བ་ཚུལ་ཁྲིམས་རྟེན་བདུད་ཀྱི་རིས་བརྒྱད་ཁྲི་དང་དེ་ནས་འཛམ་བུའི་གླིང་འདིར་བབས་ནས། དགེ་སྦྱོང་གཽ་ཏ་མས་སྐུ་ཡངས་པ་ཀུན་ཏུ་བསྟན་པ་ཇི་ལྟར་རྒྱུན་བཅད་
པ་མཐོང་སྟེ། དེ་ཡུལ་མ་ག་དྷཱ་ན་བཞུགས་པར་ཀུན་ཏུ་སྣང་ངོ་། །དེ་བདག་ཅག་གིས་སྐྲག་པས་སྒྱུའི་སྟོབས་ལས་མ་ཉམས་སམ་སྙམ་ཞིང་། ད་ལྟ་ན་དེར་འཁོར་དང་བཅས་ཏེ་འདུས་པའི་ནང་དུ་འདུག་ན། དེ་བདག་ཅག་གི་ཕྱིར་འདུག་ནས་སྡིག་པ་མི་བྱེད་དམ་སྙམ་སྟེ། གང་

བདག་ཅག་གིས་དེར་དང་པོར་སོང་ནས་འདི་ལ་རྒྱུ་གང་ཡིན་པར་འགྱུར་བ་མཉན་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་བདུད་ཤོར་བ་ཚུལ་ཁྲིམས་རྟེན་འཁོར་དང་བཅས་ཏེ་དེ་ནས་བབས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་
འདས་ཀྱི་སྤྱན་སྔར་འདུག་སྟེ། དེའི་ཚེ་ཡང་དེས་ཚིགས་སུ་བཅད་པ་སྤོབས་པར་བྱས་པ། ཁྱོད་ཀྱིས་ནད་ནི་ཆེན་པོ་དག །རྒ་ཤིའི་མཚོ་ལས་མ་རྒལ་ཏོ། །འདི་ལྟར་སེམས་ཅན་སླུ་བྱེད་ན། །བྱང་གྲོལ་ཏུ་ནི་ཇི་ལྟར་ཞུགས། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཤོར་བ་ཚུལ་ཁྲིམས་རྟེན་ལ་
ཚིགས་སུ་བཅད་ནས་སླར་བཀའ་སྩལ་པ། ང་ནི་སེམས་ཅན་ཆུ་བོ་རྒལ། །ང་ལ་ཡང་སྲེད་མེད་པ་ཡིན། །སེམས་ཅན་རྣམས་ལ་ཐུགས་བརྩེའི་ཕྱིར། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །འཁོར་བར་ཡུན་རིངས་བརྩམས་ནས་སུ། །ཁྱོད་ཀྱིས་བྱང་ཆུབ་
ཕྱིར་སྤྱད་དེ། །མར་མེ་མཛད་ནི་ཚུན་ཆད་དུ། །སྦྱིན་དང་ཚུལ་ཁྲིམས་ཀུན་ཏུ་བསྒྲུབས། །སངས་རྒྱས་བྱེ་བ་ཕྲག་སྟོང་པོ། །དེ་དག་ཁྱོད་ཀྱིས་རི་མོར་བྱས། །ཐེག་པ་མཆོག་གི་དོན་དུ་ནི། །ང་ཡིས་ཁྱོད་ལ་ལུང་བསྟན་ཏེ། །སྦྱངས་པའི་ཡོན་ཏན་ཀུན་ཏུ་སྤྱད། །
མཚན་མ་མེད་པར་རྣམ་པར་བསྒོམས། །ང་ཡིས་མིག་རྣམས་དག་པ་སྦྱིན། །སྔོན་གྱི་ཚེ་རབས་དྲན་པར་བྱོས། །དེ་ནས་བདུད་ཤོར་བ་ཚུལ་ཁྲིམས་རྟེན་སྔོན་གྱི་ཚེ་རབས་དང་། སྨོན་ལམ་དང་། སངས་རྒྱས་རྣམས་ལ་མཆོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱིས་
བསྐུལ་བས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྩྭ་བཀྲམ་བ་ལྟ་བུར་འོངས་པར་གྱུར་ཏེ། གདོང་མཆི་མ་དང་བཅས་པས་ཐལ་མོ་རབ་ཏུ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱིས་པ་ཇི་ལྟ་བ་དང་། མྱོས་པ་ཇི་ལྟ་བ་དང་། སེམས་འཁྲུག་པ་ཇི་
ལྟ་བ་བཞིན་དུ་ནོངས་པ་འཆགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ནོངས་པ་འཆགས་སོ། །འདི་ལྟར་བདག་གིས་དྲན་ལགས་ཏེ། གྲངས་མ་མཆིས་པ་གཅིག་རྫོགས་པར་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་ཆེན་པོས་ཕ་རོལ་ཏུ་

ཕྱིན་པ་དྲུག་གི་སྤྱོད་པ་སྤྱད་ལགས་སོ། །དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་མང་དུ་བགྱིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདས་པ་རྣམས་དང་བཞུགས་པ་བརྒྱ་སྟོང་ཕྲག་བྱེ་བ་ལ་བདག་གིས་བསྙེན་བཀུར་བ་དང་བཀུར་སྟི་རྣམ་པ་སྣ་
ཚོགས་བགྱིས་ཏེ་ཆོས་ཀྱང་ཐོས་ལགས་སོ། །སྨོན་ལམ་ཡང་བཏབ་ལགས་སོ། །དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལ་དགེ་སློང་ལ་ལ་ཉན་ཐོས་ཀྱི་གཏམ་རྗེས་སུ་བསྐུལ་བར་བགྱིད་ལགས་ཏེ། དེ་ནས་བདག་གིས་མ་བསམས་པར་ཀྱེ་མ་དགེ་སྦྱོང་གི་ལུས་བྱད་
ཀྱིས་གང་ཟག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་མདུན་དུ་ཉན་ཐོས་ཀྱི་གཏམ་འཆད་པ་འདི་ནི་བདུད་དོ་ཞེས་སྡིག་པ་ཅན་གྱི་ཚིག་བརྗོད་ལགས་ཏེ། དེར་གལ་ཏེ་བདག་གིས་སྡིག་པ་ཅན་གྱི་ཚིག་དེ་མ་སྨྲས་པར་གྱུར་ན་ནི་དེར་བདག་གིས་བླ་ན་མ་མཆིས་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་ལགས་ན། སུག་ལས་ཀྱི་ལྷག་མ་དེས་བདག་དེ་ནས་ཤི་འཕོས་ནས་བདུད་ཀྱི་གནས་སུ་སྐྱེས་ཏེ། དགུང་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། དགུང་ལོ་བརྒྱ་སྟོང་དག་ཏུ་དེར་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་བདག་གི་སེམས་བསྐྱེད་པ་གཅིག་ཀྱང་མ་བྱུང་ལགས་ན་ཚངས་པའི་གནས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཞེས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ལན་གཉིས་ཀྱི་བར་དུ་བཟོད་པ་གསོལ་ཏོ། །ཇི་སྲིད་དུ་སྔོན་གྱི་མཐའི་འཁོར་བར་འཁོར་བ་
དེ་སྲིད་དུ་སླད་ཀྱིས་ཕྱི་མའི་མཐའི་མུར་སེམས་ཅན་དམྱལ་བར་གནས་པར་སྤྲོ་ལགས་ཀྱི། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ལྡོག་པར་ནི་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་
ལེགས་སོ། །གང་ལ་ལ་སྙིང་རྗེའི་སེམས་ཀྱིས་བྱང་ཆུབ་ཏུ་སེམས་གཞོལ་བར་བྱེད་ན། འདི་ནི་འདྲེན་པ་རྣམས་ལ་མཆོད་པ་མཆོག་དང་ཕུལ་ཡིན་ཏེ། འདྲེན་པའི་སྤྱན་སྔར་ལ་ལ་མར་མེ་རི་རབ་ཙམ་དུ་འབར་བར་བྱེད་ཀྱང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་ཡོངས་སུ་བཟུང་བ་

མ་ཡིན་གྱིས་ཁྱོད་ལོངས་ཤིག །ང་ལ་སྡིག་པའི་ལས་སྲ་བ་འོར་ཅིག །ཕུང་པོ་དང་ཁམས་འདི་དག་ལ་སྤྲོས་པ་དང་། མཚན་མ་མེད་པ་དང་། འདུས་བྱས་ཐམས་ཅད་དྲན་པར་བྱོས་ཤིག་དང་། ཁྱོད་ཡོན་ཏན་མཆོག་ཏུ་ཁ་ལོ་སྒྱུར་བར་འགྱུར་རོ། །དེ་ནས་དེ་ཉིད་ཀྱི་ཚེ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རྟེན་གྱིས་རྗེས་སུ་འཐུན་པའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རྟེན་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་རིན་ཐང་མེད་པའི་
མུ་ཏིག་གི་རྒྱན་ཕྲེང་གིས་སྐུ་ལ་གཡོགས་ནས་གསོལ་པ། གང་བདག་ཅག་གིས་ཆོས་ཐམས་ཅད་མྱུར་དུ་རྟོགས་ནས་དབུ་བ་དང་འདྲ་བའི་ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་བགྱིད་པ་དང་། བྱང་ཆུབ་ཏུ་ནི་བཟོད་པ་མཆོག་ཐོབ་པར་འགྱུར་བ་དང་། ཡུན་རིང་
པོ་མི་ཐོགས་པར་སེམས་ཅན་ཐམས་ཅད་ཐར་བར་བགྱིད་པའི་ཆོས་ནི་གང་ལགས། གང་ཞིག་ནི་བྱང་ཆུབ་སེམས་དཔས་སྤང་བའི་སླད་དུ་བསྒོམ་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་རྟེན་མཁས་པས་ཆོས་བཞི་མྱུར་དུ་བསྐྱེད་
པར་བྱ་སྟེ། བཞི་གང་ཞེ་ན། སེམས་ཅན་གྱི་ཕྱིར་སྡུག་བསྔལ་ཚད་མེད་པ་ཐམས་ཅད་ལ་སྤྲོ་བར་བྱ་བ་ཡིན། སངས་རྒྱས་ཀྱི་ཡུལ་གྱི་བསླབ་པ་དཔག་ཡས་པ་གཟུང་བར་བྱ་བ་ཡིན། མ་ཉམས་པར་གཟུང་བར་བྱ་བ་ཡིན། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ཐམས་
ཅད་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བ་ཡིན་ནོ། །ཡང་དེའི་ཚེ་ཚུལ་ཁྲིམས་རྟེན་གྱི་འཁོར་བདུད་ཀྱི་སྡེ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ལུང་བསྟན་པ་དེ་ཐོས་ནས་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་མཆོག་སྐྱེས་ཤིང་གུས་པ་སྐྱེས་ནས། བཅོམ་ལྡན་འདས་
ལ་ལྷག་པའི་བསམ་པས་བཟོད་པ་གསོལ་བར་གྱུར་ཏོ། །དེའི་ཚེ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་བོ། །བཅོམ་ལྡན་འདས་ལ་དེ་དག་

གིས་རང་རང་གི་ལྷ་རྫས་ཀྱི་ཆོས་གོས་དག་སྐུ་ལ་གསོལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །བདུད་སྡིག་ཅན་གྱིས་མཐོང་སྟེ། མཐོང་ནས་ཀྱང་ཡང་ཤས་ཆེར་འཁྲུགས་ཤིང་སྐྲག་ནས་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གི་ནི་ལྟོར་ཆུད་པས། །
འཁོར་དེ་དག་དང་བྲལ་བར་གྱུར། །འདི་ནས་གང་དུ་དོང་བ་ནི། །ཐམས་ཅད་དེ་ཡི་དབང་དུ་སོང་། །དེས་སུ་ཡང་ཕྱི་རོལ་དུ་མ་འབྱུང་ཤིག །བདུད་ཀྱི་སྤྱོད་ཡུལ་འདིར་བདག་ཅག་གནས་པར་བྱའོ་ཞེས་སྨྲས་ནས་མྱུར་དུ་གྲོང་ཁྱེར་གྱི་སྒོ་བཅད་དེ་གབ་ཏུ་བཅུག་གོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཇི་ལྟར་ནམ་མཁའི་སྤྱན་ལས་གསུངས་པ་བཞིན་དུ་དེ་དག་ལ་ཚངས་པའི་གནས་པ་རྣམ་པ་གསུམ་པོ་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་རྒྱ་ཆེར་བསྟན་པར་ཡང་དག་པར་བརྩམ་པ་མཛད་དོ། །
རི་ཁ་ལ་ཏི་ཡའི་རྩེ་མོ་དྲང་སྲོང་ཐུབ་པའི་གནས་སུ་ཀླུ་གང་དག་རྟེན་ཅིང་འདུས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་རང་རང་གི་ལུས་ཆུང་ངུར་མཐོང་སྟེ། དཔེར་ན་མིག་སྨན་བསྐུ་བའི་ཐུར་མ་བཞིན་ནོ། །ཇི་ལྟར་སྔོན་གྱི་ལུས་བཞིན་དུ་ཡང་བཞག་པར་མ་ནུས་སོ། །སླར་འབྱུང་
བར་ཡང་མ་ནུས་ཏེ། དེ་དག་ཐམས་ཅད་འཇིགས་ཤིང་སྐྲག་ལ་སྤུ་ཟིང་ཞེས་བྱེད་པའི་བ་སྤུའི་ཁུང་བུ་བྱུང་ནས། དེ་དག་ཐམས་ཅད་ཀྱིས་དགའ་བོ་དང་ཉེ་དགའ་ལ་རབ་ཏུ་བཏུད་ནས་འདི་སྐད་ཅེས་སྨྲས་སོ། །གང་གི་ཚེ་བདག་ཅག་གི་གྲོང་དུ་ཤ་སྦྲང་དང་། སྦྲང་བུ་
མཆུ་རིངས་དང་། སྦྲང་བུ་གདུག་པ་རྣམས་ཀུན་ཏུ་བྱུང་བ་དེའི་ཚེ་བདག་ཅག་གནས་ཐམས་ཅད་བོར་ནས་བསྐྱབ་པའི་ཕྱིར་འདིར་ཞུགས་ནས་འདི་ནས་གང་དུ་ཡང་མཆི་བར་མ་ནུས་ཏེ། ལུས་དག་ཀྱང་ཆུང་ངུར་གྱུར་ལགས་ན་གང་གིས་བདག་ཅག་གནས་སུ་མཆི་བར་
བདག་ཅག་བསྐྱབ་ཏུ་གསོལ། མི་འཇིགས་པ་སྩལ་བར་གསོལ། དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཀྱང་སྨྲས་པ། དགེ་སྦྱོང་འདི་ནི་གཡོ་སྒྱུ་ཅན་གྱིས་བློ། །ཤཱཀྱའི་བུ་ཕོ་སྒྱུ་མ་བྱེད་པ་ཡིན། །སངས་རྒྱས་ཞིང་འདིར་ཞུགས་པར་གྱུར་ནས་སུ། །ལུས་ཀུན་ལ་

ནི་ཐམས་ཅད་ཆུད་པར་གྱུར། །དེས་ནི་ཀླུ་རྣམས་ཀུན་གྱི་གནས་དག་ཏུ། །ཤ་སྦྲང་སྦྲང་བུ་མཆུ་རིངས་སྦྲང་བུ་སྦྲུལ། །ས་འདི་བསྐྱབ་ཕྱིར་ངེད་ཅག་ལྷགས་གྱུར་ཏེ། །ཐམས་ཅད་སྟོབས་རྣམས་ལས་ནི་ཉམས་པར་གྱུར། །གཽ་ཏ་མ་ནི་བློ་གྲོས་གཡོན་ཅན་
ཡང་། །ལས་དེས་རྫུ་འཕྲུལ་དེ་ལས་ཉམས་གྱུར་ཅིང་། །དེ་ནི་ལུས་ཀྱང་ཆུང་ངུར་གྱུར་ནས་སུ། །སྟན་གྱི་སྟེངས་ན་དམངས་ནི་ཀུན་ཏུ་སྣང་། །དེས་ནི་བདག་ཅག་ལུས་ཀྱང་ཆུང་ངུར་བྱས། །བཙོན་ར་འདིར་ནི་བཅིངས་པར་གྱུར་ནས་སུ། །ངེད་ཅག་ཅི་ཡང་བྱེད་
པར་མི་ནུས་ཀྱིས། །མི་འཇིགས་ལྷ་ལ་ཁྱེད་ཅག་ཕྱག་འཚོལ་ཅིག །འདོད་པའི་དབང་ཕྱུག་བདུད་སྡིག་ཅན་ལ་ཀླུ་དེ་དག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སྨྲས་པ། གང་བདག་ཅག་བཙོན་ར་དེ་ནས་འབྱེར་བ་དང་རང་རང་གི་གནས་རྣམས་སུ་གནས་པར་རྔོ་ཐོགས་པར་བདག་ཅག་
བསྐྱབ་ཏུ་གསོལ། ཀླུའི་རྒྱལ་པོ་ས་སྲུང་གི་བུས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བདུད་དཔུང་བཅས་པ་རང་ཉིད་སྐྲག་ནས་སུ། །གཽ་ཏ་མ་སྒྱུ་མ་གཡོ་སྒྱུ་ཅན་ལ་སྐྱོ། །འཁོར་དང་ལྟོ་གོལ་རྣམས་ཀྱང་གཡོ་ཡིས་སུ། །དེས་ནི་དེ་ཡི་སྐྱེ་བོ་མང་པོ་ཕྲོགས། །བདུད་ལ་
མཐུ་ནི་ཅི་ཡང་ཡོད་མ་ཡིན། །འགྲོ་བ་དང་ནི་རྫུ་འཕྲུལ་དེ་ལས་ཉམས། །གཞན་ལ་ཁྱེད་ཅག་མྱུར་དུ་སྐྱབས་སུ་དེང་། །ལྷ་རྣམས་ལ་ནི་ཀུན་གྱིས་རྗེད་པར་བྱོས། །དེ་ནས་ཀླུ་ཐམས་ཅད་ཀྱང་ཁ་ཅིག་ནི་རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་བརྒྱ་
བྱིན་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་རབ་འཐབ་བྲལ་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་ཡོངས་སུ་དགའ་ལྡན་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་འཕྲུལ་དགའ་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་ལྷའི་བུ་གཞན་འཕྲུལ་དབང་བྱེད་ལ་ཕྱག་འཚལ་བར་བྱེད་
དོ། །ཁ་ཅིག་ནི་ཚངས་པ་ཆེན་པོ་ལ་ཕྱག་འཚལ་བར་བྱེད་དོ། །ཀླུའི་རྒྱལ་པོ་ཐམས་ཅད་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་སྨྲས་སོ། །ལྷ་དང་ལྷ་དབང་འདི་ཀུན་འཁོད་ནས་སུ། །མཆོད་པ་རྣམ་པ་སྣ་ཚོགས་བྱེད་པ་དང་། །གཽ་ཏམ་དམངས་ལ་ཐམས་ཅད་སྐྱབས་

གནས་པ། །ཁྱེད་ཅག་གི་ནི་ཅི་ཡི་ཕྱིར་མ་མཐོང་། །དཀའ་ཐུབ་དྲག་པོ་དྲང་སྲོང་ཆེན་པོ་དག །གཞན་རྣམས་ལ་ནི་གྲོགས་དག་ཁྱེད་ཕྱག་འཚོལ། །རྟས་བསྲུངས་མཐོན་འཕུར་སྐར་མ་དགའ་བ་དང་། །ངན་སྤོང་བུ་ལ་ཅི་ཕྱིར་ཕྱག་མི་འཚལ། །དེ་ནས་ཀླུ་
དེ་དག་ཐམས་ཅད་ཁ་ཅིག་ནི་དྲང་སྲོང་རབ་ཏུ་དཔལ་ལྡན་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་བརྟེན་པོ་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་རྟས་བསྲུངས་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་མཐོན་པོར་འཕུར་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་སྐར་མ་ལ་
དགའ་བ་ལ་ཕྱག་འཚལ་བར་བྱེད་དོ། །ཁ་ཅིག་ནི་དྲང་སྲོང་ངན་སྤོང་གི་བུ་ལ་ཕྱག་འཚལ་བར་བྱེད་དོ། །མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ལ་སྐྱབས་སུ་ཉེ་བར་དོང་ངོ་། །ཡང་དེའི་ཚེ། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་གངས་ཀྱི་ནུབ་ཕྱོགས་ཀྱི་
ངོས་ལ་དྲང་སྲོང་སྐར་མ་ལ་དགའ་བའི་མདུན་ན། ཤཱཀྱ་ཁྱུ་མཆོག་གི་ཡོན་ཏན་བསྔགས་པ་ཉན་ཅིང་འཁོད་དེ། དྲང་སྲོང་དེ་དག་གིས་ཀླུ་ཐམས་ཅད་འོ་དོད་འབོད་པ་ཐོས་སོ། །ཐོས་ནས་ཀྱང་དྲང་སྲོང་ལྔ་པོ་དེ་དག་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དྲང་སྲོང་ཐུབ་པའི་གནས་རྟེན་དུ་ཀླུ་ཐམས་ཅད་གནོད་པར་གྱུར་ཅིང་བདག་ཅག་ལ་སྐྱབས་སུ་ཉེ་བར་གནས་པ་གཟིགས་སམ། བཞེངས་ཏེ་དེར་བཞུད་ལ་ཀླུའི་སྡེ་ཐམས་ཅད་
ཡོངས་སུ་ཐར་བར་མཛོད་ཅིག །དེས་སྨྲས་པ། ཁྱེད་དེང་ཤིག །ལྷ་དང་། ཀླུ་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་མང་པོ་འདི་དག་ངའི་མདུན་དུ་འཁོད་ནས་ཚངས་པའི་གནས་པ་དམིགས་པ་མེད་པ་ཡོངས་སུ་འདྲི་བར་བྱེད་དེ། ངས་དེ་དག་གི་སེམས་ཡོངས་སུ་མགུ་བར་
བྱའོ། །དེ་ནས་སྐར་མ་ལ་དགའ་བའི་རྐང་པ་གཉིས་ལ་དྲང་སྲོང་དེ་དག་ཐམས་ཅད་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་རྫུ་འཕྲུལ་གྱིས་དོང་སྟེ་དྲང་སྲོང་ཐུབ་པའི་གནས་ཀྱི་གཞི་རྟེན་དུ་འཁོད་དོ། །དེ་ནས་དེ་དག་ལ་ཀླུ་དེ་དག་མགོ་བོས་ཕྱག་འཚལ་

ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱེད་བསོད་ནམས་ཅན་ཤེས་རབ་དང་ལྡན་པ་ཐབས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲང་སྲོང་ཆེན་པོ་ལགས་ན་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། །བཙོན་རའི་འཇིགས་པ་འདི་ལས་བདག་ཅག་ཡོངས་སུ་དགྲོལ་བར་གསོལ། དེ་ནས་
དྲང་སྲོང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ངེད་ཀྱིས་ནི་ཁྱེད་འདི་ནས་ཡོངས་སུ་གྲོལ་བར་བྱེད་པར་མི་ནུས་སོ། །ལག་འགྲོའི་བདག་པོ་དག་གངས་ཀྱི་ནུབ་ཕྱོགས་ཀྱི་ངོས་ལ་དྲང་སྲོང་ཐམས་ཅད་ཀྱི་བླ་མ་དབང་ཆེ་བར་གྲགས་པ། ཤེས་རབ་དང་། ཐབས་དང་། གཟི་བརྗིད་
ཆེན་པོས་རྒྱས་པ་སྐར་མ་ལ་དགའ་བ་ཞེས་བྱ་བ་ཡོད་དེ། དེས་ཁྱེད་འདི་ནས་ཡོངས་སུ་གྲོལ་བར་བྱེད་པར་འགྱུར་རོ། །དེ་ལ་ཕྱག་འཚོལ་ཅིག །དེ་ཐོས་ནས་ཀླུ་ཐམས་ཅད་དྲང་སྲོང་སྐར་མ་ལ་དགའ་བ་ལ་ཐལ་མོ་རབ་ཏུ་སྦྱར་བ་བྱས་ནས་དབྱངས་གཅིག་གིས་འོ་དོད་བོས་སོ། །དེ་
ནས་བྱང་ཆུབ་སེམས་དཔའ་དྲང་སྲོང་གི་ཆ་བྱད་ཅན་དྲང་སྲོང་སྐར་མ་ལ་དགའ་བས་ལྷ་དང་། མི་འམ་ཅི་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་མང་པོས་མདུན་དུ་བདར་ཅིང་ཡོངས་སུ་བསྐོར་ཏེ། དེ་ནས་རྫུ་འཕྲུལ་གྱིས་ཆས་ནས་དྲང་སྲོང་ཐུབ་པའི་གནས་དེར་ཡང་ཕྱིན་པར་གྱུར་ཏེ། དེ་ལ་
ཀླུ་ཐམས་ཅད་མགོ་བོས་ཕྱག་འཚལ་ཏེ་གུས་པ་མཆོག་སྐྱེས་ནས་འདི་སྐད་ཅེས་སྨྲས་སོ། །གང་བདག་ཅག་རང་གི་གནས་སུ་མཆིས་ནས་དགའ་བར་འགྱུར་བར་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། གནས་འདི་ནས་བདག་ཅག་ཡོངས་སུ་དགྲོལ་བར་གསོལ། དུས་ཤེས་པ།
དུས་ལ་བལྟ་བ་དྲང་སྲོང་ཆེན་པོ་དེས་ཀྱང་རྐྱེན་གྱི་དབང་གིས་དེ་དག་ལ་རྒྱུ་སྐར་གྱི་གོ་རིམས་ཀྱི་གཏམ་བརྩམས་པ། ཇི་ལྟར་ཐམས་ཅད་ཐར་འགྱུར་བ། །དེ་བཞིན་དུ་ནི་བཤད་པར་བྱ། །ཁྱེད་ལ་ཕན་པ་གཞན་མེད་ཀྱིས། །མཐར་གྱིས་སུ་ནི་མཉན་པར་གྱིས། །འདིར་ནི་ནབ་
སོ་གང་གནས་པ། །དེ་ནི་དབྱར་ཟླ་ཐ་ཆུངས་ཏེ། །དེ་ནི་ཉི་མ་ལྷ་ཡིན་ཞིང་། །ཀླུ་རྣམས་ཀུན་དང་འབྲེལ་པ་ཡིས། །སྐར་མའི་དཔྱད་ནི་ཕོངས་པ་དང་། །སྙིང་པོར་དྲང་སྲོང་སྦྱོར་བས་བསྟན། །གཟའ་དང་རྒྱུ་སྐར་སྐར་མ་རྣམས། །ནམ་མཁའ་ལ་ནི་སུ་ཡིས་བཞག །མཁས་

པ་རྣམས་ནི་དགའ་བགྱིད་པ། །ལོ་སྐོར་ཤེས་པ་བཤད་དུ་གསོལ། །ཟླ་བ་ཉི་མ་རྒྱུ་སྐར་དང་། །གཟའ་རྣམས་འགྲོ་བ་ཇི་ལྟར་ལགས། །ཟླ་བ་རྣམས་ཀྱི་དང་པོར་ནི། །རྒྱུ་སྐར་གང་ཞིག་འབྱུང་བར་འགྱུར། །ཟླ་བའི་ཡུད་ཙམ་གང་ཞིག་ལགས། །
གོ་རིམས་ཀྱང་ནི་ཅི་འདྲ་ལགས། །ལྷ་ནི་ཅི་ལགས་རུས་ཅི་ལགས། །ལྕི་བ་ཅི་ལགས་ཡང་བ་གང་། །ཕན་པ་ཅི་ལགས་གནོད་པ་ཅི། །སྟོབས་ཅི་བདག་ལ་མྱུར་དུ་གསུངས། །གང་གིས་སུ་ནི་མཚན་མོ་འཐོབ། །ཉི་མའི་མདུན་ན་ཅི་ཞིག་ལགས། །གྲིབ་མའི་
གོམ་པ་དུ་ཞིག་ཏུ། །ཉི་མ་འཁོར་བར་བགྱིད་པ་ལགས། །ཟླ་བ་གང་ལ་ལྷོ་ཕྱོགས་སུ། །ཉི་མ་བྱང་དུ་ཇི་ལྟར་གནས། །དྲང་སྲོང་ཁྱོད་ལ་ཀུན་ཞུ་ན། །བདག་ཅག་ལ་ནི་ཀུན་སྟོན་ཅིག །ཤེས་རབ་ཆེན་པོས་འཇིག་རྟེན་མཁས། །སྐར་ལ་དགའ་བས་དེ་སྐད་སྨྲས། །
བསྐལ་པ་བཟང་པོ་ཞུགས་པ་ན། །སྔོན་ཆད་བྱུང་བ་སྐྱེ་ལགས་འགྲོ། །དཔལ་ལྡན་གྲོང་ཁྱེར་ལྔ་ལེན་དུ། །འདོད་པ་སྤངས་ཤིང་ཆོས་དང་ལྡན། །གཙང་མ་འདོད་ཅིང་རབ་མཁས་པའི། །མི་རྒྱལ་འབྱོར་བ་ཆེན་པོ་བྱུང་། །དེ་ཡི་བཙུན་མོ་དམ་པ་ནི། །འདོད་པ་རྣམས་ལ་
འཆུམས་གྱུར་ནས། །དེ་ཚེ་ཡུལ་ནི་དབེན་པར་ཡང་། །གཟུ་ལུམས་ཅན་དང་ལྷན་ཅིག་སྤྱད། །མངལ་ནི་སྨིན་པར་བྱ་བའི་ཕྱིར། །ཡང་དང་ཡང་དུ་སྤྱད་ནས་སུ། །དེ་ཚེ་ཆོས་ཀྱིས་སྦྲུམ་པར་གྱུར། །མི་སྡུག་པ་ཡི་ཁྱེའུ་ཞིག་བྱུང་། །བུང་བུའི་མགོ་ལ་བོང་མགྲིན་པོ། །
བོང་རྣ་པོ་ལ་བོང་གདོང་པོ། །ཐམས་ཅད་རྩུབ་པོ་རལ་པ་ཅན། །མི་ཡི་ལུས་ནི་ཕྱེད་ཡོད་པ། །དེ་མཐོང་འཇིགས་ནས་མྱུར་དུ་ནི། །སྣམ་ཕྱི་སར་ནི་དེ་བོར་རོ། །རེག་ཏུ་མི་རུང་མི་གཙང་བ། །དེ་ཕྱིར་སྲིན་མོ་བོང་མོས་བླངས། །གངས་ཀྱི་གནས་སུ་སོང་ནས་སུ། །
བུ་ལ་ཆགས་པས་གསོས་པ་ཡིན། །བཅུད་ཀྱིས་ལེན་ནི་འཐུངས་པས་ན། །དེ་ཚེ་ལྷ་དང་ལྷན་ཅིག་འགྲོགས། །ཤེས་རབ་ཆེན་པོ་སྐལ་ལྡན་པོ། །རབ་ཏུ་བརྩོན་ལྡན་སྙིང་རྗེའི་སེམས། །གཟི་བརྗིད་ཆེན་པོ་བྱམས་པ་ཐོབ། །སེམས་ཅན་ཀུན་ལ་ཕན་བྱེད་པའོ།

ལྷ་ཡི་ཚོགས་ཀྱང་འདུས་ནས་སུ། །རྔ་བོང་ལ་ནི་ཕྱག་འཚལ་ནས། །དེ་ལ་ཡང་ནི་སྙིང་བརྩེའི་ཕྱིར། །གངས་ཀྱི་རི་བོ་སྤྲུལ་པ་བྱས། །ཤིང་དང་མེ་ཏོག་འབྲས་བུར་ལྡན། །དྲི་ཞིམ་དགའ་བར་བྱེད་པ་སྟེ། །སྣ་ཚོགས་རྩི་ཡིས་ཁེབས་པ་ལ། །བྱ་རྣམས་སྣ་
ཚོགས་རྟེན་པ་ཡིན། །དེར་ནི་དྲང་སྲོང་རྔ་བོང་དེ། །རྣམ་པར་དབེན་པར་རྟེན་ནས་སུ། །ལོ་ནི་དྲུག་ཁྲི་ཐམ་པར་ཡང་། །རྐང་པ་གཅིག་གིས་དཀའ་ཐུབ་གནས། །བརྒྱ་བྱིན་ཚངས་པས་ཕྱག་བྱས་ཏེ། །ལྷ་རྣམས་ཀུན་གྱིས་མངོན་པར་བསྟོད། །གཟུགས་རྟེན་
ལྷ་རྣམས་ཐམས་ཅད་དང་། །དེར་ནི་ཚངས་པ་ཉེ་བར་འོངས། །འདོད་རྟེན་ལྷ་རྣམས་ཐམས་ཅད་དང་། །དེར་ནི་བརྒྱ་བྱིན་ཉེ་བར་འོངས། །ཀླུ་དང་གནོད་སྦྱིན་གྲུལ་བུམ་དག །ཐམས་ཅད་དེར་ནི་ཉེ་བར་ལྷགས། །འཇིག་རྟེན་གང་སུ་མཁས་པ་ནི། །དྲང་སྲོང་ཚངས་
པར་སྤྱོད་པ་རྣམས། །འདོད་པའི་ཁམས་དང་གཟུགས་ཁམས་པ། །ཐམས་ཅད་དེར་ནི་ཉེ་བར་ལྷགས། །ཀུན་གྱིས་དྲང་སྲོང་རྔ་བོང་ལ། །མཆོད་པ་རྣམ་པ་སྣ་ཚོགས་བྱས། །བཏུད་ནས་ཐལ་མོ་སྦྱར་བྱས་ཏེ། །བརྒྱ་བྱིན་ཚངས་པས་འདི་སྐད་སྨྲས། །སྐལ་
ལྡན་ཆེན་པོ་ཀྱེ་ཁྱོད་ནི། །ཅི་ཕྱིར་དེད་ལ་མངོན་པར་དགའ། །རེ་བ་ཅི་འདྲ་ཅི་ལ་བསམས། །ཅི་འདོད་པ་ནི་སྨྲ་བར་གྱིས། །དྲང་སྲོང་རྔ་བོང་གིས་སྨྲས་པ། །གཟའ་དང་རྒྱུ་སྐར་སྐར་མ་རྣམས། །མཁའ་ལ་ཅི་འདྲར་བྱུང་གྱུར་པའི། །སྔོན་གྱི་བསྐལ་པ་བདག་གིས་
དྲན། །ཉིན་ཞག་དུ་ནི་རྒྱུ་སྐར་རྣམས། །རེ་རེ་ནས་ནི་རྒྱུ་བར་བྱེད། །ཚེ་རབས་ཀུན་ཏུ་རྒྱུ་སྐར་གྱི། །ཡོན་ཏན་ལས་རྣམས་རྣམ་པར་ཤེས། །བསྐལ་པ་བཟང་པོ་འདི་ལ་ནི། །འདི་ནི་ཅི་ཡང་མི་སྣང་ན། །སྙིང་བརྩེར་གྱིས་དེ་ཁྱོད་ཀྱིས་ནི། །རྒྱུ་སྐར་གོ་རིམས་ཀུན་
ཞོག་ཤིག །ཇི་ལྟར་འཇིག་རྟེན་འདིར་གནས་བཞིན། །དེ་ཡི་ལས་དང་ཡོན་ཏན་གསུངས། །ཡོན་ཏན་རྒྱ་མཚོས་ཤོད་ཅིག་ཅེས། །ལྷ་ཡི་ཚོགས་རྣམས་ཀུན་གྱིས་སྨྲས། །དྲང་སྲོང་རྔ་བོང་གིས་སྨྲས་པ། །རེ་ཞིག་དང་པོར་སྨིན་དྲུག་ཅེས། །རྒྱུ་སྐར་

དཀྱིལ་འཁོར་ཐམས་ཅད་ལ། །ནང་གི་དང་པོར་གཞག་པར་བྱ། །ཇི་ལྟར་སྨིན་དྲུག་བཞག་པ་བཞིན། །འདི་ལ་སུ་ཞིག་དད་པ་འབུལ། །ལྷ་ཡི་བུ་ནི་ཉི་མ་ཡང་། །སྐར་མ་དྲུག་པོ་སྟོན་པར་བྱེད། །སྨིན་དྲུག་རྒྱུ་སྐར་དེ་དག་ནི། །མཁའ་ལ་རྟག་
ཏུ་རྒྱུ་བར་ཤོག །ཐམས་ཅད་ལྡན་པའི་འཁོར་དགའ་ནས། །མེ་ལྷ་ཞིག་ནི་སྤྲུལ་པ་བྱས། །གཟི་བརྗིད་ཆེན་པོ་དྲང་སྲོང་ལྷ། །མེ་བཞིན་འཇུག་གིས་བུས་སྨྲས་པ། །བདག་གི་སྲིང་མོའི་བུ་འདི་དག །གླིང་བཞི་པར་ནི་གནས་པར་ཤོག །དྲང་སྲོང་རྔ་བོང་སླར་
སྨྲས་པ། །དང་པོར་སྨིན་དྲུག་དེ་དག་ཡིན། །རྒྱུ་སྐར་ཆུ་ཡི་རུས་ཅན་ནི། །གཉིས་པ་ཡང་ནི་ཡིན་པར་བྱ། །སྐྱེ་དགུའི་བདག་གིས་འདི་སྐད་སྨྲས། །བདག་གིས་བུ་ལྔ་དབུལ་ལགས་ཏེ། །རུས་ནི་དྲང་སྲོང་ཆེན་པོ་ཆུ། །རབ་ཏུ་བརྩོན་ལྡན་སྣར་མ་ལགས། །
ཆུ་ཡི་རུས་ཀྱི་རྒྱུ་སྐར་ནི། །སྣར་མའི་མིང་གིས་གཉིས་པ་ལགས། །ཟླ་བའི་བུ་ཕོ་གསུམ་པོ་ནི། །མིང་ནི་མགོ་ཞེས་བགྱི་བ་ལགས། །བ་ར་དྭ་ཛའི་རུས་སུ་ནི། །མགོ་ཞེས་བགྱི་བ་བཞག་པ་ལགས། །རབ་ཏུ་མི་བཟད་ལག་ཅེས་བྱ། །ལྷ་དྲག་རྣམས་ཀྱིས་
བསྟན་པ་ལགས། །ལྗང་སྔོའི་བུ་ཡི་བུ་རུས་སུ། །དེ་ནི་བཞི་པར་བཞག་པ་ལགས། །དྲང་སྲོང་བཅས་པའི་ལྷ་ཚོགས་ཀྱིས། །ཉི་མའི་བུ་ནི་བསྟན་ལགས་ཏེ། །ནབ་སོ་ལགས་ཤིང་གནས་འཇོག་རུས། །ཕུར་བུའི་བུ་ནི་གསུམ་ལགས་ཏེ། །ལག་གི་བུ་
ཡི་རུས་ལགས་ཤིང་། །རྒྱལ་ཞེས་བགྱི་བར་དེ་དག་བཤད། །ས་སྲུང་གི་ནི་བུ་ལྔ་པོ། །བརྟུལ་ཞུགས་སྤྱོད་པ་མཁས་པ་རྣམས། །མཛའ་བོའི་བུ་ཡི་རུས་ལགས་ཏེ། །དེ་ལྟར་དེ་དག་རྒྱུ་སྐར་བདུན། །ཤར་ཕྱོགས་ཁ་འཛིན་རྣམས་སུ་བཞག །དེ་ཡི་ལས་
དང་གོ་རིམས་དང་། །སྦྱོར་བ་ཁ་འཛིན་གཞུང་ལས་བསྟན། །ངས་ཀྱང་ཡང་ནི་ཁྱེད་ཅག་ལ། །གླིང་བཞི་པ་ནི་གནས་བྱེད་ཅིང་། །ལས་ནི་ཅི་འདྲ་སྒྲུབ་བྱེད་པ། །མདོར་ནི་མྱུར་དུ་བཤད་པར་བྱ། །ཕུར་བུ་ཡི་ནི་བུ་ལྔ་པོ། །བྱང་གྲོལ་བརྟུལ་ཞུགས་འཆང་བ་དག །

སེར་སྐྱའི་བུ་ཡི་རུས་སུ་ནི། །ལྷོ་ཡི་ཕྱོགས་སུ་ངས་བཞག་གོ། །དབྱངས་ཅན་གྱི་ནི་བུ་གཉིས་པོ། །མིང་གིས་ཀྱང་ནི་གྲེ་ཡིན་ཏེ། །དྲང་སྲོང་གཽ་ཏ་མ་རུས་སུ་ནི། །ལྷོ་ཡི་ཕྱོགས་སུ་ངས་བཞག་གོ། །ལྷ་མོ་ཡི་ནི་བུ་གཉིས་པོ། །མིང་གིས་ཀྱང་ནི་དབོ་ཡིན་ཏེ། །
ཀཽ་ཌི་ནྱ་ཡི་རུས་སུ་ནི། །ལྷོ་ཕྱོགས་ཁ་འཛིན་གསུམ་པ་བཞག །སྡིག་པ་ཡི་ནི་བུ་བསྟན་པ། །དྲང་སྲོང་ཀཱ་ཏཱའི་བུ་ཡི་རུས། །ལྷར་བཅས་དྲང་སྲོང་རྣམས་ཀྱིས་དེར། །མེ་བཞི་ཞེས་ནི་བྱ་བར་བཞག །དྲི་ཟའི་བུ་ནི་ནག་པ་སྟེ། །ཀཱ་ཏཱའི་བུ་ཡི་རུས་ཡིན་ནོ། །
ས་རི་དེ་ནི་མ་ཡི་བུ། །ཀཱ་ཏཱའི་བུ་ཆེན་རུས་ཡིན་ནོ། །འདིར་ནི་ས་ག་དཔལ་གྱི་བུ། །ཀཱ་ཏཱའི་བུ་རྒན་རུས་ཡིན་ཏེ། །དྲང་སྲོང་རྣམས་ཀྱིས་རྒྱུ་སྐར་བདུན། །ལྷོ་ཕྱོགས་ཁ་འཛིན་རྣམས་སུ་བཞག །མཛའ་བོའི་བུ་ཡི་བུ་བཞི་པོ། །དྲག་པོའི་བུ་ཡི་རུས་ཡིན་ཏེ། །མིང་
གིས་ལྷ་མཚམས་ཞེས་བྱ་བ། །ནུབ་ཕྱོགས་སུ་ནི་བཞག་པ་ཡིན། །དབང་པོ་ཡི་ནི་བུ་གསུམ་སྟེ། །ཟླ་བ་ཀཱ་ཏཱའི་བུ་ཡི་རུས། །འཇམ་པའི་ལས་ནི་ཐམས་ཅད་ལ། །གཉིས་པ་སྣྲོན་ནི་བཞག་པ་ཡིན། །ས་ཡི་ལྷ་མོའི་བུ་གསུམ་སྟེ། །སྣྲུབས་ནི་ལག་པའི་
བུ་ཡི་རུས། །རྒྱལ་བའི་ལྷ་མོའི་བུ་བཞི་སྟེ། །ཀཱ་ཏཱའི་བུ་ཡི་རུས་ཡིན་ནོ། །ཐམས་ཅད་ལྷ་ཞེས་བྱ་བ་བཞི། །མཽད་གལ་བུ་ཡི་རུས་ཡིན་ནོ། །སྣྲུབས་དང་ཆུ་སྟོད་ཆུ་སྨད་གཉིས། །རྒྱུ་སྐར་གསུམ་པོ་བཞག་པ་ཡིན། །སྲེད་མེད་བུ་ཡི་བུ་གསུམ་པོ། །རྒྱུ་སྐར་
རྣམས་ནི་བྱི་བཞིན་འཁོད། །ཁྱབ་འཇུག་གི་ནི་བུ་གསུམ་སྟེ། །ཀཱ་ཏཱའི་བུ་ཕོ་དཔལ་གྱི་རུས། །དེ་ལྟར་དེ་དག་རྒྱུ་སྐར་བདུན། །ནུབ་ཕྱོགས་ཀྱི་ནི་ཁ་འཛིན་ཡིན། །ནོར་ལྷའི་བུ་ནི་མོན་གྲུ་སྟེ། །དྲང་སྲོང་རྣ་བའི་རུས་ཡིན་ནོ། །ཆུ་ལྷའི་བུ་ནི་གཅིག་པུ་སྟེ། །དེབ་
རྩེའི་བུ་ཡི་རུས་ཡིན་ཞིང་། །སྨན་མ་སྤྲུལ་གྱི་ལྷ་མོ་ཡི། །རྒྱུ་སྐར་མོན་གྲེ་གནས་པ་ཡིན། །སྡིག་པ་ཡི་ནི་བུ་གཉིས་ཏེ། །ཁྲུམས་སྟོད་ཅེས་ནི་བྱ་བར་བཤད། །ཆུ་ཡི་རྣ་བའི་རུས་སུ་ནི། །གསུམ་པ་འདི་ནི་བཞག་པ་ཡིན། །ལྷ་ཡི་དྲང་སྲོང་ཆུ་ལྷའི་བུ། །

ཁྲུམས་སྨད་ཅེས་ནི་བྱ་བར་བཤད། །བྲ་ཉེ་དྲང་སྲོང་རུས་ཡིན་པར། །བཞི་པ་འདི་ནི་བཞག་པ་ཡིན། །ལྷ་ཡི་དྲང་སྲོང་རྒྱལ་གྱི་བུ། །ནམ་གྲུ་ཞེས་བྱ་དེ་བསྟན་ཏེ། །དྲང་སྲོང་དབང་པོའི་རུས་སུ་ནི། །ལྔ་པ་འདི་ནི་བཞག་པ་ཡིན། །དྲི་ཟའི་རྒྱལ་པོའི་
བུ་གསུམ་སྟེ། །ལྔ་ལེན་བུ་ཡི་རུས་ཡིན་ཞིང་། །རྒྱུ་སྐར་ཐ་སྐར་ཞེས་བྱ་བ། །འཇིག་རྟེན་མཁས་པ་རྣམས་ཀྱིས་བཞག །དྲག་པོའི་བུ་ནི་གསུམ་ཡིན་ཏེ། །བྲ་ཉེ་ངན་སྤོང་རུས་ཡིན་ནོ། །རྒྱུ་སྐར་བདུན་པོ་དེ་དག་ནི། །བྱང་ཕྱོགས་ཁ་འཛིན་རྣམས་སུ་བཞག །
རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །ཁ་འཛིན་བཞིར་ནི་གཞུང་ལས་བཤད། །གཏོར་མ་ལས་དང་ཡོན་ཏན་རྣམས། །མདོར་ན་ང་ཡིས་བཤད་པར་བྱ། །ཐམས་ཅད་རབ་ཏུ་ཐལ་སྦྱར་འཁོད། །ལྷ་དང་ཤེད་ལས་སྐྱེས་རྣམས་ཀྱིས། །དྲང་སྲོང་རྔ་བོང་ལ་ནི་སྨྲས། །མི་དགེ་
སྔོན་དུ་འགྲོ་བའི་ལས། །གང་བྱས་ཁྱོད་ནི་མི་སྡུག་སྐྱེས། །གང་དུ་ཐམས་ཅད་མྱུར་ཟད་འགྱུར། །འདི་ནི་ལྷ་དང་མི་རྣམས་དང་། །དྲང་སྲོང་དག་ནི་ཞི་བ་རྣམས། །ཐམས་ཅད་གཟུགས་ནི་བཟང་པོར་གྱུར། །རིགས་དང་སྙན་ལྡན་དེ་དག་ཀུན། །དྲང་སྲོང་རྔ་བོང་
དེ་ལ་ནི། །བརྒྱ་བྱིན་ལྷན་ཅིག་འཁོད་ནས་སུ། །འཁོར་ཀུན་རངས་ཏེ་ཐལ་སྦྱར་གྱུར། །བསམ་པ་གཅིག་ཏུ་སྨྲས་པ་ནི། །ནམ་མཁའ་འདི་ལ་རྒྱུ་སྐར་ནི། །གང་ཞིག་དང་པོར་རྒྱུ་བར་བྱེད། །ཁ་ཟས་སུ་ནི་ཅི་ཟ་ཤོད། །མི་རྣམས་ཀྱི་ནི་ལས་ཅི་སྒྲུབ། །ཡུན་ནི་ཇི་སྲིད་
རྒྱུ་བར་བྱེད། །དྲང་སྲོང་དེ་དག་ཐམས་ཅད་ལ། །རྔ་བོང་གིས་ནི་ཇི་སྐད་སྨྲས། །ཇི་ལྟར་ང་ཡིས་བརྗོད་པ་བཞིན། །འདིར་ནི་ཁྱེད་ཀྱིས་དད་པ་ཕུལ། །རྒྱུ་སྐར་འདི་ལ་ངས་མཆོག་ཕྱིན། །དེ་ནི་ཁྱོད་ལ་བརྗོད་པར་བྱ། །གོ་རིམས་ཤེས་པ་ང་བདག་བཞིན། །གླིང་
བཞིའི་སེམས་ཅན་ཕན་པའི་ཕྱིར། །ལོ་སྐོར་ཡང་ནི་ཤེས་པར་བྱ། །དང་པོར་ཉི་མ་གང་ཡིན་པ། །ངས་བྱས་པ་ནི་ང་ཡི་མིག །བུ་དྲུག་གཡོ་ཅན་སེམས་རངས་པ། །དེ་ནི་ང་ཡིས་དང་པོར་བརྗོད། །དེ་ཡི་ཕྱིར་ན་སྨིན་དྲུག་ནི། །རྒྱུ་སྐར་ཚོགས་ནི་ཐམས་ཅད་དུ། །

ནང་གི་གཙོ་བོར་འགྱུར་བར་ཤོག །ཟླ་བ་ཉ་དང་ཉི་མ་ཡི། །ཉིན་མཚན་དེ་དག་མཉམ་པར་གནས། །མཚན་མོ་གཞན་ནི་མུན་ཁྱབ་དང་། །ཆུ་ལྷ་ཡང་ནི་གནས་པར་འགྱུར། །འགྲོ་བ་བཟོད་པ་བགྲང་བ་དང་། །བྲ་ཉེ་གནས་བཞིན་འདི་ལྟར་བཤད། །མོན་
སྲན་བཅུ་དྲུག་བརྒྱར་བསྒྱུར་ཏེ། །སྐྱེས་བུ་དང་ནི་བརྒྱད་པ་གཅིག །བརྒྱད་པ་ཕྲག་ནི་བཅུ་དྲུག་ལ། །ཆ་ནི་གཅིག་ཏུ་འགྱུར་བ་ཡིན། །ཆ་ནི་དྲུག་ཅུ་ཐམ་པ་ལ། །ཡུད་ཙམ་ཅིག་ནི་དེ་ཡིན་ནོ། །དེ་ཙམ་ཡུད་ཙམ་སུམ་ཅུ་ལ། །འདིར་ནི་འཇིག་རྟེན་གནས་པ་
ཡིན། །རི་རབ་གཡས་ནས་བསྐོར་བའི་ཚེ། །ཡུད་ཙམ་སུམ་ཅུས་འགྲོ་བར་བྱེད། །འདིར་ནི་མོན་སྲན་ཚོད་མ་ཟ། །བྱ་བ་ཉུང་ངུ་བསྒྲུབ་པར་གྱིས། །རྒྱལ་པོ་ནད་པས་འགྲོ་བ་ཀུན། །ཞག་བཅུ་ཐམ་པ་ཐར་བར་གྱིས། །རྟག་ཏུ་དད་པས་མཚོན་ཆས་བསྲུངས། །
མཆོག་སྦྱིན་ཁྱོད་ཀྱིས་བུ་སྐྱེ་གང་། །ཚོར་བ་དབང་པོ་ཐུལ་བ་དང་། །ཆོས་ཀྱི་བློ་གྲོས་ནབ་སོ་ལ། །མངལ་དུ་ཉིང་མཚམས་སྦྱོར་བར་འགྱུར། །འདིར་ནི་གྲེ་ལ་བྱ་བ་མང་། །ཆུ་སྨད་བྲ་ཉེ་གསུམ་པ་ཡིན། །མེ་བཞི་སྣར་མ་གྲོ་བཞིན་ནི། །ནོར་རྒུད་བྱེད་པར་འགྱུར་
བ་ཡིན། །སྣྲུབས་དང་སྐག་དང་ནམ་གྲུ་ནི། །ལམ་དག་གི་ནི་རྒྱུ་སྐར་ཡིན། །ཁྲུམས་སྟོད་དང་ནི་སྣྲོན་དང་ནི། །རྒྱལ་དང་ཡང་ནི་ཁྲུམས་སྨད་ནི། །ཕུན་སུམ་ཚོགས་པར་བྱེད་པ་ཡིན། །མཆུ་དང་ཆུ་སྟོད་ཐ་སྐར་དང་། །མོན་གྲུ་དང་ནི་སྨིན་དྲུག་དང་། །དབོ་ཞེས་
བྱ་བ་དག་གིས་ནི། །བདེ་བ་སྒྲུབ་པར་བྱེད་པ་ཡིན། །འདིར་ནི་མགོ་དང་ནག་པ་དང་། །མོན་གྲུ་དང་ནི་མོན་གྲེ་དང་། །ས་རི་ལག་ནི་རྣམ་དྲུག་གིས། །གྲོགས་པོ་དང་ནི་གྲོགས་མཆོག་འགྱུར། །ལྷ་ཡི་དབང་པོས་འདི་སྐད་སྨྲས། །སྣྲོན་གྱི་ཚེ་ན་ཚེས་གཉིས་ལ། །
ཡུད་ཙམ་སུམ་ཅུར་མི་ཟད་པར། །བྱ་ཕྱིར་མཁའ་ལ་ཁྱོད་གནས་ཀྱིས། །ཁྱོད་ཀྱིས་ཀྱང་ནི་ལ་ཕུག་དང་། །བུ་རམ་ཟས་ལ་གནས་པར་གྱིས། །ནད་པ་ཞག་ནི་བཅུ་གསུམ་ཁྲོལ། །ད་ལྟར་སྐྱེ་དགུ་སྐྱེ་བ་མེད། །ཤིན་ཏུ་ཚུལ་འཆལ་སྙིང་རྗེ་སྤངས། །མཆོད་སྦྱིན་

དང་ནི་སྐྱེ་བ་དང་། །སྣྲོན་ལ་སྐྱེ་ཚེ་རྟག་ཏུ་ནི། །མངལ་དུ་མཚམས་སྦྱོར་བསྲུང་བར་གྱིས། །ནག་པ་དང་ནི་མོན་གྲུ་དང་། །མགོ་ལ་གྲགས་པ་མང་དུ་བྱེད། །བྱི་བཞིན་དང་ནི་གྲེ་དང་དབོ། །ལས་དག་གི་ནི་རྒྱུ་སྐར་ཡིན། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་
ནི། །རྒུད་བྱེད་ཆུ་དང་ཆུ་སྟོད་དང་། །ཐ་སྐར་ཕུན་སུམ་ཚོགས་པར་བྱེད། །སྣྲུབས་དང་སྐག་དང་ནམ་གྲུ་དང་། །མོན་གྲེ་མེ་བཞི་སྣར་མ་ནི། །བདེ་བ་སྒྲུབ་པར་བྱེད་པ་ཡིན། །བྲ་ཉེ་དང་ནི་གྲེ་དང་ནི། །ཆུ་སྨད་མཛའ་བོའི་མཆོག་ཏུ་འགྱུར། །ཁྲུམས་སྟོད་དང་ནི་ས་རི་དང་། །
མོན་གྲུ་དང་ནི་ནབ་སོ་དང་། །ས་ག་དང་ནི་ལག་ཀྱང་ནི། །འདིར་ནི་རྣམ་པ་དྲུག་ཏུ་འགྱུར། །ལྷ་ཡི་དྲང་སྲོང་དེས་གསོབ་ཀྱིས། །སྣྲུབས་བཤད་པ་ན་ཚེས་གསུམ་ལ། །ཡུད་ཙམ་སུམ་ཅུར་ནམ་མཁའ་ལ། །བྱ་བ་ཆེ་ཆུང་ཁྱོད་གནས་ཀྱིས། །ཟས་ནི་འབྲས་བུ་ལ་ཕུག་དང་། །
བདུག་པ་དང་ནི་མེ་ཏོག་སྟེ། །ཞག་ནི་སུམ་ཅུར་བདག་ཉིད་ཀྱིས། །ནད་པ་ཡང་ནི་ཐར་བར་བྱེད། །གང་ཞིག་སྤྱོད་པར་བྱེད་པས་ནི། །སྐྱེ་དགུ་མི་སྐྱེ་ནོར་དང་འབྲུ། །སྐལ་ལྡན་སྐྱེས་བུའི་རྣམ་པ་དང་། །ས་ལ་ལས་ནི་བྱེད་པར་འགྱུར། །མགོ་ལ་མངལ་དུ་མཚམས་སྦྱོར་
བ། །རྟ་དང་ཡང་ནི་རྔ་མོ་དང་། །གླང་པོ་ཆེ་དང་ཁྱུ་མཆོག་དང་། །དྲེད་དང་བཅས་པའི་རྣམ་པར་འགྱུར། །ཆུ་སྟོད་དང་ནི་གྲེ་དང་ནི། །བྲ་ཉེ་དང་ནི་གསུམ་པ་སྟེ། །འཇིག་པའི་རྒྱུར་འགྱུར་སྐག་དང་སྣྲུབས། །དེ་ལ་འཕེལ་བར་བྱེད་པར་འགྱུར། །ནམ་གྲུ་བགྲང་དང་མཉམ་འགྱུར་
ཏེ། །མོན་གྲུ་ལས་ཀྱི་རྒྱུ་སྐར་ཡིན། །ཁྲུམས་སྟོད་ཅེས་ནི་བྱ་བ་ཡང་། །དེ་ལ་རྒུད་པར་བྱེད་པར་འགྱུར། །ལྷ་མཚམས་ནབ་སོ་གསུམ་པ་ཡིན། །ལག་ནི་དེ་ལ་རྒུད་བྱེད་འགྱུར། །ས་ག་དང་ནི་མོན་གྲེ་ཡང་། །གསུམ་པ་ཞེས་ནི་བྱ་བ་ཡིན། །ཐ་སྐར་དེ་ལ་སྒྲུབ་པར་
འགྱུར། །ཆུ་སྟོད་ཟླ་བ་གཉིས་པ་སྟེ། །སྣྲོན་དང་རྒྱལ་ཞེས་བྱ་བ་ཡང་། །དེ་ལ་བདེ་བར་བྱེད་པར་འགྱུར། །ཁྲུམས་སྨད་ཅེས་ནི་བྱ་བ་ནི། །གྲོགས་དང་གྲོགས་པོ་མཆོག་ཏུ་འགྱུར། །དྲུག་པོ་འདི་དག་ལག་དང་ནི། །གྲོ་བཞིན་སྣར་མ་གསུམ་པ་ཡིན། །སྨིན་དྲུག་

ཅེས་ནི་བྱ་བ་ཡང་། །བྱི་བཞིན་དང་ནི་དབོ་ཡིན་ནོ། །འདིར་ནི་ཁྲོན་པ་ས་རིར་གྱུར། །མེ་ལྷ་ཡིན་ཏེ་ས་གས་བཤད། །གླིང་བཞིར་ཚེས་ནི་བཅྭ་ལྔ་ལ། །ཁྱོད་སྤྱོད་ཡུད་ཙམ་བཞི་བཅུ་ལྔས། །འགྲོ་བར་བྱེད་ཅིང་བྱ་བ་ནི། །ཆེན་པོ་མི་ཟད་པ་ཡིས་གནས། །ཞག་ནི་བཅྭ་ལྔ་
ཐམ་པར་ཡང་། །ནད་པ་ཡང་ནི་ཐར་བར་གྱིས། །སུ་ཞིག་ཀྱང་ནི་ཁྱོད་ཀྱི་བུར། །དག་པར་རྗེས་སུ་སྐྱེ་འགྱུར་བ། །གཟི་བརྗིད་དང་ནི་དཔལ་དང་ནི། །ལོངས་སྤྱོད་དགའ་བ་འབར་བར་འགྱུར། །བུད་མེད་བརྣབ་སེམས་ཤིན་ཏུ་སྲུངས། །དེ་སྐྱེའི་རྒྱུ་སྐར་ལག་ཡིན་
ནོ། །དེའི་ལས་རྒྱུ་སྐར་མོན་གྲེ་ཡིན། །མཆུ་དང་ཐ་སྐར་ཆུ་སྟོད་རྒྱུ། །སྨིན་དྲུག་ཅེས་ནི་བྱ་བ་ལ། །དེ་ནི་འཆི་བར་འགྱུར་བ་ཡིན། །བྱི་བཞིན་དང་ནི་དབོ་ཡང་ནི། །འདིར་ནི་རྒུད་པར་བྱེད་པ་ཡིན། །ཁྲུམས་སྟོད་དང་ནི་སྣྲོན་དང་ནི། །ནབ་སོ་ཡང་ནི་གསུམ་པ་སྟེ། །
ལྷ་མཚམས་ཞེས་ནི་བྱ་བར་ཡང་། །དེ་ནི་ཕུན་སུམ་ཚོགས་བྱེད་ཡིན། །ནབ་སོ་ཁྲུམས་སྟོད་སྣྲུབས་དང་ནི། །ནམ་གྲུ་སྐག་ནི་བདེ་བྱེད་ཡིན། །གྲེ་དང་ཡང་ནི་ཆུ་སྨད་དང་། །གསུམ་པ་བྲ་ཉེ་སྒྲུབ་པ་ཡིན། །མཛའ་བོ་དང་ནི་མཛའ་མཆོག་ཏུ། །དེ་དག་དེར་ནི་འགྱུར་བ་
ཡིན། །ནག་པ་སྣར་མ་མོན་གྲུ་བཞིན། །མགོ་གཉིས་མེ་བཞི་གྲོ་བཞིན་ཡང་། །འདིར་ནི་དེ་བདུན་ལྷོ་ཕྱོགས་ཀྱི། །ཁ་འཛིན་ཕྲུགས་ཞེས་བྱ་བ་ཡིན།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བཅུ་
པ། མཛའ་བཤེས་ཀྱི་ནི་ལྷ་མོ་ཡིས། །ཡར་གྱི་ངོ་ཡི་ཚེས་གཅིག་ལ། །འགྲོ་བར་བྱེད་པའི་གོ་རིམས་ཀྱང་། །ལྷ་མཚམས་ལ་ནི་སྨྲས་པ་ཡིན། །བྲ་ཉེ་ཚེས་ནི་བཅྭ་ལྔ་ཡི། །ཉིན་པར་ཡང་ནི་ཡུད་ཙམ་ཡིན། །མཚན་མོ་ཡང་ནི་དེ་ཙམ་སྟེ། །ཉིན་མཚན་གཅིག་ལ་
བྲ་ཉེ་ཡིན། །ཆུ་ཡི་ལྷ་མོ་དེ་ཡང་ནི། །ཉིན་དང་མཚན་དུ་མཉམ་པ་སྟེ། །ཡུད་ཙམ་སུམ་ཅུ་ཐམ་པ་ཡིན། །དེ་ཡི་ལོངས་སྤྱོད་ཐང་ཅིག་ཤོག །རྒྱལ་པོ་ལེགས་བརྟན་སྙིང་རྗེ་སྤངས། །འཐུན་པར་ཡུལ་འཁོར་སྐྱོང་བ་བཞིན། །དེ་བཞིན་དུ་ནི་མི་ཟད་པའི། །བྲ་

ཉེ་ཡང་ནི་འགྲོ་བར་ཤོག །འཛམ་གླིང་འདི་ལ་སྟོན་པར་ཤོག །དེ་བཞིན་ཁྱེད་ཅག་ཐམས་ཅད་ཀྱིས། །དེ་ལ་དམོད་པ་བོར་བར་གྱིས། །དེ་བཞིན་འགྲོ་ལ་བསྟན་པར་གྱིས། །ཀུན་གྱིས་སྨྲས་པ། དེ་བཞིན་རྟག་ཏུ་གྱུར་པར་ཤོག །མི་ཟད་པ་ཡི་བྱ་
བ་གྱིས། །ཁྱོད་ཀྱིས་སྤྱོད་པས་གང་སྐྱེ་བ། །མི་ཡི་ཐུ་བོ་མི་བཟད་འགྱུར། །དེ་ཡི་མངལ་འཇུག་ཆུ་སྟོད་ཡིན། །བྲ་ཉེ་ལ་ནི་སྐྱེས་པའི་མི། །འཆི་བའི་ཚེ་ན་ལྷ་མཚམས་དང་། །ཁྲུམས་སྟོད་ཅེས་ནི་བྱ་བ་ཡིན། །འདི་ལ་མཁས་པས་བརྟག་བྱ་སྟེ། །ས་རི་
མོན་གྲུ་མ་ཡིན་གཞི། །དམག་འགྲོ་རྩོད་པའི་གནས་དག་གིས། །བྱ་སྤང་སྤུ་གྲིའི་ལས་མི་བྱ། །སྣར་མ་མེ་བཞི་བྱི་བཞིན་ནི། །རྒུད་བྱེད་དགྲ་རྣམས་ཁྱོད་ཀྱིས་གཞོམ། །ཁྱོད་ཀྱིས་ལས་ནི་ཆེ་ཆུང་ཀུན། །གྲེ་ཡི་ཚེ་ན་བྱ་བར་གྱིས། །ཆུ་སྨད་དང་ནི་དབོ་ཡང་ནི། །
ཕུན་སུམ་ཚོགས་པ་བྱེད་པར་བྱེད། །སྨན་རྣམས་བརྟེན་བྱ་སྦྱིན་དང་དུལ། །གོས་དང་རྒྱན་གྱི་བྱ་བའང་བརྗོད། །མགོ་དང་ནག་པ་ཞེས་བྱ་དང་། །གྲོ་བཞིན་མཆུ་ནི་བདེ་བར་བྱེད། །ས་ག་ནབ་སོ་མོན་གྲེ་སྟེ། །དེ་དག་ལམ་འཇུག་སྒྲུབ་པ་ཡིན། །སྐག་དང་སྣྲུབས་ཞེས་བྱ་བ་
དང་། །ཐ་སྐར་དང་ནི་མཆུ་དང་གྲེ། །གྲོགས་པོ་མཆོག་ཏུ་འགྱུར་བ་ཡིན། །བསྒྲུབ་ཏུ་མི་རུང་ལས་ཀྱང་གྱིས། །འདི་ཚེ་ཁྲི་བཞོན་གོས་དང་མལ། །མཛའ་བོ་རྣམས་ལའང་བརྩམ་པར་བྱ། །ཉི་མའི་བུ་ནི་མིག་དམར་ཏེ། །དྲང་སྲོང་ཆེན་པོ་དེར་དཔང་བཙུགས། །བཅུ་
གཉིས་ཁྱིམ་དུས་གནས་དེ་ནས། །དེར་ཡོད་ལས་འཐུན་གྲིབ་གོམ་དྲུག །དེར་ནི་དུས་ཀྱང་མཉམ་པ་ཡིན། །ཉིན་དང་མཚན་ཀྱང་མཚུངས