Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ
Văn bản gốc(Tây Tạng)
Trang 9 / 19 (50.000 ký tự/trang)
ང་། ལྟ་བ་ངན་པ་ཐམས་ཅད་སྤངས་ཏེ། དེ་ཕྱིན་ཆད་དགེ་བའི་ལས་དང་ཡང་དག་པར་ལྡན་པ་ལེགས་པར་ བྱས་པའི་ལས་ཀྱི་མཐའ་དང་། སྨོན་ལམ་དག་མང་བ་ངེས་པའི་ཕུང་པོ་དག་ཏུ་གྱུར་ཏོ། །རིགས་ཀྱི་བུ་དེ་བཞིན་དུ་ངས་ཐབས་ལ་འཇུག་པའི་སྦྱོར་བ་ལ་བརྟུལ་བ་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་སངས་རྒྱས་སོ། །རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་སེམས་ཅན་རྣམས་ལ་གཅེས་སྤྲས་བྱེད་པ་ཡིན་ནོ། །དེ་ལྟར་ཕན་ཡོན་མང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ ལ་ཕན་པར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བུད་མེད་སྦྲུམ་མ་ཐམས་ཅད་སྲུང་བར་བྱེད་པ། རབ་ཏུ་ཐར་བར་བྱེད་པ། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཕུང་པོ་དང་། ཁམས་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པ། ཆོས་ཐམས་ཅད་ རྣམ་པར་འབྱེད་པར་བྱེད་པ། ཐབས་ཐམས་ཅད་ཡང་དག་པར་སྟོན་པར་བྱེད་པ། བྱང་གྲོལ་གྱི་བདེ་བ་ཐམས་ཅད་ཡོངས་སུ་རྟོགས་པར་བྱེད་པ། སེམས་ཅན་ཐམས་ཅད་རབ་ཏུ་དད་པར་བྱེད་པ། ཆོས་ཐམས་ཅད་ཀྱི་བདེ་བ་ལ་འཇུག་པར་བྱེད་པ། བདུད་དང་ཕས་ཀྱི་རྒོལ་བ་ ཐམས་ཅད་ཆོས་དང་འཐུན་པས་ཚར་གཅོད་པར་བྱེད་པ། བདུད་ཀྱི་ཡུལ་ཐམས་ཅད་ངེས་པར་འདུལ་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་ནི་བདུད་རྣམས་ཚར་གཅོད་པར་བྱེད་ཅིང་ཉོན་མོངས་པ་རྣམས་ཕམ་པར་བྱེད་པ་ཡིན་ཏེ། ལྷ་རྣམས་ དགའ་བར་བྱེད་པ། གནོད་སྦྱིན་རྣམས་ཡང་དག་པར་མགུ་བར་བྱེད་པ། ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བྱེད་པ། ནམ་མཁའ་ལྡིང་རྣམས་དངང་བར་བྱེད་པ། མི་འམ་ཅི་རྣམས་དད་པར་བྱེད་པ། ལྟོ་འཕྱེ་ཆེན་པོ་རྣམས་རྒྱབ་ཀྱིས་ཕྱོགས་པར་བྱེད་པ། འཐབ་པ་དང་། འཐབ་མོ་དང་། མུ་གེ་དང་། འཆི་བ་དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ནད་ཐམས་ཅད་རྣམ་པར་ཞི་བར་བྱེད་པ། གྲང་བ་དང་། དྲོ་བ་དང་། ཁ་བ་དང་། ཚ་བ་དང་། རྩུབ་པ་དང་། ཧྲུད་ཧྲུད་པོ་དང་། རེག་པར་ དཀའ་བའི་དངོས་པོ་རྣམས་རབ་ཏུ་ཞི་བར་བྱེད་པ། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་འབར་བར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་སྟོན་པར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ། འཁོར་བས་སྐྲག་པ་རྣམས་དབུགས་འབྱིན་པར་བྱེད་པ། ཟད་པ་ ཤེས་པ་སྐྱེད་པར་བྱེད་པ། མི་སྐྱེ་བ་ཤེས་པ་རང་གི་མངོན་སུམ་དུ་བྱེད་པ། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇིག་པར་བྱེད་པ། སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པ་ཡིན་ནོ། །རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་ཡིན་ཏེ། ཏད་ཡ་ཐཱ། མ་ནཱ་ཀྵ། ཨ་བཱ་ཀྵ། གྷ་སཱ་ཀྵ། ཛ་ནེ་ཀྵ། མརྨ་ནཱ་ཀྵ། ཀྵ་བཱ་ཀྵ། མ་ཎ་ཌཱ་ཀྵ། ན་ཊཱ་ཀྵ། ན་ད་ར་ཧུ། བི་ས་ནཱ་ད། ཁ་ག་ནཱ་ད། ཨ་ཏ་ན་ཊ། ཀུ་ན་ཊ། པ་རི་ཀུ་ན་ཊ། ནཱ་ཊ་ནཱ་ཊ། པ་རི་ཀ་ནཱ་ཊ། ཨུད་ཏ་ར་ནཱ་ཊ། བི་ནཱ་ཊ། ཀུཉྫ་ནཱ་ཊ། ཙ་བཱཾ་བ་ར་ནཱ་ཊ། ཁ་ གྷ་མ་བྷ་ནཱ་ཊ། པུ་ཤྐར་ནཱ་ཊ། སིང་ཧ་རུ་དྲ་ནཱ་ཊ། ས་མ་ལ་ནཱ་ཊ། ཤི་རི་ཀུ་ས་ཀླཽ་ནཱ་ཊ། ཏ་ལ་མ་རུ་ཏ་ཁ་བ། ཏེ་ཧུ་ཀྵ་བ་ཏི་རཀྵ་དཱ་མ་ར་ཛུ་བ་ཧ། ན་པུ་ཏི་ས་ན་ཏི་ར་ན་ཛ་བ། ཨ་མོ་ཧོ་ར་ག་ཛ་ལ། ཨ་ཏྲི་མཱ། ཨ་ཏྲི་ནཱ། ར་བ། ཨ་ཏྲི་ནཱ་ཀྵ། ཨ་བ་ཧཱ། མཱརྒ་ཏྲི་ནཱ་ཀྵ། ཨེ་ ཥ་ཨེ་བ་ན་ཏོ་དུཿཁ་སྱ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་བསྟན་པ་ན་འཁོར་དེར་སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་ནི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དཀྲིགས་པ་ཕྲག་དྲུག་ཅུ་དག་ཀྱང་སྐྱོན་མེད་པ་ལ་ཞུགས་པར་གྱུར་ཏོ། །རིགས་ཀྱི་བུ་རིག་པ་ཡོད་པའི་ སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ངས་ཁྱོད་ཀྱི་ལག་ནས་བསྐུར་ཏོ། །དེར་ཡང་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་ ལ་ང་དད་པ་སྦྱིན་པར་མཛད་དོ། །རིག་པ་ཡོད་པའི་སྦུབས་ཞི་བ་འདི་ལོང་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་སོང་ཤིག །ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་གནོད་པ་ཆུང་ངམ། བསྐྱོད་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་ཀྱང་ ཞུས་ཤིག །འདི་སྐད་དུ་བྱང་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་འདས་པ་དེ་ན་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་སྒྲ་ཐམས་ཅད་ཡང་དག་པར་འཕགས་པ་ཞེས་བྱ་བ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་མེ་ཏོག་གི་སྙིང་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་སངས་རྒྱས་ཀྱི་ཞིང་དེ་ནས་བཅོམ་ལྡན་འདས་ལ་ཡོངས་སུ་ཞུ་བའི་སླད་དུ་བདག་མངགས་པ་ ལགས་ན་བཙུན་པ་བཅོམ་ལྡན་འདས་ཅི་བསྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ལགས་སམ། ཁྱོད་ཀྱི་འཁོར་བྲོ་འཚལ་བ་དག་མ་མཆིས་ལགས་སམ། གནོད་པ་དག་ཆུང་ལགས་སམ། དམ་པའི་ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཆོས་ཐོས་ པ་བཞིན་དུ་ཆོས་དེ་ལ་ནན་ཏན་སྙིང་པོར་བགྱིད་པ་དག་ལགས་སམ། ཆོས་ཀྱིས་གནས་པ་དག་གིས་གནས་པར་བགྱིད་པ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ན་བདུད་ཀྱི་ཡུལ་དང་། ཀླུའི་ཡུལ་བཅོམ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཡུལ་གཅིག་པུ་ལགས་ སམ། འདི་ན་ཐོགས་པ་མ་མཆིས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ལགས་སམ། གང་སུ་དག་སངས་རྒྱས་ཀྱི་ཞིང་འདིར་འཁོར་ལོ་བསྐོར་བར་མཛད་པ་དེ་དག་གི་ཆེད་དུ་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་དེས་འདིར་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་ རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་ལ་དད་པ་སྩོལ་བར་མཛད་ཅིང་དེ་ནས་རིག་པ་ཆེན་པོ་ཡོད་པའི་སྦུ་བས་ཞི་བ་ལུང་བསྟན་པ་ཆེན་པོ་མཐུ་ཆེ་བ། ཕན་ཡོན་ཆེ་བ་འདི་བསྐུར་ལགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་ པར་བགྱིད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཁུར་འདོར་བར་བགྱིད་པ་ཞེས་བྱ་བའི་བར་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་བསྐུར་ལགས་སོ་ཞེས་ཀྱང་གསོལ་ ཅིག །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་ཐོབ་ཅིང་རྨད་དུ་བྱུང་བ་ཐོབ་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཐམས་ཅད་ལ་མ་ཐོགས་པའི་ཡེ་ཤེས་དང་གཟིགས་པ་ནི་ངོ་མཚར་ཏོ། །མཆོག་ཏུ་ངོ་མཚར་ཏོ། །དེ་ལྟ་ ལགས་པས་ད་ལྟར་དེ་བཞིན་གཤེགས་པས་བདག་ཅག་ལ་མངོན་མ་ཐོས་པ་འདི་ལྟར་ཟབ་པའི་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་འདི་ཁོ་ན་བསྟན་ཏོ། །གང་ལ་ཡོན་ཏན་འདི་ལྟ་བུ་གྲངས་མེད་དཔག་ཏུ་མེད་པ་དེ་དག་ མཆིས་པ་འདི་ལ་མཁས་པ་བྱང་ཆུབ་ཚོལ་བར་བྱེད་པ་སུ་ཞིག་མངོན་པར་བརྩོན་པར་མི་བགྱིད། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་གང་སུ་དག་འཁོར་བས་སྐྲག་ཅིང་བྱང་གྲོལ་གྱི་བདེ་བ་མངོན་པར་འཚལ་བ་ནི་ བཅོམ་ལྡན་འདས་ཀྱི་མཚན་ཡོངས་སུ་བསྒྲགས་པ་དང་རིག་པ་མཆིས་པའི་སྦུབས་ཞི་བའི་གཟུངས་སྔགས་ཀྱི་མིང་ཡོངས་སུ་བསྒྲགས་པ་ན་དགའ་བ་དང་། མཆོག་ཏུ་དགའ་བ་དང་། གུས་པར་སེམས་ཅན་རྣམས་ཀྱི་རྙེད་པ་ཆེན་པོ་དང་། དགེ་བའི་ཕྱོགས་རྣམ་པར་འཕེལ་ བར་འགྱུར་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུ་ང་བྱང་ཆུབ་སེམས་དཔའ་གྱུར་ཏེ་བརྩོན་པ་འདིས་སྤྱད་པ་སྤྱོད་པ་ན་སྨོན་ ལམ་འདི་ལྟ་བུ་བཏབ་བོ། །བདག་བྱང་ཆུབ་ཐོབ་ནས་སེམས་ཅན་གང་སུ་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སྦྱིན་པ་ལ་བརྩོན་པའི་བསམ་པ་ཅན་ཞེས་བྱ་བ་ནས། ཤེས་རབ་ལ་བརྩོན་པའི་བསམ་པ་ཅན་ཞེས་བྱ་བའི་བར་དག་གིས་བདག་གི་མིང་སྒྲོགས་ པར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱིས་སེམས་པར་བྱེད་ན་གལ་ཏེ་དེ་དག་ལ་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་སེམས་ཅན་ལ་ལ་ཕ་རོལ་ཏུ་ཕྱིན་པ་དེ་དང་དེ་དག་གི་བར་ཆད་བྱེད་པར་ནུས་པ་ཞིག་ཡོད་ན་སེམས་ཅན་དེ་དག་གི་དགེ་བའི་ཕྱོགས་འཕེལ་བ་བརྒྱ་ སྟོང་དུ་མར་གྱུར་ཅིག །སྔོན་གྱི་ལས་ཀྱི་འབྲས་བུའི་རྒྱུ་ནི་མ་གཏོགས་སོ། །བདག་ཀྱང་རེ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །གང་ཡང་བུད་མེད་བུ་ལ་མངོན་པར་དགའ་བ་ཞེས་བྱ་བ་ནས། བུའི་ཁུར་ གྱིས་སྐྱོ་བ་ཞེས་བྱ་བའི་བར་དང་། གང་བུད་མེད་སྦྲུམ་པ་ཞེས་བྱ་བའི་བར་བདག་ལ་ཕྱག་འཚལ་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱིས་དགའ་བ་དང་། གུས་པ་དང་། དད་པས་བདག་གི་མིང་ཡོངས་སུ་སྒྲོགས་པར་བྱེད་ལ། གལ་ཏེ་མའམ་མངལ་ན་ཡོད་པ་དེ་ལ་ མིའམ་མི་མ་ཡིན་པ་སྡང་བའི་སེམས་ཀྱིས་རྣམ་པར་ཐོ་འཚམ་པར་བྱེད་དམ། སྨན་དང་། གསང་སྔགས་ཀྱི་སྦྱོར་བས་ཀྱང་རུང་སྟེ། ལུས་ཀུན་ཏུ་འཁྲུག་པར་བྱེད་དམ། སེམས་ཀུན་ཏུ་འཁྲུག་པར་བྱེད་དམ་ཞེས་བྱ་བ་ནས་བཙས་པ་ཙམ་གྱི་བར་ལ་ཡང་ཐ་ན་ཡུད་ཙམ་གཅིག་ ཙམ་ཡང་རྣམ་པར་ཐོ་འཚམ་པར་བྱེད་ན། བདག་རེ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་ཅེས་སྔོན་ང་བྱང་ཆུབ་སེམས་དཔར་གྱུར་པའི་སྨོན་ལམ་དེ་ལྟ་བུ་བཏབ་བོ། །དེ་བཞིན་དུ་ད་ལྟར་ཡང་སེམས་ཅན་གང་དག་ སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སྡུག་བསྔལ་དེ་ལྟ་བུས་གཟིར་བ་དག་ཀྱང་ཞེས་བྱ་བ་ནས། ཇི་ལྟར་སྔར་བསྟན་པ་བཞིན་སེམས་ཅན་ཐམས་ཅད་ཀྱིས་དགའ་བ་དང་། གུས་པ་དང་། དང་བས་བདག་གི་མིང་ཡོངས་སུ་སྒྲོགས་པར་བྱེད་པ་ཐམས་ཅད་སྡུག་བསྔལ་དེ་དག་ལས་ཡོངས་ སུ་གྲོལ་བར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །སྦྱངས་པ་མ་ཡིན་ན་སྔོན་གྱི་ལས་ཀྱི་འབྲས་བུའི་རྒྱུ་ནི་མ་གཏོགས་སོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་ལྔ་པ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་མི་མཇེད་ནི་ངོ་མཚར་ལགས་ཏེ། དེ་ན་སེམས་ཅན་རྣམས་མཆོག་ཏུ་སྡང་བ། གཟུ་ལུམས་ཅན། རྩུབ་པ། ཕྲག་དོག་དང་ལྡན་པ། སྙིང་བརྩེ་བ་མ་མཆིས་པ། བགྱིས་པ་མི་གཟོ་བ། ཚིག་རྩུབ་པོར་སྨྲ་བ། ལོག་པར་ལྟ་བ་ དག་ལགས་པས་དེར་ཁ་ཅིག་གིས་བདག་ལ་རྣམ་པར་ཐོ་བཙམས་ན་མི་རུང་སྟེ། བདག་མཆིས་པས་ཅི་ལ་ཡང་མི་སྨན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སུས་དམིགས་པ་མེད་པའི་ཚངས་ པའི་གནས་པ་ལེགས་པར་བསྒོམས་ཤིང་ལེགས་པར་ཡིད་ལ་བྱས་པར་གྱུར་པ་དེ་ལ་ནི་བདུད་བྱེ་བས་ཀྱང་རྣམ་པར་ཐོ་འཚམ་པའམ། བར་ཆད་བྱེད་པར་ནུས་པ་འདི་ནི་གནས་མེད་དོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཡུན་རིང་པོ་ནས་དམིགས་པ་མེད་པའི་ཚངས་པའི་གནས་པ་ཤིན་ཏུ་ བསྒོམས་ཤིང་ལེགས་པར་ཡིད་ལ་བྱས་ཟིན་གྱིས་མ་འཇིགས་ཤིག །རིགས་ཀྱི་བུ་ཁྱོད་ལ་གསང་སྔགས་གང་དག་གིས་སྡང་བ་ཐམས་ཅད་དད་པར་འགྱུར་བ་དང་། རྨོངས་པར་འགྱུར་བ་དང་། གང་གིས་བཟོད་པ་དང་། དྲན་པ་དང་། རབ་ཏུ་དང་བ་ཐོབ་པར་བྱེད་པའི་གཟུངས་ སྔགས་དམིགས་པ་མེད་པའི་ཚངས་པའི་གནས་པའི་རྒྱུ་འཐུན་པ་བྱམས་པ་ཆེན་པོ་སྦྱིན་པར་མཛད་དོ། །ཏད་ཡ་ཐཱ། བོ་བྲི་ཧ། བུ་བུ་ལ། ཨི་ལ་བ་ར། ཨི་ལ་ས་ཧ། ཧ་ཊྱ་ཊྱ་ག་ག་ནཱ་ཀྵ། ཤ་མ་ཤ་མ། མི་ཏྲ་མི་ཏྲ། ཙཀྲ་བར་ཏི་ཏི་ལེ། སཱ་ག་ར་ཏི་ལེ། དུརྦྷ་ལི། ཧི་ཧི་ལེ། ཧ་བ་ཧེ་ན་རཱ་ཛ་ནེ། ཡ་བ་ན་མི་ཏྲེ། ཀྵཱ་ན་ཏི་མི་ཏྲེ། མི་ཏྲ་རླ་མེ། མི་ཏྲ་ཁ་གྷ། སརྦ་ས་ཏོ་ཛ་མི་ཏྲེ། སརྦ་ཀྲ་མ་མི་ཏྲེ། མ་ན་བརྟ་མི་ཏྲེ། དྷི་ཏི་ཤ་ར་མི་ཏྲེ་སྭཱ་ཧཱ། རིགས་ཀྱི་བུ་སྡང་བ་ཞི་བར་བྱེད་པ་དང་། རྨོངས་པར་བྱེད་པའི་གསང་སྔགས་ཀྱི་གཟུངས་སྔགས་ འདིས་ཙམ་པ་ཀའི་འབྲུ་མར་ལ་ལན་བདུན་བཟླས་བརྗོད་བྱས་པས་ལག་པ་གཉིས་བསྐུས་ན་སྡང་བ་ཐམས་ཅད་དད་པར་བྱེད། རྨོངས་པར་བྱེད་ཅིང་སྡང་བའི་སྦྲུལ་དག་དང་། སྡང་བའི་གནོད་སྦྱིན་དང་། གྲུལ་བུམ་དང་། སྲུལ་པོ་དང་། བདུད་བྱེ་བ་བརྒྱ་སྟོང་ཡང་རུང་སྟེ། སྡང་ བའི་སེམས་དང་ལྡན་པའི་སེམས་ཅན་དེ་དག་གིས་ཅི་ཡང་བྱེད་པར་མི་ནུས་སོ། །གལ་ཏེ་སྡང་བའི་སེམས་དང་ལྡན་པ་ཐམས་ཅད་ཀྱིས་གླིང་བཞི་པ་གང་བར་གྱུར་ཀྱང་སྐྱོར་ཆུ་གཅིག་གིས་ཐམས་ཅད་དེའི་མོད་ཁོ་ན་ལ་མེད་པར་འགྱུར་རོ། །གལ་ཏེ་ཆུ་རྙོག་པ་ ཅན་གྱིས་རྒྱ་མཚོ་བཞི་ཡོངས་སུ་གང་བར་གྱུར་ཀྱང་རུང་། སྐྱོར་ཆུ་གཅིག་ཁོ་ནས་རབ་ཏུ་དང་བར་བྱེད་དེ། འདི་ལ་ཐེ་ཙོམ་མེད་ཀྱིས་ལོང་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སོང་ཤིག །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པས་ ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། འདུས་པ་ཆེན་པོ་བལྟ་བ་དང་། ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་དེ་ཡང་མཉན་པར་འཚལ་ལགས་ན། བཙུན་པ་བཅོམ་ལྡན་འདས་གལ་ཏེ་དེར་བདག་ཀྱང་མཆིར་གནང་བ་ལྟ་ན་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་བདག་ཅག་མཆི་ལགས་ སོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ཐམས་ཅད་སོ་སོ་ནས་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་ཆ་བྱད་དང་། རྟགས་དང་། དབྱིབས་དང་། ཡོ་བྱད་དང་། སྤྱོད་ལམ་གྱིས་ལྷན་ཅིག་འཐུན་པར་དེང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་ཐམས་ཅད་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་ཆ་བྱད་དང་། རྟགས་དང་། དབྱིབས་དང་། ཡོ་བྱད་དང་། སྤྱོད་ལམ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་ ནམ་མཁའི་སྙིང་པོ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ནམ་མཁའ་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེས་ཀྱང་རིན་པོ་ཆེ་ལས་བྱས་ པའི་པད་མ་འདབ་མ་སྟོང་པ་བདུན་བདུན་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་མངོན་པར་སྤྲུལ་ཏོ། །སྤྱོད་ལམ་དེ་ལྟ་བུས་དེ་ནས་ཆས་ཏེ། དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་འཁོད་དེ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་ལས་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་ཁ་ཅིག་གིས་ནི་གསེར་གྱི་ཕྱེ་མའི་ཆར་མངོན་པར་རབ་ཏུ་ཕབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་ སེམས་དཔའ་རྣམས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཁ་ཅིག་གིས་ནི་དངུལ་གྱི་ཕྱེ་མའི་ཆར་མངོན་པར་རབ་ཏུ་ཕབ་བོ། །ཁ་ཅིག་གིས་ནི་སྤོས་ཀྱི་ཕྱེ་མའི་ཆར་མངོན་པར་རབ་ཏུ་ཕབ་བོ། །ཁ་ཅིག་གིས་ནི་མུ་ཏིག་གི་ཆར་མངོན་པར་རབ་ཏུ་ཕབ་བོ། །ཁ་ཅིག་གིས་ནི་གསེར་སྐུད་དག་མངོན་པར་ རབ་ཏུ་ཕབ་བོ། །ཁ་ཅིག་གིས་ནི་མུ་ཏིག་གི་དོ་ཤལ་དག་མངོན་པར་རབ་ཏུ་ཕབ་བོ། །ཁ་ཅིག་གིས་ནི་དཔུང་རྒྱན་གྱི་རྒྱན་དག་མངོན་པར་རབ་ཏུ་ཕབ་བོ། །ཁ་ཅིག་གིས་ནི་རས་དང་། རས་བཅོས་བུ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་མངོན་པར་ རབ་ཏུ་ཕབ་སྟེ། དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །ཐེག་པ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཉི་མའི་སྙིང་པོའི་ལེའུ་ལས། ཕོ་ཉའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །། རྒྱལ་པོ་གཟུགས་ཅན་སྙིང་པོས་སྔོན་མ་མཐོང་བ་ཚངས་པ་ཆེན་པོ་དང་། བརྒྱ་བྱིན་དང་། སྲེད་མེད་ཀྱི་བུ་དང་། གླིང་བཞི་པའི་འཁོར་ལོས་སྒྱུར་བ་གྲངས་མེད་དཔག་ཏུ་མེད་པ་མཐོང་ནས་མཆོག་ཏུ་ངོ་མཚར་དུ་གྱུར་ཏེ། སྟན་ལས་ལངས་ནས་ཧ་ཅང་ཡང་ཐག་མི་རིང་བར་འདུག་ གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཕོ་ཉ་བཞི་པོ་དེ་དག་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཉི་མའི་ཤུགས་ཀྱི་སྙིང་པོས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་དག་གཏོར་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་གསོལ་ཏོ། །རྐང་གཉིས་དམ་པ་འགྲོ་བའི་སྣང་བ་འཛིན། །ལྟ་བ་ཉམས་པའི་འགྲོ་བའི་ལམ་སྩོལ་ བ། །མཉམ་ཉིད་ལྡན་པ་འགྲོ་ལ་ཕན་མཛད་ཁྱོད། །བདུད་དང་ཀླུ་རྣམས་མྱུར་དུ་འདུལ་མཛད་ཁྱོད། །གདུལ་དཀའ་འགྲོ་བ་ཉོན་མོངས་ཐར་མཛད་ཁྱོད། །ཆོས་འདིར་སྣང་བ་ཡུན་རིང་འབར་མཛད་ཁྱོད། །བསམ་གཏན་སྒོ་འདི་དག་གིས་སྐྱེས་མཆོག་ལྡན། །ཞིང་ མང་ཐམས་ཅད་ཤིན་ཏུ་མཛེས་པར་མཛད། །རྒྱལ་བ་སྐྱེས་མཆོག་སྐྱེ་བོ་མཁས་དགུ་ལ། །རྒྱང་རིང་ནས་ནི་ཞིང་འདི་བརྗོད་པར་མཛད། །འགྲོ་བའི་ཆོས་ཀྱི་དུས་འདི་དཀའ་བ་སྟེ། །དེ་མཐོང་བདག་འདིར་ཆོས་ཆེད་ཚོགས་སུ་མཆིས། །འགྲོ་བ་མིར་སྐྱེ་བ་ནི་རྙེད་པར་དཀའ། ། ཤིན་ཏུ་རིང་ནས་མིར་སྐྱེ་རྙེད་ནས་ཀྱང་། །ཉོན་མོངས་ཆེན་པོས་ཟིན་གྱུར་ཐུབ་ཁྱོད་ནི། །རབ་མྱུར་ཉོན་མོངས་དྲ་བ་གཅོད་མཛད་ལགས། །སྡུག་བསྔལ་མཚོ་དང་ཉོན་མོངས་ཀླུང་ལྷུང་བ། །ཁྱོད་ཀྱིས་གླང་ཆེན་ལྟ་བུར་འགྲོ་བ་བསྒྲལ། །རྒྱལ་བས་ཕན་ཚུན་བདག་ཅག་ཕོ་ཉར་ མངགས། །ཁྱོད་ཀྱིས་ཆོས་ཀྱི་གཏེར་ལ་ཡི་རང་མཛད། །བཙུན་པ་བཅོམ་ལྡན་འདས་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དཔག་ཏུ་མ་མཆིས་པའི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་མ་དྲོས་པ་ཞེས་བགྱི་བ་མཆིས་སོ། །སངས་ རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙམ་པ་ཀའི་མདོག་ཅེས་བགྱི་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་བདག་འདིར་མངགས་ལགས་ཏེ། དེ་བཞིན་གཤེགས་པ་དེ་ཁྱོད་ཉི་མའི་སྙིང་པོའི་ ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་འཆད་པ་ལ་དད་པ་སྦྱིན་པར་མཛད་ཅིང་གནོད་པ་ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པ་ལ་གནས་སམ་ཞེས་ཀྱང་ཞུ་བར་མཛད་ ལགས་ན་བཅོམ་ལྡན་འདས་ཅི་བསྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ལགས་སམ། ཁྱོད་ཀྱི་འཁོར་བྲོ་འཚལ་བ་མ་མཆིས་ལགས་སམ། གནོད་པ་ཆུང་ལགས་སམ། ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཆོས་ཐོས་པ་བཞིན་དུ་ཆོས་དེ་ལ་ནན་ཏན་ སྙིང་པོར་བགྱིད་པ་དག་ལགས་སམ། ཆོས་ཀྱིས་གནས་པས་གནས་པར་བགྱིད་པ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ན་བདུད་ཀྱི་ཡུལ་དང་ཀླུའི་ཡུལ་བཅོམ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཡུལ་གཅིག་པུ་ལགས་སམ། འདི་ན་ཐོགས་པ་མ་མཆིས་པར་ འཁོར་ལོ་སྐོར་ལགས་སམ། སངས་རྒྱས་ཀྱི་ཡུལ་འདི་ན་གང་སུ་དག་འཁོར་ལོ་སྐོར་བར་འགྱུར་བ་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་དེ་ཁྱོད་དང་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ། ཀླུའི་ཡུལ་འཇིག་པའི་འོད་ཟེར་གྱི་ལེའུ་གཟུངས་སྔགས་འདི་ལ་དད་ པ་སྦྱིན་པར་མཛད་ལགས་སོ། །དེ་ནས་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཟད་པར་བགྱིད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་བགྱིད་པ། གཟུགས་མེད་པའི་འདོད་ཆགས་ ཐམས་ཅད་ཟད་པར་བགྱིད་པ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་ཐམས་ཅད་ཟད་པར་བགྱིད་པ་འདི་ཡང་བསྐུར་ལགས་སོ་ཞེས་བྱ་བ་ཇི་ལྟར་སྔར་བཤད་པ་བཞིན་ཏེ། བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་འདི་ནི་བདུད་རྣམས་ཚར་གཅོད་པ། ཀླུ་ རྣམས་ཕམ་པར་བགྱིད་པ། ལྷ་རྣམས་དགའ་བར་བགྱིད་པ། གནོད་སྦྱིན་རྣམས་ཚིམ་པར་བགྱིད་པ། ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བགྱིད་པ། རྗེའུ་རིགས་རྣམས་དགའ་བར་བགྱིད་པ། དམངས་རིགས་རྣམས་མཆོག་ཏུ་དགའ་བར་བགྱིད་པ། བུད་མེད་རྣམས་ འདོད་ཆགས་དང་བྲལ་བར་བགྱིད་པ། མང་དུ་ཐོས་པ་རྣམས་སྐྱོ་བར་བགྱིད་པ། རྣལ་འབྱོར་སྤྱོད་པ་རྣམས་མངོན་པར་དགའ་བར་བགྱིད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། འཐབ་པ་དང་། འཐབ་མོ་དང་། མུ་གེ་དང་། དུས་མ་ཡིན་པའི་ནད་དང་། ཕ་རོལ་ གྱི་དམག་ཚོགས་དང་། རླུང་དང་། ཆར་པ་དང་། ཆུ་བོ་དང་། གྲང་བ་དང་། དྲོ་བ་ཐམས་ཅད་རྣམ་པར་ཞི་བར་བགྱིད་པ། ཁ་བ་དང་། ཚ་བ་དང་། རོ་མི་བྲོ་བ་དང་། རྩུབ་པ་དང་། ཧྲུད་ཧྲུད་པོ་དང་། རེག་པར་དཀའ་བའི་དངོས་པོ་རྣམས་རབ་ཏུ་ཞི་ བར་བགྱིད་པ། ཆོས་ཀྱི་ཚུལ་འབར་བར་བགྱིད་པ། ཆོས་ཀྱི་ཚུལ་རྒྱུན་མི་འཆད་པར་བགྱིད་པ། སངས་རྒྱས་ཀྱི་བསྟན་པ་སྟོན་པར་བགྱིད་པ། འཁོར་བས་སྐྲག་པ་རྣམས་དབུགས་འབྱིན་པར་བགྱིད་པ། ཟད་པ་ཤེས་པ་སྐྱེ་བར་བགྱིད་པ། མི་སྐྱེ་བ་ཤེས་པ་རྟོགས་པར་བགྱིད་ པ། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པར་བགྱིད་པ། སྡུག་བསྔལ་གྱི་ཁུར་འདོར་བར་བགྱིད་པ། སྲེད་པའི་ཀླུང་སྐེམས་པར་བགྱིད་པ་འདི་ཡང་བསྐུར་ལགས་ཏེ། ཏད་ཡ་ཐཱ། བཱ་ཡེ་བ་ཡ་པ་རི་བཱ་རེ། བ་ཧེ་བ་ཧ་པ་རི་བཱ་རེ། པྲྀ་ཐ་བི་པ་རི་བཱ་རེ། ཨ་བེ་ཨ་བ་པ་རི་བཱ་རེ། ཏེ་ཛེ་ཏེ་ཛ་པ་རི་བཱ་རེ། མ་ལེ་མ་ལ་པ་རི་བཱ་རེ། ཁ་གྷེ་ཁ་གྷ་པ་རི་བཱ་རེ། ཨཱ་ལོ་ཀེ་ཨཱ་ལོ་ཀ་པ་རི་བཱ་རེ། སྠ་མེ་སྠ་མ་པ་རི་བཱ་རེ། རཱ་ཛེ་རཱ་ཛ་པ་རི་བཱ་རེ། སི་ལི་སི་ལ་པ་རི་བཱ་རེ། ག་མེ་ག་མ་པ་རི་བཱ་རེ། ཨ་བོ་ཙ་ཨ་བོ་ཙ་པ་རི་བཱ་རེ། མ་ལ་མ་ལ་ལ་མ་ལ་མེ་ ལ་མ། རཱ་ལ་རཱ་ལ་ལ་མ། བིདྱཱ་ཛྙཱ་ན་མ་བྷུ་ཏཾ་ག་མེ། བྷུ་ཏང་ག་མ་པ་རི་བཱ་རེ། ཙཀྵུ་གྲ་ཧེ། ཙཀྵུ་གྲ་ཧ་པ་རི་བཱ་རེ། ཤོ་ཏྲ་གྲ་ཧེ། ཤོ་ཏྲ་གྲ་ཧ་པ་རི་བཱ་རེ། གྷྲཱ་ཎ་གྲ་ཧེ། གྷྲཱ་ཎ་གྲ་ཧ་པ་རི་བཱ་རེ། ཛི་ཧྭ་གྲ་ཧེ། ཛི་ཧྭ་གྲ་ཧཱ་པ་རི་བཱ་རེ། ཀཱ་ཡ་གྲ་ཧེ། ཀཱ་ཡ་གྲ་ཧ་པ་རི་བཱ་རེ། མ་ན་གྲ་ཧེ། མ་ན་གྲ་ཧ་པ་རི་བཱ་རེ། སྤར་ཤ་གྲ་ཧེ། སྤར་ཤ་གྲ་ཧ་པ་རི་བཱ་རེ། བེ་ད་ན་གྲ་ཧེ། བེ་ད་ན་གྲ་ཧ་པ་རི་བཱ་རེ། ཏྲི་ཥྞཱ་གྲ་ཧེ། ཏྲི་ཥྞཱ་གྲ་ཧ་པ་རི་བཱ་རེ། ཨུ་པཱ་དཱ་ན་གྲ་ཧེ། ཨུ་པཱ་དཱ་ན་གྲ་ཧ་པ་རི་བཱ་རེ། བྷཱ་བ་གྲ་ཧེ། བྷཱ་བ་གྲ་ཧཱ་པ་རི་བཱ་རེ། ཛཱ་ཏི་གྲ་ཧེ། ཛཱ་ ཏི་གྲ་ཧ་པ་རི་བཱ་རེ། ཛ་ར་མ་ར་ཎ་གྲ་ཧེ། ཛ་ར་མ་ར་ཎ་གྲ་ཧཱ་པ་རི་བཱ་རེ། དུཿཁ་སན་ཏ་པཱ་གྲ་ཧེ། དུཿཁ་སན་ཏ་པཱ་གྲ་ཧ་པ་རི་བཱ་རེ། ཨཱ་རཱ་པཱ་རཱ་དྷྭ་ཛེ་གྲ་ཧེ། ཨཱ་རཱ་པཱ་རཱ་དྷྭ་ཛ་གྲ་ཧ་པ་རི་བཱ་རེ། ཨཱ་རཱ་པཱ་རཱ་དྭི་ཛ་གྲ་ཧེ། ཨཱ་རཱ་བཱ་རཱ་དྭི་ཛཾ་གྲ་ཧཱ་པ་རི་བཱ་རེ། ཨ་བརྟ་བི་བརྟ་སྱ། ཨ་བ་ར་མུ་པ་མཱ་སྭ་སྱ། བེ་ག་བི་ནི་བརྟ། ཨཱ་རྱ་ར་སྨི་ས་མ་བེ་ག་ཤཱ་ན་ཏི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་དེས་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་བསྐུར་བ་ནི་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་སོ་ ཞེས་བྱ་བ་གནང་ངོ་། །སངས་རྒྱས་ཀྱི་ཞིང་མི་མཇེད་དུ་ཐམས་ཅད་དང་ལྡན་པའི་འཁོར་ལྷགས་པས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བསམ་གཏན་ལ་སྙོམས་པར་ཞུགས་པ་དག་ནི་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཉི་མའི་ ཤུགས་ཀྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདིར་ང་སྟན་འདི་ཉིད་ལ་བཞུགས་བཞིན་སེམས་ཅན་རྣམས་ལ་དོན་དང་བཅས་པ། ཚིག་འབྲུ་དང་བཅས་པ། ལྷག་ཆད་མེད་པའི་བདེན་པ་དང་། རྗེས་སུ་འཐུན་པའི་བཟོད་པ་རྒྱ་ཆེར་སྟོན་པར་ མཛད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་གང་ཁྱོད་འདིར་འོང་བའི་ཚེ་བསྲུང་བའི་ཕྱིར་བྱིན་པ་ལུས་ཀྱི་ཁྱད་པར་ཐམས་ཅད་སྒྲུབ་པ་ཞེས་བྱ་བ་ནས། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྒྲུབ་པ་ཞེས་བྱ་བའི་བར་ཉི་མའི་སྤྱན་པད་མའི་སྦུ་གུའི་ གཟུངས་སྔགས་དེ་ཁྱོད་ཀྱིས་ཀྱང་སྟོན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །སྱཱད་ཡ་ཐེ་དན། སིད་དྷ་མ་ཏེ། བི་ལོ་ཀ་མ་ཏེ། ཨེ་ལེ་གེ་ཏ་རི་ཤེ །རུ་ཙེ་སུ་རུ་ཙེ། བུད་དྷེ། བི་བུད་ དྷེ། མ་ཧཱ་བུད་དྷེ། ཨུན་མད་ཏེ། ཨུན་མད་ཏ་པྲ་ཏི་ཥེ་དྷ་ནེ། ར་ག་དྷྲུ་བ་པྲ་ཏི་ཥེ་དྷ་ནེ། བིན་དུ་བིན་དུ་མ་ཏེ། ཙི་ཏ་ཙི་ཏ་བ་ཏི་ཥེ་དྷ་ནེ། ཨརྐེ་ཙན་དྲ་ཨརྡྷེ། ཧ་ཏ་ཙི་ཏི། ཧ་ཏ་ནི་རྨི། ཧ་ཏ་ཀཱ་མ་བེ་གེ །ཧ་ཏ་པཽ་ན་བྷ་བི་ར་ཛེ། ཧ་ཏ་ཙཀྵུ་ས་མ་ཏེ། ཧ་ཏ་ བི་མ་ཏ་མུ་དྲེ། ཧ་ཏ་ཡཱ་གྷེ། ཧ་ཏ་ཡཱ་གྷེ། ཧ་ཏ་ས་མུ་དྲ་ཛ་བེ། ཧ་ཏ་བི་མ་ན་རཱ་ཛེ། ཧ་ཏ་ཧི་ཏེ། ཧ་ཏ་ཙི་ཏ་ཊེ། ཧ་ཏ་དྷརྨ་རཱ་ཛེ། ཧ་ཏ་བ་ཧུ་རཱ་ཛེ། ཧ་ཏ་བརྫ་མ་ཏི། ཧ་ཏ་ཨུ་པ་ག་མ་ཏེ། ཧ་ཏ་རོ་པ་རསྨི། ཧ་ཏ་དྷརྨ་སིད་དྷི། ཧ་ཏ་སརྦོན་མ་ད། ཛྙཱ་ཛྙཱ་ཛྙཱ། བི་ཛྙཱ་ཛྙཱ་ཛྙཱ། སརྦ་མཱརྒ་ཛྙཱ་ཛྙཱ། ཨེ་ཥོ་ན་ད་སྃ་ས་ར་དུཿཁེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་དེས་བདག་ཆས་པའི་དུས་ཀྱི་ཚེ་བསྲུང་བའི་སླད་དུ་ཉི་མའི་སྤྱན་པད་མའི་གཟུངས་སྔགས་སྩལ་བ་ནི་འདི་ ལགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་སྙན་པ་ལ་བཀའ་སྩལ་པ། སྙན་པ་ཁྱོད་ཀྱིས་ཉི་མའི་སྙིང་པོའི་སྤྱན་པད་མའི་གཟུངས་སྔགས་འདི་ཟུང་ཤིག །སྙན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའོ། །དེ་བས་ཀྱང་ཉི་མའི་སྤྱན་པད་མའི་གཟུངས་སྔགས་འདི་ཆེས་རྙེད་པར་དཀའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་ཀྱང་རུང་། གང་གིས་ཀྱང་རིའི་རྒྱལ་པོ་རི་རབ་ བམ། རྒྱ་མཚོ་ཆེན་པོའི་ཡོན་ཏན་དང་། ཕན་ཡོན་ནི་བརྗོད་པར་ནུས་སོ། །ཉི་མའི་སྤྱན་པད་མའི་གཟུངས་སྔགས་འདིའི་ཡོན་ཏན་དང་ཕན་ཡོན་ནི་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་རུང་སྟེ་བརྗོད་པར་མི་ནུས་སོ། །ཉི་མའི་སྤྱན་པད་མའི་ གཟུངས་སྔགས་འདི་ནི་དེ་ལྟར་ཟབ་པ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཉི་མའི་སྤྱན་པད་མའི་གཟུངས་སྔགས་འདི་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །འཁོར་བཞི་པོ་དེ་དག་ལ་ཡང་རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེར་སེམས་ཅན་རྣམས་འདོད་ པའི་འདོད་ཆགས་ཐམས་ཅད་སྤོང་བར་འགྱུར་རོ་ཞེས་བྱ་བ་ནས། ཟག་པ་ཐམས་ཅད་ཟད་པ་དང་། བྱང་གྲོལ་གྱི་བདེ་བ་དང་ལྡན་པའི་བར་དུ་ཡང་འགྱུར་རོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །ཤིང་གི་རྒྱལ་ པོའི་དྲུང་དུ་བདུད་ནི་གཅིག་པུ་ཁྱོད་ཀྱིས་བཅོམ། །བྱང་ཆུབ་རབ་མཆོག་དམ་པ་ཡང་ནི་གཅིག་པུས་བརྙེས་པ་ལགས། །ལྷ་དང་མི་དང་གནོད་སྦྱིན་གཅིག་པུ་ཁྱོད་ཀྱིས་དབང་དུ་མཛད། །རྒྱལ་བ་ཉི་མ་རབ་གྲོལ་ཡེ་ཤེས་མཆོག་གི་འོད་ཟེར་ལགས། །འདི་ན་མུ་ སྟེགས་གཞན་ནི་གཅིག་པུས་འོད་དང་བྲལ་མཛད་པ། །འཇིག་རྟེན་ཀུན་ན་སྲིན་བུ་མེ་ཁྱེར་དག་ལ་ཉི་ལྟར་མཛེས། །ཐུབ་པ་འདུས་ན་སེམས་ཅན་བསྒྲལ་བའི་དོན་ཀྱང་མཛད་ལགས་ཏེ། །དཀོན་མཆོག་གསུམ་གྱི་གདུང་དང་ཆོས་ཚུལ་ཡུན་རིང་གནས་པར་མཛད། ། ཁྱོད་གཅིག་པུ་ལ་མཆོད་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལྷགས་པ། །དགེ་དང་བྱང་ཆུབ་ཡོངས་སུ་བཙལ་ཕྱིར་ཆོས་དོན་གཉེར་བ་ལགས། །རྒྱལ་བ་ཁྱོད་ནི་སྡུག་བསྔལ་ཐམས་ཅད་གཅོད་པའི་ཆོས་སྟོན་པ། །ཁྱོད་ནི་ཡེ་ཤེས་བྱང་ཆུབ་སྤྱོད་པ་རབ་མཆོག་ སྟོན་པར་མཛད། །གཅིག་པུས་ཞི་འགྱུར་བདུད་རྩིས་སེམས་ཅན་རྣམས་ཀྱང་ཞི་མཛད་པ། །ཡང་སྲེད་མ་མཆིས་མཛད་སླད་སྲོག་ཆགས་ཁྲག་ཁྲིག་སྒྲོལ་བ་ཁྱོད། །ཟག་པ་ཟད་ཅིང་ལྟ་དང་བྲལ་བ་ཉོན་མོངས་སྤངས་གྱུར་པ། །གང་ན་མྱ་ངན་བྱེད་མེད་ཞི་ བའི་གྲོང་ཁྱེར་གཤེགས་པ་ཁྱོད། །འདི་ནི་འཇིག་རྟེན་ཀུན་ཏུ་ཁྱོད་གཅིག་སྨན་དང་མཚུངས་ལགས་ཏེ། །རྒྱལ་བ་རྣམས་ཀྱིས་ཁྱོད་ལ་ཞུ་བའི་སླད་དུ་ཕོ་ཉར་མངགས། །རིག་པའི་རྒྱ་མཚོ་ཐུགས་རྗེ་མཉམ་པས་གནས་པར་མཛད་པ་པོ། །ཐུབ་པ་ཟླ་བའི་ ཆོས་དང་གསན་ནས་གཟུངས་ཀྱང་བསྐུར་བ་ལགས། །བཙུན་པ་བཅོམ་ལྡན་འདས་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་དཔེར་བགྱི་ན་གྲོང་ཁྱེར་རྒྱར་དཔག་ཚད་ཙམ་མཆིས་པ། བྱེ་མས་གཏམས་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དག་འདས་ནས། སྙིགས་མ་ ལྔ་དང་ལྡན་པ་དེ་ན་འཇིག་རྟེན་གྱི་ཁམས་སྙིགས་མའི་རྒྱལ་མཚན་ཞེས་བགྱི་བ་མཆིས་ཏེ། དེ་ན་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་བདག་འདིར་མངགས་ ལགས་ཏེ། དེ་བཞིན་གཤེགས་པ་དེ་ཁྱོད་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ། ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ། སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་འཆད་པ་ལ་དད་པ་སྦྱིན་པར་མཛད་ཅིང་གནོད་པ་ཆུང་ ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཀྱང་ཞུ་བར་མཛད་ལགས་ན། བཙུན་པ་བཅོམ་ལྡན་འདས་ཅི་བསྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ལགས་སམ། ཁྱོད་ཀྱི་འཁོར་བྲོ་འཚལ་བ་མ་ མཆིས་ལགས་སམ། གནོད་པ་ཆུང་ལགས་སམ། དམ་པའི་ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཆོས་ཐོས་པ་བཞིན་དུ་ཆོས་དེ་ལ་ནན་ཏན་སྙིང་པོར་བགྱིད་པ་དག་ལགས་སམ། ཆོས་ཀྱིས་གནས་པས་གནས་པར་བགྱིད་པ་དག་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ན་བདུད་ཀྱི་ཡུལ་དང་། ཀླུའི་ཡུལ་བཅོམ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཡུལ་གཅིག་པུ་ལགས་སམ། འདི་ན་ཐོགས་པ་མ་མཆིས་པར་ཆོས་ཀྱི་འཁོར་ལོ་བསྐོར་ལགས་སམ། སངས་རྒྱས་ཀྱི་ཡུལ་འདི་ན་གང་སུ་ དག་འཁོར་ལོ་སྐོར་བར་འགྱུར་བ་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་དེ་ཁྱོད་དང་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་ལ་དད་པ་སྦྱིན་པར་ མཛད་ལགས་སོ། །དེ་ནས་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཟད་པར་བགྱིད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་ པར་བགྱིད་པ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་ཐམས་ཅད་ཟད་པར་བགྱིད་པ་ཞེས་བགྱི་བ་ནས། ཇི་ལྟར་སྔར་བཤད་པའི་བར་དང་། སྡུག་བསྔལ་གྱི་ཁུར་འདོར་བར་བགྱིད་པའི་བར་འདི་ཡང་བསྐུར་ལགས་ཏེ། ཏད་ཡ་ཐཱ། དྷུ་ མ་ཏེ། དྷུ་མ་ཏེ། ཨཀྵི་དྷུ་མ་ཏེ། པྲ་བྷཱ་ས་དྷུ་མ་ཏེ། སརྦཱ་ཀཱ་ཤ་དྷུ་མ་ཏེ། ཨ་བཻ་ཁ་གྷ། བཻ་མེ་ཏ་ཁ་གྷ། ཨ་བཻ་ཀྵ་ཁ་གྷ། ཨ་མོ་ཧ་ཁ་གྷ། ཨ་ན་ནྱ་ཁ་གྷ། བྱཱ་བྲཱིཏྟི་ཁ་གྷ། སྃ་རུ་ཙ་ཁ་གྷ། ཨ་ནཻ་མ་ཁ་གྷ། ལོ་ཙ་ན་ཁ་གྷ། ཤི་ཁི་ཁ་གྷ། བི་ཏི་མི་ར་ཁ་གྷ། ཨུ་ཀྵོ་མ་ཁ་གྷ། ཨུ་རོ་ཁ་གྷ། ཨཀྵི་ཁ་གྷ། ཡཱ་བད་མ་ནོ་ཁ་གྷ། རཱུ་བ་ཁ་གྷ། ཡཱ་བད་བི་ཛྙཱ་ན་ཁ་གྷ། ཙཀྵུ་དྷཱ་ཏུ་ཁ་གྷ། ཡཱ་བད་མ་ནོ་བི་ཛྙཱ་ན་དྷཱ་ཏུ་ཁ་གྷ། པྲྀ་ཐ་བཱི་དྷཱ་ཏུ་ཁ་གྷ། ཡཱ་བད་བི་ཛྙཱ་ན་དྷཱ་ཏུ་ཁ་གྷ། ཙ་ཏུ་སྨྲྀ་ཏྱུ་པ་སྠ་ན་ཁ་གྷ། ཡཱ་བད་ཨཱ་བོ་ན་ཀ་ཁ་གྷ། དུཿཁ་ཁ་གྷ། ཡཱ་བད་མཱརྒ་ཁ་གྷ། བི་པ་བ་ན། བི་ཀྵ་པ། ཨ་ནན་ས་མུ་དྲ་ནན། སརྦ་ཀཱ་ར་ནན། སརྦ་སང་སྠ་ནན། བི་ཤཱུ་པ་ནན། ཨ་ཀིན་ཙ་ན་ནན། ཀྵ་བྷ་ཀྵ། ཨི་ལེ་ཨི་ཨི་ལེ། ཨི་ཨི་ལེ་མི་ལེ་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོས་ཁྱོད་ལ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བསྐུར་བ་ནི་འདི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལེགས་སོ་ཞེས་བྱ་བ་གནང་ངོ་། །སངས་རྒྱས་ཀྱི་ཞིང་མི་མཇེད་དུ་ཐམས་ ཅད་དང་ལྡན་པའི་འཁོར་ལྷགས་པས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བསམ་གཏན་དང་ལྡན་པ་དག་ནི་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ ཀྱི་བུ་འདིར་ང་སྟན་འདི་ཉིད་ལ་བཞུགས་བཞིན་དུ་སེམས་ཅན་རྣམས་ལ་དོན་དང་བཅས་པ། ཚིག་འབྲུ་དང་བཅས་པ། ལྷག་ཆད་མེད་པའི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་རྒྱ་ཆེར་སྟོན་པར་མཛད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རི་དབང་ རྒྱལ་པོས་གང་ཁྱོད་འདིར་འོང་བའི་ཚེ་བསྲུང་བའི་ཕྱིར་བྱིན་པ་མི་ཟད་པའི་སྦུབས་ཀྱི་ལུང་བསྟན་པ་སེམས་ཅན་རྣམས་ཀྱི་སེམས་དང་ཚོར་བ་སྒྲུབ་པ་ཡང་དག་པར་འདུ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་། བདུད་བཞི་འདུལ་བ། སྒྲུབ་པའི་གནས་དང་། ཆོས་ཀྱི་ཚུལ་དང་། དཀོན་མཆོག་གསུམ་གྱི་གདུང་སྒྲུབ་པ། མི་ཟད་པའི་སྦུབས་ཀྱི་ལུང་བསྟན་པའི་བར་དེ་ཁྱོད་ཀྱིས་ཀྱང་སྟོན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །ཏད་ཡ་ཐཱ། ཤ་ར་ཎ་བྱཱ་ཡ། ཤི་ཀྵ་བྱཱ་ཡ། སྨྲྀ་ཏི་བྱཱ་ཡ། པྲ་ཧཱི་ ན་བྱཱ་ཡ། རྀདྡྷིབྱཱ་ཡ། ཨི་ན་དྲཱི་ཡ་བྱཱ་ཡ། བ་ལ་བྱཱ་ཡ། བོ་དྷྱཱང་བྱཱ་ཡ། ས་མཱ་དྷི་བྱཱ་ཡ། དྷཱ་ར་ཎཱི་བྱཱ་ཡ། ཀྵཱན་ཏི་བྱཱ་ཡ། དྷྱ་ན་བྱཱ་ཡ། ཨ་རཱུ་པ་བྱཱ་ཡ། ཨ་ནི་ན་ཛ་བྱཱ་ཡ། མཱ་རྒ་བྱཱ་ཡ། ཨ་བྷི་ཛྙཱ་བྱཱ་ཡ། པྲ་ཏི་སྃ་བིད་བྱཱ་ཡ། བྷཱུ་མི་བྱཱ་ཡ། བིདྱཱ་ བྱཱ་ཡ། མ་ཧཱ་མཻ་ཏྲི་བྱཱ་ཡ། མ་ཧཱ་ཀ་རུ་ཎ་བྱཱ་ཡ། པྲྀ་ཐི་བཱི་བྱཱ་ཡ། ས་ཏྭ་བྱཱ་ཡ། དྷརྨ་བྱཱ་ཡ། ཏ་མ་བྱཱ་ཡ། ཨཱ་ལོ་ཀ་བྱཱ་ཡ། པྲ་ཏི་བྷཱ་ས་བྱཱ་ཡ། པྲ་ཏི་ཤྲུཏྐ་བྱཱ་ཡ། ག་ག་ན་བྱཱ་ཡ། མཱ་ར་བྱཱ་ཡ། ཤཱུ་ནྱ་ཏཱ་བྱཱ་ཡ། པྲ་ཏཱི་ཏྱ་བྱཱ་ཡ། ཨ་པྲ་ཎི་ཧི་ཏ་བྱཱ་ཡ། ཨ་ ནི་མིད་ཏ་བྱཱ་ཡ། རུ་ཏ་བྱཱ་ཡ། གྷོ་ཥ་བྱཱ་ཡ། ཨ་ཀིན་ཙན་བྱཱ་ཡ། ཨ་བྷི་ས་མ་ཡ་ཨ་ནུ་ནུ། ཨ་ནོ་ན། ཨ་བ་ཧ། ཙ་ཙཱ་ར། ཙ་ཙ་ཙཱ་ར་བི་མུ། ཙ་ཙ་ཙ་ཀྵ། ཙ་ཙ་ཙ་ར་བི་མུ་བྱཱ་ཡ། བི་མུ་ཀྵ་ཡ། བི་མུ་ཨཱ་པ་བྱཱ་ཡ། བི་མུ་ཨ་ས་མུ་དྲ་ཙ་ར་བི་མུ། ཙྪེ་ད་བི་མུ། ཨཱ་ཀཱ་ཤི་བ་མུ། བྱུ་པ་ཤ་མ་བི་མུ། ཨ་ནཱ་བྷ་ས་བི་མུ། ཨ་ཧ་ཧ་བི་མུ། ཨ་པཱ་ར་བི་མུ། ཨུ་པ་ཤ་མ། ས་ལི་ལ་བི་མུ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་དེས་བདག་ཆས་པའི་དུས་ཀྱི་ཚེ་བདག་བསྲུང་བའི་སླད་དུ་མི་ཟད་པའི་སྦུབས་ ཀྱི་གཟུངས་སྔགས་སྩལ་བ་ནི་འདི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ། ཀཽ་ཌི་ནྱ་ཁྱོད་ཀྱིས་མི་ཟད་པའི་སྦུབས་ཀྱི་གཟུངས་སྔགས་འདི་ཟུང་ཤིག །ཀཽ་ཌི་ནྱ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རྣམས་འཇིག་རྟེན་དུ་ འབྱུང་བ་རྙེད་པར་དཀའོ། །དེ་བས་ཀྱང་མི་ཟད་པའི་སྦུབས་ཀྱི་ལུང་བསྟན་པ་འདི་ཆེས་རྙེད་པར་དཀའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་ཀྱང་རུང་བསྐལ་པ་བརྒྱ་སྟོང་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་བགྲང་བར་ནུས་སོ། །གང་ དག་མི་ཟད་པའི་སྦུབས་ཀྱི་གཟུངས་སྔགས་འདིར་མུན་པ་མེད་པར་འཇུག་པས་ཞུགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་ནི་གང་གིས་ཀྱང་བགྲང་བར་མི་ནུས་སོ། །ཀཽ་ཌི་ནྱ་དེ་ལྟ་བས་ན་མི་ཟད་པའི་སྦུབས་ཀྱི་ལུང་བསྟན་པའི་ཆོས་འདི་ཇི་ལྟར་ཐོས་པ་འཁོར་བཞི་པོ་དག་ ལ་ཡང་རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེ་དག་ཆོས་དེ་ཐོས་པས་ལས་ཐམས་ཅད་ཟད་པ་ཐོབ་པར་འགྱུར་བ་ནས་སྤོབས་པ་ཐོགས་པ་མེད་པ་དག་དང་། སྤོབས་པ་གཅད་དུ་མེད་པ་དག་དང་། སྤོབས་པ་རྒྱུན་མི་འཆད་པའི་བར་དག་ཐོབ་པར་འགྱུར་ཞིང་ཁམས་གསུམ་ལས་ཁྱད་ པར་དུ་འཕགས་པའི་དེ་བཞིན་གཤེགས་པ་དག་ཏུ་ཡང་འགྱུར་རོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོའི་དཔལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། འགྲོ་དྲུག་སྡུག་བསྔལ་གྱིས་ཁྲིད་ཅིང་། །ཉོན་མོངས་ནད་ཀྱིས་ཀུན་ཏུ་གཡེངས། །ཁྱོད་ནི་མཁས་པ་མགོན་གྱུར་ཁྱོད། །རྒལ་ནས་འགྲོ་བ་སྒྲོལ་མཛད་ཁྱོད། །དབང་པོ་དྲུག་ལ་རྨོངས་གྱུར་ཅིང་། །བདུད་ཀྱི་ཞགས་པས་ཉེར་ཟིན་ལ། །ཡང་དག་ལམ་ནི་སྟོན་པ་ཁྱོད། །འཇིག་ རྟེན་ན་ནི་རབ་རྙེད་དཀའ། །ཡན་ལག་དྲུག་ལྡན་ཁྱིམ་གྱི་གཞི། །མཁས་པའི་མི་རྣམས་ཀྱིས་སྤངས་ལ། །ཁྱོད་ནི་འཇིག་རྟེན་ཀུན་གྱི་གཉེན། །ཆོས་ཀྱི་མུ་གེ་འཇིག་མཛད་པ། །མངོན་ཤེས་དྲུག་ལྡན་སྒོམ་བྱེད་ལ། །བདེན་པ་གསུང་བ་དྲང་སྲོང་ཆེ། །སེམས་ཅན་འཁོར་བར་ ཞུགས་པ་རྣམས། །འཆིང་བ་དམ་ལས་གྲོལ་མཛད་ཁྱོད། །ཁྱོད་ཀྱི་སྔགས་ལ་དད་ནས་སུ། །ཞིང་འདིར་ཡང་ནི་ལྷགས་པ་ལགས། །འདིར་ནི་འཇིག་རྟེན་མགོན་པོ་ཡིས། །བདག་ཅག་ཕོ་ཉར་མངགས་ཀྱིས་གསོན། །བཙུན་པ་བཅོམ་ལྡན་འདས་ནུབ་ཕྱོགས་ན་སངས་རྒྱས་ཀྱི་ ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་ནས། དེ་ན་འཇིག་རྟེན་གྱི་ཁམས་སྙིང་པོའི་རྒྱལ་མཚན་ཞེས་བགྱི་བ་མཆིས་སོ། །སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་ཞེས་བགྱི་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་ སྟོན་ཏོ། །དེ་བཞིན་གཤེགས་པ་དེས་བདག་སངས་རྒྱས་ཀྱི་ཞིང་འདིར་མངགས་ལགས་ཏེ། དེ་བཞིན་གཤེགས་པ་དེ་ཁྱོད་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་འཆད་པ་ལ་དད་ པ་སྦྱིན་པར་མཛད་ཅིང་གནོད་པ་ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཀྱང་འདྲི་བར་མཛད་ལགས་ན་བཙུན་པ་བཅོམ་ལྡན་འདས་ཅི་བསྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ལགས་སམ། ཁྱོད་ཀྱི་འཁོར་བྲོ་ འཚལ་བ་མ་མཆིས་ལགས་སམ། གནོད་པ་ཆུང་ལགས་སམ། དམ་པའི་ཆོས་ཉན་པར་འཚལ་ལགས་སམ། ཇི་ལྟར་ཆོས་རྗེས་སུ་ཐོས་པ་བཞིན་དུ་ཡང་ཆོས་དེ་ལ་ཡང་ནན་ཏན་སྙིང་པོར་བགྱིད་པ་དག་ལགས་སམ། ཆོས་ཀྱིས་གནས་པས་གནས་པར་བགྱིད་ལགས་སམ། ཁྱོད་ ཀྱི་སངས་རྒྱས་ཀྱི་ཞིང་འདི་ན་བདུད་ཀྱི་ཡུལ་དང་ཀླུའི་ཡུལ་བཅོམ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཡུལ་གཅིག་པུ་ལགས་སམ། འདི་ན་ཐོགས་པ་མ་མཆིས་པར་འཁོར་ལོ་སྐོར་ལགས་སམ། སངས་རྒྱས་ཀྱི་ཞིང་འདི་ན་གང་སུ་དག་འཁོར་ལོ་སྐོར་བར་འགྱུར་བ་དེ་དག་གི་དོན་དུ་དེ་བཞིན་ གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེ་ཁྱོད་དང་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་ལ་དད་པ་སྦྱིན་པར་མཛད་ལགས་སོ། །དེ་ནས་སྨོན་པ་མེད་པའི་རྗེས་སུ་འཐུན་ པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བགྱིད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བགྱིད་པ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་ཐམས་ཅད་ཡང་དག་པར་ཟད་པར་བགྱིད་པ་འདི་ཡང་བསྐུར་ལགས་ཏེ་ཞེས་བགྱི་བ་ནས་མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པར་བགྱིད་པ། སྡུག་བསྔལ་གྱི་ཁུར་འདོར་བར་བགྱིད་པ་ཞེས་བགྱི་བའི་བར་དུ་ཇི་ལྟར་སྔར་བཤད་པ་བཞིན་ནོ། །ཏད་ ཡ་ཐཱ། ཤ་ན་ཤ་ར། ཤ་མ་ན་ཤ་བ། ཨ་པཀྵ་བ་ཤ །ཙཀྵུ་བྷ་བ་ཤ་བ། ཤོ་ཏྲ་ཤ་བ། གྷྲཱ་ཎ་ཤ་བ། ཛི་ཧྭ་ཤ་བ། ཀཱ་ཡ་ཤ་བ། མ་ནཱ་ཤ་བ། ཀྵ་ཏི་བིདྱ་ཙཀྵུ་པྲྀ་ཐབཱི་ཀྵ་བྷ། ཤྲོ་ཏྲ་ཨ་བ་ཀྵ་བྷ། ཛི་ཧྭ་བཱ་ཡུ་ཀྵ་བྷ། མ་ན་ཨོ་ཛ་ཀྵ་བྷ། ཨཱ་ལོ་ཀ་ཛྙཱ་ན་ཀྵ་བྷ། བཱི་ཛ་སང་གྲ་མ་ཀྵ་བྷ། ཨང་ཀུ་ར་ཁ་གྷ་ཀྵ་བྷ། ཤ་མ་ཀ་རུ་ཀྵ་བྷ། ཀྵ་ཡ་རཱ་ས་ཀྵ་བྷ། ཤཱན་ཏི་བྱ་སྲ་ཀྵ་བྷ། ན་ཏོ་ན་ཏཻ་ན་ཏོ་ན་ཨ་བ་ནྱེ་ར་ཏོ་ན། ན་ཡཱ་བ་ན་ཡི་ན་ཏོ་ན་ཨེ་ཥ་ཨན་ཏ་དུཿཁ་སྱ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་སྨོན་པ་མེད་པའི་རྗེས་ སུ་འཐུན་པའི་གཟུགས་སྔགས་བསྐུར་བ་ནི་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་གནང་ངོ་། །བསམ་གཏན་དང་ལྡན་པ་རྣམས་མ་གཏོགས་པ་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་ནང་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དང་ལྡན་པ་རྣམས་ཀྱིས་ཀྱང་ ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོའི་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ང་སྟན་འདི་ཉིད་ལ་བཞུགས་བཞིན་སེམས་ཅན་རྣམས་ལ་དོན་བཟང་པོ། ཚིག་འབྲུ་བཟང་པོ་ལྷག་ ཆད་མེད་པ། སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་འདི་རྒྱ་ཆེར་སྟོན་པར་མཛད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོས་གང་ཁྱོད་ལ་འདིར་འོང་བའི་ཚེ་བྱིན་པ་རིག་སྔགས་ཀྱི་རྟེན་གྱི་ལུང་བསྟན་པ་དེ་ཁྱོད་ཀྱིས་ཀྱང་སྟོན་ཅིག ། ལུང་བསྟན་པ་དེས་ནི་འདིར་སེམས་ཅན་རྣམས་ཀྱི་སྲེད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཉོན་མོངས་པ་སྲིད་པའི་རྒྱུ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཉོན་མོངས་པ་སྲིད་པའི་རྒྱུ་རྣམས་ཞི་བར་འགྱུར་རོ། །བསྐལ་པ་གང་གཱའི་ ཀླུང་གི་བྱེ་མ་སྙེད་ཀྱང་བསྙིལ་བར་འགྱུར་རོ། །ལས་འབྱང་བ་དང་། དགེ་བའི་ཕྱོགས་ཐམས་ཅད་ཡོངས་སུ་རྫོགས་པའི་བར་དུ་ཡང་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་ཏེ་བསྟན་པར་བགྱི་ལགས་སོ། །ཏད་ཡ་ཐཱ། བེ་ག་པ་རི་ཙྪེ་ད། གརྦྷ་ས་ཀྵ་སེ། གརྦྷ་རེ་བིདྱཱ་པྲ་བྷ་ག་ཀྵེ་ ཀྵ་ཡ། ཡོ་གེ་པྲ་ཏི་ཧ་རེ་ཤ་མན་ན་སི་ཀ་ཐེ། ས་མ་མེ་གྷ་ཛྷ་ཥེ། ཨ་ཀྵ་ཡ། ན་ཏེ་ཀྵ་བྷ་བ་ཛེ། ནིད་དྷ་ཛྷ་ཥེ། ས་མ་ན་ཛྷ་ཥེ། ཨ་དྷྱ་ཤ་ཡ་ཛྷ་ཥེ། བི་པྲ་བྷ་ཛྷ་ཥེ། ཤཻཀྵ་ཛྙ་ཥེ། སེ་ནྱ་ཛ་བ་ཛྷ་ཥེ། ས་ལི་ལ་གུ་ཧྱ་ཛྷ་ཥེ། ས་ལི་གུ་ཧ་བྷཻ་ཀྵི་པ་ན་ཀོ་ཤེ། སཱ་དྷ་ན་ཀོ་ནོ་སི་བ་དྷ་ན་ན་ཐྱེ། བི་ཏ་པྲ་ བིད་ཏེ། ཨུ་པ་ཀྲ་མ་པ་ཐེ། ཨ་ན་ཙྪེ་དྱ་པྲ་ཁེ། པྲ་ཏི་ཀྲ་མེ་ན། ས་ཀང་ཐྱ་ཤཻ་ས་ལོ་ཙ་ན་བ་མེ། ཀྲོ་དྷ་དྷ་རེ། ཀཱ་མ་ས་ཤེ། ཨཱ་ཀཱ་ཤ་ཁ་གེ་ནཱ་ག་ཀུན་ཛེ། བིདྱ་བ་ནེ། ཀླ་ན་བ་ནེ། ཨུ་ཙ་བ་ནེ། ས་མ་མ་ཀེ་རེ། ཤ་རི་ཡ་བ་ནེ། མེ་གྷ་ཛ་བེ་ཧ་རི་ཀོ་ནོ་བ། ན་ཡ་ན་མུ་ ཁེ། སཱ་ར་ཀྵ་ཀོ་ལེ། ན་རཱ་ཡ་ཎ་ཙ་རེ། ཨིན་དྲ་བཱ་ས་ནེ། ཨོ་ཨ། ཨ་བ་ཨ། ཨ་རཱ་བ་ཨཱ། བ་ར་ཨ་བཱ་ར། སཱ་ར་མེ་གྷ། དུཿཁ་ན་སྟི་ར་ནི་ནིརྦཱ་ཧེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་བདག་ཆས་པའི་དུས་ཀྱི་ཚེ་བསྲུང་ བའི་སླད་དུ་རིག་སྔགས་ཀྱི་རྟེན་གྱི་ལུང་བསྟན་པ་སྩལ་བ་ནི་འདི་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རིག་སྔགས་ཀྱི་རྟེན་གྱི་གཟུངས་སྔགས་འདི་ཟུང་ཤིག །ཤ་ར་དྭ་ཏིའི་བུ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའོ། །དེ་བས་ཀྱང་རིག་སྔགས་ཀྱི་རྟེན་གྱི་གཟུང་སྔགས་འདི་ཆེས་རྙེད་པར་དཀའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་ ཀྱང་རུང་བསྐལ་པ་བརྒྱས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་བགྲང་བའམ་མཐའ་རྟོགས་པར་ནུས་སོ། །རིག་སྔགས་ཀྱི་རྟེན་གྱི་གཟུངས་སྔགས་འདིའི་མཐའ་ནི་བསྐལ་པ་བརྒྱ་སྟོང་གིས་ཀྱང་བརྗོད་པར་མི་ནུས་སོ། །རིག་སྔགས་ཀྱི་རྟེན་གྱི་ ལུང་བསྟན་པ་འདི་ནི་དེ་ལྟར་ཟབ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རིག་སྔགས་ཀྱི་རྟེན་གྱི་གཟུངས་སྔགས་འདི་ཡང་ཟུང་ཤིག །ཀུན་ཆུབ་པར་བྱོས་ཤིག །འཁོར་བཞི་པོ་དག་ལ་ཡང་རྒྱས་པར་སྟོན་ཅིག །ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེ་ཐོས་པས་ཀྱང་སེམས་ཅན་དེ་ དག་གི་སྲེད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྲིད་པའི་རྒྱུ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྲིད་པའི་རྒྱུ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །བུད་མེད་མཚམས་མེད་པ་བྱེད་ པའི་ལས་ཀྱི་སྒྲིབ་པ་སྲིད་པའི་རྒྱུ་རྣམས་ཟད་པར་འགྱུར་ཞིང་ལྷག་མ་མེད་པའི་བར་དུ་ཡང་འགྱུར་རོ། །ཟག་པ་ཐམས་ཅད་ཟད་པ་དང་། བྱང་གྲོལ་གྱི་བདེ་བ་དང་ལྡན་པའི་བར་དུ་ཡང་འགྱུར་རོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཁྱོད་ནི་དེད་དཔོན་གཅིག་པུ་ལགས། །ཆོས་རྣམས་ཀུན་ལ་ངེས་པ་སྟེ། །མཐོང་བའི་གུས་པ་སྐྱེས་པ་ཡིས། །བཤེས་གཉེན་དཔལ་ཡང་ཉེ་བར་འཛིན། །མེ་ཏོག་གཅིག་དང་ བདུག་པ་ཡིས། །དེ་བཞིན་གཤེགས་ལ་མཆོད་བགྱིས་ན། །ཡན་ལག་ཀུན་གྱི་མཆོག་ལྡན་པའི། །བཤེས་གཉེན་སྡུག་པ་ཉེ་བར་འཛིན། །ཚོགས་ནི་ཆེན་པོ་བསྡུས་པ་ཡང་། །དུས་གཅིག་ཏུ་ནི་འདིར་མཛད་པས། །ལྷ་རྣམས་ཐམས་ཅད་བསྔགས་བགྱིད་ཅིང་། །བཤེས་ གཉེན་དཔལ་ཡང་ཉེ་བར་འཛིན། །དེར་ནི་འཇིག་རྟེན་མགོན་པོ་ཡིས། །འདི་ནི་ལན་ཅིག་ཁོ་ན་བསྟན། །རྟག་ཏུ་ལྷ་མིན་ཤེས་རབ་ལྡན། །བཤེས་གཉེན་དཔལ་ཡང་ཉེ་བར་འཛིན། །དཔལ་གྱི་མེ་ཏོག་སྙིང་པོ་ནི། །དཔལ་རྣམས་ཀུན་གྱིས་ཀུན་ཏུ་བརྒྱན། །དེ་ཡིས་ཤཱཀྱའི་དཔལ་ཞུ་བར། །བདག་ཅག་ ཕོ་ཉར་མངགས་པ་ལགས། །བཙུན་པ་བཅོམ་ལྡན་འདས་བྱང་ཕྱོགས་ཀྱི་ཕྱོགས་ཆ་ན་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་འདས་ནས་སྙིགས་མ་ལྔ་དང་ལྡན་པ་དེ་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཡང་དག་པར་འཕགས་པ་ཞེས་བགྱི་བ་མཆིས་སོ། །སངས་རྒྱས་ཀྱི་ཞིང་ དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་མེ་ཏོག་གི་སྙིང་པོ་ཞེས་བགྱི་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་བདག་འདིར་མངགས་ལགས་ཏེ། དེ་བཞིན་གཤེགས་པ་དེ་ཁྱོད་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་ པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་འཆད་པ་ལ་དད་པ་སྦྱིན་པར་མཛད་ཅིང་གནོད་པ་ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་ལྡན་ནམ། བདེ་བ་ལ་རིག་པར་གནས་སམ་ཞེས་ཀྱང་ཞུ་བར་མཛད་ལགས་ན་བཙུན་པ་བཅོམ་ལྡན་འདས་ཅི་བསྙུང་བ་མི་མངའ་ ལགས་སམ། གནོད་པ་ཆུང་ལགས་སམ། ཁྱོད་ཀྱི་འཁོར་བྲོ་འཚལ་བ་མ་མཆིས་སམ། གནོད་པ་ཆུང་ལགས་སམ། དམ་པའི་ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཆོས་རྗེས་སུ་ཐོས་པ་བཞིན་དུ་ཆོས་དེ་ལ་ནན་ཏན་སྙིང་པོར་བགྱིད་པ་དག་ལགས་ སམ། ཆོས་ཀྱིས་གནས་པས་གནས་པར་བགྱིད་པ་དག་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ན་བདུད་ཀྱི་ཡུལ་དང་། ཀླུའི་ཡུལ་བཅོམ་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཡུལ་གཅིག་པུ་ལགས་སམ། འདི་ན་ཐོགས་པ་མ་མཆིས་པར་ཆོས་ཀྱི་འཁོར་ ལོ་སྐོར་ལགས་སམ། སངས་རྒྱས་ཀྱི་ཞིང་འདི་ན་གང་སུ་དག་འཁོར་ལོ་སྐོར་བར་འགྱུར་བ་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་ཁྱོད་དང་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་ རྣམས་ཀྱི་ལས་འབྱང་བའི་གཟུངས་སྔགས་འདི་ལ་དད་པ་སྦྱིན་པར་མཛད་ལགས་སོ། །དེ་ནས་ཞི་བ་རིག་པ་མཆིས་པའི་སྦུབས་ཞི་བའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་ བགྱིད་པ། ཉོན་མོངས་པ་ཐམས་ཅད་འདུལ་བར་བགྱིད་པ། ཕུང་པོ་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་ཤེས་པར་བགྱིད་པ། ཆོས་ཐམས་ཅད་རྣམ་པར་འབྱེད་པར་བགྱིད་པ། ཐབས་ཐམས་ཅད་ཡང་དག་པར་སྟོན་པར་བགྱིད་པ། བྱང་གྲོལ་གྱི་བདེ་བ་ཐམས་ཅད་ ཡོངས་སུ་མྱོང་བར་བགྱིད་པ། སེམས་ཅན་ཐམས་ཅད་རབ་ཏུ་དད་པར་བགྱིད་པ། ཆོས་ཐམས་ཅད་ཀྱི་བདེ་བ་ལ་འཇུག་པར་བགྱིད་པ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་གཅོད་པར་བགྱིད་པ། བདུད་ཀྱི་ཡུལ་ཐམས་ཅད་རྣམ་པར་འཇིག་ པར་བགྱིད་པ་འདི་ཡང་བསྐུར་ལགས་ཏེ། རིག་པ་མཆིས་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་ནི་བདུད་རྣམས་ཚར་གཅོད་པར་བགྱིད་པ། ཕས་ཀྱི་རྒོལ་བ་རྣམས་ཕམ་པར་བགྱིད་པ། ལྷ་རྣམས་དགའ་བར་བགྱིད་པ། གནོད་སྦྱིན་རྣམས་ཡང་དག་པར་མགུ་བར་ བགྱིད་པ། ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བགྱིད་པ། ནམ་མཁའ་ལྡིང་རྣམས་ཡང་དག་པར་མགུ་བར་བགྱིད་པ། མི་འམ་ཅི་རྣམས་དད་པར་བགྱིད་པ། ལྟོ་འཕྱེ་ཆེན་པོ་རྣམས་རྒྱབ་ཀྱིས་ཕྱོགས་པར་བགྱིད་པ། ཕས་ཀྱི་རྒོལ་བ་རྣམས་འདུལ་བར་ བགྱིད་པ། རྒྱལ་རིགས་རྣམས་མངོན་པར་དགའ་བར་བགྱིད་པ། བྲམ་ཟེ་རྣམས་འཇུག་པར་བགྱིད་པ། རྗེའུ་རིགས་རྣམས་རབ་ཏུ་འཇོམས་པར་བགྱིད་པ། དམངས་རིགས་རྣམས་མཆོག་ཏུ་དགའ་བར་བགྱིད་པ། བུད་མེད་འདོད་ཆགས་དང་བྲལ་བར་བགྱིད་པ། བུད་མེད་སྦྲུམ་པ་བདེ་ལེགས་སུ་ཡོངས་སུ་ཐར་བར་བགྱིད་པ། མང་དུ་ཐོས་པ་རྣམས་དྲན་པར་བགྱིད་པ། རྣལ་འབྱོར་སྤྱོད་པ་རྣམས་མངོན་པར་དགའ་བར་བགྱིད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། འཐབ་པ་དང་། ཐབ་མོ་དང་། མུ་གེ་དང་། མི་ངས་ དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཆུ་བོ་དང་། གྲང་བ་དང་། དྲོ་བ་དང་། ཁ་བ་དང་། ཚ་བ་དང་། རྩུབ་པ་དང་། ཧྲུད་ཧྲུད་པོ་དང་། འདུས་ཏེ་རེག་པར་དཀའ་བ་རྣམས་རྣམ་པར་ཞི་བར་བགྱིད་པ། ཆོས་ ཀྱི་ཚུལ་འབར་བར་བགྱིད་པ། སངས་རྒྱས་ཀྱི་བསྟན་པ་རྟོན་པར་བགྱིད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བགྱིད་པ། འཁོར་བས་སྐྲག་པ་རྣམས་དབུགས་འབྱིན་པར་བགྱིད་པ། ཟད་པ་ཤེས་པ་སྐྱེད་པར་བགྱིད་པ། མི་སྐྱེ་བ་ཤེས་པ་རང་གི་ མངོན་སུམ་དུ་བགྱིད་པ། མུན་པའི་ཕུང་པོ་རྣམ་པར་འཇིག་པར་བགྱིད་པ། སྡུག་བསྔལ་གྱི་ཁུར་འདོར་བར་བགྱིད་པ། མཐུ་ཆེ་བ་ལགས་སོ། །ཏད་ཡ་ཐཱ། མ་ནཱ་ཀྵ་ཨ་ནཱ་ཀྵ། གྷ་ས་ཀྵ། ཛ་ལ་ཀྵ། མཱ་ནཱ་ཀྵ། ཀྵ་བ་ཀྵ། མན་དྷཱ་ཀྵ། ན་ཌ་ཀྵ། ན་ཌ་ར་ར་ཧུ་བི་ ས་ནཱ་ཏ། ཁ་གྷ་ནཱ་ཊ། ཨཱ་ཊ་ནཱ་ཊ་ཀུ་ནཱ་ཊ། པ་རི་ཀུ་ས་ནཱ་ཊ། ནཱ་ཊ་ནཱ་ཊ། པུ་རི་ཀྵ་ནཱ་ཊ། ཨུ་ཊ་ར་ནཱ་ཊ། ཀ་བི་ནཱ་ཊ། ཀུན་ཛ་ནཱ་ཊ། ཨ་མ་ཁ་ནཱ་ཊ། ཙ་བ་མ་བྷ་ནཱ་ཊ། ཁ་ག་མ་བྷ་ནཱ་ཊ། པུ་ཀྵ་ར་ནཱ་ཊ། ཧི་ས་དུ་དྲཱ་ནཱ་ཊ། ས་མ་ལ་ཡ་ནཱ་ཊ། ཤི་ར་ཀུ་མང་ཀཽ་ཏ་ཊ་ མ་ཏུ་གུ་ར་བ། ཏྭེ་ཧུ་ཀྵ། བ་ནི་ར་ཛཱུ། དྷྭ་ན་མ་ར་ཛཱུ། བ་གྷ་ན་པུ་ཏེ། ས་ན་ཏི་ར་བ་ཛ་བ། མ་ཧོ་ར་ག་ཛ་ལ། ཨ་ཏྲི་ནཱ། ཨ་ཏྲི་ནཱ། ཨ་ཏྲི་ནཱ་ན་བ། ཨ་ཏྲི་ནཱ་ཀྵ། ཨ་བ་ཧ་མཱརྒ་ཏྲི་ནཱ་ཀྵ། ཨེ་ཥོ་ན་ཏཽ་དུཿཁ་བྷ་ར་སྱ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོས་རིག་པ་མཆིས་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་མཐུ་ཆེ་བ་ཕན་ཡོན་ཆེ་བ་འདི་འདིར་བསྐུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལེགས་སོ་ཞེས་བྱ་བ་གནང་ངོ་། །བསམ་གཏན་ལ་བརྩོན་པ་རྣམས་ མ་གཏོགས་པ་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་ལྷགས་པའི་སེམས་ཅན་ཐམས་ཅད་དང་ལྡན་པ་རྣམས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ ཀྱི་བུ་ང་སྟན་འདི་ཉིད་ལ་བཞུགས་བཞིན་དུ་སེམས་ཅན་རྣམས་ལ་རིག་པ་ཡོད་པའི་སྦུབས་ཞི་བའི་གཟུངས་སྔགས་དོན་དང་བཅས་པ། ཚིག་འབྲུ་དང་བཅས་པ། ལྷག་ཆད་མེད་པ་འདི་རྒྱ་ཆེར་སྟོན་པར་མཛད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་ སྙིང་པོ་དེས་གང་ཁྱོད་ཆས་པའི་དུས་ཀྱི་ཚེ་གསང་སྔགས་གང་དག་གིས་སྡང་བ་ཐམས་ཅད་དད་པར་འགྱུར་བའི་གཟུངས་སྔགས་སྡང་བ་ཞི་བར་བྱེད་པ་དང་། གཉིད་ཀྱིས་ལོག་པར་བྱེད་པ་དང་། དམིགས་པ་མེད་པའི་ཚངས་པའི་གནས་པའི་རྒྱུ་འཐུན་པ་བྱིན་པ་དེ་ཁྱོད་ཀྱིས་ ཀྱང་སྟོན་ཅིག །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བསྟན་པར་བགྱི་ལགས་སོ། །ཏད་ཡ་ཐཱ། བོ་པྲྀ་ཧ་བུ་བུ་བུ་ར། ཏ་ལ་ར་བ་ཨི་ལ་ས་ཧ། ཧ་ཌུ་ཧ་ཊུ། ག་ག་ནཱ་ཀྵ་ཤ་མ་མི་ཏྲ། ཙ་ཀྲ་བརྟི་ཏི་ལེ་སཱ་ག་ར། ཏི་ལེ་དཱུ་ན་ཧི་ལེ། ཧི་ལེ་ཧ་བ་ཧེ། ན་ར་ཛ་ཊེ། ཡ་བ་ན་མི་ཏྲེ། ཀྵི་ཏི་མི་ཏྲེ། པར་མི་ཏྲེ། ཤི་ཁི་མི་ཏྲེ། མ་རུ་ཏྲ་མི་ཏྲེ། ཁ་ག་མི་ཏྲེ། སརྦ་ཨུ་ཛ་མི་ཏྲ། སརྦ་ཀཱ་མ་མི་ཏྲེ། མ་ན་པ་རུ་མི་ཏྲེ། དྷ་ན་ཤྭ་ར་མི་ཏྲེ་སྭཱ་ཧཱ། ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་སྡང་བ་ཞི་བར་བྱེད་པ། གཉིད་ཀྱིས་ལོག་པར་བྱེད་པའི་ བསྟན་པ་འདི་བཤད་པ་ན་སྡང་བའི་སྦྲུལ་ཐམས་ཅད་རང་གི་གནས་སུ་དོང་ནས་གཉིད་ཀྱིས་ལོག་པར་གྱུར་ཏེ། གང་དག་བཟོད་པ་ཐོབ་པ་རྣམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་ནི་མ་གཏོགས་སོ། །སྲིད་པ་ ན་གང་དག་སྡང་བའི་གནོད་སྦྱིན་རྣམས་དང་། གང་དག་སྡང་བའི་ལྷ་མ་ཡིན་རྣམས་དང་ཞེས་བྱ་བ་ནས་སྡང་བའི་ནམ་མཁའ་ལྡིང་རྣམས་ཞེས་བྱ་བའི་བར་དང་། སྡང་བའི་མི་འམ་ཅི་རྣམས་ཞེས་བྱ་བའི་བར་དང་། ཡི་དགས་རྣམས་ཞེས་བྱ་བའི་བར་དང་། ཤ་ཟ་ རྣམས་ཞེས་བྱ་བའི་བར་དང་། སྲུལ་པོ་རྣམས་ཞེས་བྱ་བའི་བར་དང་། གང་དག་སྡང་བའི་ལུས་སྲུལ་པོ་རྣམས་ཞེས་བྱ་བའི་བར་དེ་དག་རང་རང་གི་གནས་སུ་དོང་ནས་གཉིད་ཀྱིས་ལོག་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་རྣམས་དང་། ཕྱིར་མི་ལྡོག་པ་ རྣམས་ནི་མ་གཏོགས་སོ། །གང་དག་སྡང་བའི་མི་གཟུ་ལུམས་ཅན་དང་། རྩུབ་པ་དང་། སྙིང་བརྩེ་བ་མེད་པ་དང་། ཕན་ཚུན་མི་འཐུན་པ་དང་། རྟག་ཏུ་ཁྲོ་བ་སྤྱོད་པ་དང་། འཇིག་རྟེན་ཕ་རོལ་གྱིས་འཇིགས་པར་མི་ལྟ་བ་དང་། མཚམས་མེད་པ་བྱེད་པ་དང་། དམ་ པའི་ཆོས་སྤོང་བར་བྱེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། མི་དགེ་བའི་རྩ་བ་དང་ལྡན་པ་དེ་དག་ཀྱང་སྡང་བ་ཞི་བར་བྱེད་པ། གཉིད་ཀྱིས་ལོག་པར་བྱེད་པའི་བསྟན་པ་འདི་ཐོས་པས་ཐམས་ཅད་མཆོག་ཏུ་བྱམས་པའི་སེམས་དང་ལྡན་པ་དག་དང་། སྙིང་རྗེའི་ སེམས་དང་ལྡན་པ་དག་དང་། སྙིང་བརྩེ་བའི་སེམས་དང་ལྡན་པ་དག་དང་། འཁོན་མེད་པའི་སེམས་དང་ལྡན་པ་དག་དང་། མི་འཁྲུགས་པའི་སེམས་དང་ལྡན་པ་དག་དང་། ཆོས་ལ་དམིགས་པའི་སེམས་དང་ལྡན་པ་དག་དང་། འཇིག་རྟེན་ཕ་རོལ་གྱིས་འཇིགས་པའི་ སེམས་དང་ལྡན་པ་དག་དང་། དཀོན་མཆོག་གསུམ་ལ་ལྷག་པར་གུས་པའི་སེམས་དང་ལྡན་པ་དག་དང་། ཆོས་ལ་དམིགས་པའི་སེམས་དང་ལྡན་པ་དག་དང་། ཞི་བའི་སེམས་དང་ལྡན་པ་དག་ཏུ་གནས་པར་གྱུར་ཏོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་དེས་བདག་ཆས་པའི་དུས་ཀྱི་ཚེ་བསྲུང་བའི་སླད་དུ་གང་སྡང་བ་ཞི་བར་བགྱིད་པའི་གཟུངས་སྔགས་སྩལ་བ་ནི་འདི་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་མཽད་ གལ་གྱི་བུ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་སྡང་བ་ཞི་བར་བྱེད་པ་གཉིད་ཀྱིས་ལོག་པར་བྱེད་པའི་གཟུངས་སྔགས་དམིགས་པ་མེད་པའི་ཚངས་པའི་གནས་པའི་རྒྱུ་འཐུན་པ་འདི་ཟུང་ཤིག །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའོ། །དེ་བས་ཀྱང་སྡང་བ་ཞི་བར་བྱེད་པ་གཉིད་ཀྱིས་ལོག་པར་བྱེད་པའི་གཟུངས་སྔགས་དམིགས་པ་མེད་པའི་ཚངས་པའི་གནས་པའི་རྒྱུ་འཐུན་པ་འདི་ཆེས་རྙེད་པར་དཀའོ། །མཽད་གལ་གྱི་བུ་ སྡང་བ་ཞི་བར་བྱེད་པ་གཉིད་ཀྱིས་ལོག་པར་བྱེད་པ་འདི་ནི་བསྐལ་པ་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བསྟན་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་དང་། ཐ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལ་གནས་པ་རྣམས་ཀྱིས་ཀྱང་རུང་གང་གིས་ཀྱང་དོན་གཟུང་བར་ མི་ནུས་སོ། །དེ་བཞིན་གཤེགས་པ་ཉིད་ནི་མ་གཏོགས་ཏེ། དེ་ལྟར་ཟབ་ཅིང་དེ་ལྟར་དོན་ཆེ་བ་ཡིན་ལ་དེ་ལྟར་ཕན་ཡོན་ཆེ་བ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་དང་། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞིང་སེམས་ཅན་ ཡོངས་སུ་སྨིན་པར་བྱེད་པའི་སྙིང་རྗེ་ཆེན་པོ་ཡང་ཐོབ་པར་བྱེད་པའོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་སྡང་བ་ཞི་བར་བྱེད་པ་གཉིད་ཀྱིས་ལོག་པར་བྱེད་པའི་གཟུངས་སྔགས་འདི་ཟུང་ཤིག །དུས་དུས་སུ་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །སེམས་ཅན་ གང་དག་ཉན་པར་བྱེད་པ་དེ་དག་ཀྱང་ཐོས་པ་ཙམ་གྱིས་ཡོན་ཏན་དང་ཕན་ཡོན་མང་པོ་ཐོབ་པར་འགྱུར་རོ། །ཁྲོ་བ་མང་པོ་མི་འདོད་པ་མྱོང་བར་འགྱུར་བ་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་རྣམས་མེད་པར་འགྱུར་རོ། །མི་སྣང་བར་འགྱུར་རོ། །འཁོར་བའི་སྐྱོན་མང་པོ་རྣམ་པར་ཤེས་ པར་འགྱུར་རོ། །དགེ་བའི་རྩ་བ་མང་པོ་སྐྱེད་པར་འགྱུར་རོ། །བསོད་ནམས་མང་པོ་སོ་སོར་འཛིན་པར་བྱེད་དོ། །དགེ་བའི་བཤེས་གཉེན་མང་པོ་ལ་སྟེན་པར་བྱེད་དོ། །སྙེན་པར་བྱེད་དོ། །བསྙེན་བཀུར་བྱེད་དོ། །དེས་ན་དེ་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་གལ་གྱི་བུ་གཟུངས་སྔགས་འདི་ནི་ཆོས་ཀྱི་མར་མེ་འབར་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པར་བྱེད་པ་ཡིན་ནོ། །འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་ཉི་མའི་སྙིང་པོའི་ལེའུ་ལས། གཟུངས་ སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཉ་བཞི་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཡང་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་འདིར་རང་རང་གི་དགེ་བའི་ཕྱོགས་ཀྱིས་ གནས་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཁོར་དང་བཅས་ཏེ། གནས་ཇི་ལྟ་བ་བཞིན་དུ་སྐྱིལ་མོ་ཀྲུང་གིས་འཁོད་ནས་ཇི་ལྟར་འཚམ་པ་བཞིན་དུ་བཟོད་པའི་གཟུངས་ལ་སྙོམས་པར་འཇུག་པ་ཤིན་ཏུ་བསྒོམས་པ་དག་གིས་སྙོམས་ པར་ཞུགས་སོ། །སྙོམས་པར་ཞུགས་པ་དེ་དག་ཁ་ཅིག་གི་ལུས་ལས་འོད་འདི་ལྟ་བུ་བྱུང་སྟེ། དཔེར་ན་འབྲུ་མར་གྱི་མར་མེ་བཞིན་ནོ། །ཁ་ཅིག་གི་ནི་དཔེར་ན་ཟླ་བ་དང་ཉི་མ་བྱེ་བ་བརྒྱ་སྟོང་གི་འོད་བཞིན་པའི་བར་དུའོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་ འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་གིས་ཞུ་བ་ཇི་ལྟ་བུས་དེ་བཞིན་གཤེགས་པ་གཟུངས་སྔགས་བཞི་པོ་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་དང་། སངས་ རྒྱས་ཀྱི་ཞིང་མི་མཇེད་དུ་ཇི་ལྟར་ལྷགས་པའི་སེམས་ཅན་རྣམས་ཉན་པར་བྱེད་པ་དང་། ཐེ་ཙོམ་ཐམས་ཅད་སྤོང་བར་འགྱུར་བ་དང་། ཆོས་ཐམས་ཅད་ལ་སྣང་བ་ཐོབ་པ་དང་། ལྟད་མོ་དང་བྲལ་བ་དང་། སོམ་ཉི་ལས་རྒལ་ཅིང་ཐེ་ཙོམ་ལས་རྒལ་བར་འགྱུར་བ་དང་། མྱུར་དུ་ སྐྱོན་མེད་པར་འཇུག་པ་དང་། ལོག་པར་མི་ལྟུང་བའི་ཆོས་ཅན་དང་། མཐོ་རིས་ལ་གཞོལ་བར་འགྱུར་བ་དེ་ལྟ་བུར་ཞུ་བར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ ཏུ་བཏུད་ནས་ཅང་མི་སྨྲ་བར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ། ཀཽ་ཌི་ནྱ་ཅི་དེ་བཞིན་གཤེགས་པ་ལ་ཁྱོད་ཞུ་བ་ཞུ་བར་འདོད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་ནོ། །བཙུན་པ་ བདེ་བར་གཤེགས་པ་དེ་བཞིན་ཏེ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཞུ་བ་ཞུས་པ་ལུང་བསྟན་པའི་སླད་དུ་བདག་ལ་སྐབས་ཕྱེ་ན་བཙུན་པ་དེ་བཞིན་གཤེགས་པ་ལ་བདག་ཞུ་བ་འགའ་ཞིག་ཞུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་གང་དང་གང་འདོད་པ་ཞུས་ཤིག་དང་། ངས་ཞུ་བ་ཞུས་པ་དེ་དང་དེ་ལུང་བསྟན་པས་ཇི་ལྟར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངོན་སུམ་དུ་འགྱུར་བ་ལྟར་ཁྱོད་ཀྱི་སེམས་རངས་པར་ བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཟག་གི་ཟླ་ནི་སྲེད་པའོ་ཟླ་ནི་སྲེད་པའོ་ཞེས་གསུངས་ལགས་ན། ཇི་ཙམ་གྱིས་དེ་བཞིན་གཤེགས་པ་གང་ཟག་གི་ཟླ་སྲེད་པ་ལགས་པར་ འདོགས་པས་འདོགས་པར་མཛད་ལགས། ཇི་སྐད་དུ་དེ་བཞིན་གཤེགས་པས་སྐྱེས་བུའི་ཟླ་སྲེད་པ་ནི་ཡུན་རིང་པོར་ཡང་དང་ཡང་འཁོར་ཞིང་ཡང་དང་ཡང་མངལ་ལེན་པར་བྱེད་དོ་ཞེས་གསུངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱས་གང་ཁྱོད་སྐྱེ་བོ་ མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཤིང་དུས་དང་འཚམ་པར་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། །ཀཽ་ཌི་ནྱ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་ དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཌི་ནྱ་སྲེད་པ་ཞེས་བྱ་བ་ནི་སྲེད་པ་གསུམ་མོ། །གསུམ་གང་ཞེ་ན། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་ པའི་སྲེད་པའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་དྲུག་པ། གཞན་ཡང་སྲེད་པ་ནི་གསུམ་སྟེ། འབྱུང་བའི་སྲེད་པ་དང་། འཇིག་པའི་སྲེད་པ་དང་། ཆོས་ཀྱི་སྲེད་པའོ། །ཀཽ་ཌི་ནྱ་དེ་ལ་འདོད་པའི་སྲེད་ པ་རྣམས་གང་ཞེ་ན། འདོད་པ་རྣམས་ཞེས་བྱ་བ་ནི་འཁྲིག་པ་དང་ལྡན་པའི་སྤྲོད་པ་སྟེ། གང་ལ་བག་མེད་པ་རྣམས་འདོད་པའི་བདེ་བའི་སྦྱོར་བ་ལ་བརྩོན་ཞིང་དམན་པའི་རང་བཞིན་ཅན་གྱི་མི་དག་དགའ་བར་བྱེད་ཅིང་། སེམས་ཅན་རྣམས་འདོད་ཆགས་ཀྱིས་ཡོངས་སུ་གདུང་བས་ གདུངས་ནས་འདོད་ཆགས་ཀུན་འབྱུང་བས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱེད་པའོ། །རྒྱུ་དེ་དང་རྐྱེན་དེས་སེམས་ཅན་དམྱལ་བ་རྣམས་སྣང་ངོ་། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། གནོད་སྦྱིན་དབུལ་པོ་ཉིད་སྣང་ངོ་། ། འདོད་ཆགས་ཀྱི་རྒྱུས་སེམས་ཅན་རྣམས་འགྲོ་བ་ལྔ་དང་ལྡན་པའི་འཁོར་བར་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་རྩུབ་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། །སྐྲག་པར་མི་འགྱུར་རོ། །དེ་དག་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྤངས་ཤིང་དགེ་བའི་རྩ་བ་དང་བྲལ་ བས་བརྒྱ་ལམ་ན་རེས་འགའ་མི་ཉིད་རྙེད་པར་འགྱུར་རོ། །དེ་དག་འདོད་ཆགས་ཀྱི་རྒྱུས་ཡང་དང་ཡང་དུ་ལུས་དང་ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནས་མཚམས་མེད་པའི་ལས་རྣམས་ཞེས་བྱ་བའི་བར་ཀུན་ནས་སློང་བར་བྱེད་དོ། །དེ་དག་ཡང་ དང་ཡང་དུ་དུས་ཡུན་རིང་པོར་ངན་སོང་རྣམས་སུ་ཚོར་བ་རྩུབ་པ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་རོ། །ཐམས་ཅད་ཀྱང་འདོད་ཆགས་ཀྱི་རྒྱུ་དང་འདོད་ཆགས་ཀྱི་གཞིས་འདོད་ཆགས་ཀྱི་བག་ལ་ཉལ་གྱི་ལྟུང་བ་བརྟགས་པ་དག་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་འདོད་ཆགས་ སྤངས་པའི་ཕྱིར་ཆོས་སྟོན་ཏོ། །འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་མཛད་དོ། །སེམས་ཅན་དེ་དག་འདོད་པ་རྣམས་ཀྱི་ཉེས་དམིགས་ཤེས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པར་བྱེད་དེ། དཔེར་ ན་འདོད་པ་རྣམས་ནི་མི་སྡུག་པ་དག་གོ། །ཀིམ་པ་ཀའི་འབྲས་བུ་ལྟ་བུ་དག་གོ། །འདོད་པ་རྣམས་ནི་མེ་མདག་གི་ཕུང་པོ་ལྟ་བུ་དག་གོ། །དུག་གི་བུམ་པ་ལྟ་བུ་དག་གོ། །འདོད་པ་རྣམས་ནི་མནམ་ཕྱི་ས་དང་འདྲ་བ་དག་གོ། །འདོད་པ་རྣམས་ནི་སྤུ་གྲིའི་སོ་ལྟ་བུ་དག་གོ། ། ཆོམ་རྐུན་ལྟ་བུ་དག་གོ། །གདོལ་པའི་ཁྱིམ་ལྟ་བུ་དག་གོ། །ལྕགས་ཀྱི་ཐུ་ལུམ་འབར་བ་ལྟ་བུ་དག་གོ། །སེར་བ་འབབ་པ་ལྟ་བུ་དག་གོ། །སྦྲུལ་གདུག་པ་ལྟ་བུ་དག་གོ། །དགྲ་དང་འདྲ་བ་དག་གོ། །དགོན་པའི་ལམ་ལྟ་བུ་དག་གོ། །སྲིན་མོའི་གླིང་ལྟ་བུ་དག་གོ། ། གཤེད་མ་ལྟ་བུ་དག་གོ། །ཕྱག་དར་ལྟ་བུ་དག་གོ། །འདོད་པ་རྣམས་ནི་དུར་ཁྲོད་ལྟ་བུ་དག་ཏུ་ཤེས་ཤིང་འདོད་པ་ལ་ཆགས་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པའི་ཡོངས་སུ་གདུང་བ་དང་། འདོད་པའི་ཀུན་འབྱུང་བ་དང་། འདོད་པ་རྣམས་ཀྱི་ཉེས་དམིགས་ཤེས་ཏེ། དེ་ ལ་འདོད་པ་རྣམས་ལ་ཉེས་དམིགས་སུ་ཤེས་པས་སྐྱོ་ཞིང་ཆོས་ཀྱི་བསམ་པ་བསྒོམ་པ་དང་། བསླབ་པ་འཛིན་པ་ལ་མངོན་པར་དགའ་བས་གནས་པར་བྱེད་དོ། །ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཆོས་ཀྱི་ནོར་བསགས་པ་དང་། ཆོས་ཀྱི་སེམས་རྣམ་པར་དག་པ་དང་། ཆོས་ཀྱི་ལམ་དང་ཡང་དག་པར་ལྡན་པ་དང་། ཆོས་ལ་གཞོལ་བ་དག་ཏུ་འགྱུར་རོ། །དེ་དག་འཆི་བའི་དུས་ཀྱི་ཚེ་ཆོས་རྗེས་སུ་དྲན་ཞིང་ཆོས་ཀྱི་རོའི་རྣམ་པར་སྨིན་པ་ཆོས་ཀྱིས་བརླན་པའི་སེམས་ཀྱིས་གནས་པ་དེ་དག་གང་དང་གང་དུ་ རྣམ་པར་ལྟ་བར་བྱེད་པ་དེ་དང་དེར་ཕྱོགས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཚོགས་ཆེན་པོའི་འཁོར་དང་བཅས་པ་མཐོང་བར་འགྱུར་རོ། །ཆོས་ཐོས་པར་འགྱུར་རོ། །དེ་དག་ཆོས་དེ་ཐོས་པས་ཀྱང་ཡིད་མཆོག་ཏུ་ རངས་ཏེ། དེ་བཞིན་གཤེགས་པ་ལ་ལྟ་བར་བྱེད་དོ། །དེ་དག་འཆི་བའི་དུས་བྱས་ནས་ངན་སོང་སྤངས་ཤིང་སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་རྣམས་སུ་སྐྱེ་བ་དག་ཏུ་འགྱུར་རོ། །དེར་དེ་དག་ཡོན་ཏན་གྱིས་ཕྱུག་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལ་མངོན་ པར་དགའ་ཞིང་བསམ་གཏན་དང་མངོན་པར་ཤེས་པས་རྣམ་པར་རོལ་པ་བྱང་གྲོལ་གྱི་བདེ་བ་ཕུན་སུམ་ཚོགས་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་བརྒྱན་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ། སངས་རྒྱས་ཀྱི་ཞིང་ཡོན་ཏན་གྱིས་རྣམ་ པར་བརྒྱན་པ་རྣམས་དང་ལྷན་ཅིག་འཕྲད་པར་འགྱུར་རོ། །དེར་དེ་དག་དང་ལྷན་ཅིག་ཕྲད་པས་དེ་དག་གི་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བའི་ཉོན་མོངས་པ་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །དེར་དེ་དག་ཡོན་ཏན་དེ་ལྟ་བུ་དག་གིས་ཀྱང་ཤིན་ཏུ་བརྒྱན་པར་འགྱུར་ཏེ། དཔེར་ན་ཟ་མ་ཏོག་ལ་ལར་སྤོས་ཀྱི་རྣམ་པ་སྣ་ཚོགས་དག་བཅུག་པར་གྱུར་ཅིང་། ཟ་མ་ཏོག་དེར་ཡང་རྒྱན་རྣམ་པ་སྣ་ཚོགས་དག་གཞག་པར་གྱུར་ན་རིང་པོ་མི་ཐོགས་པར་དེ་དག་གི་དྲི་ཅི་འདྲ་བར་གོས་དང་རྒྱན་དེ་དག་ཀྱང་དེ་འདྲ་བའི་དྲི་རབ་ཏུ་འབྱིན་པར་བྱེད་དོ། །རིང་པོ་མི་ ཐོགས་པར་སྤོས་ཀྱི་རྣམ་པ་དེ་དག་གིས་གོས་པར་ཡང་འགྱུར་ལ་ཁ་དོག་ཏུ་ཉེ་བར་འགྲོ་བར་ཡང་མི་འགྱུར་རོ། །ཀཽ་ཌི་ནྱ་དེ་བཞིན་དུ་སེམས་ཅན་གང་དག་འདོད་པ་རྣམས་ལ་ཉེས་དམིགས་སུ་ཤེས་པས་ཞེས་བྱ་བ་ནས་དེ་དག་འཆི་བའི་དུས་ཀྱི་ཚེ་ཞེས་བྱ་བའི་བར་དང་། སངས་རྒྱས་ བཅོམ་ལྡན་འདས་མཐོང་ཞིང་དེ་དག་འཆི་བའི་དུས་བྱས་ནས་ངན་སོང་གསུམ་སྤངས་ཤིང་སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་རྣམས་སུ་སྐྱེ་བ་དག་ཏུ་འགྱུར་རོ། །ཞེས་བྱ་བའི་བར་དང་། དེར་དེ་དག་ཡོན་ཏན་དེ་ལྟ་བུ་དག་གིས་ཀྱང་ཡང་དག་པར་བརྒྱན་པར་འགྱུར་ཏེ་ཞེས་བྱ་བའི་ བར་དང་། དེ་དག་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཌི་ནྱ་དེ་ལྟ་བས་ན་བདག་གི་དོན་དང་། གཞན་གྱི་དོན་དང་། གཉི་གའི་དོན་ཡང་དག་པར་མཐོང་བའི་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོས་སྐྱེས་བུ་དམ་པ་དག་ལ་བསྟེན་པར་བྱའོ། །བསྙེན་པར་བྱའོ། །བསྙེན་བཀུར་བྱའོ། །དེ་དག་ལ་ཡང་གང་འདོད་པ་རྣམས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡོངས་སུ་དྲི་བར་བྱའོ། །དེར་དེ་ དག་ཆོས་ཐོས་ནས་གང་གི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །སྐྱེས་བུ་དམ་པ་རྣམས་ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རྐྱེན་གྱི་རྒྱལ་བ་རྣམས་ དང་། དགྲ་བཅོམ་པ་རྣམས་དང་། ད་ལྟར་འཇིག་རྟེན་དུ་སྟོན་པ་ང་བྱུང་ངོ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བའི་བར་ཡིན་ཏེ། ང་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་ཐར་བར་བཞེད་པ། འདོད་པའི་སྐྱོན་ཐམས་ཅད་རབ་ཏུ་སྟོན་པར་བཞེད་པ་ཡིན་ནོ། །དེ་བས་ན་འདིར་ཁྱེད་ཇི་སྙེད་ལྷགས་པ་ཐམས་ཅད་ང་གཞན་མ་ཡིན་པར་གསུང་བ། མི་མཉམ་པ་མེད་པར་གསུང་བ། བྱམས་པར་གསུང་བ། སྙིང་རྗེ་བར་གསུང་བ། སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་ ལས་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་ཉོན་ཅིག །མཉན་ནས་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང་། ཕྱིས་ངན་སོང་གསུམ་པོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །ཡང་དེའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདོད་པ་རྣམས་ཀྱི་ཉེས་དམིགས་གང་བདག་ཅག་གིས་སེམས་རྩེ་གཅིག་ པས་ཐོས་པར་འགྱུར་བ་བཤད་དུ་གསོལ། ཐོས་ནས་ཀྱང་སྟོབས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐྱེན་བཞིས་སེམས་ཅན་དག་གི་འདོད་པ་རྣམས་འབྱུང་སྟེ། བཞི་གང་ཞེ་ན། གཟུགས་ཀྱི་འདོད་ཆགས་དང་། དབྱིབས་ ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། རྣམ་པར་གྲོལ་བ་མ་ཡིན་པའི་རྩེ་བའི་འདོད་ཆགས་ཀྱིས་སོ། །དེ་ལ་གཟུགས་ཀྱི་འདོད་ཆགས་གང་ཞེ་ན། གཟུགས་ཀྱི་འདོད་ཆགས་ཞེས་བྱ་བ་ནི་མཁས་པ་དུས་སུ་འབྱུང་བ་ཆེན་པོ་བཞི་དག་ལ་མཁས་པ་ནི་ཟད་པའི་ ཚུལ་དང་། བདག་མེད་པའི་ཚུལ་དང་། སེམས་ཅན་མེད་པའི་ཚུལ་གྱིས་སོ་སོར་རྟོགས་པར་བྱེད་ན། འོན་ཀྱང་བྱིས་པ་ཕྱིན་ཅི་ལོག་ལ་ཡང་དག་པར་རྟེན་པ་རྣམས་ནི་རྣམ་པར་བརྟག་པ་དག་ལ་འདི་ནི་བུད་མེད་ཀྱི་གཟུགས་སོ། །འདི་ནི་སྐྱེས་པའི་གཟུགས་སོ། །འདི་ ནི་ངན་པའོ། །འདི་ནི་བཟང་པོའོ། །འདི་ནི་དགའ་བར་