Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ལྡན་པ་ཡིན། དེ་གང་དང་གང་དུ་འགྲོ་བ་ཐམས་ཅད་དུ་འདོད་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་ལ། གཞན་དག་ཀྱང་ཐོས་པ་མང་པོ་ལ་འགོད་པར་བྱེད་ཅིང་ཆོས་དེ་དག་ལ་ཡང་ཚུལ་
བཞིན་དུ་སོ་སོར་རྟོག་པར་བྱེད་དེ། འཆི་བའི་དུས་ཀྱི་ཚེ་ཡང་ཆོས་དང་ལྡན་པའི་དྲན་པས་གནས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་རྩེ་བ་དང་དགའ་བས་ཡོངས་སུ་སྤྱོད་པས་ལམ་དུ་ཞུགས་པ་ན་དེ་དུས་དེའི་ཚེ་བཀྲེས་པར་གྱུར་ལ། དེ་དུས་ཕྱིས་ཞིག་ན་སྔོན་

གྱི་རྩེ་བ་དང་དགའ་བ་དེ་རྗེས་སུ་དྲན་པར་གྱུར་པ་ན་འདི་ལྟར་དེ་སྔོན་གྱི་ཡིད་ལ་བྱེད་པ་དེས་བཀྲེས་པ་ཡོད་པ་སེལ་བར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་དུས་གང་གི་ཚེ་བྱང་ཆུབ་སེམས་དཔའ་འཆི་བའི་དུས་ཀྱི་ཚོར་བས་ཉེན་པ་དེའི་ཚེ་ཆོས་དང་ལྡན་པའི་ཡིད་ཀྱིས་དང་དུ་ལེན་པར་བྱེད་དེ་
དེ་ཤེས་བཞིན་དང་ལྡན་པར་འགྱུར་རོ། །དེས་ཤེས་བཞིན་དང་ལྡན་པས་མའི་མངལ་དུ་འཇུག་ཅིང་དེར་གནས་ན་ཡང་དྲན་པ་དང་ལྡན་པར་འགྱུར་རོ། །ཤཱ་རིའི་བུ་ཆོས་གཉིས་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དྲན་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་
བྱང་ཆུབ་སེམས་དཔའ་དག་ལེགས་པར་བསྲུང་བ་ཡིན་ཏེ། དེ་གཞན་ལ་གཤེ་བར་མི་བྱེད་དེ། གཏི་མུག་པ་ཞེའམ། རྨོངས་པ་ཞེའམ། ཁེངས་པ་ཞེའམ། ལོང་བ་ཞེའམ། འཐེང་པོ་ཞེས་གཞན་ལ་ཁྲོ་བ་སྐྱེད་པས་གནས་པ་མ་ཡིན་ནོ། །གཞན་དུ་ན་སེམས་ཅན་
ཁྲོས་པ་གང་ཡིན་པ་དེ་ལ་དབུགས་འབྱིན་པར་བྱེད། བཟོད་པ་གསོལ་བར་བྱེད། རྗེས་སུ་འཐུན་པར་བྱེད། ཆོས་ཀྱིས་དགའ་བར་བྱེད། དྲན་པ་ལ་ཉེ་བར་གནས་པར་བྱེད། དེ་ལ་གསོང་པོར་སྨྲ་བར་བྱེད། ཚུར་ཤོག་ལེགས་པར་འོངས་སོ་ཞེས་སྨྲ་བར་བྱེད་དེ། མ་འཇིགས་
ཤིག །མ་འཇིགས་ཤིག་ཅེས་སེམས་ཅན་དེ་དག་ལ་མི་འཇིགས་པ་སྦྱིན་པར་བྱེད། དབུགས་འབྱིན་པར་བྱེད་དེ། ཡིད་ཆེས་པར་བྱེད་ཅིང་བཟོད་པ་གསོལ་བར་བྱེད། རྗེས་སུ་འཐུན་པར་བྱེད་དོ། །སེམས་ཅན་འཁྲུལ་པའི་སྤྱོད་པ་དག་ལས་ཀྱང་ཀུན་ནས་སློང་བར་བྱེད་དེ།
ཤཱ་རིའི་བུ་ཆོས་གསུམ་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དྲན་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལ་དགེ་བའི་ཆོས་རྣམས་ལས་ཤིན་ཏུ་འདས་ཤིང་དགེ་བའི་ཆོས་རྣམས་དང་ལྡན་པར་འགྱུར་བ་དང་། དེ་དེ་ལ་གནས་ནས་གཞན་
དག་ཀྱང་དེ་ལ་རབ་ཏུ་འགོད་པར་བྱེད་པ་དང་། བསྟི་སྟང་གིས་ཆོས་ཡོངས་སུ་ཚོལ་བར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་པར་བྱེད་དེ། ཤཱ་རིའི་བུ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་དྲན་པར་འགྱུར་རོ། །དེ་སྐྱེ་བ་དྲན་པས་གནས་ལྔ་རབ་ཏུ་

འཐོབ་པ་ཡིན་ཏེ། ལྔ་གང་ཞེ་ན། སྔོན་ཐོས་པའི་ཆོས་གང་ཡིན་པ་དེ་དག་ལ་དེ་བཞིན་དུ་མངོན་པར་འཇུག་པ་ཉིད་དང་། དྲན་པ་མཆོག་ཏུ་འགྱུར་བ་དང་། ཤེས་རབ་རྣོ་བ་དང་། དྲན་པ་མཆོག་དང་། ཤེས་རབ་དང་ལྡན་པ་དང་། དེ་སྲོག་གི་ཕྱིར་ཡང་སྡིག་
པའི་ལས་མི་བྱེད་པ་སྟེ། སྐྱེས་མ་ཐག་ཏུ་ཆོས་ལྔ་པོ་འདི་དག་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་ཆོས་འདི་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མེད་དེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་གཡོ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སེར་སྣ་
མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྲག་དོག་དང་ཕྲ་མ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་སྙམ་དུ་ཞུམ་པའི་སེམས་མེད་དོ། །ཤཱ་རིའི་བུ་གང་ལ་
ཆོས་བཞི་པོ་འདི་དག་ཡོད་པ་དེ་ནི་མཁས་པ་རྣམས་ཀྱིས་ཀྱེ་མའོ་འདི་ནི་ཚུལ་འཆོས་པའོ། །ཀྱེ་མའོ་འདི་ནི་ཁ་གསག་ཅན་ནོ། །ཀྱེ་མའོ་འདི་ནི་ཆོས་སྟོར་བའོ། །ཀྱེ་མའོ་འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནོ། །ཀྱེ་མའོ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་ལྷུར་ལེན་པའོ། །
ཀྱེ་མའོ་འདི་ནི་གོས་དང་ཟས་ཆེད་ཆེར་བྱེད་པ་སྟེ། འཇིག་རྟེན་ན་རྐུན་པོར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་ལ་ནི་དངོས་པོ་བཞི་མེད་དེ། དེའི་རྟགས་བཞི་གང་ཞེ་ན། ཟས་ལ་ཆེད་ཆེར་བྱེད་པ་ལ་གནས་པ་དང་། བདག་ལ་མཆོག་ཏུ་འདུ་
ཤེས་པ་དང་། སྒྲོགས་པས་ཉེ་བར་སྟོན་པ་དང་། དེ་ལ་བྱང་ཆུབ་སེམས་དཔའི་རྩོམ་པ་གང་ཡིན་པ་འདི་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་གནས་གཅིག་ལ་ཡང་མངོན་པར་སྦྱོར་བ་མེད་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་བརྩམ་པར་བྱ་བའི་བྱང་ཆུབ་སེམས་
དཔའི་ཡོན་ཏན་ཡང་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དང་། ཚུལ་ཁྲིམས་མ་རལ་བ་ཉིད་དང་། དྲན་པ་ཉམས་པ་མེད་པ་ཉིད་དང་། ལྷུག་པར་གཏོང་བ་ཉིད་དང་། བཟོད་པའི་སྟོབས་དང་། ཁྲོ་བ་མེད་པ་ཉིད་དང་། འཚེ་བ་མེད་པ་ཉིད་

དང་། ཐོས་པ་མང་བ་དང་། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། འདོད་པ་རྣམས་དོན་དུ་གཉེར་བ་མེད་པ་ཉིད་དང་། གནོད་སེམས་ཐམས་ཅད་ལ་དོན་དུ་གཉེར་བ་མེད་པ་ཉིད་དང་། མྱུར་དུ་མངོན་པར་འབྱུང་བ་ཉིད་དང་། ཕྲ་མ་མེད་པ་ཉིད་དང་།
ཁྲོ་བ་མེད་པ་ཉིད་དང་། དགེ་བའི་ཆོས་ཡང་དག་པར་ལེན་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉིད་དང་། མི་འཐུན་པ་རྣམས་སྡུམ་པར་བྱེད་པ་དང་། འཁོར་བའི་འདམ་གྱི་ཟམ་པ་ཉིད་དང་། ཆོས་ཀྱི་གཏམ་བྱེད་པ་ཉིད་དང་།
བཟོད་པའི་སྟོབས་སོ་སོར་རིག་པར་བྱེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ནི་ཤཱ་རིའི་བུ་ངེས་པར་བྱང་ཆུབ་སེམས་དཔར་འགྱུར་ཏེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔས་བརྩམས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཡིན་ནོ། །ཤཱ་རིའི་བུ་གང་ལ་བྱང་
ཆུབ་སེམས་དཔས་བརྩམས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་འདི་དག་མེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་ངན་འགྲོའི་གནས་དང་ལྡན་པར་རིག་པར་བྱའོ། །ཤཱ་རིའི་བུ་ཆོས་བཞི་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་སྒྲུབ་པ་ཡིན་ཏེ། བཞི་གང་ཞེ་ན། ཆོས་དང་ཆོས་ཤེས་པ་དང་། སྦྱིན་པ་དང་སྦྱིན་པ་ཤེས་པ་དང་། ཞལ་ཏ་བྱེད་པའི་བྱ་བ་ཤེས་པ་དང་། ཐོས་པ་མང་པོ་བཙལ་བ་ཤེས་པའོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཆོས་གང་ཞེ་ན། འདི་ལྟ་
སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། ཆགས་པ་མེད་པ་དང་། ཞེ་སྡང་མེད་པ་དང་།
གཏི་མུག་མེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ནི་བྱང་ཆུབ་སེམས་དཔའི་ཆོས་ཞེས་བྱའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། གང་དེ་རྣམས་ཚུལ་བཞིན་སྒྲུབ་པར་བྱེད་ཀྱི་ལོག་པར་མི་སྒྲུབ་པ་སྟེ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་འདི་ནི་ཆོས་

ཤེས་པ་ཞེས་བྱའོ། །དེ་ལ་སྦྱིན་པ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ལ་གང་ཡོད་པ་དེ་ཡོངས་སུ་གཏོང་བར་བྱེད་དེ། དེ་ལག་པ་ཡོངས་སུ་གཏོང་བ་ཡིན། རྐང་པ་ཡོངས་སུ་གཏོང་བ་ཡིན། ལག་པ་དང་རྐང་པ་ཡོངས་སུ་གཏོང་བ་ཡིན། སྣ་ཡོངས་
སུ་གཏོང་བ་ཡིན། མགོ་ཡོངས་སུ་གཏོང་བ་ཡིན། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ཡིན། བུ་ཡོངས་སུ་གཏོང་བ་ཡིན། བུ་མོ་ཡོངས་སུ་གཏོང་བ་ཡིན། ཆུང་མ་ཡོངས་སུ་གཏོང་བ་ཡིན། སྲོག་ཡོངས་སུ་གཏོང་བ་ཡིན། ནོར་ཡོངས་སུ་གཏོང་བ་ཡིན། བདེ་བ་ཡོངས་
སུ་གཏོང་བ་ཡིན། ལུས་ཡོངས་སུ་གཏོང་བ་ཡིན། དངོས་པོ་ཡོངས་སུ་གཏོང་བ་ཡིན། ཡུལ་ཡོངས་སུ་གཏོང་བ་ཡིན། རིན་པོ་ཆེ་ཡོངས་སུ་གཏོང་བ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱིན་པ་སྦྱིན་ན་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པ་ཡིན་ནོ། །དེ་ལ་སྦྱིན་པ་ཤེས་པ་གང་ཞེ་ན། ཇི་ལྟར་ལྷུང་བཟེད་དུ་ཆུད་པ་དུས་སུ་སྦྱིན་པ་དང་། རུང་བ་སྦྱིན་པ་དག་སྦྱིན་པ་སྦྱིན་པར་བྱེད་དེ། ཇི་ལྟར་དགེ་སློང་རྣམས་ལ་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་གསོས་
སྨན་དང་། ཡོ་བྱད་རྣམས་ཡོངས་སུ་བཏང་ཞིང་མགྲོན་དུ་གཉེར་བར་བྱེད་དོ། །ཤཱ་རིའི་བུ་གང་ཡང་བྱང་ཆུབ་སེམས་དཔའ་མཁས་པས་སྨད་པའི་སྦྱིན་པ་འདི་རྣམས་ལས་རབ་ཏུ་ལྡོག་པ་ཡིན་ཏེ། འདི་ལྟ་སྟེ། དུས་སུ་མ་བྱིན་པའི་སྦྱིན་པ་དང་། རུང་བ་མ་ཡིན་པའི་སྦྱིན་པ་དང་།
ཆང་གི་སྦྱིན་པ་དང་། དུག་གི་སྦྱིན་པ་དང་། གནོད་པའི་སྦྱིན་པ་དང་། འགྱོད་པའི་སྦྱིན་པ་དང་། མཚོན་ཆའི་སྦྱིན་པ་དང་། ཕྲོགས་པའི་སྦྱིན་པ་དང་། བརྙས་པའི་སྦྱིན་པ་དང་། རང་གི་ལག་གིས་མ་ཡིན་པའི་སྦྱིན་པ་དང་། རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་དང་། འདོད་པ་ལ་སྟེན་
པའི་སྦྱིན་པ་དང་། མི་འཐུན་པའི་སྦྱིན་པ་དང་། དམ་པ་མ་ཡིན་པའི་སྦྱིན་པ་དང་། སྨད་པའི་སྦྱིན་པ་དང་། དུག་དང་སྦྱར་བའི་སྦྱིན་པ་དང་། སོ་སོར་གནོད་པའི་སྦྱིན་པ་དང་། རྙེད་པའི་ཕྱིར་སྦྱིན་པ་དང་། རྟག་ཏུ་འཇིགས་པ་སྐྱེད་པའི་ཕྱིར་སྦྱིན་པ་དང་། བྱང་ཆུབ་ཡོངས་སུ་

ཉམས་པར་བྱེད་པའི་སྦྱིན་པ་དང་། འཆི་བའི་ཞགས་པའི་སྦྱིན་པ་དང་། རྨོངས་པའི་སྦྱིན་པ་དང་། བསྟེན་པའི་ཕྱིར་སྦྱིན་པ་དང་། འཇིགས་པའི་སྦྱིན་པ་དག་ལས་ལྡོག་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལ་མཁས་པས་སྨད་པའི་སྦྱིན་པ་གང་ཡིན་པ་དེ་དག་ལ་ཐམས་ཅད་ཀྱི་ཐམས་
ཅད་དུ་མི་སྤྱོད་ཅིང་ལྷག་པར་མི་སྤྱོད་དེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤྱོད་ཅིང་ལྷག་པར་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་གང་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་དང་ལྡན་པར་གྱུར་ཀྱང་
སྦྱིན་པ་ལས་ཉམས་པ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་མེད་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་དེས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱ། སྦྱིན་པ་གང་སྦྱིན་པར་བྱ། སྦྱིན་པ་ཇི་ཙམ་
ཞིག་སྦྱིན་པ་སྦྱིན་པར་བྱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་གང་ཡིན་པ་དེས་སོ་སོར་ཐར་པའི་སྡོམ་པས་བསྡམས་ཏེ་གནས་པར་བྱ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་ཕུན་སུམ་
ཚོགས་པར་བྱ་བ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་འཇིགས་པར་ལྟ་བ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པ་དང་། འཚོ་བ་ཡོངས་སུ་དག་པས་བསླབ་པ་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། །དེས་ལུང་ནོད་པ་ལྷུར་བྱ་བ་དང་། ཁ་ཏོན་
ལྷུར་བྱ་བ་དང་། དགོན་པ་ན་གནས་པ་ལྷུར་བྱ་བ་དང་། ཇི་ལྟར་ཐོས་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་དག་གཞན་དག་ལ་རྒྱ་ཆེར་བསྟན་པར་བྱ་བ་དང་། ཆོས་ཀྱི་སྦྱིན་པ་པོ་དང་། ཆོས་ཀྱི་སྦྱིན་བདག་ཏུ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་
སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་གིས་ཚིག་

བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ང་རབ་ཏུ་བྱུང་བར་གྱུར་ནས་བསྐལ་པ་གྲངས་
མེད་བསམ་གྱིས་མི་ཁྱབ་པར་ཁྱིམ་པའམ་རབ་ཏུ་བྱུང་བའི་ཆོས་གོས་དང་། བསོད་སྙོམས་ལ་མགྲོན་དུ་བོས་པར་མ་དགོངས་སོ། །གཞན་དུ་ན་ཆོས་ཁོ་ན་ལ་བསྟི་སྟང་དང་། བླ་མར་བྱས་ཏེ་ཉེ་བར་བརྟེན་ནས་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཉན་ཐོས་རྣམས་
ཀྱིས་ཆོས་ཀྱི་ནོར་ཅན་དུ་བྱའི་ཟང་ཟིང་གི་ནོར་ཅན་དུ་ནི་མི་བྱའོ། །ཤཱ་རིའི་བུ་གང་ཡང་ལྷུང་བཟེད་དུ་འོངས་པའི་རྙེད་པ་ཆོས་དང་འཐུན་པ་ཆོས་ཀྱིས་རྙེད་པར་འགྱུར་ན་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ཐུན་མོང་དུ་བཟའ་བར་བྱའོ། །གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་
དམ། ཆོས་གོས་སློང་ལ། གལ་ཏེ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་ལས་ལྷག་པར་གྱུར་ན་ཇི་ལྟར་བཏང་བ་བཞིན་དུ་སྦྱིན་པར་བྱའོ། །གལ་ཏེ་དེ་ལ་ཆོས་གོས་གསུམ་ལས་ཉུང་བར་གྱུར་ན་གང་ལ་བརྟེན་ཏེ་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་གཏང་བར་མི་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གོས་གསུམ་གཏང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་གོས་གསུམ་ཡོངས་སུ་བཏང་སྟེ། སློང་བ་པོ་གཙོ་བོར་བྱེད་པར་གྱུར་ན་དེས་འདོད་པ་ཆུང་བ་བསྟེན་པ་མ་ཡིན་ནོ། །
ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དེས་ཆོས་ལ་ཀུན་ཏུ་བསྟེན་པར་བྱ་ཞིང་དེས་དེ་ལ་མངོན་པར་བརྩོན་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་གང་ཡང་སེ་གོལ་གཏོགས་པ་ཙམ་དུ་ཡང་སེམས་ཅན་ཐམས་ཅད་ལ་བྱམས་པའི་
སེམས་བསྒོམ་པར་བྱ་སྟེ། འདི་ནི་སྦྱིན་པ་ཤེས་པ་ཞེས་བྱའོ། །ཤཱ་རིའི་བུ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པར་ཤེས་པར་བྱ་ཞེ་ན། དེས་ཆོས་དང་འཐུན་པས་ཞལ་ཏ་བྱ་ཞིང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཡང་ཞལ་ཏ་བྱའོ། །མཁན་པོ་དང་སློབ་དཔོན་ལ་

ཡང་གུས་པ་དང་བཅས་པར་བྱའོ། །དེ་ལྟར་འདིས་བརྩོན་འགྲུས་བརྩམ་པར་བྱ་སྟེ། ཇི་ལྟར་ཇི་སྲིད་འཚོའི་མཐར་ཐུག་པའི་བར་དུ་གཉིད་དང་རྨུགས་པ་བསལ་བར་བྱ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཞལ་ཏ་བྱེད་པའི་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་ཐོས་པ་མང་པོ་ཚོལ་
བའི་ཤེས་པ་གང་ཞེ་ན། ཤཱ་རིའི་བུ་གང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཐོབ་ནས་ཐོས་པ་མང་པོ་ལ་མངོན་པར་བརྩོན་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བ་མ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུ་མིང་ཙམ་གྱིས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། ཤེས་རབ་དང་ལྡན་པ་ཉིད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །ཤེས་རབ་དེ་ཡང་གང་ལས་ངེས་པར་འབྱུང་བ་ཡིན་ཞེ་ན། མང་དུ་ཐོས་པ་
ལས་ཤེས་རབ་འབྱུང་བ་ཡིན་ཏེ། ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་མངོན་སུམ་དུ་བྱ་ཞིང་ཁྱོད་ཀྱིས་སོ་སོར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་མང་དུ་ཐོས་པ་ལ་ཇི་ལྟར་ཐེ་ཙོམ་སྐྱེ་བར་འགྱུར་ཞེས་གང་བྱང་ཆུབ་སེམས་དཔའ་དེ་
སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའི་བྱང་ཆུབ་ལ་བདུད་སྡིག་ཅན་བར་ཆད་བྱེད་པར་འགྱུར་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ནས་ཐོས་པ་མང་པོ་ལ་མངོན་པར་མི་བརྩོན་པ་གང་ཡིན་པ་དེ་ནི་བདུད་སྡིག་ཅན་གྱི་ཡོངས་སུ་བྱིན་གྱིས་བརླབས་པ་ཉིད་ཡིན་ནོ། །
དེ་ལྟ་བས་ན་ཤཱ་རིའི་བུ་བདུད་ཀྱི་ལས་ཐམས་ཅད་ཡོངས་སུ་ཤེས་པར་འདོད་པས་བརྩོན་འགྲུས་བརྩམ་པར་བྱ། ཚིག་གཙོ་བོར་མི་བྱ། མཁས་པའི་བྱ་བ་ཤེས་པར་བྱ་ཞིང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་བྱ་བ་ཤེས་པར་བྱའོ། །ཤཱ་རིའི་བུ་དེ་ལྟ་བས་ན་འཇིག་རྟེན་ཐམས་ཅད་ལས་
མངོན་པར་འཕགས་པའི་བརྩོན་འགྲུས་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཚུལ་ཁྲིམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཤཱ་རིའི་བུ་གནས་འདི་དོན་དུ་གཉེར་བ་མང་ཡང་ནན་ཏན་གྱིས་

ཡང་དག་པར་སྒྲུབ་པར་བྱེད་པ་ནི་མེད་དེ་དེ་དག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཡེ་ཤེས་དང་། སྨོན་ལམ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་ཤཱ་རིའི་བུ་བྱང་ཆུབ་སེམས་
དཔས་སེམས་ཅན་ཐམས་ཅད་གང་གིས་དགའ་བར་འགྱུར་བའི་ཚིག་དེ་སྨྲ་བར་བྱ། བྱང་ཆུབ་སེམས་དཔས་བདག་གི་དོན་དུ་སྨྲ་བར་མི་བྱ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དམན་པར་མི་བྱའོ། །ཤཱ་རིའི་བུ་སྟོང་དུ་བགྲངས་པ་ལས་གཅིག་འགྲུབ་པའམ། འགྲུབ་པ་མེད་ཅིང་
ཤཱ་རིའི་བུ་སྟོང་ཕྲག་བཅུ་དང་། སྟོང་ཕྲག་ཉི་ཤུ་དང་། སྟོང་ཕྲག་སུམ་ཅུ་དང་། སྟོང་ཕྲག་བཞི་བཅུ་དང་། སྟོང་ཕྲག་ལྔ་བཅུ་དང་། བྱེ་བ་ཕྲག་སྟོང་དུ་བགྲང་བ་ལས་གཅིག་འགྲུབ་པའམ། འགྲུབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟར་གང་བྱང་ཆུབ་སེམས་
དཔའི་སྤྱོད་པ་འདི་ལ་གནས་པ་དེ་ནི་མངོན་པར་འབྱུང་བར་དཀའ་བ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱིས་མནག་དཀའ་བ་མནག་པར་
བྱ། བཟོད་དཀའ་བ་བཟོད་པར་བྱ་ཞིང་བདག་གིས་ཆོས་བཙལ་བར་བྱ་བའི་ཕྱིར། མངོན་པར་དགའ་བས་བརྩོན་པར་བྱའི་ལོངས་སྤྱོད་བཙལ་བའི་ཕྱིར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཚོལ་བར་བྱེད་པ་ནི་ཡེ་ཤེས་ཚོལ་བར་བྱེད་པ་ཡིན་ཏེ། འདོད་པ་རྙེད་པས་རློམ་
པར་མི་བྱེད། རབ་ཏུ་རློམ་པར་མི་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱིས་ཤེས་རབ་གཙོ་བོར་བྱའི་ལོངས་སྤྱོད་གཙོ་བོར་མི་བྱའོ། །ཤཱ་རིའི་བུ་དེ་ལྟར་ན་གང་ཆོས་ཀྱི་སྦྱིན་པ་འདི་ལ་བྱང་ཆུབ་སེམས་དཔས་མངོན་
པར་བརྩོན་པར་བྱའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔས་མང་དུ་ཐོས་པའི་ཤེས་པ་བཙལ་བར་བྱ་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་གང་ཐོས་པའི་ལེགས་པར་བཤད་པ་དེ་ཁྱེར་ལ་ཤོག་ཅེས་ཕྱོགས་བཞིར་སྐྱེས་བུ་བཞི་གཏང་བར་བྱ། ཁྱེད་ཅག་རྣམས་ཀྱིས་

དེ་རྣམས་ན་བའི་ཉེ་གནས་དང་། ནད་གཡོག་གི་དོན་དུ་སྤྲོ་བར་བྱའོ་ཞེས་སྐྱེས་བུ་གཞན་བཞི་ཡང་གཏང་བར་བྱ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་ཕྱོགས་བཞིར་བྱམས་པའི་སེམས་ཀྱིས་ཁྱབ་པར་ཆོས་ཀྱི་རྗེས་སུ་འགྲོ་བའི་བློ་གཞག་པར་ཡང་བྱ། ཕྱོགས་གང་དུ་ཆོས་ཐོས་པའི་
ཕྱོགས་དེར་ཡང་འགྲོ་བར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔས་ཆོས་བཙལ་བར་བྱ་སྟེ། འདི་ནི་མང་དུ་ཐོས་པ་ཚོལ་བ་ཤེས་པ་ཡིན་ནོ། །ཤཱ་རིའི་བུ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་
པ་ཡིན་ཏེ། ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བྱང་ཆུབ་སེམས་དཔའ་མཁས་པའི་བརྩོན་འགྲུས་ཞེས་བྱ་བ་བྱུང་བར་གྱུར་ཏེ། དུས་དེའི་ཚེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་སྐྱེས་ཞེས་བྱ་བ་བྱུང་བར་གྱུར་པ་དེ་ཡོངས་སུ་མྱ་
ངན་ལས་འདས་ནས། དེའི་བསྟན་པ་གནས་པར་གྱུར་པའི་ཚེ་བྱང་ཆུབ་སེམས་དཔའ་མཁས་པའི་བརྩོན་འགྲུས་ཞེས་བྱ་བ་དེ་མཆོད་རྟེན་ལ་ཕྱག་འཚལ་ཞིང་རྒྱུ་བ་ན་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། དེས་བྱང་ཆུབ་ཀྱི་ཤིང་དེ་མཐོང་བ་ན་རབ་ཏུ་ངུ་ཞིང་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་འདི་ལ་བཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་དེས་འདིར་བདུད་དཔུང་དང་བཅས་བཞོན་པ་དང་བཅས་པ་བཏུལ་ཏེ། སེང་གེའི་ཁྲི་འདིའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བསྐལ་པ་བརྒྱ་སྟོང་ཕྲག་དུ་མར་དཀའ་བ་སྤྱད་དེ། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་འདི་ལ་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་བཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལ་བཞུགས་པ་ན། བཅོམ་

ལྡན་འདས་དེ་མཐོང་ནས་ལྷ་བྱེ་བ་ས་ཡ་བརྒྱ་སྟོང་ཕྲག་དུ་མས་ཕྱག་འཚལ་བ་གང་ཡིན་པའི་ལྷ་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །གང་བདག་ཀྱང་དུས་ནམ་ཞིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་ཞེས་བྱང་ཆུབ་ཀྱི་ཤིང་གི་རྩ་བ་དེ་ལ་ཉིན་མཚན་བརྒྱད་དུ་རབ་ཏུ་ངུ་བར་གྱུར་ཏེ། དེའི་བར་དུ་བཟའ་བའམ། བཏུང་བ་ལ་ལོངས་མ་སྤྱད་པར་གནས་པར་གྱུར་པ་ན། གནས་གཙང་མའི་རིས་ཀྱི་ལྷ་ཉེ་བར་འོངས་ནས་དེ་ལ་འདི་སྐད་ཅེས་ལྷག་པར་གདུང་བ་མ་བྱེད་པར་སངས་རྒྱས་
ཀྱི་ཡོན་ཏན་གང་ཡིན་པ་དེ་ཡོངས་སུ་ཚོལ་ཅིག །ཅེས་སྨྲས་སོ། །དེས་སྨྲས་པ། ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་སམ། དེ་དག་གིས་བདག་ཅག་གིས་ནི་མི་ཤེས་མོད་ཀྱི། འོན་ཀྱང་ལུས་འདི་ལ་འབྲས་ཆན་དང་ཟན་དྲོན་གྱིས་གསོས་ཏེ། བཟའ་བ་བཙལ་བ་ལ་
བརྩོན་པར་གྱིས་ལ་ཁྱོད་མྱུར་དུ་འཆི་བའི་དུས་བྱེད་པར་འགྱུར་བ་མ་བྱེད་ཅིག་ཅེས་སྨྲས་སོ། །དེས་ལུས་ཉམ་ཆུང་བར་ནི་མངོན་པར་ཤེས་པ་མེད་ཀྱི་འོན་ཀྱང་གང་དུ་འགྲོ་བར་བྱ་སྟེ། འདི་ཉིད་དུ་བདག་འཆི་བའི་དུས་བྱེད་པར་བྱའོ་ཞེས་ཉིན་མཚན་བདུན་དུ་ངུ་ཞིང་འཆི་བའི་དུས་བྱའོ་ཞེས་
སྨྲས་སོ། །ཤཱ་རིའི་བུ་བརྩོན་འགྲུས་དེས་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་ཕྱིར་བསྙིལ་བར་གྱུར་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེས་དེའི་འོག་ཏུ་བསྐལ་པ་བྱེ་བ་ཉི་ཤུ་རྩ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་བྱེ་བ་བརྒྱ་ཕྲག་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡོངས་སུ་སྨིན་པར་བྱས་སོ། །དེའི་ཚེའི་ཚད་ནི་དཔག་ཏུ་མེད་ཅིང་འདིའི་ཉན་ཐོས་ཀྱི་དགེ་འདུན་ཡང་ཚད་མེད་
ཅིང་དཔག་ཏུ་མེད་པར་གྱུར་ཏོ། །ཤཱ་རིའི་བུ་ཅིའི་ཕྱིར་མཁས་པའི་བརྩོན་འགྲུས་ཞེས་བྱ་ཞེ་ན། དེ་དུས་ཐམས་ཅད་དུ་ངེས་པར་འབྱུང་བ་ལ་བརྩོན་པ་དང་། དུས་ཐམས་ཅད་དུ་བརྩོན་འགྲུས་རྩོམ་པ་ལ་བརྩོན་པ་དང་། དུས་ཐམས་ཅད་དུ་ཐོས་པ་མང་པོ་ལ་བརྩོན་པ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་

བརྩོན་འགྲུས་འདིས་བྱང་ཆུབ་སེམས་དཔའ་མཁས་པའི་བརྩོན་འགྲུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐོས་པ་མང་བ་ཡིན། ཐོས་པ་འཛིན་པ་ཡིན། ཐོས་པ་བསགས་པ་ཡིན། ཚངས་པ་མཚུངས་པར་སྤྱོད་པ་རྒན་རབས་དང་། བར་མ་དང་། གསར་
བུ་ལ་གུས་པ་དང་བཅས་པ་ཡིན། དྲིས་ན་ལག་པ་གཡས་པས་ལམ་ནི་འདིའོ། །ལམ་ནི་འདིའོ་ཞེས་ཉེ་བར་སྟོན་པ་ཡིན་ཞིང་ཆོས་སྟོན་པ་ལ་བརྩོན་པ་ཡིན་ནོ། །ཤཱ་རིའི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པར་འགྱུར་ཞིང་མྱུར་དུ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལ་ཇི་ལྟར་ཐོས་པ་བཙལ་བར་བྱ་ཞེ་ན། རང་གི་འདོད་པ་བཏང་སྟེ་མཁན་པོ་དང་། སློབ་དཔོན་གྱི་གཞུང་ལ་རབ་ཏུ་གནས་པ་དང་། གུས་པ་དང་བཅས་པར་བྱའོ། །ཆོས་བཞི་རྣམ་
པར་སྤང་བར་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། གཉིད་དང་། རྨུགས་པ་དང་། བྲེ་མོའི་གཏམ་དང་། ཁྲོ་བ་དང་། ཁེངས་པ་ཉིད་དེ། ཆོས་བཞི་པོ་འདི་དག་རྣམ་པར་སྤང་བར་བྱའོ། །ཆོས་བཞི་དག་ལ་གོམས་པར་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། མི་ཉལ་བ་ལ་གོམས་པ་དང་།
བརྩོན་འགྲུས་བརྩམས་ཤིང་འཆག་པའི་རང་བཞིན་ཅན་དུ་བྱ་བ་དང་། མཁན་པོ་དང་སློབ་དཔོན་གྱི་བསྙེན་བཀུར་ལ་གུས་པ་དང་བཅས་ཤིང་ཁེངས་པ་མེད་པ་དང་། གཞན་དག་ལ་གུས་པ་བསྐྱེད་པས་ཐོས་པ་འཛིན་པ་དང་། དེ་སེམས་ལ་བཞག་ནས་ཚིག་ཡོངས་སུ་རྫོགས་པར་བྱེད་
པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན་ཐོས་པ་ཚོལ་བ་ཡིན་ནོ། །ཆོས་བཞི་པོ་འདི་དག་གིས་ཀྱང་སློབ་དཔོན མཉེས་པར་བྱེད་དེ། བཞི་གང་ཞེ་ན། ངེས་པ་དང་བཤེས་པ་དང་། བཤེས་པ་བརྟན་པ་དང་། ཆོས་ལ་གནས་པ་དང་། ངེས་པའི་ཚིག་བཟང་པོ་དང་ལྡན་པ་སྟེ།

ཆོས་བཞི་པོ་དེ་དག་དང་ལྡན་ན་སློབ་དཔོན་མཉེས་པར་བྱེད་དོ། །བདག་ཆོས་བཞི་དང་ལྡན་ན་དགའ་བ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། བདག་གི་བཙལ་བ་དོན་ཡོད་པར་བདག་ཉིད་ཀྱིས་དགའ་བ་ཐོབ་པ་དང་། བདག་ཐོས་པའི་གཏེར་དང་ལྡན་པ་དང་།
བདག་འདི་ལ་བརྟེན་ནས་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་དང་། གཞན་དག་ལ་ཆོས་ཀྱི་སྦྱིན་པ་སྦྱིན་པ་ན་དགའ་བ་དང་རངས་པ་སྐྱེ་བར་འགྱུར་ཏེ། ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བདག་ཉིད་དགའ་བ་འཐོབ་པར་འགྱུར་རོ། །དེ་དེ་ལྟ་བུར་ཐོས་པ་ཚོལ་བ་ལ་
གུས་པ་དང་བཅས་པ་དང་། རི་མོ་དང་ལྡན་པ་དང་། སྲི་ཞུ་དང་ལྡན་པ་དང་། བདག་ཉིད་མི་འཕྱར་བ་དང་། བདག་ཉིད་དུལ་བའི་དོན་དང་། བདག་ཉིད་ཞི་བའི་དོན་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དང་། གཞན་དུལ་བའི་དོན་དང་། གཞན་ཞི་བའི་
དོན་དང་། གཞན་མྱ་ངན་ལས་འདའ་བའི་དོན་བྱེད་པ་ཡིན་ཏེ། བདག་གཅིག་པུའི་དོན་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ཐོས་པ་ཚོལ་ཞིང་དེ་ལྟར་ཐོས་པ་ཡོངས་སུ་ཚོལ་བ་ན་མཐོང་བའི་ཆོས་ཀྱི་ཤེས་རབ་ཀྱང་འཕེལ་བར་བྱེད་ན་འཇིག་རྟེན་ཕ་རོལ་གྱི་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤེས་
རབ་དེ་ཡང་ཐོས་པ་ནན་ཏན་དུ་བྱེད་པས་སྒྲུབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཐོས་པ་ལ་ནན་ཏན་དུ་སྒྲུབ་པར་མི་བྱེད་པ་དེས་ནི་སེར་སྐྱ་རྗེས་སུ་དྲན་པར་བྱའོ། །དེ་བས་ན་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཡང་གུས་པ་དང་བཅས་པར་བྱ། མདུན་དུ་གནས་ཏེ་འཕྱ་
བར་མི་བྱ། སྨྲ་བར་མི་བྱ། རྐང་པ་བཀྲུ་བར་མི་བྱ། མདུན་དུ་སོ་ཤིང་བཟའ་བར་མི་བྱ། མདུན་དུ་མཆིལ་མ་དོར་བར་མི་བྱ། སྒྲ་དྲག་པོས་སྨྲ་བར་མི་བྱ། མ་དྲིས་པར་སྨྲ་བར་མི་བྱ། གཏམ་གྱི་བར་ཆད་མི་བྱ། མ་སྨྲས་པར་འགྲོ་བར་མི་བྱ། སྔ་ཕྱིའི་འདུ་ཤེས་མི་བྱ། གང་
ཅུང་ཟད་ཙམ་རབ་ཏུ་སྨྲ་བར་མི་བྱ། གཞན་དང་གཞན་པའི་གཏམ་མི་བྱ། དམན་པ་དང་ལྡན་པའི་གཏམ་མི་བྱ། གཞན་དྲིས་པ་ན་གཞན་གྱིས་བརྡ་སྤྲད་པར་མི་བྱ། གང་དྲིས་པ་དེ་ཉིད་བརྡ་སྤྲད་པར་བྱ། རྐུན་པོའི་གཏམ་མི་བྱ། མདོ་སྡེ་ལ་རྟོན་པར་བྱ། བདག་དང་གཞན་གྱི་

སེམས་བསྲུང་བར་བྱ་ཞིང་དེ་དང་རྗེས་སུ་འཐུན་པའི་དགེ་བའི་རྩ་བ་བརྟེན་པར་བྱ། གང་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པ་ཉིད་ལ་ཞུགས་པ་དེ་རྣམས་ལ་ཕན་གདགས་པར་བྱ། གང་མ་ཞུགས་པ་རྣམས་ལ་ཡང་གནོད་པར་མི་བྱ། དེ་ལ་རྣམ་པ་དེ་དག་གཉི་ག་ལ་ཡང་གནོད་
པར་མི་བྱའོ། །གང་དག་ལ་བདག་ལ་ཁྲོས་པར་གྱུར་ནས་ཡང་དག་པ་མ་ཡིན་པ་རྗོད་པར་བྱེད་ཅིང་སྲོག་གི་བར་ཆད་བྱེད་པར་གནས་པ། ཚངས་པར་སྤྱོད་པའི་བར་ཆད་བྱེད་པ་ལ་འཇིགས་པའམ། གུས་པར་བྱ་བ་དང་། ཐ་ན་དགའ་བའི་ཚིག་གིས་ཀྱང་དེ་དང་སེམས་ཡོངས་
སུ་འདྲིས་པར་བྱ། གང་ལས་ལུང་ནོད་པ་དང་། ཁ་ཏོན་འདོན་པ་དང་འབྲེལ་པ་དེ་ལ་ནི་སྟོན་པའི་འདུ་ཤེས་བསྐྱེད་ཅིང་གུས་པར་བྱའོ། །དེ་ལྟར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་ཡང་བྱའོ། །ཇི་ལྟར་ལམ་བསྟན་པར་བྱ་ཞེ་ན། སེམས་མཉམ་པ་ཉིད་དང་།
སེམས་རབ་ཏུ་དང་བ་ཉིད་དང་། ཡང་དག་པར་འདུ་ཤེས་པ་དང་། སོམ་ཉི་མེད་པས་ལམ་ལ་ལམ་ཉེ་བར་བསྟན་པར་བྱའོ། །གལ་ཏེ་ཐེ་ཙོམ་མེད་པར་མ་གྱུར་ན་དེས་ལམ་ཤེས་པའི་སྐྱེས་བུ་དག་ལས་མཉན་ནས་ལམ་ཉེ་བར་བསྟན་པར་བྱའོ། །ཆོས་བཞི་པོ་དེ་དག་
དང་ལྡན་ན་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཚུལ་བཞིན་བསྙེན་བཀུར་བྱེད་པ་དང་། །ཚུལ་བཞིན་ཆོས་ནི་ཉན་བྱེད་ཅིང་། །ཚུལ་བཞིན་ཤིན་ཏུ་དོན་སེམས་ལ། །ཆོས་རྣམས་ཀུན་གྱི་ཕ་
རོལ་ཕྱིན། །ལུས་ཅན་རྣམས་ལ་ཕན་དོན་དུ། །ཆོས་དེ་ཡོངས་སུ་ཚོལ་བ་ན། །མཁན་པོ་དག་དང་ཉེ་གནས་ནི། །གུས་པ་ཀུན་གྱིས་བྱ་བ་ཡིན། །རྟག་ཏུ་བྱམས་པ་ལ་གནས་ནས། །བྱས་པ་གཟོ་དང་བྱས་པ་ཚོར། །ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས། །ཕྲག་དོག་
ཚུལ་འཆོས་རྣམ་པར་སྤངས། །ནད་པ་རྣམས་ནི་གསོ་བྱེད་པ། །རྙེད་དཀའ་རིན་ཆེན་འདུ་ཤེས་ཀྱིས། །དེ་དག་འདུ་ཤེས་ཉེར་གཞག་ནས། །ལེགས་པར་བཤད་པ་ཡོངས་སུ་བཙལ། །དེ་དག་ཐོས་པས་བདེར་འགྱུར་དང་། །ཤེས་རབ་རྣོན་པོའང་སྐྱེ་འགྱུར་ཞིང་། །འདོད་

ཆགས་ཞེ་སྡང་གཏི་མུག་དག །ཐམས་ཅད་བྱམས་པས་ཞི་བར་འགྱུར། །དཔེར་ན་སྐྱེས་བུ་ཁྲུས་བྱས་ལ། །འགའ་ཡིས་ཕྲེང་བ་བྱིན་པ་ན། །ལག་པ་གཉིས་ཀྱིས་ཡོན་བླངས་ནས། །སྤྱི་བོ་ལ་ནི་འཇོག་པ་ལྟར། །དེ་བཞིན་ལེགས་བཤད་ཐོས་ནས་
ཀྱང་། །དགའ་བའི་སེམས་ནི་སྐྱེ་འགྱུར་བ། །རྒྱལ་སྲིད་ཐོབ་པའང་དེ་ལྟ་བུའི། །དགའ་བ་རྙེད་པ་མ་ཡིན་ནོ། །རྟག་ཏུ་དེ་དག་ཆོས་སྨྲ་ལ། །མཆོག་ཏུ་བླ་མར་བྱ་བ་ཡིན། །ཆོས་ནི་རྫོགས་སངས་རྒྱལ་མཚན་ཏེ། །ཆོས་ནི་དགྲ་བཅོམ་རྒྱལ་མཚན་ཡིན། །སངས་
རྒྱས་ཆོས་རྣམས་ཐོས་ནས་ཀྱང་། །བསྒྲུབ་པ་དག་ལ་རབ་གནས་ཤིང་། །ཚུལ་ཁྲིམས་ཐོས་པས་ངེས་འབྱུང་སྟེ། །དཔེར་ན་ཡར་ངོའི་ཟླ་བ་བཞིན། །མི་རྨོངས་ཞེ་སྡང་མེད་པ་ཡིས། །ལམ་མཆོག་དག་ནི་བསྟེན་པ་དང་། །བྱིས་པ་གང་ལ་གུས་བཅས་པའི། །ལྟ་བའི་
གནས་ཀྱང་རྣམ་པར་སྤང་། །སེང་གེས་སྤངས་པའི་ཝ་བཞིན་དུ། །ཟིལ་གྱིས་མནན་པས་ཆོས་རྣམས་འཆད། །རླུང་གིས་སྤྲིན་གྱི་ཚོགས་བཞིན་དུ། །མུ་སྟེགས་ཅན་དེ་ཟིལ་གྱིས་མནན། །ས་ལ་སྤྲིན་གྱི་ཚོགས་བཞིན་དུ། །ཆོས་ཀྱིས་ཡོངས་སུ་ཚིམ་པར་བྱེད། །
སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི། །སྨན་པའི་རྒྱལ་པོ་བཞིན་དུ་སེལ། །སེམས་ནི་རྩེ་གཅིག་མཉམ་བཞག་པས། །དེ་དག་རྣམ་རྟོག་སྤྱོད་ཡུལ་མིན། །དེ་དག་ཁྲོ་བ་ལྷུར་མི་ལེན། །འཕྱར་བ་ལ་ཡང་མི་གནས་སོ། །དུས་དང་དུས་མིན་རྣམ་ཤེས་ཤིང་། །དོན་ཤེས་
པ་ཡིས་རྣམ་པར་འདྲེན། །རྟག་ཏུ་བཟོད་སྟོབས་ལ་དགའ་རྣམས། །ཤེས་པའི་ལས་རྣམས་བྱེད་པར་འགྱུར། །མཁས་དང་མཐུ་ལ་བརྟན་པ་དང་། །ཆོས་ཤེས་པ་ལ་མཁས་པ་དང་། །དཔའ་ཞིང་སེམས་སྟོབས་ཆེ་བ་སྟེ། །རླུང་གིས་ཆང་བའི་རྡུལ་བཞིན་དུ། །སྡིག་ཅན་རྣམས་
ནི་ཟིལ་གྱིས་གནོན། །ཕྱོགས་རྣམས་དག་ཏུ་གསལ་གནས་པ། །ཉི་མ་འཆར་བ་ཇི་བཞིན་ནོ། །མཁས་པ་དེ་དག་རང་དོན་ལ། །ཆེད་དུ་སྨྲ་བ་བརྗོད་མི་བྱེད། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །བསམ་གཏན་མངོན་ཤེས་དག་ལ་མཁས། །དེ་དག་རྣམ་པ་འདི་འདྲ་

བས། །བདུད་ཀྱི་སྟེང་ན་གནས་པ་ཡིན། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །འཇིག་རྟེན་མར་མེ་བྱེད་ཅིང་རྒྱུ། །ཤཱ་རིའི་བུ་གཞན་ཡང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་པ་ཡིན་ཏེ། བཞི་གང་ཞེ་ན། གུས་པས་ཚུལ་ཁྲིམས་སྲུང་ཞིང་སོ་སོར་ཐར་
པ་ལ་ཁྱད་དུ་མི་གསོད་པ་དང་། གུས་པས་བྱམས་པ་སྒོམ་པར་བྱེད་ཅིང་གནོད་སེམས་ལ་སྦྱོར་བར་ཡང་སྤོང་བར་བྱེད་པ་དང་། ཐམས་ཅད་མཁྱེན་པ་ལ་འདུན་པ་དྲག་པོ་སྐྱེད་པར་ཡང་བྱེད་པ་དང་། དགེ་བའི་ཆོས་ཐམས་ཅད་ལ་གཅེས་པ་མི་འདོར་བ་སྟེ། ཤཱ་རིའི་བུ་ཆོས་བཞི་པོ་དེ་
དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །དེ་དག་སངས་རྒྱས་ཀྱིས་བསྔགས་པའི། །ཚུལ་ཁྲིམས་
མ་ཉམས་མ་རལ་སྲུང་། །ཚུལ་ཁྲིམས་ཕུང་པོ་དག་པ་ལ། །དགའ་བ་ཉེ་བར་སྐྱེ་བར་འགྱུར། །ཆོས་རྣམས་མང་པོ་ཚོལ་བྱེད་ཅིང་། །ཐོས་པ་མང་ལ་ལེགས་གནས་ན། །གང་གིས་ཐེ་ཙོམ་གཅོད་བྱེད་པའི། །དེས་དེའི་ཤེས་རབ་འཕེལ་བར་འགྱུར། །སྐྱེ་དང་འཆི་བའི་
རྒྱུན་དག་ལས། །འདི་དག་ཇི་ལྟར་དགྲོལ་བྱ་ཞེས། །ལྟོས་མེད་ཕན་པའི་སེམས་དག་གིས། །དམ་པའི་ཆོས་ཀྱང་སྟོན་པར་བྱེད། །གནོད་སེམས་དོན་དུ་མི་གཉེར་བས། །བྱམས་པའི་སེམས་ཀྱང་སྒོམ་པར་བྱེད། །མི་འཇིགས་པ་དང་ཕན་པའི་སེམས། །བདག་དང་
སེམས་ཅན་མཉམ་པ་ཉིད། །བྱང་ཆུབ་ལ་བརྟེན་ཟིལ་གནོན་པའི། །བརྩོན་པ་དག་ཀྱང་ལེགས་པར་རྩོམ། །གང་དག་བྱང་ཆུབ་ལ་རྟེན་པའི། །དགེ་བའི་ཆོས་རྣམས་ཚོལ་བ་དང་། །བསྒོམ་པར་བྱ་བ་སྒོམ་པ་དང་། །སྤང་བར་བྱ་བའང་རྣམ་པར་སྤོང་། །ཇི་ལྟར་སྤང་བྱ་
སྤངས་པ་ཡིས། །མྱུར་དུ་མྱ་ངན་འདའ་བར་འགྱུར། །དགོན་པའི་གནས་ལ་མངོན་ཕྱོགས་ཤིང་། །གནོད་པ་དག་ལ་རྒྱབ་ཀྱིས་ཕྱོགས། །ཐོས་པ་ཚོལ་ལ་བརྩོན་པ་དག །གོ་འཕང་མཆོག་ནི་རྟོགས་པར་འགྱུར། །དགེ་སློང་དགེ་སློང་མ་རྣམས་དང་། །དགེ་བསྙེན་དེ་

བཞིན་དགེ་བསྙེན་མ། །ཐམས་ཅད་དང་ནི་དེ་དག་གིས། །འདྲིས་པ་རྣམ་པར་སྤང་བར་བྱ། །བྱིས་པའི་ལམ་ལ་རྟེན་པ་ཡི། །རྨོངས་པ་ཀུན་ཀྱང་སྐྱབས་མེད་དེ། །གང་ཞིག་ཆོས་ལ་རྟེན་པ་དང་། །དེ་དག་སངས་རྒྱས་མཆོག་ཏུ་གཞོལ། །མི་གང་སེམས་
ཅན་དོན་དགའ་བའི། །སངས་རྒྱས་ཕ་དང་མ་ཡིན་ནོ། །གཡོ་མེད་ཆོས་ལ་འདོད་པ་དག །བྱང་ཆུབ་ལ་ནི་རབ་ཏུ་དད། །སངས་རྒྱས་དག་ཏུ་མི་ལྟ་བའི། །མི་རྣམས་མཚན་ཉིད་གསུམ་གསུངས་ཏེ། །གཡོ་དང་ཆོས་མིན་འདོད་པ་དང་། །སྙོམ་ལས་དག་ལས་རྟག་དགའ་
བའོ། །འདོད་ཆགས་ཞེ་སྡང་ང་རྒྱལ་དང་། །དེ་བཞིན་སྡིག་པ་རབ་སྤངས་ནས། །བློ་ལྡན་བརྩོན་འགྲུས་ལྡན་གྱུར་པ། །བྱང་ཆུབ་ལ་ནི་རབ་གུས་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་
དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཆོས་བཞི་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་
ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ནིར་དེ་ཤ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ།
འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་ནང་ན་ལྷའི་འདུན་ས་ཆོས་བཟང་ན་དགེ་སློང་ལྔ་བརྒྱ་ཐམ་
པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ།

བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་
སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་
ནི་སྡོམ་པ་ཡང་དག་པར་བླངས་པས་མི་ཕྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་རྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །
བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མདོ་འདི་རྟག་ཏུ་བཀླག་པར་བྱའོ། །ཁ་ཏོན་དུ་བྱའོ། །བསམ་པར་བྱའོ། །བསྒོམ་པར་
བྱའོ། །མང་དུ་བྱའོ། །དེས་ན་ཉེས་པར་སྤྱད་པ་འབྲས་བུ་འབྱིན་མི་ནུས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་།
བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་དྷརྨ་ཀ་སཱུ་ཏྲ། བོད་སྐད་དུ། ཆོས་བཞི་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་
ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བརྟན་ཅིང་ཟབ་ལ་སྙན་ཅིང་རྒྱ་ཆེ་བའི་སྒྲ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་མཁས་པས་ཇི་སྲིད་འཚོའི་བར་དུ་གནས་བཞི་ལ་ཡིད་བརྟན་པར་མི་བྱའོ། །བཞི་གང་ཞེ་ན། དགེ་སློང་དག་
རིགས་ཀྱི་བུ་མཁས་པས་བདག་ནི་བུད་མེད་དག་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་རྒྱལ་པོའི་ཕོ་བྲང་འཁོར་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་
རིགས་ཀྱི་བུ་མཁས་པས་བདག་ནི་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ནད་ཉུང་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་ཕྱུག་པ། ནོར་མང་བ། ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ་ཇི་སྲིད་འཚོའི་
བར་དུ་ཡིད་བརྟན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བུད་མེད་བརྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །དབུ་བའི་
སྙིང་པོ་ག་ལ་ཡོད། །ལོངས་སྤྱོད་རྟག་པ་ག་ལ་ཡིན། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་ཅི་འདྲ་བར་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་
དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོས་བཞི་པའི་མདོ་རྫོགས་སོ། །

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་། །བཞི་གང་ཞེ་ན། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ཇི་སྲིད་འཚོའི་བར་དུ་བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བཟོད་པ་དང་དེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱ་སྟེ། དགེ་སློང་དག་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་
ཏོ། །ཐམས་ཅད་མཁྱེན་ཉིད་སེམས་ནི་མི་གཏོང་ཞིང་། །མཁས་པས་རྫོགས་པའི་བྱང་ཆུབ་སེམས་སྐྱེད་ཅིག །བཟོད་པ་དེས་པའི་སྟོབས་ལ་རབ་གནས་ཏེ། །དགེ་བའི་བཤེས་གཉེན་ཡོངས་སུ་གཏང་མི་བྱ། །རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། །མཁས་

པས་དགོན་གནས་རྟག་ཏུ་བསྟེན་པར་བྱ། །ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན། །བདུད་རྣམས་བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་།
ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །༄༅༅། །རྒྱ་གར་སྐད་དུ། ཨཱརྱ་
ཙ་ཏུ་ཤྐ་ནི་ར་ཧཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་
བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་གོ་ཆ་ཆེན་པོ་བགོས་པ་ཤ་སྟག་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་
དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་གདུགས་དཔག་ཚད་བཅུའི་ཚད་ཙམ་
ཐོགས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་འཛིན་ཏོ། །དེ་ནས་འཁོར་དེ་ཉིད་དུ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་དཔལ་བཟངས་ལྡན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གཡོག་དང་བཅས་ཏེ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་
འདུག་པ་དེ་སྟན་ལས་ལངས་ཏེ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ད་དུང་

དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་མཛད་པས་མ་ཚིམ་མམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་ཆུ་ཐམས་ཅད་ལེན་པས་གཞར་ཡང་ཆོག་ཤེས་སམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་
སྨྲས་པ། ལྷའི་བུ་དེ་བཞིན་དུ་རྒྱ་མཚོ་ཆེན་པོ་མཚོ་གཏིང་དཔག་དཀའ་བ་དེ་ལྟ་བུའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་དཔག་ཏུ་མེད་པ་བཙལ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱིས་གཞར་ཡང་ཚིམ་པར་མི་བྱའོ། །ལྷའི་བུས་སྨྲས་
པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཅི་ལ་དམིགས་ཏེ་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔས་དམིགས་པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་
མཁྱེན་པ་ཉིད་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་གཟུང་བ་ལ་དམིགས་པ་སྟེ། ལྷའི་བུ་བྱང་ཆུབ་
སེམས་དཔས་དམིགས་པ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཚངས་པའི་རིས་ཀྱི་ལྷའི་བུའི་ནང་དུ་ཚངས་པ་གཙུག་ཕུད་ཅན་ལ་བྱང་ཆུབ་སེམས་དཔའི་ལམ་བཞི་པ་སྒྲུབ་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་
བཤད་པ་དེ། འཇམ་དཔལ་ལེགས་པར་བཤད་དུ་གསོལ། དེ་ལ་ནི་བདག་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་ཡང་ཉན་པར་འཚལ་ལོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་སེར་སྣ་མ་མཆིས། སློབ་དཔོན་གྱི་ཆོས་ཀྱི་དཔེ་མཁྱུད་ཀྱང་མ་མཆིས། འཇམ་
དཔལ་གྱིས་སྨྲས་པ། ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཞི་པ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་ངས་ཁྱོད་ལ་བཤད་དོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་སེམས་བསྐྱེད་པར་རིག་པར་བྱའོ། །

བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དཔག་ཏུ་མེད་པ་བསྡུ་བའི་ཕྱིར་སེམས་བསྐྱེད་པ་དང་། སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པའི་ཕྱིར་
སེམས་བསྐྱེད་པ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་སྟེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་སེམས་བསྐྱེད་པར་རིག་པར་བྱའོ། །ལྷའི་བུ་བཞི་པོ་འདི་དག་ནི་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བྲག་ལྟ་བུ་ཡིན་ནོ། །བཞི་གང་ཞེ་ན། སློང་བ་རྣམས་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། ལོག་པར་ཞུགས་པ་རྣམས་ལ་སྙིང་རྗེ་བའི་སེམས་དང་། ཤེས་རབ་ལས་མ་ཉམས་པའི་སེམས་དང་། རྩོམ་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་
སེམས་ཏེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བྲག་ལྟ་བུ་ཡིན་ནོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མངོན་པར་འཕགས་པ་ཡིན་ནོ། །བཞི་གང་ཞེ་ན། ཚུལ་ཁྲིམས་མངོན་པར་འཕགས་
པ་དང་། ཐོས་པ་མངོན་པར་འཕགས་པ་དང་། བྱམས་པ་ཆེན་པོ་མངོན་པར་འཕགས་པ་དང་། སྙིང་རྗེ་ཆེན་པོ་མངོན་པར་འཕགས་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བརྟན་པ། སྙིང་པོ་ཅན། མི་ཕྱེད་
པ། རྡོ་རྗེ་ལྟ་བུའོ། །བཞི་གང་ཞེ་ན། བསམ་པ་ལས་མི་ཕྱེད་པ་དང་། མཛའ་བ་ལས་མི་ཕྱེད་པ་དང་། ནན་ཏན་ལས་མི་ཕྱེད་པ་དང་། ཐེག་པ་ཆེན་པོ་ལས་མི་ཕྱེད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བསྙེན་
དཀའ་བ་ཡིན་ནོ། །བཞི་གང་ཞེ་ན། ཉོན་མོངས་པ་དང་མ་འདྲེས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་དང་མ་འདྲེས་པ་དང་། ཐེག་པ་དམན་པ་དང་མ་འདྲེས་པ་དང་། སྐྱེ་བོ་མི་བགྲུངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་

དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བླ་ན་མེད་པའོ། །བཞི་གང་ཞེ་ན། ཕོངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་དང་། བྱིན་ནས་འགྱོད་པ་མེད་པའི་སེམས་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་
སེམས་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་ཏེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་བོར་ཕྱིན་པའི་ཆོས་སོ། །བཞི་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། དམ་པའི་ཆོས་
ཡོངས་སུ་འཛིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་པའོ། །བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་དང་། བསྡུ་བའི་དངོས་པོ་
རྣམས་ཀྱི་རྗེས་སུ་འཐུན་པ་དང་། ཚངས་པའི་གནས་སྒྲུབ་པ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གྱ་ནོམ་པ་དམ་པ་མཆོག་ཡིན་ནོ། །བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་
ཁོང་ཁྲོ་བ་མེད་པ་དང་། གང་དག་དེ་དང་འགལ་བར་བྱེད་པ་དེ་དག་ཉིད་ལ་རབ་ཏུ་ཐར་བར་བྱ་བར་སེམས་བསྐྱེད་པ་དང་། ཇི་ཙམ་གྱི་ཡུལ་རྒྱ་ཆེན་པོ་ཞིག་འབྱོར་ཀྱང་དེ་ལ་བག་ཡོད་པ་དང་། ཅི་ཙམ་དུ་དབུལ་བས་ཕོངས་པར་གྱུར་ཀྱང་ཆོས་སྤྱོད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་
པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའོ། །བཞི་གང་ཞེ་ན། ཁྱིམ་པར་གྱུར་ན་བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་པ་དང་། གཞན་གྱི་ནོར་ལ་མངོན་པར་འདོད་པ་མེད་པ་དང་། རབ་ཏུ་བྱུང་ནས་འཕགས་པའི་རིགས་ཀྱིས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་
དང་། ཡོ་བྱད་བསྙུངས་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའོ། །བཞི་གང་ཞེ་ན། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། ཤོག་ཤོག་དང་། སྣག་ཚ་དང་། སྨྱུ་གུ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་

ལ་བསམ་པ་ཐག་པ་ནས་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་ཉིད་དོ། །བཞི་གང་ཞེ་ན། ཐོས་པ་ལས་ནན་ཏན་སྙིང་པོ་ཉིད་དང་། ལོངས་སྤྱོད་རྣམས་ལས་གཏོང་བ་སྙིང་པོ་ཉིད་དང་།
ལུས་ལས་བླ་མ་ལས་བསྙེན་བཀུར་བྱ་བ་སྙིང་པོ་ཉིད་དང་། སྲོག་ལས་དགེ་བའི་རྩ་བ་བསྐྱེད་པ་སྙིང་པོ་ཉིད་དེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་གཏང་བར་མི་བྱ་བའོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏང་བར་
མི་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཏང་བར་མི་བྱ་བ་དང་། སེམས་ཅན་ཡོངས་སུ་གཏང་བར་མི་བྱ་བ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངས་སུ་བཙལ་བ་ཡོངས་སུ་གཏང་བར་མི་བྱ་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྐྱེད་མོས་ཚལ་ལོ། །བཞི་གང་ཞེ་ན། དགོན་པ་ལ་གནས་པ་དང་། དབེན་པ་ལ་མངོན་པར་དགའ་བ་དང་། དགེ་བའི་ཆོས་ལ་འདུན་པ་དང་། ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་གཞལ་མེད་ཁང་ངོ་། །བཞི་གང་ཞེ་ན། ཚངས་པའི་གནས་དང་། འབེལ་བའི་གཏམ་གྱི་ཆོས་མཉན་པ་ལ་དགའ་བ་མྱོང་བར་བྱེད་པ་དང་། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། སྐྱེ་བོ་རིས་འཐུན་པ་དང་འདུ་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ནོར་མི་ཟད་པའོ། །བཞི་གང་ཞེ་ན། ཐོས་པའི་ནོར་དང་། ཆོས་སྟོན་པའི་ནོར་དང་། སེམས་ཅན་དབུལ་པོ་སྡུད་པའི་ནོར་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ནོར་ཏེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་
རོ། །བཞི་གང་ཞེ་ན། གཟུངས་ཀྱི་གཏེར་དང་། སྤོབས་པའི་གཏེར་དང་། ཆོས་ཀྱི་གཏེར་དང་། ལོངས་སྤྱོད་ཟད་མི་ཤེས་པར་ཡོངས་སུ་བསྔོ་བའི་གཏེར་ཏེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའོ། །བཞི་གང་

ཞེ་ན། འདུ་འཛི་ལས་འབྱུང་བ་དང་། ཡུལ་ཐམས་ཅད་ལས་འབྱུང་བ་དང་། འཕགས་པ་མ་ཡིན་པའི་བསམ་པ་ལས་འབྱུང་བ་དང་། ཁམས་གསུམ་ཐམས་ཅད་ལས་འབྱུང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བའོ། །
བཞི་གང་ཞེ་ན། དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཕྱིར་བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་བདེ་བ་དང་། ཡུལ་སྤངས་པས་དབེན་པའི་བདེ་བ་དང་། ཉོན་མོངས་པ་མེད་པའི་ཕྱིར་ཞི་བའི་བདེ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་མྱ་ངན་
ལས་འདས་པའི་བདེ་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་དགའ་བའོ། །བཞི་གང་ཞེ་ན། དེ་བཞིན་གཤེགས་པ་མཐོང་བས་མཆོག་ཏུ་དགའ་བ་དང་། ཆོས་ཐོས་པས་མཆོག་ཏུ་དགའ་བ་དང་། སྦྱིན་པ་ལ་འགྱོད་
པ་མེད་པས་མཆོག་ཏུ་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྐྱེད་པས་མཆོག་ཏུ་དགའ་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཡི་དམ་ལས་
མི་ཉམས་པ་དང་། སྐྱབས་སུ་སོང་བ་དག་ཡོངས་སུ་མི་གཏོང་བ་དང་། ངག་བསྡམས་པས་ཚིག་ཐམས་ཅད་བདེན་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་སོ། །བཞི་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་ལ་
ལྷག་པའི་བསམ་པས་སྦྱོར་བ་དང་། མ་བསླབས་པ་ཐམས་ཅད་ལ་མི་བརྙས་པ་དང་། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་བཤེས་གཉེན་དུ་གྱུར་པ་དང་། ཡོན་ཏན་ཐམས་ཅད་སྒྲུབ་པ་ལ་ཕྱིར་བྱ་བའི་རེ་བ་མེད་པས་ལན་ལ་མི་རེ་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་
བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྣམ་པར་དག་པའོ། །བཞི་གང་ཞེ་ན། བདག་མེད་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང་། སེམས་ཅན་མེད་པའི་ཕྱིར་ཏིང་ངེ་འཛིན་རྣམ་པར་དག་པ་དང་། སྲོག་མེད་པའི་ཕྱིར་ཤེས་རབ་རྣམ་པར་དག་པ་དང་།

གང་ཟག་མེད་པའི་ཕྱིར་རྣམ་པར་གྲོལ་བ་རྣམ་པར་དག་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པའོ། །བཞི་གང་ཞེ་ན། ཆོས་ཀྱི་རྐང་པ་དང་། དོན་གྱི་རྐང་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་
བསྙུངས་པས་འཇུག་པའི་རྐང་པ་དང་། བྱང་ཆུབ་ཀྱི་ལམ་གྱི་ཚོགས་སོགས་པའི་རྐང་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་པའོ། །བཞི་གང་ཞེ་ན། དད་པའི་ལག་པ་དང་། ཚུལ་ཁྲིམས་ཀྱི་ལག་པ་དང་། ཐོས་པའི་ལག་པ་
དང་། ཤེས་རབ་ཀྱི་ལག་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་གོ། །བཞི་གང་ཞེ་ན། ལས་ལེགས་པ་བྱས་པའི་ཕྱིར་ཤའི་མིག་དང་། མངོན་པར་ཤེས་པ་ལས་མི་ཉམས་པའི་ཕྱིར་ལྷའི་མིག་དང་། ཤིན་ཏུ་ཐོས་པའི་སྟོབས་
དང་ལྡན་པའི་ཕྱིར་ཤེས་རབ་ཀྱི་མིག་དང་། ཆོས་ཐམས་ཅད་ལ་ངེས་པར་སེམས་པའི་ཕྱིར་ཆོས་ཀྱི་མིག་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ངོམས་པའོ། །བཞི་གང་ཞེ་ན། སྦྱིན་པས་མི་ངོམས་པ་དང་། དགོན་པ་ལ་གནས་པས་
མི་ངོམས་པ་དང་། ཆོས་ཉན་པས་མི་ངོམས་པ་དང་། དགེ་བའི་ཆོས་ཀྱི་ཚོགས་ཐམས་ཅད་ཀྱིས་མི་ངོམས་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་བྱེད་པའོ། །བཞི་གང་ཞེ་ན། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་
དང་དུ་བླང་བ་དཀའ་བ་བྱེད་པ་དང་། དབུལ་པོ་ལ་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བསམ་པ་དཀའ་བ་བྱེད་པ་དང་། ཡན་ལག་གི་མཆོག་མགོ་སློང་བ་ལ་ཁོང་ཁྲོ་བ་མེད་པའི་སེམས་དཀའ་བ་བྱེད་ཀྱི་སྟེང་དུ་དགེ་བའི་བཤེས་གཉེན་དུ་སེམས་བསྐྱེད་པ་དང་། སྐྱེ་བ་ལ་མི་རྟོག་པས་
བསམས་བཞིན་དུ་སྐྱེ་བར་བྱེད་པའི་དཀའ་བ་བྱེད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་མེད་པའོ། །བཞི་གང་ཞེ་ན། ཁམས་མཉམ་པས་ནད་མེད་པ་དང་། ཉོན་མོངས་པའི་གདུང་བ་མེད་པས་ནད་མེད་པ་དང་། སེམས་ཅན་

ཐམས་ཅད་བདེ་བར་གཞོག་པས་ནད་མེད་པ་དང་། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པས་ནད་མེད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་གི་ཕྱོགས་སོ། །བཞི་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་། བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་ཀྱི་ཕྱོགས་དང་། དགེ་བའི་བཤེས་གཉེན་ཡང་དག་པའི་ཕྱོགས་དང་། སྡིག་པ་ཐམས་ཅད་མི་བྱ་བའི་ཕྱོགས་ཏེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་བསྐྱོད་པའོ། །བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་
མི་བསྐྱོད་པ་དང་། ཡི་དམ་མི་བསྐྱོད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ལས་མི་བསྐྱོད་པ་དང་། ཡང་དག་པའི་ནན་ཏན་ལས་མི་བསྐྱོད་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་སོ། །བཞི་གང་ཞེ་ན།
ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཐོས་པའི་ཚོགས་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་ཏེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཟུང་དུ་འབྲེལ་བར་འགྱུར་བའོ། །བཞི་གང་ཞེ་ན། བསམ་
པ་དང་སྦྱོར་བ་ཟུང་དུ་འབྲེལ་པ་དང་། གཏོང་བ་དང་བསྔོ་བ་ཟུང་དུ་འབྲེལ་བ་དང་། བྱམས་པ་དང་སྙིང་རྗེ་ཟུང་དུ་འབྲེལ་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་
ལམ་མོ། །བཞི་གང་ཞེ་ན། ཁྲོན་པ་རྡུལ་ཅན་མཐོང་ཞིང་དེའི་གཏིང་ན་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་དང་། མཚེའུ་འམ། རྫིང་བུའམ། ཁྲོན་པ་རྙོག་པ་ཅན་མཐོང་ཞིང་། དེའི་གཏིང་ན་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་དང་། བར་སྣང་ལ་སྤྲིན་ཆེན་པོས་ཡོག་ཅིང་དེ་ལ་ཡང་
ཟླ་བའི་དཀྱིལ་འཁོར་མཐོང་བ་དང་། བར་སྣང་ལ་རླུང་དང་། རྡུལ་དང་། དུ་བས་འཁྲིགས་པར་མཐོང་ཞིང་། དེ་ལ་ཡང་ཟླ་བའི་དཀྱིལ་འཁོར་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་

མོ། །བཞི་གང་ཞེ་ན། གཡང་ས་ཆེན་པོ་ནས་བདག་གཡང་དུ་ལྷུང་བར་མཐོང་བ་དང་། ལམ་མཐོ་དམའ་ཅན་དུ་མཐོང་བ་དང་། བདག་ལམ་སྲང་དོག་པར་ཞུགས་པར་མཐོང་བ་དང་། རྨི་ལམ་ན་ཕྱོགས་བསླད་ཅིང་འཇིགས་པ་མང་པོ་མཐོང་བ་སྟེ། བཞི་པོ་དེ་དག་
གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། དུག་དྲག་པོས་འཁྲུགས་པར་མཐོང་བ་དང་། གཅན་གཟན་གཏུམ་པོ་ཕལ་པོ་ཆེའི་སྒྲ་ཐོས་པ་དང་། བདག་གཡོན་ཅན་གྱི་ནང་ན་གནས་
པར་མཐོང་བ་དང་། བདག་གི་ལུས་དྲི་མ་ཅན་དང་གོས་དྲི་མ་ཅན་དུ་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་འཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་
མཐོང་བ་དང་། རྫིང་བུ་མེ་ཏོག་པད་མ་རྒྱས་པས་ཡོངས་སུ་གང་བ་མཐོང་བ་དང་། བདག་གོས་དཀར་པོའི་ཕྲུགས་རྙེད་པར་མཐོང་བ་དང་། ལྷ་ཞིག་སྤྱི་བོའི་གཙུག་ན་གདུགས་འཛིན་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
ཏིང་ངེ་འཛིན་ཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། བུ་མོ་བཟང་མོ་རྒྱན་བཟང་པོས་བརྒྱན་པ་མེ་ཏོག་སིལ་མ་འབུལ་བར་མཐོང་བ་དང་། ནམ་མཁའ་ལ་བྱ་ངང་པ་དཀར་པོ་ཐལ་ཀར་གྱི་ཁྱུ་སྐད་འབྱིན་ཅིང་འགྲོ་བར་མཐོང་བ་དང་། དེ་བཞིན་གཤེགས་པ་འོད་མང་པོས་
བརྒྱན་པའི་ཕྱག་སྤྱི་བོར་འཇོག་པ་མཐོང་བ་དང་། དེ་བཞིན་གཤེགས་པ་མེ་ཏོག་པད་མ་ལ་བཞུགས་ཤིང་བསམ་གཏན་མཛད་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་འཐུན་པའི་
རྨི་ལམ་མོ། །བཞི་གང་ཞེ་ན། ཟླ་བའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། ཉི་མའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། མེ་ཏོག་པད་མ་ཁ་འབུས་པར་མཐོང་བ་དང་། ཚངས་པའི་དབང་པོ་རབ་ཏུ་ཞི་བའི་སྤྱོད་ལམ་མཐོང་བ་སྟེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་འཐུན་པའི་རྨི་ལམ་མོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། ཤིང་སཱ་ལ་ཆེན་པོའི་འདབ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་
ཀྱིས་གང་བར་མཐོང་བ་དང་། ཁར་བའི་སྣོད་གསེར་གྱིས་གང་བར་མཐོང་བ་དང་། ནམ་མཁའི་ངོས་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་གང་བར་མཐོང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་
ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་འདུལ་བའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། གྱད་ཆེན་པོས་གྱད་ཐམས་ཅད་མནན་ནས་བ་དན་ཐོགས་ཏེ་འགྲོ་བར་མཐོང་བ་དང་། དཔའ་བོ་ཆེན་པོས་གཡུལ་ལས་འདས་ཏེ་འགྲོ་བར་མཐོང་བ་དང་། རྒྱལ་པོ་དབང་བསྐུར་
བར་མཐོང་བ་དང་། བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བར་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། མགོ་ལ་ཐོད་དཀར་
པོས་བཅིངས་པར་མཐོང་བ་དང་། བདག་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པར་མཐོང་བ་དང་། བདག་ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པར་མཐོང་བ་དང་། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་ཆོས་སྟོན་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ། །ལྷའི་བུ་
བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། བུམ་པ་མཐོང་བ་དང་། བྱ་ཙ་ཤས་བསྐོར་བར་མཐོང་བ་དང་། གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་ཤིང་ཐམས་ཅད་ལྡང་ཞིང་འདུད་ལ་ཕྱག་འཚལ་
བར་བྱེད་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཆེན་པོ་མཐོང་བ་སྟེ། ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པའི་རྒྱུ་འཐུན་པའི་རྨི་ལམ་མོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཞི་པ་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་

པ་དང་། ལྷའི་བུ་དཔལ་བཟངས་ལྡན་དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། འཁོར་དང་བཅས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷའི་མེ་ཏོག་མན་དཱ་ར་བ་དང་། ཨུད་པ་ལ་དང་། པད་
མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཏོར་ཏོ། །མེ་ཏོག་དེ་དག་གཏོར་མ་ཐག་ཏུ་དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་མེ་ཏོག་པད་མ་ཤིང་རྟའི་འཕང་ལོ་ཙམ་གྱི་ཚད་བལྟ་ན་སྡུག་པ་བསུང་དང་ལྡན་པ་ཡིད་དུ་
འོང་བ་དག་བྱུང་བར་གྱུར་ཏོ། །མེ་ཏོག་དེ་དག་གི་དབུས་ཀྱི་སྙིང་པོ་ལ་བྱང་ཆུབ་སེམས་དཔའ་ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དག་བྱུང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ། །
འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་དག་གང་ནས་ལྷགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མེ་ཏོག་འདི་དག་ག་ལས་འོངས་པ་ཉིད་ནས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་མེ་ཏོག་འདི་དག་ནི་སྤྲུལ་པ་སྟེ། བདག་གིས་ཁྱོད་ལ་མཆོད་པའི་ལས་བགྱི་བའི་སླད་
དུ་གཏོར་ཏོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ལྟར་མེ་ཏོག་འདི་དག་སྤྲུལ་པ་ཡིན་པ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལའང་དེ་བཞིན་དུ་བལྟའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་
གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །དེ་དག་གིས་ཀྱང་
འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས། སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ། གཟི་བརྗིད་ཀྱིས་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་མནན་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ལྷའི་བུ་

དཔལ་བཟངས་ལྡན་སྟན་དེ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ། གསེར་བཟང་དྲི་མ་མེད་
པའི་འོད་ཀྱིས་གཟི་བརྗིད་ལྡན། །སྐྱེས་ཆེན་མཚན་མཆོག་སུམ་ཅུ་རྩ་གཉིས་སྣ་ཚོགས་མངའ། །ཡོན་ཏན་ཁྲག་ཁྲིག་ཡོན་ཏན་གཞལ་ཡས་གཟི་བརྗིད་ཅན། །མགོན་པོ་ཅི་ཡི་སླད་དུ་འཛུམ་པ་སྟོན་པ་མཛད། །སྒྲ་སྙན་འབྱིན་པར་མཛད་ཅིང་རབ་ཏུ་གསུང་འབྲེལ་བ། །
ཚངས་པའི་དབྱངས་སུ་གསུང་ཞིང་འཇམ་པའི་ཚིག་གསུང་བ། །ནོར་བདུན་འོད་ཟེར་རྒྱ་ཆེན་བདེ་གཤེགས་བློ་གྲོས་ལྡན། །ཀ་ལ་པིང་ཀའི་གསུང་ཅན་ཅི་སླད་འཛུམ་པ་གསུངས། །མི་མཆོག་སྐྱེས་བུ་དམ་པ་ངན་པའི་ཚོགས་ཅན་འདུལ། །བདུད་ཀྱི་སྟོབས་ནི་རྟག་
པར་མཐའ་མར་འབྱིན་པར་མཛད། །ལྷ་དང་ལྷ་མིན་ནམ་མཁའ་ལྡིང་གིས་རྟག་མཆོད་པ། །སྟོབས་བཅུ་ལྡན་པས་ཅི་སླད་འཛུམ་པ་བསྟན། །དྲི་མེད་དྲི་བྲལ་དྲི་མ་གསུམ་སྤངས་པ། །ཟླ་བ་ཉ་བའི་དཀྱིལ་འཁོར་ལྟ་བུར་ཞལ་རྒྱས་པ། །མུན་པ་རབ་རིབ་སྒྲིབ་པའི་རྡུལ་
གྱི་ཉེས་གཅོད་པ། །བདེ་དང་བདེ་ལྡན་སྦྱིན་པར་མཛད་པ་འཛུམ་དོན་གསུངས། །བདེ་བར་གཤེགས་པ་ས་དང་ལྷ་ཡུལ་ཕན་པ་མཆོག །བདེ་དང་བདེ་ལྡན་སྦྱིན་མཛད་ཡོན་ཏན་མཐའ་ཡས་པ། །མཚུངས་ཤིང་འབྲེལ་ལ་ལེགས་གསུངས་གསལ་བའི་གསུང་ལྡན་པ། །
འཛུམ་བསྟན་འདི་ཡི་དོན་ནི་ཇི་ལྟར་རྟོགས་པར་བགྱི། །ལིང་ཏོག་སྟུག་པོ་མུན་པ་རབ་རིབ་རྣམ་བསལ་བ། །ཤེས་རབ་སྒྲོན་མ་འོད་ཀྱི་གཟི་བརྗིད་ལྡན་པ་པོ། །གླང་ཆེན་ཁྱུ་མཆོག་སྟོབས་དང་སེང་གེའི་སྟབས་ལྟར་བརྗིད། །འགྲོ་བའི་དོན་མཛད་འཛུམ་པའི་དོན་ནི་བསྟན་
དུ་གསོལ། །མི་ཡི་དམ་པ་མི་ངན་ཚོགས་ཅན་འདུལ་མཛད་པ། །ཟབ་ཅིང་མཐོང་བར་དཀའ་ལ་གཏིང་ཚོད་དཔག་དཀའ་བ། །སྲིད་པའི་ཆུ་ནི་སྐེམས་མཛད་མཉམ་པ་མེད་པ་ཅན། །སྒྱུ་མེད་སྟོབས་བཅུ་ལྡན་གྱིས་འཛུམ་པ་ཅི་སླད་བསྟན། །རྒ་ཤི་ཞི་བར་བགྱི་བའི་

བདུད་རྩིའི་དོན་སྩོལ་བ། །ཞབས་ནི་འཇམ་ཞིང་དྲ་བ་དག་དང་འཁོར་ལོར་ལྡན། །བླུན་པ་སྦྱོང་མཛད་སྲིད་པ་གསུམ་ན་མཉམ་མེད་པ། །ཡེ་ཤེས་ཆེན་པོ་མངའ་བས་འཛུམ་དོན་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་ལྷའི་བུ་དཔལ་བཟངས་ལྡན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སྟེང་གི་བར་སྣང་ལ་སེང་གེའི་ཁྲི་ལ་པད་མའི་སྙིང་པོ་ལ་འཁོད་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ་འདི་དག་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་དྲུང་དུ་ཆོས་མཉན་པ་དང་། བཞི་པ་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་ཕྱིར་ལྷགས་སོ། །ཡང་བྱང་ཆུབ་སེམས་དཔའ་
འདི་དག་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་སྨིན་པར་བྱས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་མིང་སྣ་ཚོགས་ཀྱི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ལྷའི་བུས་གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་འདི་དག་གི་གྲངས་རྟོགས་
པར་རྔོ་མི་ཐོགས་ན་ཇི་སྙེད་ཅིག་མཆིས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་འདི་དག་གི་གྲངས་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་བདག་གིས་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་སྐར་མའི་གཟུགས་དེ་དག་ཐམས་ཅད་ནི་སྐད་ཅིག །ཐང་ཅིག །ཡུད་ཙམ་གཅིག་གིས་བགྲང་བར་སྤྲོའི། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་འདི་དག་ནི་ལོ་བརྒྱར་ཡང་བགྲང་བར་སྤྲོ་བ་མ་ལགས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གང་བར་གྱུར་ཀྱང་། རྡུལ་ཕྲ་རབ་དེ་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་ཀྱི། བྱང་ཆུབ་སེམས་དཔའ་འདི་དག་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་ཏེ། བྱང་
ཆུབ་སེམས་དཔའ་འདུས་པ་འདི་དག་ནི་དེ་ཙམ་དུ་ཚད་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་གང་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་སྙེད་མཆིས་པར་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཤཱ་རིའི་བུ་ཁ་རོག་འདུག་དེ་སྐད་མ་སྨྲ་ཞིག །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་དེ་བཞིན་གཤེགས་པས་སྟོང་ངོ་། །ཤཱ་རིའི་བུ་ཡོངས་སུ་བརྟགས་པ་བཟུང་ན། གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་
གྱུར་ལ། ཉི་མ་རེ་རེ་ཐམས་ཅད་ལའང་ཆོས་བཤད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འཇུག་པར་གྱུར་ཅིང་ཆོས་བཤད་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལུང་བསྟན་པར་གྱུར་ལ། གང་གིས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་
ཀླུང