Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
ས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ད་ལྟར་བཅོམ་ལྡན་འདས་ལས་བདག་གིས་མངོན་དུ་ཐོས་ཤིང་མངོན་དུ་བཟུང་ལགས་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་སེམས་ཅན་རྣམས་མཆོག་ཏུ་ འདོད་ཆགས་ཀྱི་ཤས་ཆེ་བ་ཞེས་བགྱི་བ་ནས། བུད་མེད་ཀྱི་ཉེས་པས་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ་དག་དང་། ངན་སོང་བ་དག་དང་། སེམས་ཅན་དམྱལ་བ་པའི་བར་འབྱུང་ཞིང་འབྱུང་བར་འགྱུར་བའི་བར་གྱི་སླད་དུའོ། །དེ་ནས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་ལ་རྐྱེན་གསུམ་ཡོད་དེ། གསུམ་གྱིས་ཁྱབ་པས་རྣམ་པར་མཛེས་སོ། །གངས་ནི་གདུང་བར་མི་བྱེད་དོ། །ཆུ་ཀླུང་དག་ལ་ཆུ་སྐམ་པར་མི་འགྱུར་རོ། །རྐྱེན་ གསུམ་པ་དག་ལ་མཁས་པ་དང་། བཟོད་པ་དང་། བསྡམས་པས་ལུས་ཁྱབ་པ་ནི་ལུང་གིས་མ་རིག་པའི་ཆུ་བོས་ཀྱང་དབང་པོ་དྲུག་གདུང་བར་མི་བྱེད་དོ། །བྱིས་པས་སྨྲས་པ། རྐྱེན་གསུམ་གྱིས་ཆུ་བོ་དག་ལས་ཐར་བར་བྱེད་ཅིང་སེམས་ཅན་མེད་པ་དང་། ཕུང་པོའི་ཁུར་ འདོར་བའི་ཆོས་སྟོན་པར་བྱེད་དོ། །ཁྱོད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རྣམ་པ་བཅུ་གསུམ་རབ་ཏུ་བསྒོམས་པ་ཡིན་ཞིང་འཇིགས་པ་ཐམས་ཅད་སྤངས་པ་ཡིན་ན། ཅིའི་ཕྱིར་ཁྱོད་འཇིགས་སོ་ཞེས་སྨྲ་བར་བྱེད། ཁ་ཅིག་ཏུ་ནི་ཁྱོད་ཚངས་པའི་ལུས་བྱད་ཀྱིས་སངས་རྒྱས་ ཀྱི་ཞིང་དག་ན་སེམས་ཅན་རྣམས་ཐར་བར་བྱེད་དོ། །ཁ་ཅིག་ཏུ་ནི་དབང་ཕྱུག་ཆེན་པོ་དང་། ཁ་ཅིག་ཏུ་ནི་བརྒྱ་བྱིན་དང་། ཁ་ཅིག་ཏུ་ནི་སྲེད་མེད་ཀྱི་བུ་དང་། ཁ་ཅིག་ཏུ་ནི་ལྷའི་ལུས་བྱད་དང་། ཁ་ཅིག་ཏུ་ནི་གནོད་སྦྱིན་དང་། ཀླུའི་དབང་པོ་དང་། ལྷ་མ་ཡིན་དང་། ཁ་ཅིག་ ཏུ་ནི་འཁོར་ལོས་སྒྱུར་བའི་ལུས་བྱད་དང་། ཁ་ཅིག་ཏུ་ནི་སྨན་པའི་ལུས་བྱད་དང་། རྒྱལ་རིགས་ཀྱི་ལུས་བྱད་དང་། དེ་བཞིན་དུ་ཁ་ཅིག་ཏུ་ནི་བྲམ་ཟེའི་ལུས་བྱད་དང་། ཁ་ཅིག་ཏུ་ནི་ཉན་ཐོས་ཀྱི་ལུས་བྱད་དང་ཞེས་བྱ་བ་ནས། ཁ་ཅིག་ཏུ་ནི་སངས་རྒྱས་ཀྱི་ཞིང་མང་པོར་བློན་ པོའི་བར་གྱི་ལུས་བྱད་དུ་ཀུན་ཏུ་སྣང་བར་བྱེད་དེ། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དག་ཏུ་དུས་རྟག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན་ན་ཅི་སྟེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་དོན་དུ་འཇིགས་པའི་ཚིག་སྨྲ་བར་བྱེད། རིགས་ཀྱི་བུ་ཁྱོད་ལ་མི་ཟད་ པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་སེམས་ཀྱི་ཚོར་བ་སྒྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འདུ་བ། བདུད་བཞི་འདུལ་བར་བྱེད་པ་སྒྲུབ་པ། དཀོན་མཆོག་གསུམ་གྱི་གདུང་གི་གགས་མེད་པར་སྒྲུབ་པ། ཀླུའི་ཡུལ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་འོད་ ཟེར་སྒྲུབ་པ། སེམས་ཅན་རྣམས་ཀྱི་ལས་ཐམས་ཅད་ཟད་པར་འགྱུར་བ་སྒྲུབ་པ། བྱམས་པ་ཆེན་པོ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྒྲུབ་པ། སྙིང་རྗེ་ཆེན་པོ་དང་བསམས་བཞིན་དུ་ངན་འགྲོར་སྐྱེ་བ་དང་། སེམས་ཅན་ཡོངས་སུ་སྐྱོབ་པ་སྒྲུབ་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཡང་དག་པར་དགའ་བར་བྱེད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་ཀྱི་ལམ་ངན་པ་དང་། ལྟ་བ་ངན་པ་དང་། འདོད་པ་ངན་པ་དང་། སྨོན་ལམ་ངན་པ་དང་། ཐེག་པ་ངན་པ་ཕྱིར་ལྡོག་པར་བྱེད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་ངན་ འགྲོ་ལས་ངེས་པར་རྣམ་པར་ཐར་བར་བྱེད་པ་སྒྲུབ་པ། བུད་མེད་ཐམས་ཅད་ཡོངས་སུ་ཐར་བར་བྱེད་ཅིང་སེམས་ཅན་སྐྱེས་བུ་འཐོབ་པ་སྒྲུབ་པ། ཆོས་ཀྱི་ཕུང་པོ་ཐམས་ཅད་ཟད་མི་ཤེས་པ་སྒྲུབ་པ། སེར་སྣ་ཐམས་ཅད་སེལ་བར་བྱེད་པ་སྒྲུབ་པ། ཏིང་ངེ་འཛིན་གྱི་ཕུང་པོ་དང་ མངོན་པར་ཤེས་པ་ཐམས་ཅད་མི་ཟད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་དད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་གཞོག་པར་བྱེད་པ་སྒྲུབ་པ། ཉན་ཐོས་དང་རྐྱེན་གྱི་ཐེག་པ་སྒྱུར་བ་སྒྲུབ་པ་ཞེས་བྱ་བ་ནས། བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་བར་སྒྲུབ་ པ་འདི་ནི་མི་ཟད་པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་ཡིན་ཏེ། སེམས་ཅན་རྣམས་ཐོས་པ་ཙམ་གྱི་མོད་ལ་ལས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་བགེགས་བྱེད་པ། འཕངས་པ། ཡོངས་སུ་མ་སྤྱད་པ། མ་ཟད་པ། མ་སྦྱངས་པ་གང་གཱའི་ ཀླུང་གི་བྱེ་མའི་ཚད་སྙེད་ཀྱང་མ་ལུས་པར་ཟད་པར་འགྱུར་ཏེ། འབྲས་བུ་འགྲུབ་པར་མི་འགྱུར་རོ། །མཚམས་མེད་པའི་ལས་རྣམས་དང་། དམ་པའི་ཆོས་སྤོང་བའི་ལས་རྣམས་དང་། འཕགས་པ་ལ་སྐུར་པ་འདེབས་པའི་ལས་རྣམས་ནི་མ་གཏོགས་སོ། །རིགས་ཀྱི་བུ་གང་ ལ་ལ་མི་ཟད་པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་འདི་ལན་ཅིག་ཙམ་སེམས་རྩེ་གཅིག་པས་ཉན་པར་བྱེད་ན་དེ་ལ་དགའ་བ་དང་། དད་པ་དང་། ཉེ་བར་རྟོག་པ་ཀུན་ཏུ་སྐྱེད་པར་བྱེད་དོ། །དེའི་ལས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་བགེགས་བྱེད་ པ། འཕངས་པ། ཡོངས་སུ་མ་སྤྱད་པ། མ་ཟད་པ། མ་སྦྱངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མ་ལུས་པར་ཟད་པར་འགྱུར་རོ་ཞེས་བྱ་བ་ནས་འབྲས་བུ་འགྲུབ་པར་མི་འགྱུར་བའི་བར་དུ་འགྱུར་རོ། །དེ་དགེ་བའི་རྩ་བ་ཇི་ལྟ་བུ་ཀུན་ཏུ་སྤྱོད་ཀྱང་རུང་། གལ་ཏེ་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ཀུན་ཏུ་རྩོམ་པར་བྱེད་ན་ཡང་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་། རྐྱེན་གྱི་རྒྱལ་བ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་འགྱུར་རོ། །དེའི་ཁྱིམ་ལོངས་སྤྱོད་ཟད་མི་ཤེས་པར་ ཡང་འགྱུར་རོ། །ལུས་དང་། ངག་དང་། ཡིད་སེར་སྣའི་དྲི་མ་དང་བྲལ་བས་སྣོད་ཡིན་ཞིང་། སྣོད་དུ་གྱུར་པའི་སྦྱིན་གནས་ལ་བརྙས་པ་མེད་པའི་སེམས་ཀྱིས་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་བྱིན་པར་བྱེད་ན། ཐ་ན་ཡན་ལག་གི་དམ་པ་མགོ་ཡོངས་སུ་གཏོང་བར་བྱེད་ན་ཡང་ དེ་ལ་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སུས་ཀྱང་བར་ཆད་བྱ་བར་མི་ནུས་ཏེ། མཚམས་མེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། དམ་པའི་ཆོས་སྤོང་བར་བྱེད་པ་ནི་མ་གཏོགས་སོ། །གལ་ཏེ་ཡང་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ པ་ན་དེ་འདི་ལྟ་བུ་རྩོམ་པར་བྱེད་དེ། འཕགས་པ་དགྱེས་པ་དང་། འཕགས་པས་བྱིན་གྱིས་བརླབས་པ་དང་། རྣམ་པར་དག་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། ངེས་པ་ལ་གནས་པར་བྱེད་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་དད་པར་ བྱ་བའི་འོས་སུ་གྱུར་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན། གཞན་ལ་མི་སྨོད་པ་ཡིན། བདག་ལ་མི་སྟོད་པ་ཡིན་ཞིང་རྙེད་པ་དང་བཀུར་སྟི་ལ་ལྷག་ པར་ཆགས་པ་མེད་པས་ཉིན་མཚན་འདས་པར་བྱེད་དོ། །བདེ་བར་གཉིད་ཀྱིས་ལོག་པ་དང་། བདེ་བར་སད་པར་འགྱུར་རོ། །གནོད་པ་ཆུང་བ་དང་། བཟའ་བ་དང་། བཏུང་བ་མོད་ཅིང་མང་བ་དང་། སྙིང་རྗེ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ དང་། རྩོལ་བ་དོན་ཡོད་པར་འགྱུར་རོ། །ཕྱི་མའི་དུས་ན་འཆི་བའི་ཚེ་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་བར་འགྱུར་ཞིང་དེ་དག་ཀྱང་དེ་ལ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །ཁྱོད་ཚུལ་ཁྲིམས་སྐྱོན་མེད་པ་ཡིན་གྱིས་ངེད་ཀྱི་ཞིང་ ཡོངས་སུ་དག་པ་དག་ཏུ་ཚུར་ཤོག །དེར་ངེད་ཀྱིས་ཁྱོད་ས་བཅུ་ལ་རྣམ་པར་གཞག་པར་བྱའོ་ཞེས་ལུང་སྟོན་པར་འགྱུར་རོ། །དེ་སངས་རྒྱས་མཐོང་བའི་རྒྱུས་འཕགས་པའི་དགའ་བ་དང་། དད་པ་སྐྱེ་བར་འགྱུར་རོ། །དེ་འཆི་བའི་དུས་བྱས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པ་སྟོང་པ་མ་ཡིན་པ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་ཡང་མྱུར་དུ་ས་བཅུ་འཐོབ་པར་འགྱུར་རོ། །དེ་ས་བཅུ་ལ་གནས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྐྱེས་བུ་དེ་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ ཐོས་པ་ཙམ་གྱི་མོད་ལ་དེ་གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་དེ་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱེད་པ་དང་། དོན་འཐུན་པས་བརྩོན་འགྲུས་དང་། སྟོབས་དང་། སྤྲོ་བ་དང་། བློ་དང་། ཕ་རོལ་གནོན་པ་དམ་པ་དེ་ལྟ་བུ་དང་ལྡན་ པར་འགྱུར་རོ། །ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། མིའི་དབང་པོ་ཐམས་ཅད་ཀྱིས་དད་པར་བྱ་བའི་འོས་ སུ་གྱུར་པ་ཡིན། མཆོད་པའི་འོས་སུ་གྱུར་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན། དྲན་པར་བྱ་བའི་འོས་སུ་གྱུར་པ་ཡིན། མངོན་པར་དགའ་བར་བྱ་བའི་འོས་སུ་གྱུར་པ་དང་། རབ་ཏུ་སྲུང་བའི་འོས་སུ་གྱུར་པ་ཡིན་པ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །སྐྱེས་བུ་དེ་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ཐོས་པ་ཙམ་གྱི་མོད་ལ་གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་དེ་སེམས་ཅན་ཐམས་ཅད་དང་བྲལ་བ་དང་། མི་དམིགས་པ་དང་ལྡན་པ་དང་། འཕགས་པས་བྱིན་ གྱིས་བརླབས་པ་དང་། ཆོས་ལ་དམིགས་པའི་བཟོད་པ་དེ་ལྟ་བུ་འཐོབ་པར་འགྱུར་ཏེ། དེས་ཀྱང་དེའི་ཡན་ལག་དང་ཉིང་ལག་དག་ཕྱུང་ཞིང་བཅད་ན་ཡང་སེམས་ཀྱི་སྐད་ཅིག་གཅིག་ཀྱང་ཁྲོ་བ་སྐྱེད་པར་མི་འགྱུར་ཞིང་ཁྲོ་བ་ཐམས་ཅད་སྤངས་པར་འགྱུར་རོ། །ལྷའི་དབང་པོ་ཐམས་ ཅད་ནས་མིའི་དབང་པོ་ཐམས་ཅད་ཀྱི་བར་གྱིས་དད་པར་བྱ་བའི་འོས་སུ་གྱུར་པ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །དེ་བཞིན་དུ་སྐྱེས་བུ་དེ་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ཐོས་པ་ཙམ་གྱི་མོད་ ལ་གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་མྱུར་དུ་འཕགས་པས་བྱིན་གྱིས་བརླབས་པ་དང་། ཆོས་ལ་དམིགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་ ཀྱི་སྒོ་དང་། བཟོད་པའི་སྒོ་དེ་ལྟ་བུ་བྱེ་བ་ཕྲག་བརྒྱ་སྟོང་ཐོབ་པར་འགྱུར་རོ། །དུས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །དེ་ལྷའི་དབང་པོ་ཐམས་ཅད་ནས་མིའི་དབང་པོ་ཐམས་ཅད་ཀྱི་བར་གྱིས་བསམས་པར་འགྱུར་ཞིང་དད་པར་བྱ་བའི་འོས་ སུ་གྱུར་པ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལ་མི་ཟད་པའི་སྦུབས་ལུང་བསྟན་པ་ཞེས་བྱ་བ་འདི་ལན་ཅིག་ཙམ་སེམས་རྩེ་གཅིག་པས་ཉན་པར་བྱེད་ན་དེ་ལ་ལྷག་པར་ཡང་དགའ་ བ་དང་། དད་པ་དང་། ཉེ་བར་རྟོག་པ་ཀུན་ཏུ་སྐྱེད་པར་བྱེད་དོ། །དེ་ལས་ཀྱི་སྒྲིབ་པ་དང་། སེམས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ཀྱི་བགེགས་བྱེད་པ། འཕངས་པ། སོ་སོར་མ་རྟེན་པ། མ་ཟད་པ། མ་ སྦྱངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མ་ལུས་པར་ཟད་པར་འགྱུར་ཏེ། དེ་ལ་འབྲས་བུ་འགྲུབ་པར་མི་འགྱུར་རོ། །མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བར་བྱེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པར་བྱེད་པའི་ལས་རྣམས་ནི་མ་གཏོགས་སོ། །དེ་གང་ གི་ཚེ་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་ འགྱུར་རོ། །དབེན་པ་ལ་མངོན་པར་དགའ་བར་འགྱུར་རོ། །གང་དག་གིས་དེ་ལ་འཕགས་པའི་ཤེས་རབ་ཀྱི་དབང་པོ་ལེགས་པར་སྦྱང་བར་བྱས་པ་དང་། ཤིན་ཏུ་མཐར་ཕྱིན་པར་འགྱུར་བའི་ཆོས་དེ་ལྟ་བུ་དག་དེའི་སེམས་དང་སེམས་ལས་བྱུང་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། ། དེ་ཆོས་ཐམས་ཅད་ལ་ཞུགས་པར་འགྱུར་ཞིང་ཐེ་ཙོམ་མེད་པ་དང་ཐེ་ཙོམ་ལས་རྒལ་བར་འགྱུར་རོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར་རོ། །དེ་ལྷའི་དབང་པོ་ཐམས་ཅད་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་ མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། མིའི་དབང་པོ་ཐམས་ཅད་ཀྱིས་དད་པར་བྱ་བའི་འོས་སུ་གྱུར་པ་དང་། དྲན་པར་བྱ་བའི་འོས་སུ་གྱུར་པ་དང་། མངོན་པར་དགའ་བར་བྱ་བའི་འོས་སུ་གྱུར་པ་དང་། མཆོད་པ་བྱ་བའི་འོས་སུ་གྱུར་པ་དང་། ཕྱག་བྱ་ བའི་འོས་སུ་གྱུར་པ་དང་། རབ་ཏུ་བསྲུང་བའི་འོས་སུ་གྱུར་པ་ཡིན་ནོ། །དེ་ཕྱི་མའི་དུས་ན་འཆི་བའི་ཚེ་ཕྱོགས་བཅུ་ཀུན་ཏུ་གོམས་པའི་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་ལ་ཕྱག་རྐྱོང་བར་མཛད་ཅིང་དེ་ལ་ འདི་སྐད་དུ་སྐྱེས་བུ་དམ་པ་ངེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཚུར་ཤོག །དེར་གནས་པར་བྱོས་ཤིག །དེར་ངེད་ཀྱིས་རིགས་པས་ས་བཅུ་ལ་གཞག་པར་མཛད་དོ་ཞེས་ཀྱང་གསུང་བར་འགྱུར་རོ། །དེ་སངས་རྒྱས་མཐོང་བ་དང་། འཕགས་པའི་དགའ་བ་དང་། དད་ པ་དེས་འཆི་བའི་དུས་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོང་པ་མ་ཡིན་པ་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་ཡང་ས་བཅུ་འཐོབ་ཅིང་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་བུ་མི་ཟད་པའི་ སྦུབས་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་ཕན་ཡོན་ཆེ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་ནས་སྨད་ཅིང་བོར་བ་མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། ལྟུང་བའི་རྩ་བ་བྱུང་བའི་སེམས་ ཅན་གང་མི་ཟད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་ཐོས་ནས་བྱམས་པའི་སེམས་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། མཉམ་པའི་སེམས་དང་ལྡན་པ་དང་། ཕྲ་མ་མི་བྱེད་པའི་སེམས་དང་ལྡན་པ་དང་། ཚིག་ཀྱལ་པ་མི་ སྨྲ་བའི་སེམས་དང་ལྡན་པས་ལོ་བདུན་དུ་གནས་པར་བྱེད་ཅིང་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བྱེད་ལ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོའི་ལྷ་ང་གཉི་ག་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་མངོན་དུ་སངས་ རྒྱས་ཡིད་ལ་བྱེད་པས་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་དྲན་པར་བྱེད་ན་ལོ་བདུན་འདས་ནས་དེའི་ལས་དྲག་པོ་ཐམས་ཅད་མ་ལུས་པར་ཟད་པར་འགྱུར་ཞིང་སྦྱངས་པར་འགྱུར་ཏེ། རིགས་ཀྱི་བུ་མི་ཟད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ཡིན་ ནོ། །འདིར་དབང་ཕྱུག་ལ་མངོན་པར་འདོད་པའི་བུད་མེད་གང་ཞིག་མི་ཟད་པའི་སྦུབས་ལུང་བསྟན་པ་འདི་ཐོས་ནས་ཟླ་བ་བདུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་པུས་མོའི་ལྷ་ང་གཉི་ག་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་མདུན་དུ་མངོན་དུ་སངས་རྒྱས་ཡིད་ལ་བྱེད་པས་མི་ཟད་ པའི་སྦུབས་ལུང་བསྟན་པ་འདི་དྲན་པར་བྱེད་ན་བུད་མེད་དེ་རིས་འཐུན་པར་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར་རོ། །ཕྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རང་གི་སྨོན་ལམ་མ་གཏོགས་པར་འཁོར་བར་བུད་མེད་ཀྱི་དངོས་པོ་འཐོབ་པར་མི་འགྱུར་རོ། །ཁྱོད་ མངོན་པར་འདོད་པའི་བུད་མེད་གང་ཞེས་བྱ་བ་ནས་རིགས་མངོན་པར་འདོད་པའི་བུད་མེད་གང་ཞེས་བྱ་བའི་བར་དང་། ནོར་མངོན་པར་འདོད་པའི་བུད་མེད་གང་ཞེས་བྱ་བའི་བར་དང་། མངལ་ན་བུ་ཡོད་པའི་ཁུར་གྱིས་སྐྱོ་བའི་བུད་མེད་གང་ཞེས་བྱ་བའི་བར་དང་། བུ་མངོན་པར་ འདོད་པའི་བུད་མེད་གང་ཞེས་བྱ་བའི་བར་དེ་ཁྲུས་བྱས་ནས་བྱི་འཆོར་པ་སྲུང་བར་བྱེད་ཅིང་ཉིན་ལན་གསུམ་དབེན་པར། མཚན་ལན་གསུམ་དབེན་པར་པུས་མོའི་ལྷ་ང་གཉི་ག་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་མདུན་དུ་མངོན་དུ་སངས་རྒྱས་ཡིད་ ལ་བྱེད་པས་མི་ཟད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་དྲན་པར་བྱེད་ན་བུད་མེད་དེ་བུ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འབྱུང་བར་འགྱུར་རོ། །བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་ཡང་རང་གི་སྨོན་ལམ་མ་གཏོགས་པར་དེའི་བུད་མེད་འཐོབ་པའི་ཐ་མ་ཡིན་ནོ། ། མི་ཟད་པའི་སྦུབས་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་དེ་ལྟར་ཕན་ཡོན་ཆེ་བ་སྟེ་ཁྱེད་ཀྱིས་སྔོན་མ་ཐོས་པ་ཡིན་ནོ། །ཏད་ཡ་ཐཱ། ཤ་ར་ཎ་བྱ་ཡ། ཤིཀྵ་བྱ་ཡ། སྨྲྀཏི་བྱ་ཡ། བྲ་ཧྨ་ཎི་བྱ་ཡ། རྀདྡྷིབྱ་ཡ། ཨིནྡྲཱི་ཡ་བྱ་ཡ། བ་ལ་བྱ་ཡ། བོ་དྷྱངྒ་བྱ་ཡ། ས་མཱ་དྷི་བྱ་ཡ། དྷཱ་ར་ ཎཱི་བྱ་ཡ། ཀྵཱན་ཏི་བྱ་ཡ། བྷྱ་ན་བྱ་ཡ། ཨ་རཱུ་པ་བྱ་ཡ། ཨ་ནི་ན་ཛ་བྱ་ཡ། མཱརྒ་བྱ་ཡ། ཨ་བི་ཛྙཱ་བྱ་ཡ། པྲ་ཏི་ས་མ་བིད་བྱ་ཡ། བྷཱུ་མི་བྱ་ཡ། བིདྱཱ་བྱ་ཡ། མ་ཧཱ་མཻ་ཏྲི་བྱ་ཡ། མ་ཧཱ་ཀཱ་རུ་ཎཱ་བྱ་ཡ། པྲཱི་ཐྭཱི་བྱ་ཡ། ས་ཏྭ་བྱ་ཡ། དྷ་རྨ་བྱ་ཡ། ཏ་མོ་བྱ་ཡ། ཨ་ལོ་ཀ་བྱ་ཡ། པྲ་ཏི་བྷ་ས་བྱ་ཡ། པྲ་ཏི་ཤྲུད་ཀ་བྱ་ཡ། ག་ག་ན་བྱ་ཡ། མ་རུ་ཏ་བྱ་ཡ། ཤཱུ་ནྱ་ཏཱ་བྱ་ཡ། པྲ་ཎི་ཧི་ཏ་བྱ་ཡ། ཨ་ནི་མིཏྟ་བྱ་ཡ། རུ་ཏ་བྱ་ཡ། གྷོ་ཥ་བྱ་ཡ། ཀིན་ཙ་ནཱ་བྱ་ཡ། ཨ་བྷི་ས་མ་ཡ་ཨ་ནཱུ་ན། ཨ་པ་ཧ། ཙ་ཙ་ཙ་ཙ། ཙཱ་རཱ་ཙ། ཙ་ར་བི་མུ། ཙ་བི་ཙཀྵ་ཙ། ཀུ་ཙ་ཙཱ་ ར་བི་མུ། བྱ་ཡ་བི་མུ། ཀྵ་ཡ་བི་མུ། ཨ་ས་མུ་དྲ། ཙ་ར་བི་མུ། ཙྪ་ད་བི་མུ། ཨཱ་ཀཱ་ཤ་བི་མུ། བྱུ་པ་ཤ་མ་བི་མུ། ཨ་ནཱ་བྷ་ས་བི་མུ། ཨ་ཧ་ཏ་བི་མུ། ཨཱ་ར་པཱ་ར་བི་མུ། ཨ་ར་པ་ར་བི་མུ། ཨུ་པ་ཤ་མ་ས་ལི་ལ་བི་མུ་སྭཱ་ཧཱ། རིགས་ཀྱི་བུ་མི་ཟད་པའི་སྦུབས་ལུང་བསྟན་ པ་ཆེན་པོ་དེ་ནི་འདི་ཡིན་ཏེ། ཡོན་ཏན་ཆེ་བ། དོན་ཆེ་བ། ཕན་ཡོན་ཆེ་བ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། སེམས་ཅན་ཐམས་ཅད་འཁྲུ་བར་བྱེད་པ། སྣང་བར་བྱེད་པ། ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །ལོང་ལ་ ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཞུ་བའི་ཕྱིར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ཤིག །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་ཐོབ་ཅིང་ཤིན་ཏུ་དགའ་བ་ཐོབ་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒྲིབ་པ་ མི་མངའ་བའི་ཡེ་ཤེས་གཟིགས་པ་དང་། ལུང་བསྟན་པ་གང་གིས་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་དགེ་བའི་རྩ་བ་ཐམས་ཅད་ལ་བགེགས་བགྱིད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྲ་བ་དག་མ་ལུས་པར་བས་པར་འགྱུར་ཞིང་མྱུར་དུ་བྱང་གྲོལ་གྱི་བདེ་བ་ཡང་རྗེས་ སུ་འཐོབ་པར་འགྱུར་བའི་ལུང་བསྟན་པ་ཆེན་པོ་དེ་ལྟ་བུ་དེ་བཞིན་གཤེགས་པས་བསྟན་པ་ནི་ངོ་མཚར་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འཇིག་རྟེན་ཐམས་ཅད་སྒྲོལ་བགྱིད་པ། །མི་ཟད་སྦུབས་ བཤད་ཇི་ལྟ་བར། །སེམས་ཅན་དག་གི་ལས་རྣམས་ཀུན། །ཟད་བགྱིད་གཉིས་པ་མ་མཆིས་སོ། །འཁོར་བ་རང་གིས་ལས་གང་དག །བགྱིས་པ་རྣམས་ནི་རིང་དུ་སྤོང་། །སྡུག་བསྔལ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་གཟི་བརྗིད་ལྡན་པར་འགྱུར། ། སྲིད་པའི་རྒྱ་མཚོ་སྐེམས་བགྱིད་ཅིང་། །སྡིག་པ་ཐམས་ཅད་འཇོམས་པར་བགྱིད། །གང་ན་འདྲེན་པ་བཞུགས་འགྱུར་བའི། །ཞིང་དག་ཏུ་ནི་མྱུར་འགྲོ་བགྱིད། །སྡུག་བསྔལ་སྣོད་ཀྱི་འཁོར་བ་ན། །ཉེས་དམིགས་མང་པོ་མཐོང་ནས་ཀྱང་། །ཉོན་མོངས་ཐམས་ ཅད་སེལ་བགྱིད་ཅིང་། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །སེམས་ཅན་གང་ཚུལ་འདི་ཉན་ན། །ཐུབ་པར་དཀའ་བར་འགྱུར་བ་ལགས། །དེ་བས་བཀུར་སྟི་བགྱིས་ནས་མཉན། །དཔལ་ཀུན་ཐོབ་པར་བགྱིས་པ་ལགས། །བཙུན་པ་བཅོམ་ལྡན་འདས་མི་ཟད་པའི་ སྦུབས་ལུང་བསྟན་པ་ཆེན་པོ་འདི་བདག་གིས་བཟུང་ལགས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་བདག་མཆི་ལགས་སོ། །ཡང་དེའི་ཚེ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་དག་ལས་ལངས་ནས་རིང་པོ་མ་ལོན་པ་གྲངས་མེད་དཔག་ཏུ་མེད་པ་ དག་གིས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། འདུས་པ་ཆེན་པོ་བལྟ་བ་དང་། ཉི་ མའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་སྔོན་ཆད་མ་ཐོས་པ་ཉན་པར་འཚལ་ལགས་ན་བཅོམ་ལྡན་འདས་དེར་བདག་ཅག་མཆི་བར་གནང་བར་མཛད་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཐམས་ཅད་ ལྷན་ཅིག་འཐུན་པར་བརྒྱ་བྱིན་གྱི་ཆ་བྱད་དང་། སྤྱོད་ལམ་དང་། རྟགས་དང་། དབྱིབས་དག་དང་། དབང་ཕྱུག་ལ་དབང་བས་དེང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་ དཔག་ཏུ་མེད་པ་ཐམས་ཅད་དང་ལྷན་ཅིག་ཏུ་ཐམས་ཅད་འགྲོགས་ཤིང་འཐུན་པར་བརྒྱ་བྱིན་གྱི་ཆ་བྱད་དང་། སྤྱོད་ལམ་དང་། རྟགས་དང་། དབྱིབས་དག་དང་། དབང་ཕྱུག་ལ་དབང་བར་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་དབང་ རྒྱལ་པོའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ཏེ་དེ་ནས་ཆས་སོ། །དེ་དག་ཡུད་ཙམ་གྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། དེ་དག་ཕྱིན་པའི་མོད་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ ལ་མཆོད་པའི་ལས་བྱ་བའི་ཕྱིར་སྤོས་ཀྱི་ཆར་ཆེན་པོ་མངོན་པར་རབ་ཏུ་ཕབ་སྟེ། འདི་ལྟ་སྟེ། ཙན་དན་གོར་ཤིར་ཥ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ཏ་མ་ལའི་འདབ་མ་དང་། ཨ་ག་རུ་དང་། རྒྱ་སྤོས་དང་། དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱི་ཕྱེ་མའི་ཆར་མངོན་པར་ རབ་ཏུ་ཕབ་བོ། །དེ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཀྱང་ཐམས་ཅད་བརྒྱ་བྱིན་གྱི་ཆ་བྱད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་ འདས་ནི་དེའི་བར་དུ་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཐབས་ཅིག་ཆོས་ཀྱིས་གནས་པའི་གཏམ་ཀུན་ཏུ་སྤྱོད་པར་མཛད་དོ། །ཡང་དེའི་ཚེ་ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་ པ་དེ་ན། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་གནས་པ་སྙིང་པོའི་རྒྱལ་མཚན་ཞེས་བྱ་བ་ཡོད་དོ། །སངས་རྒྱས་ཀྱི་ཞིང་སྙིང་པོའི་རྒྱལ་མཚན་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་ བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་འཁོར་བཞི་པོ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཁོར་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་ཞེས་བྱ་བ་ཆོས་མཉན་པའི་ཕྱིར་འདུས་ཏེ་འདུག་པར་ གྱུར་ཏོ། །དེས་ཀྱང་གྱེན་དུ་རྣམ་པར་བལྟས་སོ། །དེས་སྟེང་གི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་ནུབ་ཕྱོགས་ཀྱི་ཕྱོགས་ཆ་ནས་ཤར་ཕྱོགས་སུ་འགྲོ་བ་དག་མཐོང་ངོ་། །དེས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་དག་འདོང་བའི་ཤར་ཕྱོགས་ལ་རྣམ་པར་བལྟས་ཏེ། དེས་དེར་སྣང་བ་ཆེན་པོ་མཐོང་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་ལ་ཡོངས་སུ་ཞུས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དང་། རིགས་ཀྱི་བུ་ཤར་ཕྱོགས་ཀྱི་ཕྱོགས་ཆ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་ནས་སྙིགས་མ་ལྔ་དང་ལྡན་པར་ གནས་པ་དེ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ་ཞེས་བྱ་བའི་བར་དང་། དེའི་ཚེ་དེ་ན་འདུས་པ་ཆེན་པོ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་དེ་ཆོས་ཀྱི་ཚུལ་དང་དཀོན་མཆོག་གསུམ་གྱི་གདུང་རིང་དུ་གནས་པར་མཛད་པའི་ཕྱིར་དང་། ཆོས་ཀྱིས་གནས་པ་ཉིད་རྒྱུན་མི་གཅད་པའི་ཕྱིར་དང་། བདུད་ཀྱི་ཡུལ་རྣམ་པར་འཇིག་པར་མཛད་པའི་ཕྱིར་དང་། ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་ མཛད་པའི་ཕྱིར་ཐེག་པ་གསུམ་རྣམ་པར་གཏན་ལ་དབབ་པ་བསྟན་པའི་སྒོའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་སྟོན་ཏོ། །དེར་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་ནས་རིན་པོ་ཆེའི་ཏོག་ཅེས་བྱ་བའི་གཟུངས་སྔགས་བཤད་ནས་ཀྱང་དེ་དག་གཤེགས་པར་མཛད་དོ། ། ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་ཀྱི་འདུས་པ་ཆེན་པོ་ཡང་དག་པར་འདུས་པར་མཛད་དེ། དེར་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་སྤྱན་གསུམ་དང་། ཚངས་པའི་ གནས་པ་དག་བསྟན་ཀྱང་ད་དུང་འཁོར་སངས་རྒྱས་ཀྱི་ཞིང་མི་མཇེད་ས་དང་ནམ་མཁའི་ལམ་ཐམས་ཅད་མ་འདྲེས་པར་གང་བ་ཞིག་དེ་བཞིན་གཤེགས་པ་མཆོག་ཏུ་སྙན་པར་གསུང་བ་ཤཱཀྱ་ཐུབ་པའི་ཆོས་བསྟན་པས་ངོམས་པ་མེད་དོ་ཞེས་བྱ་བའི་བར་ཇི་ལྟར་སྔར་གསུངས་པ་ བཞིན་ཏེ། རིགས་ཀྱི་བུ་ཁྱོད་ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཞུ་བའི་ཕྱིར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་སྤྲོ་ན། དེར་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ ལས་ཟད་པར་འགྱུར་བའི་གཟུངས་སྔགས་ལ་ངས་དད་པ་སྦྱིན་པར་མཛད་དོ། །དེར་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་བཟོད་པ་མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས། ཟད་པ་ཤེས་པ་སྐྱེད་པའི་བར་བྱེད་པ། མི་སྐྱེ་བ་ཤེས་ པ་རྟོགས་པར་བྱེད་པ། མ་རིག་པའི་མུན་པའི་ཕུང་པོ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པ་འདི་བསྐུར་བར་མཛད་དོ། །ཏད་ཡ་ཐཱ། ཤ་ན་ཤ་བ། མ་ཤ་ན་ཤ་བ། ཨ་བཀྵ་ཤ་བ། ཀྵུ་ཀྵུ་ཏ་ཤ་བ། ཙཀྵུ་ཤ་བ། ཤྲོ་ ཏྲ་ཤ་བ། གྷྲཱ་ཎ་ཤ་བ། ཛི་ཧྭ་ཤ་བ། ཀཱ་ཡ་ཤ་བ། མ་ན་ཤ་བ། ཀྵུ་བྷ་བི་དྷ། ཙཀྵུ་པྲ་ཏི་བི་ཤ་བ། ཤྲོ་ཏྲ་ཨ་བྷ་ཀྵ་བྷ། གྷྲཱ་ཎ་ཏེ་ཛ་ཀྵ་བྷ། ཛི་ཧྭ་བཱ་ཡུ་ཀྵ་བྷ། ཀཱ་ཡ་ཀྲ་མ་ཀྵ་བྷ། མ་ན་ཨོ་ཛ། ཨཱ་ལོ་ཀ་ཛྙཱ་ཡཀྵ་བྷ། བཱི་ཛ་སང་ཀྲ་མ་ཀྵ་བྷ། ཨང་ག་ར་ཁ་ག་ ཀྵ་བྷ། ས་མཱ་རོ་པ་བྱ་ཡཀྵ་བྷ། ཤ་མ་ཀ་ན་ཀྵ་བྷ། ཀྵ་ཡ་ཀ་ར་ས་ཀྵ་བྷ། ཤཱ་ན་ཏ་བྱ་ཏྱ་སྠ་ཀྵབྷ། ན་ཏོ་ཏཻ་ཏ་ཏོ་ན། ཨ་ཙ་ནཻ་ན་ན་ཏོ་ན། ན་གྷ་བ་ན་ཡི་ན་ཏོ་ན། ཨེ་ཤ་ཨེ་བཱན་ཏོ་དུ་ཁ་སྱ་སྭཱ་ཧཱ། རིགས་ཀྱི་བུ་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་དེ་ ནི་འདི་ཡིན་ཏེ། མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཁུར་ཐམས་ཅད་འདོར་བར་བྱེད་པའི་བར་ ཡིན་ནོ། །ལོང་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ཤིག །ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་གནོད་པ་ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་། བདེ་བར་རེག་པ་ལ་གནས་སམ་ཞེས་ཀྱང་ཞུས་ལ། དེ་ལ་འདི་སྐད་དུ་ནུབ་ ཕྱོགས་ཀྱི་ཕྱོགས་ཆ་ན་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་དེ་ན་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་གནས་པ། སྙིང་པོའི་རྒྱལ་མཚན་ཞེས་བགྱི་བ་མཆིས་སོ། །སངས་རྒྱས་ཀྱི་ ཞིང་སྙིང་པོའི་རྒྱལ་མཚན་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་ཞེས་བགྱི་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་འཁོར་བཞི་པོ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་ཀྱང་བདག་དེ་ནས་འདིར་བཅོམ་ལྡན་འདས་ལ་ཡོངས་སུ་ཞུ་བའི་སླད་དུ་བཏང་བ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཅི་སྙུང་བ་མི་མངའ་ལགས་སམ། གནོད་པ་ཆུང་ངམ། ཁྱོད་ཀྱི་འཁོར་བྲོ་ འཚལ་བ་མ་མཆིས་ལགས་སམ། དམ་པའི་ཆོས་ཉན་པར་འཚལ་བ་དག་ལགས་སམ། ཇི་ལྟར་ཐོས་པ་བཞིན་དུ་ཆོས་དང་ལྡན་པ་ལགས་སམ། ཆོས་དེ་ལ་ནན་ཏན་སྙིང་པོར་བགྱིད་པ་ལགས་སམ། ཆོས་ཀྱིས་གནས་པ་དང་ལྡན་པར་གནས་ལགས་སམ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་བདུད་ཀྱི་ཡུལ་དང་། ཀླུའི་ཡུལ་བཅོམ་ལགས་སམ། སངས་རྒྱས་གཅིག་གི་ཡུལ་ལགས་སམ། འདིར་ཁྱོད་ཀྱི་ཆོས་ཀྱི་འཁོར་ལོ་ཐོགས་པ་མ་མཆིས་པར་སྐོར་བར་མཛད་ལགས་སམ། གང་ལ་ལ་སངས་རྒྱས་ཀྱི་ཡུལ་འདིར་ཆོས་མ་ ལགས་པའི་འཁོར་ལོ་སྐོར་བ་དེའི་སླད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་དང་། སེམས་ ཅན་རྣམས་ཀྱི་ལས་ཟད་པར་འགྱུར་བའི་གཟུངས་སྔགས་འདི་ལ་དད་པར་སྩོལ་བར་མཛད་ཅིང་། དེ་ནས་ཀྱང་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་སྟོབས་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ། གཟུགས་ ཀྱི་འདོད་ཆགས་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་པ་ཞེས་བྱ་བ་ནས་སྡུག་བསྔལ་གྱི་ཁུར་ཐམས་ཅད་འདོར་བར་བྱེད་པ་འདི་དེས་བསྐུར་ལགས་སོ་ཞེས་བྱ་བའི་བར་གསོལ་ཅིག་ཅེས་བྱ་བ་སྔ་མ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་ དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་ཕན་ཡོན་བདག་གིས་བཟུང་ལགས་ན་བཙུན་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་མཆི་བ་ལ་འཇིགས་པ་འབའ་ཞིག་མཆིས་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། ད་ལྟར་བཅོམ་ལྡན་འདས་ལ་བདག་གིས་མངོན་དུ་ཐོས་ཤིང་མངོན་དུ་ཡོངས་སུ་བཟུང་ལགས་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་སེམས་ཅན་རྣམས་མཆོག་ཏུ་ལྟ་བ་མི་ཟད་པས་སྡུག་བསྔལ་ཐོབ་པར་གྱུར་པ་མཆོག་ཏུ་འདོད་ཆགས་ཀྱི་ཤས་ཆེ་ བ། དམུས་ལོང་དང་འདྲ་བ་དག་ལགས་ཏེ་ཞེས་བྱ་བ་ནས། བུད་མེད་ཀྱི་ཉེས་པས་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ་དག་དང་། ཡུད་ཙམ་ཁོ་ནས་མནར་མེད་པར་འཆི་བར་འགྱུར་བའི་སླད་དུའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་དེ་བཞིན་ གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལན་ཐོབ་ཤིག་ལན་ཐོབ་ཤིག །འོ་ན་ཁྱོད་ཀྱིས་ཞག་དགུ་ལ་གླིང་བཞི་པ་བར་མའི་སངས་རྒྱས་ཀྱི་ཞིང་ མི་མཇེད་དེར་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གི་ཆ་བྱད་ཀྱིས་རྒྱ་མཚོ་ཆེན་པོར་ཀླུ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་འཇིགས་པར་ཀུན་ཏུ་བསྟན་པའི་རྐྱེན་གྱིས་སྐྱབས་གསུམ་དུ་འགྲོ་བ་ལ་རྣམ་པར་མ་བཀོད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དུ་མ་བཅུག་ གམ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །ཇི་སྐད་གསུངས་པ་དེ་ལྟ་ལགས་ཏེ། བདག་གིས་ཀླུ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་དག་འཇིགས་པར་ཀུན་ཏུ་བསྟན་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་ལགས་སོ། ། རིགས་ཀྱི་བུ་འོ་ན་ཁྱོད་ཀྱིས་གླིང་བཞི་པ་བར་མ་དེ་ན་གང་ན་ཆར་པ་མེད་པ་དེར་གང་བསྟན་པ་ལས་དེ་ན་གནས་པའི་ཀླུ་ཐམས་ཅད་འཁྲུག་པར་འགྱུར་ཞིང་། དེ་དག་འཁྲུགས་ནས་ཀྱང་ཞག་བདུན་དུ་ཆར་པ་མངོན་པར་རབ་ཏུ་འབེབས་པར་བྱེད་པའི་གླང་པོ་ཆེའི་ཀླུ་ཆེན་པོ་དག་དང་། རྟའི་ཀླུ་ཆེན་པོ་དང་། སྦྲུལ་གྱི་ཀླུ་ཆེན་པོ་དག་མ་བསྟན་ཏམ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། སྔོན་གྱི་སྨོན་ལམ་གྱི་བྱེ་བྲག་གིས་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། ངས་ཁྱོད་དེར་མངགས་ན་དེ་ཇི་ལྟར་ ཁྱོད་དངང་བར་བྱེད། བྱང་ཆུབ་སེམས་དཔའ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། རིན་པོ་ཆེའི་གཏེར་ཆེན་པོ་ཞིག་མཆིས་པར་གྱུར་ལ། དེ་ནས་སྐྱེས་བུ་མཁས་པའི་རང་བཞིན་ཅན་ལ་ལ་དེར་མཆིས་ནས་སེན་མོ་དག་གིས་ རྐོ་བར་བགྱིད་ན་དེ་ཇི་ལྟ་ཇི་ལྟར་སེན་མོ་དག་གིས་རྐོ་བར་བགྱིད་པ་དེ་ལྟ་དེ་ལྟར་རིན་པོ་ཆེའི་ཕུང་པོ་ཆེན་པོ་ཆེས་མང་དུ་རྙེད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་དུ་མཁས་པས་དེ་བཞིན་གཤེགས་པའི་གཏེར་ཡང་ཚིག་དེ་ལྟ་བུ་དག་གིས་ཇི་ལྟ་ཇི་ལྟར་ཕྱུང་བ་དེ་ ལྟ་དེ་ལྟར་དེ་ནས་ཆོས་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཆེས་ཕལ་ཆེར་འཐོབ་པར་འགྱུར་ལགས་པས་དེར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཆོས་ཀྱི་ཕྱག་རྒྱ་གང་གིས་དེ་བཞིན་གཤེགས་པའི་སྟོབས་སྐྱེད་པས། དེར་བདག་གིས་སེམས་ཅན་ཆེས་མང་པོ་ཡོངས་ སུ་སྨིན་པར་བགྱིད་པའི་ཆོས་ཀྱི་ཕྱག་རྒྱ་ཆེས་མང་དུ་དེ་བཞིན་གཤེགས་པ་ལས་བདག་ཡོངས་སུ་ཚོལ་བར་བགྱིད་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ངས་ལུང་བསྟན་པ་ཆེན་པོ་རིག་སྔགས་ཀྱི་རྟེན་ཅེས་བྱ་བ་ཁྱོད་ལ་སྦྱིན་པར་མཛད་དོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བཞི་པ། ཏད་ཡ་ཐཱ། ས་ཏྲི་ར་ཎ་ཤ་མ། ས་མུ་ད་ཐཱ་ན་ཤ་མ། ཨ་བརྫ་ན་ཤ་མ། སྭ་རྃ་ག་ཤ་ས་མ། སྃ་ཡོ་ག་ཤ་མ། བན་དྷ་ན་ཤ་མ། ས་མ་བི་ས་ར་ཤ་མ། བཱ་ཏཱི་ན་ཤ་མ། ས་མཱ་ཀྲ་མ་ཤ་མ། ཨ་བིདྱཱ་ཤ་མ། སྃ་སྐཱ་ར་ཤ་མ། བི་ཛྙཱ་ན་ཤ་མ། ནཱ་མ་རཱུ་པ་ཤ་མ། ཥ་ཌཱ་ཡ་ཏ་ན་ཤ་མ། སྤརྴ་ཤ་མ། བེ་ད་ན་ཤ་མ། ཏྲྀཥྞཤ་མ། ཨུ་པཱ་ད་ན་ཤ་མ། བྷ་བ་ཤ་མ། ཛཱཏི་ཤ་མ། ཛ་རཱ་མ་ར་ཎ་ཤ་མ། ཡཱ་བད་སརྦ་མ་ནུ་ཥྱ་ཤ་མ། ཡཱ་བད་སརྦ་ཏྲཻ་དྷཱ་ཏུ་ཀསྃ་སྐྲྀཏ་ཤ་མ། ཨཱ་ར་པཱ་ར་ཤ་མ། འདི་ནི་རིག་སྔགས་ཀྱི་རྟེན་ལུང་སྟོན་པ་ཆེན་པོ་ཡིན་ཏེ། ལུང་ བསྟན་པ་དེས་ན་དེར་སེམས་ཅན་རྣམས་ཀྱིས་ཐོས་པ་ཙམ་གྱིས་སྲེད་པ་ཆུང་ངུ་དང་། འབྲིང་དང་། རབ་དང་། སྲིད་པའི་རྒྱུ་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་ཞིང་གཟུགས་དང་། གཟུགས་མེད་པའི་སྲིད་པའི་རྒྱུ་བྱེད་པའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་ འགྱུར་བ་ཡིན་ནོ། །ཉོན་མོངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་བསྙིལ་བར་འགྱུར་རོ། །འགྲོ་བ་ལྔ་ལུས་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་སྔོན་ཆད་བྱས་པ་འབྲས་བུ་མཐར་མ་ཕྱིན་པ་དང་མ་སྦྱངས་པ་ཐམས་ཅད་ཀྱང་ལྡོག་པར་འགྱུར་རོ། །རིག་སྔགས་ ཀྱི་རྟེན་ལུང་སྟོན་པ་འདི་གང་གིས་རིས་འཐུན་པར་སེམས་རྩེ་གཅིག་པས་མཉན་ནས་ཉིན་ཞག་བདུན་དུ་ལས་གཞན་མི་བྱེད་པར་ཆོས་འདི་རྣམ་པར་སྒོམ་པར་བྱེད་ན་དགེ་བའི་ཕྱོགས་ཐམས་ཅད་ལས་ཡོངས་སུ་ཉམས་པར་བྱེད་པ་དང་། བགེགས་བྱེད་པ་དང་། ནོར་ཡོངས་སུ་ ཉམས་པར་བྱེད་པ་དང་། སྡུག་པའི་དངོས་པོ་དང་བྲལ་བར་བྱེད་པ་དང་། ལུས་ལ་ཀུན་ཏུ་གནོད་པར་བྱེད་པ་དང་། སེམས་ཀུན་ཏུ་འཁྲུག་པར་བྱེད་པ་དང་། དགེ་བ་ཐམས་ཅད་ལ་མངོན་པར་མི་དགའ་བར་བྱེད་པ་དང་། མི་དགེ་བ་ཐམས་ཅད་ལ་མངོན་པར་དགའ་བར་ བྱེད་པའི་སྡིག་པའི་ལས་དེ་དག་ཐམས་ཅད་མ་ལུས་པར་འབྲས་བུ་མི་སྒྲུབ་པར་ཟད་པར་འགྱུར་ཏེ། མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང་། ལྟུང་བའི་རྩ་བ་བྱུང་བ་ནི་མ་གཏོགས་སོ། །དེ་དགེ་བའི་རྩ་བ་དེ་ལྟ་ བུ་ཀུན་ཏུ་སྤྱོད་པར་བྱེད་དེ། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་རྩོམ་པར་བྱེད་ན་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་། རྐྱེན་གྱི་རྒྱལ་བ་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་ འགྱུར་རོ། །དེའི་ཁྱིམ་ལོངས་སྤྱོད་ཟད་མི་ཤེས་པར་ཡང་འགྱུར་རོ་ཞེས་བྱ་བ་ནས་སྔར་གསུངས་པ་བཞིན་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་ན་ལྷ་དང་། ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར་རོ་ཞེས་བྱ་བའི་བར་དང་། དེ་ལྷའི་དབང་པོ་ཐམས་ཅད་དང་ཞེས་བྱ་བ་ནས། མིའི་དབང་པོ་ཐམས་ཅད་ཀྱི་བར་གྱིས་དད་པར་བྱ་བའི་འོས་སུ་གྱུར་པ་ཡིན། དྲན་པར་བྱ་བའི་འོས་སུ་གྱུར་པ་དང་། མངོན་པར་དགའ་བར་བྱ་བའི་འོས་སུ་ གྱུར་པ་དང་། མཆོད་པའི་འོས་སུ་གྱུར་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པ་དང་། རབ་ཏུ་བསྲུང་བའི་བར་གྱི་འོས་སུ་གྱུར་པ་ཡིན་ནོ། །དེ་ཕྱི་མའི་དུས་ན་འཆི་བའི་ཚེ་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་བར་འགྱུར་རོ། །སངས་རྒྱས་ བཅོམ་ལྡན་འདས་དེ་དག་ཀྱང་དེ་ལ་ཕྱག་རྐྱོང་བར་མཛད་ཅིང་དེ་ལ་འདི་སྐད་དུ། སྐྱེས་བུ་དམ་པ་དག་འོངས་པ་ལེགས་སོ། །ཚུར་ངེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གནས་པར་བྱོས་ཤིག །དེར་ངེད་ཀྱིས་ཁྱོད་ས་བཅུ་དག་ལ་གཞག་པར་མཛད་དོ་ཞེས་ཀྱང་ གསུང་བར་འགྱུར་རོ། །དེ་སངས་རྒྱས་མཐོང་བ་དང་། འཕགས་པའི་དགའ་བ་དང་། དད་པ་དེས་འཆི་བའི་དུས་བྱས་ན་སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་དེར་ཡང་ས་བཅུ་ཐོབ་པར་བྱེད་ཅིང་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་བུ་རིག་སྔགས་ཀྱི་རྟེན་ལུང་སྟོན་པ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ཡིན་ནོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་སེམས་ཅན་རྣམས་ནི་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་ཐམས་ ཅད་ལས་ཡོངས་སུ་ཉམས་པ་དག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བོར་བ་དག་ཡིན་ཞིང་མཚམས་མེད་པ་བྱེད་པ་དག་དང་། དམ་པའི་ཆོས་སྤོང་བ་དག་དང་། འཕགས་པ་ལ་སྐུར་པ་འདེབས་པ་དག་ དང་། ལྟུང་བའི་རྩ་བ་བྱུང་བ་དག་ཡིན་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱིས་ངན་སོང་གསུམ་དུ་ཡུན་རིང་པོར་སྡུག་བསྔལ་རྣམ་པ་སྣ་ཚོགས་རབ་ཏུ་དྲག་པོ་རབ་ཏུ་རྩུབ་པོ་ཉམས་སུ་མྱོང་ངོ་། །དེ་དག་ངན་སོང་གསུམ་ལས་ཡོངས་སུ་ཐར་བ་དང་། ཡོངས་སུ་དག་པས་ དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྔོན་གྱི་སྨོན་ལམ་གྱི་རྒྱུས་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེར་མི་ཉིད་རྙེད་པ་ཐོབ་བོ། །གང་དེ་དག་གི་སྔོན་གྱི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དང་། སྦྱིན་པ་དང་ལྡན་པ་ལ་གོམས་པ་ནས་ཤེས་རབ་དང་ལྡན་པ་ལ་གོམས་པའི་བར་དང་། སྨོན་ལམ་ལ་གོམས་པ་དང་། འཁོར་བ་ལ་ཡོངས་སུ་སྐྱོ་བ་ལ་གོམས་པ་དང་། བྱང་གྲོལ་གྱི་བདེ་བ་ལ་གོམས་པ་དང་། ཚངས་པའི་གནས་པ་སྒོམ་པ་ལ་གོམས་པ་སྔོན་ཆད་བྱས་ པར་གྱུར་པ་དེ་དག་ཐམས་ཅད་ནི་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་གོམས་པས་མ་ལུས་པར་བརྗེད་དོ། །མ་ལུས་པར་བརྗེད་ནས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེས་ཏེ། ད་དུང་ཡང་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་རྒྱུས་དེ་དག་གཟུགས་མི་སྡུག་པ་དག་དང་། ཚུལ་དུ་མི་ཤིས་པ་དག་དང་། ཡན་ལག་དང་བྲལ་བ་དག་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། མལ་ཆ་དང་། རྒྱན་དང་བྲལ་བ་དག་ཏུ་གྱུར་ཏོ། །དེ་དག་དེར་ཡང་ཚེ་ཐུང་བ་དག་དང་། ཡིད་གཞུངས་པ་ཆུང་བ་དག་དང་། བློ་ཆུང་བ་དག་ དང་། ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཆུང་བ་དག་དང་། དགེ་བའི་རྩ་བ་ཆུང་བ་དག་དང་། བསོད་ནམས་ཆུང་བ་དག་དང་། གྲུབ་པ་ཆུང་བ་དག་དང་། བྱ་བ་ཆུང་བ་དག་དང་། བྱ་བ་ངན་པ་ལ་ཞུགས་པ་དག་དང་། ལྟ་བ་ངན་པས་ཟིན་པ་དག་དང་། བསྟན་བཅོས་ ངན་པ་ལ་དད་པ་དག་དང་། སྨོན་ལམ་ངན་པ་དང་ལྡན་པ་དག་དང་། ནད་མང་བ་དག་ཡིན། རྣམ་པར་གཡེང་བ་མང་བ་དག་ཡིན། འཇུག་པ་ལ་སྦྱོར་བ་མང་བ་དག་དང་། ཉེས་པར་སྤྱོད་པ་གསུམ་མང་བ་དག་དང་། ལྟད་མོ་དག་དང་། ལྟས་ངན་པ་དག་དང་། གཟུ་ལུམས་ཅན་དག་དང་། རྩུབ་པ་དག་དང་། ཞེ་སྡང་དང་ལྡན་པ་དག་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དག་དང་། དཀོན་མཆོག་གསུམ་འགོག་པར་བྱེད་པ་དག་ཡིན་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ནི་ཕལ་ཆེར་ངན་སོང་གསུམ་དུ་འགྲོ་བ་དག་ ཡིན་ནོ། །རིགས་ཀྱི་བུ་དག་དེར་རིག་སྔགས་ཀྱི་རྟེན་ལུང་སྟོན་པ་ཆེན་པོ་འདི་དེ་དག་གིས་ཐོས་པ་ཙམ་གྱི་མོད་ལ་དེ་དག་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བ་དག་གི་ཀུན་ཏུ་སྦྱོར་བས་ངན་སོང་གི་ལམ་དག་ལས་སྒྲོལ་བར་བྱེད་དོ། །དེ་དག་སྔོན་ བྱས་པའི་དད་པའི་དབང་པོ་ལ་གོམས་པས་དགའ་བར་འགྱུར་བ་ནས། ཤེས་རབ་ཀྱི་དབང་པོའི་བར་ལ་གོམས་པས་དགའ་བར་འགྱུར་བའི་བར་དང་། སྨོན་ལམ་དང་། འཁོར་བའི་སྐྱོན་དང་། ཚངས་པའི་གནས་པ་བསྒོམ་པ་གོམས་པ་ལ་དགའ་བར་འགྱུར་བ་ཡིན་ནོ། ། ཐོས་པ་ཙམ་གྱིས་དེ་དག་གི་ཚེ་འཕེལ་བར་འགྱུར་རོ། །ནད་མེད་པ་འཕེལ་བ་དང་། ལོངས་སྤྱོད་དང་ཉེ་བར་སྤྱོད་པ་འཕེལ་བ་དང་། དགེ་བའི་བྱ་བ་འཕེལ་བ་དང་། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་འཕེལ་བ་དང་། ཤེས་རབ་འཕེལ་བ་དང་། བྱམས་པ་འཕེལ་ བ་ནས། བཏང་སྙོམས་ཀྱི་བར་འཕེལ་བ་དང་། ལེགས་པར་བྱས་པའི་ལས་འཕེལ་བ་མཆོག་ཏུ་འགྱུར་རོ། །ཐོས་པ་ཙམ་གྱིས་དེ་དག་ཐམས་ཅད་ཡང་དག་པའི་ལྟ་བ་དང་ལྡན་པར་འགྱུར་རོ། །གང་དག་རིག་སྔགས་ཀྱི་རྟེན་ལུང་བསྟན་པ་ཆེན་པོ་འདི་བཀུར་སྟིར་བྱས་ ཏེ་ཉན་པར་བྱེད་ཅིང་ཉིན་ཞག་བདུན་དུ་ལས་གཞན་མི་བྱེད་པར་སེམས་རྩེ་གཅིག་པས་ཆོས་འདི་དག་རྣམ་པར་སྒོམ་པར་བྱེད་པའི་སེམས་ཅན་དེ་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དག་དང་། ལེགས་པར་སྤྱོད་པ་གསུམ་དང་ལྡན་པ་དག་དང་། དཀོན་མཆོག་གསུམ་ ལ་སྐྱབས་དང་། སྨོན་ལམ་གྱི་ཤུགས་ལ་མངོན་པར་དགའ་བ་དག་དང་། ཆོས་ཀྱིས་གནས་པ་དག་དང་། དཀོན་མཆོག་གསུམ་གྱི་གདུང་གསལ་བར་བྱེད་པ་དག་ཏུ་འགྱུར་ཏེ། སེམས་ཅན་གང་དག་དེར་སྔོན་གྱི་སྐྱེ་གནས་མྱོང་བར་འགྱུར་བ་མཚམས་མེད་པ་བྱེད་པ་ནས་ ལྟུང་བའི་རྩ་བ་བྱུང་བའི་བར་དག་ནི་མ་གཏོགས་སོ། །དེ་ནས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་སྐྱེས་ཤིང་སྐྱེ་བར་འགྱུར་བ་དག་ཡིན་ཏེ། གང་དག་གི་སྡིག་པའི་ལས་རབ་ཏུ་ཆེན་པོའི་འབྲས་བུ་རྣམ་པར་སྨིན་པར་སྔོན་ཆད་ཡོངས་སུ་མ་སྤྱད་པའི་སེམས་ཅན་ དེ་དག་གིས་རིག་སྔགས་ཀྱི་རྟེན་ལུང་སྟོན་པ་ཆེན་པོ་འདི་ཐོས་ན་ཡང་ཡོན་ཏན་དེ་ལྟ་བུ་དེ་དག་ཐོབ་པར་འགྱུར་རོ། །ཐོས་པ་ཙམ་གྱིས་མོད་ལ་ཡང་དེ་དག་གི་ལས་ཀྱི་སྒྲིབ་པ་དཔག་ཏུ་མེད་པ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །སེམས་ཅན་དེ་དག་གིས་ཀྱང་དེར་ ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་བྲི་བར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་གི་སངས་རྒྱས་ཀྱི་སྐུ་གཟུགས་བདུན་ཡང་བྱའོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཉན་ཐོས་ཀྱི་དགེ་འདུན་ཆོས་ཀྱིས་གནས་པ་རྣམས་ཀྱི་ཀུན་དགའི་ར་བ་ ཡང་བྱའོ། །དེར་སྦྱིན་བདག་ཀྱང་རབ་ཏུ་གཞག་པར་བྱའོ། །དུས་དུས་སུ་གསོ་སྦྱོང་གི་སྡོམ་པ་ལ་ཡང་མངོན་པར་བརྩོན་པར་བྱའོ། །ཆོས་མཉན་པར་བྱའོ། །དེར་སེམས་ཅན་གང་དག་དཀོན་མཆོག་གསུམ་ལ་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་དེ་ལྟ་བུ་ འཐོབ་པའི་གནས་དེ་ཡོད་དེ། དེ་དག་གིས་གང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ངན་སོང་གསུམ་དུ་སྡུག་བསྔལ་དྲག་པོ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་བ་དེ་ཡང་རིས་འཐུན་པ་འདི་ཉིད་ལ་མི་འདོད་པའི་འབྲས་བུ་མངོན་པར་འགྲུབ་པར་འགྱུར་རོ། །ཁ་ཅིག་ལ་ ནི་ཡུན་རིང་དུ་ནད་འབྱུང་སྟེ། དེས་དེའི་སྔོན་གྱི་མི་དགེ་བའི་ལས་འཕངས་པ་དག་ཀྱང་ཡོངས་སུ་ཟད་པར་འགྱུར་རོ། །ཁ་ཅིག་གི་ནི་ཡན་ལག་བཅད་པས་ཡོངས་སུ་ཟད་པར་འགྱུར་རོ། །ཁ་ཅིག་གི་ནི་ནོར་ཟད་པས་ཡོངས་སུ་ཟད་པར་འགྱུར་རོ། །ཁ་ཅིག་གི་ནི་འཁོར་ ཞིག་པས་ཡོངས་སུ་ཟད་པར་འགྱུར་རོ། །ཁ་ཅིག་གི་ནི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་དང་བྲལ་བས་ཡོངས་སུ་ཟད་པར་འགྱུར་རོ། །ཁ་ཅིག་གི་ནི་འཁོར་དང་། བྲན་དང་། ལུས་ལ་གནོད་པ་བྱེད་པ་དང་། བཙོན་རར་གཞག་པས་ཡོངས་སུ་ཟད་པར་འགྱུར་རོ། །ཁ་ཅིག་ གི་ནི་མི་སྙན་པ་དང་། ཉེས་པར་སྨྲས་པའི་ཚིག་ཐོས་པས་ཡོངས་སུ་ཟད་པར་འགྱུར་ཏེ། རིས་འཐུན་པ་ལ་དེ་དག་གིས་མི་དགེ་བའི་ལས་སྔོན་བྱས་པ་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །རིགས་ཀྱི་བུ་རིག་སྔགས་ཀྱི་གཞི་ལུང་སྟོན་པ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ཡིན་ ནོ། །ཏད་ཡ་ཐཱ། ཁ་ག་པ་རི་ཙྪེ་ད། གརྦྷ་ཀྵ་སེ། གརྦྷ་རེ་བིདྱཱ། པྲ་བྷ་ག་ཀྵེ། ཀྵ་བ་ཡོ་གེ། པྲ་ཏི་ཧཱ་རེ། ཤ་མ་ན་སི་ཀ་ཐེ། ས་མ་མེ་གྷ་ཛུཥྚེ། ཨཀྵ་ཡ་ཏ་ཏེ། ཀྵ་བྷ་བ་ཛེ། ནི་ན་ད་ན་ཛྷུ་ཥེ། ས་མཱ་གྲ་ཛྷུ་ཥེ། ཨདྷྱ་ཤ་ཡ་ཛྷུ་ཥེ། བི་པྲ་བྷ་ཛྷུ་ ཥེ། ཤཻ་ཀྵ་ཛྷུ་ཥེ། སཏྱ་ཛ་བ་ཛྷུ་ཥེ། སཻ་ནྱ་ཛ་བ་ཛྷུ་ཥེ། ས་ལི་ལ་གུ་ཧྱ་ཛྷུ་ཥེ། ས་ལ་གུ་ཧྱ་བྱཱ་ཀྵེ། པ་ཎ་གྷོ་ཥེ། ས་དཱ་ན་ཀོ་ནེ། སརྦ་དྷ་ནན་ཐྱེ། བཱི་ཏ་པྲ་པྲྀཏ་ཏེ། ཨུ་པ་ཀྲ་མ་ཎ་ཐེ། ཨ་ན་ཙྪ་དྱ་པྲ་ཁེ། པྲ་ཏི་ཀྲ་མ་ན །ས་ཁ་ཐྱེ་ཤེ །ས་ལོ་ཙ་ན་བ་མེ། ཀྲོ་དྷ་དྷ་རེ་ཀཱ་ཤ་ ས་ཤེ །ཨཱ་ཀཱ་ཤ་ཁ་གེ །ན་ཡ་ཀུཉྫེ། བི་དྱཱ་བ་ནེ། ཀླཱ་ན་བ་ནེ། ཨུ་པ་བ་ནེ། ས་མེ་མ་ཀཱ་རེ། ཤཱ་ར་ཡ་བ་ནེ། མེ་གྷ་ཛྷུ་ཥེ། ཧ་རི་ཀོ་ན། བ་ན་ཡ་ན་མུ་ཁེ། ས་ར་ཀྵ་ཀོ་ལེ། ན་རཱ་ཡ་ན་ཛྷུ་ཥེ། ཨིན་དྲ་བས་ནེ། ཨོ་ཨ། ཨ་བ་ཨཱ། ཨ་ར་བ་ཧ། ཛ་རཱ། ཨ་བ་ རཱ་བ། ས་མེ་གྷ་དུཿཁེ་ན་སྟི་ར་ཎི་ནིརྦཱ་ཧེ་སྭཱ་ཧཱ། རིགས་ཀྱི་བུ་རིག་སྔགས་ཀྱི་རྟེན་ལུང་སྟོན་པ་ཆེན་པོ་འདི་ནི་ཡོན་ཏན་ཆེ་བ། ཕན་ཡོན་ཆེ་བ། སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ་དང་། ཁྲུས་བྱེད་པ། སྣང་བར་བྱེད་པ། དྲན་པར་བྱེད་པ། ཉེ་བར་ཞི་བར་བྱེད་པ་ཡིན་ཏེ། དེ་ལ་གང་དག་སེམས་རྩེ་གཅིག་པས་ཉན་པར་བྱེད་ཅིང་ཇི་ལྟར་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། རྐྱེན་གྱི་རྒྱལ་བ་ ཐམས་ཅད་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་དག་ཐམས་ཅད་ནི་ལྷའི་དབང་པོ་ནས། མིའི་དབང་པོའི་བར་གྱིས་བསམས་པ་དང་། དད་པར་བྱ་བའི་འོས་སུ་གྱུར་པ་དང་། ཕྱག་བྱ་བའི་འོས་སུ་གྱུར་པ་དང་། མཆོད་པའི་འོས་ སུ་གྱུར་པ་ཡིན་ནོ། །ཤིན་ཏུ་བསྲུང་བར་བྱ་བའི་འོས་སུ་གྱུར་པ་ཡིན་ནོ། །སེམས་ཅན་དེ་དག་ནི་ཕྱི་མའི་དུས་ན་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་ཕྱོགས་བཅུ་ཀུན་ནས་མདུན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ དེ་དག་ཀྱང་དེ་ལ་ཕྱག་རྐྱོང་བར་མཛད་ཅིང་འདི་སྐད་དུ། ཀྱེ་ཡོན་ཏན་གྱིས་ཕྱུག་པ་དག་ཚུར་ཤོག །ངེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གནས་པར་གྱིས་ཤིག །དེང་ངེད་ཀྱིས་ཁྱོད་ས་བཅུ་དག་ལ་གཞག་པར་བྱའོ་ཞེས་ཀྱང་གསུང་བར་མཛད་དོ། །དེ་སངས་རྒྱས་ མཐོང་བའི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དད་པ་འཕགས་པ་དེས་འཆི་བའི་དུས་བྱས་ནས་ཀྱང་སངས་རྒྱས་ཀྱི་ཞིང་སྟོང་པ་མ་ཡིན་པ་དག་ཏུ་སྐྱེ་བར་འགྱུར་ཞིང་དེ་དེར་ཡང་ས་བཅུ་དག་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་སྟེ། རིག་སྔགས་ཀྱི་རྟེན་ལུང་སྟོན་པ་ཆེན་པོ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཟད་པར་བྱ་བ་དང་། རྣམ་པར་དག་པ་ཐོབ་པར་བྱ་བ་དང་། བྱང་གྲོལ་གྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་དེ་ལྟར་དོན་ཆེ་བ་དང་། ཕན་ཡོན་ཆེ་བ་ཡིན་གྱིས་ལོང་ལ་མི་ མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ཤིག །ངའི་བཀས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཞུས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་འཚལ་ ལགས་སོ། །ཡང་དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པས་ཀྱང་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་ བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། འདུས་པ་ཆེན་པོ་དེ་ཡང་བལྟ་བ་དང་། ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་བགྱིད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་བས་པར་འགྱུར་བའི་གཟུངས་སྔགས་ཐོས་པར་འཚལ་ཏེ། བདག་ ཅག་ཀྱང་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལས་ལངས་ནས་རིང་པོ་མ་ལགས། སྔ་མ་ཡང་ཀུན་ཕྱིན་ལགས་ན་བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་ཅག་ཀྱང་མཆི་བར་གནང་བར་མཛད་པར་གསོལ། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་ བརྩེགས་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ཅག་ཐམས་ཅད་ལྷན་ཅིག་འཐུན་པར་སྲེད་མེད་ཀྱི་བུའི་མདོག་དང་། རྟགས་དང་། གཟུགས་དང་། དབྱིབས་དང་། སྤྱོད་ལམ་དང་། ཆ་བྱད་ཀྱིས་ཁྱེད་དེང་ཤིག །བཙུན་ པ་བཅོམ་ལྡན་འདས་དེ་ལྟར་འཚལ་ལགས་སོ་ཞེས་ཀྱང་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་སྙིང་པོ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་སྲེད་མེད་ཀྱི་བུའི་མདོག་དང་། རྟགས་དང་། གཟུགས་ དང་། དབྱིབས་དང་། སྤྱོད་ལམ་དང་། ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས་དེ་ནས་ཆས་ཏེ་ཡུད་ཙམ་ གཅིག་གིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཕྱིན་ཏོ། །སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་དེ་དག་ཕྱིན་པ་ཙམ་གྱི་མོད་ལ་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་འཛམ་བུའི་ཆུ་བོའི་གསེར་གྱི་ཆར་པ་མངོན་པར་རབ་ཏུ་ཕབ་ བོ། །དེ་དག་གླིང་བཞི་པ་བར་མ་འདི་ག་ལ་བ་དང་། ཡུལ་མ་ག་དྷཱའི་ཞིང་ག་ལ་བ་དེ་ལོགས་སུ་དོང་སྟེ། དོང་ནས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ནི་ད་དུང་ཡང་རྒྱལ་པོ་ གཟུགས་ཅན་སྙིང་པོ་དང་ཐབས་ཅིག་ཆོས་ཀྱིས་གནས་པའི་གཏམ་རབ་ཏུ་མཛད་དོ། །ཡང་དེའི་ཚེ་བྱང་ཕྱོགས་ན་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་འདས་པ་དེ་ན་སངས་རྒྱས་ཀྱི་ཞིང་སྤོས་ཐམས་ཅད་ཡང་དག་པར་འཕགས་པ་ཞེས་བྱ་བ་ཡོད་དེ། སངས་རྒྱས་ ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་གནས་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་མེ་ཏོག་གི་སྙིང་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ སྙིང་པོ་ཞེས་བྱ་བ་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་སྟེང་གི་ནམ་མཁའ་ལ་བལྟས་སོ། །དེས་ཀྱང་དེར་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ ཏུ་མེད་པ་བྱང་ཕྱོགས་ཀྱི་ཕྱོགས་ཆ་ནས་ལྷོ་ཕྱོགས་སུ་འདོང་བ་དག་མཐོང་བར་གྱུར་ཏོ། །དེས་ལྷོ་ཕྱོགས་སུ་རྣམ་པར་བལྟས་ཏེ་སྣང་བ་ཆེན་པོ་མཐོང་ནས་དེས་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་སྙིང་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལས་ལངས་ནས་རིང་པོར་མ་ལགས་ཏེ། བདག་གིས་ནི་སྟེང་གི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མ་མཆིས། དཔག་ཏུ་མ་མཆིས་པ་བྱང་ཕྱོགས་ཀྱི་ཕྱོགས་ ཆ་ནས་ལྷོ་ཕྱོགས་སུ་མཆི་བ་དག་མཐོང་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ལྷོ་ཕྱོགས་སུ་རྣམ་པར་བལྟས་ཏེ་སྣང་བ་ཆེན་པོ་མཐོང་ནས་བདག་འདི་སྙམ་དུ་སེམས་ཏེ། འདི་ལ་རྒྱུ་ནི་གང་ལགས་སྙམ་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་མེ་ཏོག་གི་ སྙིང་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ཀྱི་ཕྱོགས་ཆ་ན་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་འདས་ནས་སངས་རྒྱས་ཀྱི་ཞིང་མི་མཇེད་ ཅེས་བྱ་བ་ཡོད་དོ། །འདི་ལྟར་སྙིགས་མ་ལྔ་དང་ལྡན་པར་གནས་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་འདུས་པ་ཆེན་པོ་ལ་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་ བའི་ཕྱིར་དང་། དཀོན་མཆོག་གསུམ་གྱི་གདུང་གི་ཆོས་ཀྱིས་གནས་པ་རྒྱུན་མི་གཅད་པར་བྱ་བའི་ཕྱིར་ད་ལྟར་ཐེག་པ་གསུམ་གྱི་རྣམ་པར་གཏན་ལ་དབབ་པ་བསྟན་པའི་སྒོའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་མི་མཇེད་དེར་བདུད་ཀྱི་ཡུལ་རྣམ་པར་ གཞིག་པ་དང་། དྲི་མ་མེད་པར་མཛད་པའི་ཕྱིར་དང་། ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་མཛད་པའི་ཕྱིར་དང་། ཆོས་ཀྱི་ཚུལ་ཡུན་རིང་དུ་གཞག་པའི་ཕྱིར་སངས་རྒྱས་ཀྱི་འདུས་པ་ཆེན་པོ་བྱུང་བར་གྱུར་ཏོ། །དེར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་རིན་པོ་ཆེའི་ཏོག་གི་གཟུངས་སྔགས་གསུངས་ཏེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤྱད་ནས་གཤེགས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་ཀྱི་འདུས་པ་ཆེན་པོ་ཡང་ དག་པར་སྒྲུབ་པར་མཛད་དེ། སོ་སོ་ཡང་དག་པར་རིག་པ་བཞི་དང་ཡང་དག་པར་ལྡན་པ་མིག་གསུམ་པའི་ཚངས་པའི་གནས་པ་བསྟན་ཀྱང་དེ་ན་ད་དུང་སངས་རྒྱས་ཀྱི་ཞིང་མི་མཇེད་ས་དང་ནམ་མཁའ་གང་བ་ཞིག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཆོག་ཏུ་སྙན་པར་གསུང་བའི་ཆོས་ བསྟན་པས་ཚིམ་པར་མ་གྱུར་ཏོ། །མཆོག་ཏུ་སྙན་པ་གསུང་བ་ཤཱཀྱ་ཐུབ་པ་དེ་ཡང་བསྡུ་བའི་དངོས་པོ་བཞི་དང་། ཉི་མའི་སྙིང་པོའི་ཆོས་ཀྱིས་གནས་པ་ཀླུའི་ཡུལ་རྣམ་པར་འཇིག་པར་མཛད་པའི་འོད་ཟེར་གྱི་ལེའུ་སེམས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པའི་གཟུངས་སྔགས་ བཤད་པར་བཞེད་དོ། །དེ་བཞིན་གཤེགས་པ་དེ་འདི་སྙམ་དུ་དགོངས་ཏེ། ཕྱོགས་བཅུ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་བསྐལ་པ་བརྒྱས་ངེས་པར་འབྱུང་བ་ཞེས་བྱ་བ་ནས་གང་དག་སྲིད་པ་ཐ་མ་པ་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གཞན་གྱི་དྲིང་མི་འཇོག་པ་སྒྲིབ་པ་མེད་པའི་ཡེ་ཤེས་ལ་མཁས་པ་དག་འདིའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་འཇུག་པར་གྱུར་ཅིག །འདིར་འཁོད་ནས་ཀྱང་རང་རང་གི་དགེ་བའི་ཕྱོགས་ཀྱི་བསམ་གཏན་དག་གིས་གནས་པར་གྱུར་ཅིག ། འདི་ལྟར་སངས་རྒྱས་ཀྱི་ཞིང་འདིར་ས་ཆེན་པོ་ལྷག་པར་མཐུ་དང་ལྡན་པ་དང་། བཅུད་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་དག་ཏུ་གྱུར་ཅིག །འདི་ལྟར་འདིར་སངས་རྒྱས་ཀྱི་ཞིང་གཞན་བཞིན་དུ་ཐམས་ཅད་དྲན་པ་དང་ལྡན་པ་དག་དང་། བརྩོན་འགྲུས་དང་ལྡན་པ་དག་ དང་། གཏོང་བ་དང་ལྡན་པ་དག་དང་། ཤེས་རབ་དང་ལྡན་པ་དག་ཏུ་གྱུར་ཅིག །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་ཡང་དག་པར་ཞུགས་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་མི་མཇེད་འདིའི་ནང་དུ་ ཆུད་པར་གྱུར་ཅིག །དེ་ཉིད་དུ་འཁོད་ནས་ཀྱང་རང་རང་གི་དགེ་བའི་ཕྱོགས་ལ་སྟོབས་ཇི་ལྟ་བ་དང་། ཇི་ལྟར་འཚམ་པ་བཞིན་དུ་འཁོད་ནས་བསམ་གཏན་བྱེད་པར་གྱུར་ཅིག་སྙམ་དགོངས་སོ། །བསམ་གཏན་བྱེད་པ་དེ་དག་ཁ་ཅིག་གི་ལུས་ལས་འོད་འདི་ལྟ་བུ། དཔེར་ ན་འབྲུ་མར་གྱི་མར་མེ་ལྟ་བུ་བྱུང་ངོ་ཞེས་བྱ་བ་ནས་ཁ་ཅིག་གི་ལུས་ལས་འོད་འདི་ལྟ་བུ། དཔེར་ན་ཟླ་བ་དང་ཉི་མ་བྱེ་བ་ཕྲག་བརྒྱ་སྟོང་མང་པོའི་འོད་ལྟ་བུ་བྱུང་ངོ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་ན་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུས་པས་སངས་རྒྱས་ ཀྱི་ཞིང་མི་མཇེད་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །ད་ལྟར་གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སྙོམས་པར་ཞུགས་པར་གྱུར་ལ། སྔོན་ཆད་དེར་ཕྱིན་པ་ནི་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དེ་ལྟར་ཏིང་ངེ་འཛིན་ ལས་ལངས་ནས་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་ཆས་སོ། །དེར་ཕྱིན་ནས་ཀྱང་དེ་བཞིན་གཤེགས་པ་དེ་མཐོང་བར་འགྱུར་རོ། །འདུས་པ་ཆེན་པོ་དེ་ཡང་མཐོང་བར་འགྱུར་རོ། །གཟུངས་སྔགས་ཆེན་པོ་དེ་ཡང་ཐོས་པར་འགྱུར་རོ། །སྐྱིལ་མོ་ཀྲུང་དུ་འདུག་ ནས་རང་རང་གི་དགེ་བའི་ཕྱོགས་ཀྱི་བསམ་གཏན་རྣམ་པ་སྣ་ཚོགས་ཀྱིས་རྩེ་བར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱང་ད་ལྟར་ཏིང་ངེ་འཛིན་ལས་ལངས་ཀྱིས་རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་འགྲོ་བར་བྱའོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་མི་ མཇེད་དེ་ན་ཡང་སེམས་ཅན་དག་མཆོག་ཏུ་ཚེ་ཐུང་བ་དག་ཡིན། ནད་མང་བ་དག་ཡིན། བློ་ཆུང་བ་དག་ཡིན། དགེ་བའི་རྩ་བ་ཀུན་ཏུ་སྤྱོད་པ་ཆུང་བ་དག་ཡིན། བསོད་ནམས་ཆུང་བ་དག་ཡིན། དགེ་བའི་རྩ་བའི་བྱ་བ་ཚོལ་བ་ཆུང་བ་དག་ཡིན། འཇིག་རྟེན་ཕ་རོལ་ལ་ འཇིགས་པར་མི་ལྟ་བ་དག་ཡིན། ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཆུང་བ་དག་ཡིན། འདོད་པ་ལ་ཆུམས་པ་དག་ཡིན། མི་དགེ་བ་སྤྱོད་པ་དག་ཡིན། ཕྲག་དོག་དང་ལྡན་པ་དག་ཡིན། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་སྤངས་པ་ཡིན་ཏེ། དེ་དག་ ཕལ་ཆེར་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་ངན་སོང་དུ་འགྲོ་བ་དག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ན་གང་དག་འདྲེན་མར་སྤྱོད་པའི་སེམས་ཅན་ཡོད་པ་དེ་དག་འཆི་བའི་དུས་བྱས་ནས་དེ་ཉིད་དུ་སྡིག་པ་བྱེད་པའི་གནོད་སྦྱིན་ཞེས་བྱ་བ་ནས། སྡིག་པ་བྱེད་ པའི་ལུས་སྲུལ་པོ་ཞེས་བྱ་བའི་བར་དག་ཏུ་སྐྱེ་བར་འགྱུར་ཏེ། སྡིག་པ་བྱེད་པའི་གནོད་སྦྱིན་ཞེས་བྱ་བ་ནས། ལུས་སྲུལ་པོ་ཞེས་བྱ་བའི་བར་དེ་དག་ཀྱང་དེར་སའི་བཅུད་ཀྱི་མདངས་ཕྲོགས་ནས་ཡོངས་སུ་སྤྱོད་པར་བྱེད་དོ། །འབྲུ་དང་། སྨན་དང་། མེ་ཏོག་དང་། འབྲས་ བུ་དང་། འདབ་མ་དང་། རོ་རྣམས་ཀྱི་མདངས་ཕྲོགས་ནས་ཀྱང་ཡོངས་སུ་སྤྱོད་པར་བྱེད་དོ། །དེས་ན་སྟོབས་དང་ལྡན་པ་དག་ཡིན་ནོ། །དེར་དེ་དག་མངལ་ན་གནས་པའི་མི་རྣམས་ཀྱི་མདངས་དག་འཕྲོག་པར་བྱེད་དོ། །མི་རྣམས་སྐྱེས་པ་ཙམ་གྱི་མོད་དག་ལ་མྱུར་དུ་ མདངས་འཕྲོག་པར་བྱེད་དོ། །འོ་མའི་མདངས་དག་ཀྱང་འཕྲོག་པར་བྱེད་དོ། །བཟའ་བ་དང་བཏུང་བའི་མདངས་དག་ཀྱང་འཕྲོག་པར་བྱེད་དོ། །དེར་དེ་དག་གིས་མི་མངལ་དུ་ཞུགས་པའི་མདངས་ཕྲོགས་ཤིང་སྐྱེས་པ་ཙམ་གྱིས་མོད་ལ་མདངས་ཕྲོགས་པས་དེ་དག་ཀྱང་མདངས་ ལ་མི་རེག་ཅིང་བཟའ་བ་དང་བཏུང་བ་ཉམས་པ་ཡོངས་སུ་སྤྱད་ཟིན་པ་ལ་ཡོངས་སུ་སྤྱོད་པར་བྱེད་དེ། རྒྱུ་དེས་དེ་ན་མི་རྣམས་མཆོག་ཏུ་ན་བ་དག་དང་། ཚེ་ཐུང་བ་དག་དང་། དྲན་པ་ཉམས་པ་དག་དང་། དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པ་དག་དང་། བསོད་ ནམས་དང་བྲལ་བ་དག་དང་། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་དག་དང་། ལོངས་སྤྱོད་དང་ཉེ་བར་སྤྱོད་པ་དང་བྲལ་བ་དག་དང་། འདོད་པ་ལ་ཆུམས་པ་དག་དང་། ཀུན་སྤྱོད་པ་མི་གཙང་བ་དག་ཡིན་ཞེས་བྱ་བ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ བླངས་པས་ངན་སོང་དུ་འགྲོ་བ་དག་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །རིགས་ཀྱི་བུ་སྔོན་ང་བྱང་ཆུབ་སེམས་དཔར་གྱུར་པའི་སྨོན་ལམ་འདི་ལྟ་བུར་གྱུར་ཏེ། འདི་ལྟར་ང་བྱ་བ་ལ་བརྩོན་པ་དང་། སྤྲོ་བ་དང་། བརྟུལ་བ་བརྟེན་པར་གྱུར་ཏོ། །སྔོན་གྱི་ཡང་དག་པར་རྫོགས་པའི་ སངས་རྒྱས་གང་དག་བཞུགས་པར་ངས་བསྙེན་བཀུར་བྱས་སོ། །ངས་ཐབས་གང་གིས་བུད་མེད་སྦྲུམ་པ་བསྲུང་བར་ནུས་པ་ཡང་ཡོངས་སུ་ཞུས་སོ། །ངའི་བརྩོན་འགྲུས་གང་གིས་མ་བདེ་ལེགས་སུ་འགྱུར་བ་དང་། མངལ་ན་ཡོད་པ་བདེ་ལེགས་སུ་འགྱུར་བ་ ཡོངས་སུ་ཞུས་སོ། །ལྷའམ། ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། གྲུལ་བུམ་མམ། ཡི་དགས་སམ། ཤ་ཟའམ། སྲུལ་པོའམ། ལུས་ སྲུལ་པོའམ། མདངས་འཕྲོག་པའམ། བརྗེད་བྱེད་དམ། རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། རོ་ལངས་གང་ཡང་དུག་གམ། སྔགས་ཀྱི་སྦྱོར་བའམ། སྨན་གྱི་སྦྱོར་བས་ལུས་དང་། སེམས་ལ་གནོད་ པ་བྱ་བར་མི་ནུས་པ་ཡོངས་སུ་ཞུས་སོ། །གང་གིས་ཀྱང་མའམ། མངལ་ན་ཡོད་པ་དང་། སྐྱེས་མ་ཐག་པ་དང་། འོ་མ་འཐུང་བ་དང་། བཟའ་བ་དང་། བཏུང་བ་ཡོངས་སུ་སྤྱོད་པ་ལ་གནོད་པར་བྱ་བར་མི་ནུས་པར་ཡོངས་སུ་ཞུས་སོ། །གང་གིས་ཀྱང་མདངས་ འཕྲོག་པའམ། ལུས་དཀྲུག་པའམ། ཁམས་དཀྲུག་པའམ། སེམས་དཀྲུག་པར་བྱ་བར་མི་ནུས་པར་ཡོངས་སུ་ཞུས་སོ། །གང་གི་ཕྱིར་སེམས་ཅན་དེ་དག་ཐ་མལ་པར་མངལ་ན་གནས་པར་ཡོངས་སུ་ཞུས་སོ། །ལུས་དང་སེམས་ལ་རྣམ་པར་ཐོ་མ་བཙམས་པས་བདེ་ བར་མའི་མངལ་ནས་གནོད་པ་མེད་པར་འབྱུང་བ་ཡོངས་སུ་ཞུས་སོ། །བདེ་བར་འོ་མ་འཐུང་བ་ཡོངས་སུ་ཞུས་སོ། །བདེ་བར་བཟའ་བ་དང་བཏུང་བ་ཡོངས་སུ་སྤྱད་པ་ཡོངས་སུ་ཞུས་སོ། །གནོད་པ་ཆུང་བ་དང་། ཚེ་རིང་བ་དང་། བློ་དང་ལྡན་པ་ཞེས་བྱ་བ་ནས་དགེ་བ་ བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་བར་དང་། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལ་མངོན་པར་དགའ་བ་དང་། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་ཡིན་པ་དག་ཀྱང་ཡོངས་སུ་ཞུས་སོ། །ངས་གསང་སྔགས་གང་དག་ དང་། སྨན་གང་དག་གིས་སེམས་ཅན་དེ་ལྟ་བུ་དག་ཡོངས་སུ་སྨིན་པར་མཛད་པར་སྤྱོད་པའི་གསང་སྔགས་དེ་དག་ནི་གང་ཡིན། སྨན་དེ་དག་ནི་གང་ཡིན་ཞེ་ན། གཟུངས་སྔགས་གང་གིས་ངས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་མཛད་པ་ དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་རིག་པ་ཡོད་པའི་སྦུབས་ཞི་བ་གསང་སྔགས་ཀྱི་གཞིའི་གཟུངས་སྔགས་ལུང་བསྟན་པ་ཆེན་པོ་འདི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ང་ལ་བསྟན་པར་གྱུར་ཏོ། །རྟག་ཏུ་བརྩོན་འགྲུས་དང་། བརྟུལ་བ་བརྟན་ པ་ངས་རྟག་པར་རྒྱུན་དུ་ཚེ་རབས་དེ་དང་དེ་དག་ཏུ་མངལ་ན་བུ་ཡོད་པའི་བུད་མེད་ལ་རིག་པ་ཡོད་པའི་སྦུབས་ཞི་བ་གཟུངས་སྔགས་གསང་སྔགས་ཀྱི་གཞི་རིག་སྔགས་འདིས་བསྲུང་བ་བྱས་སོ། །བུད་མེད་དེ་མངལ་ན་བུ་ཡོད་པ་དང་བཅས་ཏེ་སྐྱབས་གསུམ་ལ་རྣམ་པར་གཞག་གོ། ། ཕྱིན་ཆད་ཀྱང་ལྷའམ་ཞེས་བྱ་བ་ནས། བདུད་དམ། བརྗེད་བྱེད་དམ། མི་དང་། མི་མ་ཡིན་པ་ཞེས་བྱ་བའི་བར་གྱིས་མའི་མངལ་ན་བུ་ཡོད་པ་དང་བཅས་ཏེ་རྣམ་པར་ཐོ་བཙམས་པའམ། རྣམ་པར་གཙེ་བའམ། ལུས་དཀྲུག་པའམ། ཁམས་དཀྲུག་པའམ། སེམས་ དཀྲུག་པར་བྱ་བར་མི་ནུས་སོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་བར་གྱིས་ཀྱང་མདངས་འཕྲོག་པའམ། སྨན་དང་སྔགས་ཀྱི་སྦྱོར་བ་བྱ་བར་མི་ནུས་སོ། །དེ་དག་གིས་མངལ་ན་བུ་ཡོད་པའི་མ་རྣམ་པར་ཐོ་མ་བཙམས་པ་དང་། མངལ་ན་བུ་གནས་པ་ཡང་སྔོན་ གྱི་ཚེ་རབས་དྲན་པར་འགྱུར་རོ། །ཉིང་མཚམས་སྦྱོར་བའི་ལུས་ཀྱི་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། གཟུགས་བཟང་བ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་དག་དང་། ཤིན་ཏུ་བློ་དང་ལྡན་པ་དག་བདེ་ལེགས་སུ་མའི་ལྟོ་ནས་བྱུང་ ཞིང་བརྗེད་ངས་པ་མེད་པའི་སེམས་དང་ལྡན་པ་དག་ཏུ་གྱུར་ཏོ། །དེ་དག་སྐྱེས་པ་ཙམ་གྱི་མོད་ལ་ཡང་ལྷ་སྟོབས་དང་ལྡན་པ་དབང་ཆེ་བར་གྲགས་པ་རེ་རེ་ལ་ཡང་འཁོར་བརྒྱ་སྟོང་ཡོད་པ་དག་བསྲུང་བ་དང་། རྗེས་སུ་སྦ་བར་བྱེད་པར་ཀུན་ཏུ་གནས་སོ། །དེ་དག་མི་དང་མི་ མ་ཡིན་པ་ཞེས་བྱ་བའི་བར་གང་གིས་ཀྱང་རྣམ་པར་ཐོ་བཙམ་པའམ། རྣམ་པར་གཙེ་བའམ། ལུས་དཀྲུག་པའམ། ཁམས་དཀྲུག་པའམ། སེམས་དཀྲུག་པར་བྱ་བར་མི་ནུས་སོ། །མདངས་བླང་བར་ཡང་མི་ནུས་སོ། །གསང་སྔགས་དང་། སྨན་གྱིས་ཀྱང་ རྣམ་པར་ཐོ་བཙམ་པར་མི་ནུས་སོ། །གང་གི་ཕྱིར་སེམས་ཅན་དེ་དག་མཆོག་ཏུ་གཟུགས་དང་ལྡན་པ་དང་། ཚེ་རབས་དྲན་པ་དང་། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་དང་། བྱམས་པའི་སེམས་དང་ལྡན་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། གཏོང་བ་ དང་ལྡན་པ་དང་། ཚུལ་ཁྲིམས་ལ་རྗེས་སུ་དགའ་བ་དང་། བཟོད་པ་དང་། ཡོན་ཏན་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། དབེན་པ་ལ་དགའ་ཞིང་བསམ་གཏན་ལ་མངོན་པར་བརྩོན་པ་དང་། དགེ་བའི་བཤེས་གཉེན་ལ་མངོན་པར་དགའ་བ་དག་དང་། དེ་ཐོབ་པར་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྲོ་བ་འཕགས་པའི་ངེས་པར་འབྱིན་པའི་ཤེས་པ་དང་ལྡན་པ་དག་ཏུ་གྱུར་ཏོ། །སེམས་ཅན་ཉེ་བར་ཞི་བ་ལ་གནས་པ་ཉོན་མོངས་པ་ཆུང་བ་དེ་ལྟ་བུ་དེ་དག་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་རྣམས་ཀྱིས་རིམ་གྲོ་བྱ་ བར་བརྩོན་པ་དག་ཡིན་ཏེ། མི་དེ་དག་ཀྱང་མཆོག་ཏུ་འཁོར་བ་ལ་སྐྱོན་དུ་བལྟ་བ་དང་། བྱང་གྲོལ་གྱི་བདེ་བ་འདོད་པ་དག་ཏུ་གྱུར་ཏེ། །དེ་དག་གིས་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་རིས་འཐུན་པ་དེ་ཉིད་ཀྱིས་མྱུར་དུ་བྱང་ཆུབ་ ཀྱི་སེམས་མ་བརྗེད་པར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །ཅི་སྟེ་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་བསྐྱེད་ན་དེ་དག་མྱུར་དུ་སྐྱེ་བ་དང་། འཇིག་པ་དང་། རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཅི་སྟེ་སེམས་ཅན་དེ་དག་ཀྱང་ཉན་ཐོས་ཀྱི་ཐེག་པ་ ལ་སེམས་སྐྱེད་པར་བྱེད་ན་སེམས་ཅན་དེ་དག་རིས་འཐུན་པ་ཉིད་ཀྱིས་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་བྱེད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ངན་སོང་གསུམ་དང་བྲལ་བ་དང་མཐོ་རིས་སུ་འགྲོ་བ་དག་ཏུ་གྱུར་ཏོ། །རིགས་ཀྱི་བུ་ངས་ཐབས་ ལ་འཇུག་པའི་སྦྱོར་བ་ལ་བརྟུལ་བ་དེས་སེམས་ཅན་དག་ཡོངས་སུ་སྨིན་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་བསྒྲུབས་སོ། །རིགས་ཀྱི་བུ་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ཡིན་ནོ། །རིགས་ ཀྱི་བུ་ངས་སེམས་ཅན་ནད་པ་གང་དག་མཐོང་བ་དེ་དག་ལ་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདིས་སྨན་སིང་ཧ་ཀྵིར་ལ་བྲམས་ནས་ནད་པ་ལ་བྱིན་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏོ། །གང་ན་སྨན་སིང་ཧ་ཀྵིར་མེད་པར་ཡང་ངས་དེའི་མདུན་དུ་བཟའ་བ་དང་། བཏུང་བ་གང་ཡིན་པ་ལ་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པས་བྲམས་ནས་ནད་པ་ལ་བྱིན་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏོ། །གལ་ཏེ་དེ་ཡང་མེད་པར་གྱུར་ན་ངས་སྨན་བཀྲུས་ཏེ་བོར་བ་ལ་རིག་པ་ཡོད་པའི་སྦུབས་ཞི་བའི་གསང་སྔགས་ཀྱི་གཞི་དག་གིས་བྲམས་ནས་ ནད་པ་ལ་བྱིན་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏོ། །རིགས་ཀྱི་བུ་ངས་ཐབས་ལ་འཇུག་པའི་སྦྱོར་བ་ལ་བརྟུལ་བ་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་བསྒྲུབས་སོ། །གང་ན་ཤིང་ལྗོན་པ་དག་ མེ་ཏོག་དང་འབྲས་བུ་མི་སྐྱེ་བ་དེར་ཡང་ངས་རིག་པ་ཡོད་པའི་སྦུབས་ཞི་བ་གསང་སྔགས་ཀྱི་གཞི་ཆེན་པོ་དག་གིས་ཆར་པའི་ཆུ་ལ་བྲམས་ནས་ཤིང་དག་ལ་བཏབ་ན་ཤིང་དེ་དག་ལོ་མང་པོར་ཆུ་མེད་ཀྱང་མེ་ཏོག་དང་འབྲས་བུ་དག་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་བུ་རམ་ཤིང་ དང་། རྒུན་འབྲུ་དག་དང་། འབྲུ་དང་། སྨན་དག་གི་བར་དག་ལ་ཡང་བྱས་སོ། །གང་ན་ཆར་མི་འབབ་ཅིང་ཆུ་མེད་པ་དེར་ཡང་ངས་རུ་སྦལ་གྱི་སྙིང་ལ་རིག་པ་ཡོད་པའི་སྦུབས་ཞི་བ་གསང་སྔགས་ཀྱི་གཞི་འདིས་བྲམས་ནས་ཤིང་ཙམ་པ་ཀའི་འདབ་མས་དཀྲིས་ཏེ། ཀླུ་མཚོའི་ འགྲམ་དུ་བཞག་ན་ཆར་ཆེན་པོ་དང་། ཆུ་ཆེན་པོའི་ཚོགས་བྱུང་བར་གྱུར་ཏོ། །དེར་ཆུ་ཆེན་པོ་བྱུང་བས་སེམས་ཅན་རྣམས་ཀྱི་ཁྱིམ་དང་། ཞིང་དང་། ཀུན་དགའ་ར་བའི་བར་ཆུད་ཟ་བར་གྱུར་ན་དེར་ཡང་ངས་སྦྲུལ་གྱི་རྒྱལ་པོའི་ནོར་བུ་ལ་རིག་པ་ཡོད་པའི་སྦུབས་ཞི་བའི་ གསང་སྔགས་ཀྱི་གཞི་འདིས་བྲམས་ནས་ཀླུའི་གནས་སུ་བཞག་ན་ཆར་ཆུ་རབ་ཏུ་ཞི་བར་གྱུར་ཏོ། །གང་ན་དུས་མ་ཡིན་པར་རླུང་དང་། ཉི་མ་དང་། དུས་མ་ཡིན་པའི་སྤྲིན་དང་། མུན་པ་དང་། རྡུལ་གྱི་ཆར་པ་དང་། གྲང་བ་དང་། དྲོ་བ་དང་། དུས་ཕྱིན་ཅི་ལོག་ཏུ་འབྱུང་ བའི་བར་དང་། དམག་ཚོགས་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། དུས་ཚིགས་དང་། ལོ་རྣམས་ཡང་དག་པར་འབྱུང་བ་མ་ཡིན་པའི་བར་ལ་ངས་སྙིང་རྗེས་སེམས་ཅན་རྣམས་ཀྱི་ཆེད་དུ་ཞག་བདུན་པ་གཅིག་ གི་ཉིན་མཚན་དུ་ཁྲུས་བྱས་ནས་འོ་མ་དང་འབྲས་ཆན་གྱི་ཁ་ཟས་ཟ་ཞིང་ཚངས་པའི་གནས་པ་བསྒོམ་པ་ལ་མངོན་པར་དགའ་བས་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་འདི་ལས་གཞན་མི་བྱེད་པར་བརྗོད་དེ། ཉིན་བདུན་པ་ལ་གལ་ཏེ་ཡུལ་ཡོངས་སུ་མ་བསྐྱངས་ན་དེར་ངའི་ མདུན་དུ་རང་གི་དམ་བཅས་པས་མི་གནས་པ་ཡིན་ནོ། །དེར་ཡང་ངས་རྩི་ལྕམ་པ་སྦྲུལ་གྱི་སྙིང་དང་བཅས་པ་ལ་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདིས་བྲམས་ཤིང་སྐྱུགས་སྨན་མ་ད་ནའི་འབྲས་བུ་དག་དང་བསྲེས་ཏེ། ལྷ་རྟེན་སར་བཞག་པས་དེས་དུས་མ་ཡིན་པའི་ རླུང་དང་། ཉི་མ་དང་། སྤྲིན་དང་། མུན་པ་དང་། རྡུལ་གྱི་ཆར་པ་དག་དང་། གྲང་བ་དང་། དྲོ་བ་ཐམས་ཅད་ཞི་བར་གྱུར་ཏོ། །ཡང་དག་པའི་དུས་ཚིགས་དང་། ཟླ་བ་དང་། ཉི་མ་དང་། གཟའ་དང་། རྒྱུ་སྐར་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ལོ་ ཡང་དག་པར་བྱུང་བར་གྱུར་ཏོ། །རིགས་ཀྱི་བུ་དེས་ན་གང་ན་སེམས་ཅན་དགེ་མཚན་དང་། བཀྲ་ཤིས་དང་། སོ་སོར་ལྡན་པ་དག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་བར་གྱི་སེམས་ཅན་དེ་དག་ལ་ངས་རིག་པ་ཡོད་པའི་སྦུབས་ཞི་བ་ལུང་བསྟན་པ་ཆེན་པོ་འདིའི་ཆོས་བསྟན་ ཏོ། །གང་དང་གང་དུ་སེམས་ཅན་རྣམས་ཀྱིས་ཐོས་པ་དེ་དང་དེར་ཡང་ཉོན་མོངས་པ་ཆུང་ངུ་དག་ཏུ་གྱུར་ཏོ། །དགེ་མཚན་དང་། བཀྲ་ཤིས་ད