Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ
Văn bản gốc(Tây Tạng)
Trang 2 / 19 (50.000 ký tự/trang)
་བ་ལ་གནས་པར་མི་བྱ་བ་ནི་གཉིས་དང་བྲལ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ ལྟ་བས་ན་གང་ཡང་དག་པར་བསྡུ་བར་བྱ་བ་དེ་ལ་འདོད་པ་མེད་པར་གྱིས་ཤིག །ཡང་དག་པར་བསྡུ་བའི་ཕྱིར་ཡང་བརྩོན་འགྲུས་མ་གློད་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་ཡང་དག་པར་བསྡུ་བར་བགྱི་བ་དེ་ལ་འདོད་པ་མ་མཆིས་ པ་ལགས། ཇི་ལྟར་ན་ཡང་དག་པར་བསྡུ་བར་བགྱི་བའི་སླད་དུ་བརྩོན་འགྲུས་ལྷོད་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཡང་དག་པར་བསྡུ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་སོ། །དེ་ལ་འདོད་པ་མེད་པ་ནི་མི་ལྟ་བར་སེམས་ཅན་རྣམས་ལ་གཏང་བའོ། །ཡང་དག་ པར་བསྡུ་བ་ལ་བརྩོན་འགྲུས་མི་གློད་པ་ནི་དགེ་བའི་རྩ་བ་ལ་ངོམས་མི་ཤེས་པར་བརྩོན་པར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏིང་དཔག་དཀའ་བར་ཡང་གྱིས་ཤིག །སྤྱོད་པ་གསལ་བ་ལ་ཡང་སྣང་བར་གྱིས་ཤིག །གསོལ་པ། བཅོམ་ལྡན་ འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏིང་དཔག་དཀའ་བ་ལགས། ཇི་ལྟར་ན་སྤྱོད་པ་གསལ་བ་ལ་ཡང་གདའ་བ་ལགས། བཀའ་སྩལ་པ། གཏིང་དཔག་དཀའ་བ་ཞེས་བྱ་བ་ནི་ཟབ་པ་ལ་སྙོམས་པར་འཇུག་པ་སྟེ། གང་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ ཀྱང་གཏིང་མི་རྙེད་པའོ། །སྤྱོད་པ་གསལ་བ་ལ་ཡང་སྣང་བ་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་འདྲེ་བར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ལམ་ལས་གཟུར་བར་གྱིས་ཤིག །ལམ་གོལ་བ་ན་ཡང་སྣང་བར་གྱིས་ཤིག ། ཡང་དག་པའི་ལམ་ཡང་མ་དོར་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལམ་ལས་འཛུར་བ་ལགས། ཇི་ལྟར་ན་ལམ་གོལ་བ་ན་ཡང་གདའ་བ་ལགས། ཇི་ལྟར་ན་ཡང་དག་པའི་ལམ་མི་འདོར་བ་ལགས། བཀའ་སྩལ་པ། ལམ་ལས་ འཛུར་བ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལས་འབྱོལ་བའོ། །ལམ་གོལ་བ་ན་སྣང་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཡང་དག་པའི་ལམ་མི་འདོར་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་ དེ་ལྟ་བས་ན་ཕྱིར་མི་ལྡོག་པའི་གོ་ཆ་ཡང་བགོ་བར་གྱིས་ཤིག །ཐམས་ཅད་ལས་ཀྱང་ཕྱིར་ལྡོག་པར་གྱིས་ཤིག །ཕྱིར་ལོག་ནས་ཀྱང་སྒྲོལ་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་གོ་ཆ་བགོས་པ་ལགས། ཇི་ལྟར་ ན་ཐམས་ཅད་ལས་ཕྱིར་ལྡོག་པ་ལགས། ཇི་ལྟར་ན་ཕྱིར་ལྡོག་ནས་སྒྲོལ་བ་ལགས། བཀའ་སྩལ་པ། ཕྱིར་མི་ལྡོག་པའི་གོ་ཆ་བགོས་ཞེས་བྱ་བ་ནི་ཆོས་དང་འཐུན་པའི་དམ་བཅས་པ་ལ་གནས་པའོ། །ཐམས་ཅད་ལས་ཕྱིར་ལྡོག་པ་ནི་ཆོས་དང་མི་ལྡན་པའི་དམ་བཅས་པ་ ལས་ལྡོག་པའོ། །ཕྱིར་ལོག་པ་ནས་སྒྲོལ་བ་ནི་མི་དགེ་བའི་ཆོས་ཐམས་ཅད་ཀྱི་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་འདུམ་པར་གྱིས་ཤིག །རྟག་ཏུ་དབྱེ་བར་གྱིས་ཤིག །བརྟན་པར་གྱིས་ཤིག །བློ་རྒོད་ཅིང་མི་རྒོད་པར་ཡང་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འདུམ་པ་ལགས། ཇི་ལྟར་ན་རྟག་ཏུ་བྱེ་བ་ལགས། ཇི་ལྟར་ན་བརྟན་པ་ལགས། ཇི་ལྟར་ན་བློ་རྒོད་ཅིང་མི་རྒོད་པ་ལགས། བཀའ་སྩལ་པ། འདུམ་པ་ཞེས་བྱ་བ་ནི་བདུད་ཟིལ་གྱིས་མནན་པའི་ཕྱིར་ རོ། །རྟག་ཏུ་བྱེ་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མི་གནས་པའི་སེམས་གཞན་དང་གཞན་ཤེས་པའོ། །བརྟན་པ་ནི་བསྒྲུབ་པ་ལའོ། །བློ་རྒོད་ཅིང་མི་རྒོད་པ་ནི་དགེ་བའི་ཆོས་གཞན་དང་གཞན་ལ་དམིགས་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་རྗེས་ སུ་ཆགས་པར་ཡང་གྱིས་ཤིག །རྟག་ཏུ་ཞེ་འགྲས་པར་ཡང་གྱིས་ཤིག །ཡུན་རིང་པོར་ལྟ་བར་ཡང་གྱིས་ཤིག །བྱས་པ་མི་གཟོ་བར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་ཆགས་པ་ལགས། ཇི་ལྟར་ན་རྟག་ཏུ་ ཞེ་འགྲས་པ་ལགས། ཇི་ལྟར་ན་ཡུན་རིང་པོར་ལྟ་བ་ལགས། ཇི་ལྟར་ན་བྱས་པ་མི་གཟོ་བ་ལགས། བཀའ་སྩལ་པ། རྗེས་སུ་ཆགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ། །ཞེ་འགྲས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལའོ། །ཡུན་རིང་པོར་ལྟ་བ་ནི་འཁོར་བ་ཡོངས་སུ་བཟུང་བའི་ ཕྱིར་རོ། །བྱས་པ་མི་གཟོ་བ་ནི་སྡིག་པ་བྱས་པ་རྣམས་ལ་ཕྱིར་ལན་མི་གློན་པ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏོང་བ་ཡང་ཤིན་ཏུ་ཐོང་ཤིག །སེར་སྣ་ཅན་དུ་ཡང་གྱིས་ཤིག །འཛིན་པའི་སེམས་ཀྱང་མེད་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་ འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏོང་བ་ཤིན་ཏུ་གཏང་བ་ལགས། ཇི་ལྟར་ན་སེར་སྣ་ཅན་ལགས། ཇི་ལྟར་ན་འཛིན་པའི་སེམས་མ་མཆིས་པ་ལགས། བཀའ་སྩལ་པ། གཏོང་བ་ཤིན་ཏུ་གཏང་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཕྱིར་སྦྱིན་པ་གཏང་ བའོ། །སེར་སྣ་ཅན་དུ་བྱ་བ་ནི་སྣོད་དུ་མ་གྱུར་པ་རྣམས་ལའོ། །འཛིན་པ་མེད་པའི་སེམས་སུ་བྱ་བ་ནི་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་སྤངས་པ་དེ་དག་ནི་ཡོངས་སུ་ཟུང་ཤིག །གང་དག་ཡོངས་སུ་བཟུང་བ་ དེ་དག་ནི་ཡལ་བར་ཞོག་ཤིག །ནད་པ་ལྟར་ཡང་གྱིས་ཤིག །ན་བ་རྣམས་ཀྱང་གསོས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་སྤངས་པ་དེ་དག་ཡོངས་སུ་འཛིན་པ་ལགས། ཇི་ལྟར་ན་གང་དག་ཡོངས་སུ་བཟུང་བ་དེ་དག་ཡལ་བར་ འཇོག་པ་ལགས། ཇི་ལྟར་ན་ནད་པ་ལྟ་བུར་གྱུར་པ་ལགས། ཇི་ལྟར་ན་ན་བ་རྣམས་ཀྱང་གསོ་བ་ལགས། བཀའ་སྩལ་པ། གང་དག་སྤངས་པ་དེ་དག་ཡོངས་སུ་གཟུང་བ་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་སངས་རྒྱས་ཐམས་ཅད་ཀྱིས་སྤངས་པ་དེ་དག་བྱང་ཆུབ་ སེམས་དཔས་ཡོངས་སུ་བཟུང་བར་བྱའོ། །གང་དག་ཡོངས་སུ་བཟུང་བ་དེ་དག་ཡལ་བར་གཞག་པ་ནི་སློབ་པ་དང་མི་སློབ་པ་ཐམས་ཅད་དོ། །ནད་པ་ལྟར་ཡང་བྱ་ཞིང་ན་བ་རྣམས་ཀྱང་གསོ་བར་བྱ་བ་ནི་བསམས་བཞིན་དུ་རྒ་བ་དང་ན་བ་བསྟན་ནས་སོ་སོའི་སྐྱེ་བོ་རྣམས་ལ་ཆོས་ བསྟན་པ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་ཀྱི་ལས་རྣམས་ནི་འབར་བར་གྱིས་ཤིག །སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་རྣམས་ནི་འབར་བར་བགྱིད་ པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་བགྱིད་པ་ལགས། བཀའ་སྩལ་པ། བདུད་ཀྱི་ལས་འབར་བར་བྱེད་པ་ནི་དགེ་བའི་ཆོས་ལ་བརྩོན་པ་རྣམས་ལའོ། །སངས་རྒྱས་ཀྱི་ཆོས་རྣམས་ཞི་བར་བྱེད་པ་ནི་ཆོས་ཐམས་ཅད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་ པ་མེད་པར་སྦྱོར་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྣམས་དང་ནི་འཐབ་པར་གྱིས་ཤིག །སྟོན་པ་ནི་མ་ཚོལ་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་དང་འཐབ་པ་ལགས། ཇི་ལྟར་ན་སྟོན་པ་མི་ཚོལ་བ་ ལགས། བཀའ་སྩལ་པ། བདུད་དང་འཐབ་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་དག་གང་གི་ཚེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེའི་ཚེ་བར་ཆད་བྱ་བའི་ཕྱིར་བདུད་བརྩོན་པར་བྱེད་པ་ནའོ། །སྟོན་པ་མི་ཚོལ་བ་ནི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་སྟེ་དེ་ནི་ཚུལ་ ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་དེ་ཁྱེད་ཀྱིས་མ་སྨད་ཅིག །གང་ལ་ཉན་ཐོས་མངོན་པར་དགའ་བ་དེ་ལ་ཁྱེད་དགའ་བར་མ་བྱེད་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་ཉན་ཐོས་ཀྱིས་ སྨད་པར་བགྱི་བ་དེ་དག་ལ་མི་དམོད་པ་ལགས། ཇི་ལྟར་ན་གང་ལ་ཉན་ཐོས་དགའ་བ་དེ་ལ་མི་དགའ་བ་ལགས། བཀའ་སྩལ་པ། ཉན་ཐོས་ནི་སྐྱེ་བའི་གནས་རྣམས་ལ་སྨོད་དེ། དེ་དག་ཁྱེད་ཀྱིས་སྨད་པར་མི་བྱའོ། །ཉན་ཐོས་ནི་རང་ཡོངས་སུ་མྱ་ངན་ལས་འདས་པ་ལ་ མངོན་པར་དགའ་ན་དེ་ལ་ཁྱེད་ཀྱིས་མངོན་པར་དགའ་བར་མི་བྱ་སྟེ། དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིག་རྟེན་ན་གནས་པར་གྱིས་ཤིག །འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་གྱིས་ཤིག །འཇིག་རྟེན་གྱིས་ཀྱང་མ་གོས་པར་གྱིས་ཤིག །འཇིག་རྟེན་ ན་ཐོགས་པ་རྣམས་ཀྱང་སྒྲོལ་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ན་གནས་པ་ལགས། ཇི་ལྟར་ན་འཇིག་རྟེན་གྱི་ཆོས་རྣམས་མྱོང་བ་ལགས། ཇི་ལྟར་ན་འཇིག་རྟེན་གྱིས་མི་གོས་པ་ལགས། ཇི་ལྟར་ན་འཇིག་རྟེན་དུ་ ཐོགས་པ་སྒྲོལ་བ་ལགས། བཀའ་སྩལ་པ། འཇིག་རྟེན་ན་གནས་པར་བྱ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་སུའོ། །འཇིག་རྟེན་གྱི་ཆོས་རྣམས་མྱང་བར་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་གོ། །འཇིག་རྟེན་གྱིས་མི་གོས་པར་བྱ་བ་ནི་ བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པའི་ཕྱིར་རོ། །འཇིག་རྟེན་དུ་ཐོགས་པ་བསྒྲལ་བ་ནི་ཁམས་གསུམ་གྱི་བཙོན་ར་ནས་འདོན་པ་སྟེ། དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་གྱིས་ཤིག །ལྕི་བར་གྱིས་ཤིག །སྡུག་བསྔལ་བར་གྱིས་ཤིག །བདེ་ བར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས། ཇི་ལྟར་ན་ལྕི་བ་ལགས། ཇི་ལྟར་ན་སྡུག་བསྔལ་བ་ལགས། ཇི་ལྟར་ན་བདེ་བ་ལགས། བཀའ་སྩལ་པ། ཡང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་སྙིང་ལས་ སུ་བྱེད་པའོ། །ལྕི་བ་ནི་ཡི་དམ་ལ་བརྟན་པའོ། །སྡུག་བསྔལ་བར་བྱ་བ་ནི་མི་འཐུན་པའི་གཉེན་པོ་རྣམས་ལའོ། །བདེ་བར་བྱ་བ་ནི་བསོད་ནམས་བྱས་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྣང་བར་ཡང་གྱིས་ཤིག །ཐམས་ཅད་དུ་སྣང་ བར་ཡང་གྱིས་ཤིག །བྱོལ་བར་བྱ་བ་རྣམས་ལ་ནི་བྱོལ་ཅིག །བསྡད་པར་བྱ་བ་རྣམས་ལ་ནི་སྡོད་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་མི་གདའ་བ་ཡང་ལགས། ཇི་ལྟར་ན་ཐམས་ཅད་དུ་གདའ་བ་ཡང་ལགས། ཇི་ལྟར་ན་བྱོལ་བར་བགྱི་བ་རྣམས་ལ་བྱོལ་བ་ལགས། ཇི་ལྟར་ན་བསྡད་པར་བགྱི་བ་རྣམས་ལ་སྡོད་པར་བགྱིད་པ་ལགས། བཀའ་སྩལ་པ། མི་སྣང་བར་བྱ་བ་ནི་ལྟུང་བ་དང་འཁྲུལ་པ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱ་བའོ། །ཐམས་ཅད་དུ་སྣང་བར་ཡང་བྱ་བ་ནི་བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་རོ། །བྱོལ་བར་བྱ་བ་རྣམས་ལས་འབྱོལ་བ་ནི་འཐབ་མོ་དང་རྩོད་པ་རྣམས་ལས་སོ། །བསྡད་པར་བྱ་བ་རྣམས་ལ་སྡོད་པ་ནི་སེམས་ཅན་ཚོགས་པར་བྱ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱས་པ་ རྣམས་ལའང་གནས་པར་གྱིས་ཤིག །བྱས་པ་རྣམས་ལའང་གནས་པར་གྱིས་ཤིག །བྱས་པ་དང་མ་བྱས་པ་རྣམས་ལའང་སེམས་མཉམ་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མ་བགྱིས་པ་རྣམས་ལའང་གནས་པ་ ལགས། ཇི་ལྟར་ན་བགྱིས་པ་རྣམས་ལའང་གནས་པ་ལགས། ཇི་ལྟར་ན་བགྱིས་པ་དང་མ་བགྱིས་པ་རྣམས་ལའང་སེམས་མཉམ་པ་ལགས། བཀའ་སྩལ་པ། མ་བྱས་པ་རྣམས་ལ་གནས་པ་ནི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་རོ། །བྱས་པ་རྣམས་ལ་གནས་ པ་ནི་དགེ་བའི་རྩ་བ་བྱས་པ་དེའི་གོང་མའི་ཆོས་དང་སྦྱར་བར་བྱ་བའི་ཕྱིར་རོ། །བྱས་པ་དང་མ་བྱས་པ་རྣམས་ལ་སེམས་མཉམ་པར་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱེ་བྲག་མེད་པའི་འདུ་ཤེས་སུ་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ ལྟ་བས་ན་སྙིང་པོ་མེད་པ་ལས་ཀྱང་སྙིང་པོ་ཚོལ་ཅིག །སྙིང་པོ་ལ་ཡང་སྙིང་པོ་མེད་པའི་འདུ་ཤེས་སྐྱེད་ཅིག །སྙིང་པོ་དང་སྙིང་པོ་མེད་པ་ལ་ཡང་སྤྱོད་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་མ་མཆིས་པ་ལ་སྙིང་པོ་ཚོལ་བ་ལགས། ཇི་ལྟར་ན་སྙིང་པོ་ལ་སྙིང་པོ་མ་མཆིས་པར་འདུ་ཤེས་བསྐྱེད་པ་ལགས། ཇི་ལྟར་ན་སྙིང་པོ་དང་སྙིང་པོ་མ་མཆིས་པ་ལ་སྤྱོད་པ་ལགས། བཀའ་སྩལ་པ། སྙིང་པོ་མེད་ཅེས་བྱ་བ་ནི་ལུས་དང་། སྲོག་དང་། ལོངས་སྤྱོད་རྣམས་ཏེ། དེ་ལས་དམ་པའི་ཆོས་ཡོངས་སུ་རྫོགས་པར་བྱ་ བས་སྙིང་པོ་བཙལ་བའོ། །སྙིང་པོ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། སངས་རྒྱས་ཀྱི་ཆོས་ལ་གཟུད་པའི་ཕྱིར་དེ་ལ་སྙིང་པོ་མ་ཡིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །སྙིང་པོ་དང་སྙིང་པོ་མ་ཡིན་པ་ལ་སྤྱོད་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་བློ་གཏང་བ་ སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་དམ་བཅས་པ་ནི་ཉམས་པར་གྱིས་ཤིག །ཚུལ་ཁྲིམས་ནི་མ་ཉམས་པར་གྱིས་ཤིག །ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ལྟོས་ཤིག །ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ནི་ཡལ་བར་ཞོག་ཅིག །གསོལ་པ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དམ་བཅས་པ་ཉམས་པར་བགྱིད་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་མ་ཉམས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡལ་བར་གཞོག་པ་ ལགས། བཀའ་སྩལ་པ། དམ་བཅས་པ་ཉམས་པར་བྱ་བ་ནི་དགེ་བའི་རྩ་བ་གོང་མ་དང་གོང་མ་ལ་ལྷག་པར་དམིགས་པའི་ཕྱིར་རོ། །ཚུལ་ཁྲིམས་མ་ཉམས་པར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་དམིགས་པའི་ཕྱིར་རོ། །ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ནི་ ཚུལ་ཁྲིམས་ལ་སྦྱར་བའི་ཕྱིར་རོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཡལ་བར་གཞག་པ་ནི་བྱ་བ་བྱས་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གཞན་གྱི་ནོར་ལ་དགའ་བར་གྱིས་ཤིག །རང་གི་ནོར་ནི་ཡོངས་སུ་ཐོང་ཅིག །ཉེ་བར་གནས་པར་གྱིས་ ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་ནོར་ལ་དགའ་བ་ལགས། ཇི་ལྟར་ན་རང་གི་ནོར་ཡོངས་སུ་གཏོང་བ་ལགས། ཇི་ལྟར་ན་ཉེ་བར་གནས་པ་ལགས། བཀའ་སྩལ་པ། གཞན་གྱི་ནོར་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི་ བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱའོ། །རང་གི་ནོར་ཡོངས་སུ་གཏང་བ་ནི་རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏང་ བར་བྱའོ། །ཉེ་བར་གནས་པར་བྱ་བ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་མཆོག་ཏུ་ཕྱིན་པར་ཡང་གྱིས་ཤིག །སེམས་དམའ་བར་ཡང་གྱིས་ཤིག །ལེ་ལོ་ཅན་དུའང་གྱིས་ཤིག །རྟག་ཏུ་བརྩོན་པར་ཡང་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཆོག་ཏུ་ཕྱིན་པ་ལགས། ཇི་ལྟར་ན་སེམས་དམའ་བ་ལགས། ཇི་ལྟར་ན་ལེ་ལོ་ཅན་ལགས། ཇི་ལྟར་ན་རྟག་ཏུ་བརྩོན་པ་ལགས། བཀའ་སྩལ་པ། མཆོག་ཏུ་ཕྱིན་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་ སོ། །སེམས་དམའ་བ་ནི་ང་རྒྱལ་མེད་པའི་ཕྱིར་རོ། །ལེ་ལོ་ཅན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་འཐོབ་པར་བྱ་བ་ལའོ། །རྟག་ཏུ་བརྩོན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྲུན་པར་ཡང་གྱིས་ཤིག །དུལ་བའི་ས་ ལ་གནས་པར་ཡང་གྱིས་ཤིག །འཇིགས་པར་ཡང་གྱིས་ཤིག །སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྲུན་པ་ལགས། ཇི་ལྟར་ན་དུལ་བའི་ས་ལ་གནས་པ་ལགས། ཇི་ལྟར་ན་ འཇིགས་པ་ལགས། ཇི་ལྟར་ན་སེང་གེའི་རྩལ་གྱིས་རྣམ་པར་གནོན་པ་ལགས། བཀའ་སྩལ་པ། མི་སྲུན་པར་བྱ་བ་ནི་བདུད་ཐམས་ཅད་གདུལ་བའི་ཕྱིར་རོ། །དུལ་བའི་ས་ལ་གནས་པ་ནི་སེམས་ཅན་ཅང་ཤེས་གདུལ་བའི་ཕྱིར་རོ། །འཇིགས་པར་བྱ་བ་ནི་སྡིག་པ་ཐམས་ཅད་ལས་ སོ། །སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་བྱ་བ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་སྨད་བབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་དུ་འོང་བར་ཡང་གྱིས་ཤིག །ཡིད་དུ་མི་འོང་བར་ཡང་གྱིས་ཤིག །སྨད་དུ་མེད་པར་ཡང་གྱིས་ཤིག །སྨད་ དུ་ཡོད་པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་དུ་འོང་བ་ལགས། ཇི་ལྟར་ན་ཡིད་དུ་མི་འོང་བ་ལགས། ཇི་ལྟར་ན་སྨད་དུ་མ་མཆིས་པ་ལགས། ཇི་ལྟར་ན་སྨད་དུ་མཆིས་པ་ལགས། བཀའ་སྩལ་པ། ཡིད་དུ་འོང་བ་ཞེས་ བྱ་བ་ནི་ཡོན་ཏན་གྱིས་ཕྱུག་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་བྱོན་པའོ། །ཡིད་དུ་མི་འོང་བ་ནི་མངོན་པར་ཤེས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་ཕྱིར་བདུད་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའོ། །སྨད་དུ་མེད་པ་ནི་ལུས་དང་། ངག་དང་། ཡིད་ཡོངས་སུ་དག་པའི་ ཕྱིར་རོ། །སྨད་དུ་ཡོད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལ་དམོད་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་རྨ་བྱུང་བ་རྣམས་ལ་རྨ་མ་འབྱིན་ཅིག །རྨ་མ་བྱུང་བ་རྣམས་ལ་རྨ་ཕྱུང་ཤིག །ཡེ་ཤེས་ཚོལ་ཅིག །ཡེ་ཤེས་ཀྱི་བྱ་བ་རྣམས་ལ་དགའ་བར་མ་བྱེད་ཅིག ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་བྱུང་བ་རྣམས་ལ་རྨ་མི་འབྱིན་པ་ལགས། ཇི་ལྟར་ན་རྨ་མ་བྱུང་བ་རྣམས་ལ་རྨ་འབྱིན་པ་ལགས། ཇི་ལྟར་ན་ཡེ་ཤེས་ཚོལ་བ་ལགས། ཇི་ལྟར་ན་ཡེ་ཤེས་ཀྱི་བགྱི་བ་རྣམས་ལ་མི་དགའ་བ་ལགས། བཀའ་ སྩལ་པ། རྨ་བྱུང་བ་རྣམས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་སྟེ་དེ་ལ་རྨ་དབྱུང་བར་མི་བྱའོ། །རྨ་མ་བྱུང་བ་རྣམས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཐམས་ཅད་དེ། དེ་དག་ནི་རྨ་དབྱུང་བར་བྱའོ། །ཡེ་ཤེས་བཙལ་བར་བྱ་བ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པའོ། །ཡེ་ཤེས་ཀྱི་ བྱ་བ་ལ་དགའ་བར་མི་བྱ་བ་ནི་འདུས་མ་བྱས་སུ་ལྟུང་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་མཉམ་པར་གཞག་པར་ཡང་གྱིས་ཤིག །སེམས་རྣམ་པར་གཡེང་བར་ཡང་གྱིས་ཤིག །སེམས་མི་གནས་པར་ཡང་གྱིས་ཤིག །རྟག་ཏུ་སྙོམས་པར་ཞུགས་ པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཉམ་པར་གཞག་པ་ལགས། ཇི་ལྟར་ན་སེམས་རྣམ་པར་གཡེང་བར་བགྱིད་པ་ལགས། ཇི་ལྟར་ན་སེམས་མི་གནས་པ་ལགས། ཇི་ལྟར་ན་རྟག་ཏུ་སྙོམས་པར་ཞུགས་པ་ལགས། བཀའ་སྩལ་པ། མཉམ་པར་གཞག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །སེམས་རྣམ་པར་གཡེང་བར་བྱ་བ་ནི་ཉན་ཐོས་ཀྱི་སེམས་ལས་སོ། །མི་གནས་པ་ནི་དེ་ལ་མ་ཆགས་པའི་ཕྱིར་རོ། །རྟག་ཏུ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་ མཉམ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་བསྲེག་པར་བྱ་བ་ནི་སྲེགས་ཤིག །ཚིག་པ་ནི་སྐྱེད་ཅིག །སྐྱེས་པ་ནི་ཐོང་ཅིག །རྣམ་པར་ཕྱེ་བ་ནི་བསྡུས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བསྲེག་པར་ བགྱི་བ་སྲེག་པ་ལགས། ཇི་ལྟར་ན་ཚིག་པ་རྣམས་སྐྱེད་པ་ལགས། ཇི་ལྟར་ན་སྐྱེས་པ་རྣམས་གཏོང་བ་ལགས། ཇི་ལྟར་ན་རྣམ་པར་ཕྱེ་བ་རྣམས་སྡུད་པ་ལགས། བཀའ་སྩལ་པ། བསྲེག་པར་བྱ་བ་སྲེག་པ་ནི་ཉོན་མོངས་པ་ཐམས་ཅད་ཤེས་རབ་ཀྱི་མེས་སྲེག་པའོ། །ཚིག་པ་ སྐྱེད་པ་ནི་ཐབས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཟུང་བའོ། །སྐྱེས་ནས་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་སྙིང་ལས་སུ་བྱ་བའོ། །རྣམ་པར་ཕྱེ་བས་བསྡུ་བ་ཞེས་བྱ་བ་དེ་ནི་ཡོངས་སུ་བསྔོ་བའི་ཚིག་བླ་དགས་ཏེ་དེ་ནི་ཚུལ་ལོ། །རིགས་ ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པ་ནི་དུས་སུ་ཤེས་པར་གྱིས་ཤིག །དུས་ནི་དུས་མ་ཡིན་པར་ཤེས་པར་གྱིས་ཤིག །དུས་དང་དུས་མ་ཡིན་པ་ལ་མཁས་པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པ་ལ་ དུས་སུ་འཚལ་བ་ལགས། ཇི་ལྟར་ན་དུས་ལ་དུས་མ་ལགས་པར་འཚལ་བ་ལགས། ཇི་ལྟར་ན་དུས་དང་དུས་མ་ལགས་པ་ལ་མཁས་པ་ལགས། བཀའ་སྩལ་པ། གང་ཉན་ཐོས་ཀྱི་ས་ཐོབ་པར་བྱ་བའི་དུས་དེ་ནི་བྱང་ཆུབ་སེམས་དཔའི་དུས་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ ཡོངས་སུ་རྫོགས་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་བྱང་ཆུབ་སེམས་དཔའི་དུས་སོ། །དུས་དང་དུས་མ་ཡིན་པ་ལ་མཁས་པར་བྱ་བ་ནི་དུས་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་ཏེ་དེ་ནི་ཚུལ་ ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་འབྱོར་པ་ནི་ཕྱེ་ཤིག །མ་འབྱོར་པ་ནི་སྦྱོར་ཅིག །འབྱོར་པ་དང་མ་འབྱོར་པ་ལ་ཆགས་པར་ཡང་མ་བྱེད་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འབྱོར་པ་འབྱེད་པ་ལགས། ཇི་ལྟར་ན་མ་འབྱོར་ པ་ནི་སྦྱོར་བ་ལགས། ཇི་ལྟར་ན་སྦྱོར་བ་དང་། མི་སྦྱོར་བ་ལ་མ་ཆགས་པ་ལགས། བཀའ་སྩལ་པ། འབྱོར་པ་ནི་ཕྱིན་ཅི་ལོག་བཞི་འཁོར་བའི་འདམ་དང་འབྱོར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔས་དབྱེ་བར་བྱའོ། །མ་འབྱོར་པ་ནི་མྱ་ངན་ལས་འདས་པའི་ཚུལ་བཞིན་ཡིད་ལ་བྱ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔས་སྦྱར་བའོ། །འབྱོར་པ་དང་མ་འབྱོར་པ་ལ་ཆགས་པར་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་དང་། སོ་སོའི་སྐྱེ་བོའི་སྤྱོད་པ་ལ་མ་ཆགས་པར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་དབུགས་ཕྱིན་པ་རྣམས་ནི་དབུགས་མ་ ཕྱུང་ཤིག །དབུགས་མ་ཕྱིན་པ་རྣམས་ནི་དབུགས་ཕྱུང་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དབུགས་ཕྱིན་པ་རྣམས་དབུགས་མི་འབྱིན་པ་ལགས། ཇི་ལྟར་ན་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་ལགས། བཀའ་སྩལ་ པ། དབུགས་ཕྱིན་པ་རྣམས་དབུགས་མི་དབྱུང་བ་ནི། ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་བྱའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་ནི་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་ དག་དེ་ལྟ་བས་ན་རྨ་བྱུང་བར་ཡང་གྱིས་ཤིག །མ་རྨས་པར་ཡང་གྱིས་ཤིག །རྨ་བྱུང་བ་རྣམས་ནི་སོས་པར་ཡང་གྱིས་ཤིག །རྨ་མ་བྱུང་བ་རྣམས་ནི་རྨ་དབྱུང་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་འབྱིན་པ་ལགས། ཇི་ལྟར་ ན་མ་རྨས་པ་ལགས། ཇི་ལྟར་ན་རྨ་བྱུང་བ་རྣམས་གསོ་བ་ལགས། ཇི་ལྟར་ན་རྨ་མ་བྱུང་བ་རྨ་མི་འབྱིན་པ་ལགས། བཀའ་སྩལ་པ། རྨ་འབྱུང་བ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་བཏང་བའི་ཕྱིར་རོ། །མ་རྨས་པར་བྱ་བ་ནི་སེམས་ཀྱིས་སོ། །རྨ་བྱུང་བ་རྣམས་གསོ་བ་ ནི་ལྟུང་བ་བྱུང་བ་རྣམས་ཆོས་བཞིན་དུ་བཅོས་པའོ། །རྨ་མ་བྱུང་བ་རྨ་མི་དབྱུང་བ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ལས་འགལ་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཉེ་བར་འཚོར་མེད་པར་ཡང་གྱིས་ཤིག །སེམས་ཅན་ཐམས་ཅད་ཉེ་ བར་འཚོ་བར་ཡང་གྱིས་ཤིག །མ་བསགས་པ་རྣམས་ཀྱང་སོགས་ཤིག །བསགས་པ་རྣམས་ཀྱང་ཆུད་མ་གཟན་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་འཚོ་བ་མ་མཆིས་པ་ལགས། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཉེ་བར་ འཚོ་བ་ལགས། ཇི་ལྟར་ན་མ་བསགས་པ་སོགས་པ་ལགས། ཇི་ལྟར་ན་བསགས་པ་ཆུད་མི་གཟོན་པ་ལགས། བཀའ་སྩལ་པ། ཉེ་བར་འཚོ་བ་མེད་པ་ནི་བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་གླགས་མི་རྙེད་པའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ནི་དཔག་ བསམ་གྱི་ཤིང་ལྟ་བུའོ། །མ་བསགས་པ་བསགས་པ་ནི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ། །བསགས་པ་ཆུད་མི་གཟན་པ་ནི་དགེ་བའི་སེམས་སྐྱེས་སོ་ཅོག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་སྟོབས་ཆུང་བར་ཡང་གྱིས་ཤིག ། སྟོབས་དང་ལྡན་པར་ཡང་གྱིས་ཤིག །རྟེན་མེད་པར་ཡང་གྱིས་ཤིག །དཔུང་གཉེན་མེད་པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྟོབས་ཆུང་བ་ལགས། ཇི་ལྟར་ན་སྟོབས་དང་ལྡན་པ་ལགས། ཇི་ལྟར་ན་རྟེན་མ་མཆིས་ པ་ལགས། ཇི་ལྟར་ན་དཔུང་གཉེན་མ་མཆིས་པ་ལགས། བཀའ་སྩལ་པ། སྟོབས་ཆུང་ངུ་བྱ་བ་ནི་གནོད་པར་བྱེད་པ་རྣམས་ལ་ལན་མི་བྱའོ། །སྟོབས་དང་ལྡན་པར་བྱ་བ་ནི་ཕན་པ་མི་བྱེད་པ་རྣམས་ལ་བཟོད་པས་ཕན་གདགས་པའོ། །རྟེན་མེད་པར་བྱ་བ་ནི་སོ་སོ་རང་ གིས་ཤེས་པས་སོ། །དཔུང་གཉེན་མེད་པར་བྱ་བ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་དང་བ་དག་ནི་རྙོག་པ་ཅན་དུ་གྱིས་ཤིག །རྙོག་པ་ཅན་དག་ནི་དང་བར་གྱིས་ཤིག །རྙོག་པ་མེད་པར་ཡང་གྱིས་ཤིག །རྟག་ཏུ་དང་བར་ ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དང་བ་དག་ནི་རྙོག་པ་ཅན་དུ་བགྱི་བ་ལགས། ཇི་ལྟར་ན་རྙོག་པ་ཅན་དག་ནི་དང་བར་བགྱིད་པ་ལགས། ཇི་ལྟར་ན་རྙོག་པ་མ་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་དང་བ་ལགས། བཀའ་ སྩལ་པ། དང་བ་དག་རྙོག་པ་ཅན་དུ་བྱ་བ་ནི་མཉམ་པར་གཞག་པའི་སེམས་ལ་དགེ་བའི་རྩ་བ་དག་གིས་བསྒོ་བའོ། །རྙོག་པ་ཅན་དག་དང་བར་བྱ་བ་ནི་ཉོན་མོངས་པས་རྙོགས་པའི་སེམས་བྱང་ཆུབ་ཀྱི་སེམས་སུ་དང་བར་བྱ་བའོ། །རྙོག་པ་མེད་པར་བྱ་བ་ནི་ཉོན་མོངས་ པ་ཐམས་ཅད་བསལ་བའོ། །རྟག་ཏུ་དང་བར་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་དང་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ལུགས་ལས་བཟློག་པར་འཇུག་པར་ཡང་གྱིས་ཤིག །ལུགས་བཞིན་དུ་ཡང་སློབས་ཤིག །སྤྱིའུ་ཚུགས་ཀྱི་རྒྱུད་ ཀྱང་ཤེས་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལུགས་ལས་བཟློག་པར་འཇུག་པ་ལགས། ཇི་ལྟར་ན་ལུགས་བཞིན་དུ་སློབ་པ་ལགས། ཇི་ལྟར་ན་སྤྱིའུ་ཚུགས་ཀྱི་རྒྱུད་འཚལ་བ་ལགས། བཀའ་སྩལ་པ། ལུགས་ལས་ བཟློག་པར་འཇུག་པར་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པ་ལས་ཕྱིར་ལོག་པའོ། །ལུགས་བཞིན་དུ་བསླབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལའོ། །སྤྱིའུ་ཚུགས་ཀྱི་རྒྱུད་ཤེས་པར་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ སྙོམས་པར་འཇུག་པ་ལས་ལོག་སྟེ་འདོད་པའི་ཁམས་སུ་སྣང་བར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྩི་དང་དུག་ཏུ་མ་འདྲེས་པར་གྱིས་ཤིག །དུག་མེད་པ་རྣམས་དང་མ་བསྟེན་ཅིག །དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་གྱིས་ཤིག ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་རྩི་དང་དུག་ཏུ་མ་འདྲེས་པ་ལགས། ཇི་ལྟར་ན་དུག་མ་མཆིས་པ་རྣམས་དང་མི་སྟེན་པ་ལགས། ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་བགྱིད་པ་ལགས། བཀའ་སྩལ་པ། བདུད་ རྩི་ཞེས་བྱ་བ་ནི་བག་ཡོད་པའོ། །དུག་ཅེས་བྱ་བ་ནི་བག་མེད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔས་བག་ཡོད་པར་བྱ་ཞིང་བག་མེད་པའི་སེམས་དང་མ་འདྲེས་པར་བྱའོ། །དུག་མེད་པ་རྣམས་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། དེ་དག་དང་བསྟེན་པར་མི་བྱའོ། ། དུག་དང་ལྡན་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཏེ། དེ་དག་ལ་བདུད་རྩི་བསྟན་པར་བྱ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་མངོན་པར་དགའ་བར་བྱ་བ་ལ་ནི་མངོན་པར་དགའ་བར་མ་བྱེད་ཅིག །མངོན་པར་དགའ་བར་མི་བྱ་བ་ལ་ནི་མངོན་པར་དགའ་བར་གྱིས་ ཤིག །དགའ་བ་དང་འདོད་ཆགས་དང་ལྡན་པར་ཡང་གྱིས་ཤིག །དགའ་བ་དང་འདོད་ཆགས་ཡོངས་སུ་བཅད་པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་དགའ་བར་བགྱི་བ་ལ་མངོན་པར་དགའ་བར་མི་བགྱིད་ པ་ལགས། ཇི་ལྟར་ན་མངོན་པར་དགའ་བར་མི་བགྱི་བ་ལ་མངོན་པར་དགའ་བར་བགྱིད་པ་ལགས། ཇི་ལྟར་ན་དགའ་བ་དང་འདོད་ཆགས་དང་ལྡན་པ་ལགས། ཇི་ལྟར་ན་དགའ་བ་དང་འདོད་ཆགས་ཡོངས་སུ་གཅོད་པ་ལགས། བཀའ་སྩལ་པ། མངོན་པར་དགའ་བ་ཞེས་བྱ་བ་ནི་ ངར་འཛིན་པ་དང་ང་ཡིར་འཛིན་པ་སྟེ། དེ་དག་ལ་མངོན་པར་དགའ་བར་མི་བྱའོ། །མངོན་པར་མི་དགའ་བ་ནི་བདུད་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ལ་སྟེ། དེ་ལ་མངོན་པར་དགའ་བར་བྱའོ། །དགའ་བ་དང་འདོད་ཆགས་དང་ལྡན་པར་བྱ་བ་ནི་འཁོར་བ་ན་སྲེད་པ་ནི་ཟླ་ ཡིན་པའོ། །དགའ་བ་དང་འདོད་ཆགས་ཡོངས་སུ་གཅད་པ་ནི་འགོག་པ་ཡོངས་སུ་ཤེས་པར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་བཅིང་བས་བཅིངས་པར་ཡང་གྱིས་ཤིག །བཅིང་བས་བཅིངས་པ་རྣམས་ཀྱང་ཁྲོལ་ཅིག །གྲོལ་བ་རྣམས་ལའང་ བསྙེན་བཀུར་གྱིས་ཤིག །མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བཅིང་བས་བཅིངས་པ་ལགས། ཇི་ལྟར་ན་བཅིངས་པ་རྣམས་དགྲོལ་བ་ལགས། ཇི་ལྟར་ན་གྲོལ་བ་རྣམས་ལ་བསྙེན་བཀུར་ བགྱིད་པ་ལགས། ཇི་ལྟར་ན་མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བ་ལགས། བཀའ་སྩལ་པ། བཅིང་བས་བཅིངས་པར་བྱ་བ་ནི་བསླབ་པའི་བཅིང་བས་སོ། །བཅིངས་པ་འགྲོལ་བ་ནི་སྲེད་པའི་བཅིང་བ་ལས་སོ། །གྲོལ་བ་རྣམས་ལ་བསྙེན་བཀུར་བྱ་བ་ནི་ཉན་ཐོས་དང་རང་སངས་ རྒྱས་རྣམས་ལའོ། །མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡོངས་སུ་སྨིན་པར་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་འདོད་པར་བྱ་བ་རྣམས་ལ་ནི་འདོད་པར་གྱིས་ཤིག །འདོད་པར་མི་བྱ་བ་རྣམས་ལ་ནི་འདོད་པར་མ་ བྱེད་ཅིག །འདོད་པ་དང་བྲལ་བར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཚལ་བར་བགྱི་བ་རྣམས་འཚལ་བ་ལགས། ཇི་ལྟར་ན་འཚལ་བར་མི་བགྱི་བ་རྣམས་མི་འཚལ་བ་ལགས། ཇི་ལྟར་ན་འཚལ་བ་དང་བྲལ་བ་ ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་འདོད་པར་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དེ། དེ་དག་ལ་འདོད་པར་མི་བྱའོ། །ལྷ་དང་བཅས་པའི་འཇིག་རྟེན་གྱི་འདོད་པར་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་དག་ལ་འདོད་པར་བྱའོ། །འདོད་ པ་དང་བྲལ་བར་བྱ་བ་ནི་བརྒྱ་བྱིན་དང་ཚངས་པར་སྐྱེ་བ་ལ་ལྟ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཇི་ཙམ་དུ་ཆུང་བའི་ས་བོན་ལ་འདམ་བརྙས་ཤིག །ཞིང་ཚད་མེད་པ་ལ་ཡང་མོས་པར་གྱིས་ཤིག །འཐོབ་པ་ཆེན་པོ་ནི་མ་སྒྲུབས་ཤིག །གསོལ་པ། བཅོམ་ལྡན་ འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཇི་ཙམ་དུ་ཆུང་བའི་ས་བོན་ལ་ཡང་བརྙས་པར་མི་བགྱིད་པ་ལགས། ཇི་ལྟར་ན་ཞིང་ཚད་མ་མཆིས་པ་ལ་མོས་པ་ལགས། ཇི་ལྟར་ན་འཐོབ་པ་ཆེན་པོ་མི་སྒྲུབ་པ་ལགས། བཀའ་སྩལ་པ། ཇི་ཙམ་དུ་ཆུང་བའི་ས་བོན་ཞེས་བྱ་བ་ནི་ཇི་ཙམ་དུ་ཆུང་ བའི་དགེ་བའི་རྩ་བ་སྟེ། དེ་ལ་བརྙས་པར་མི་བྱའོ། །ཞིང་ཚད་མེད་པ་ལ་ཡང་མོས་པར་བྱ་བ་ནི་སངས་རྒྱས་ལ་ཕུལ་བའི་སྦྱིན་པ་ཚད་མེད་པ་ལ་མོས་པར་བྱ་བའོ། །འཐོབ་པ་ཆེན་པོ་མི་སྒྲུབ་པ་ནི་སེམས་ཅན་ཐམས་ཅད་ལ་སྦྱིན་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་ བས་ན་ཆགས་པ་རྣམས་ནི་ཁོང་དུ་ཆུད་པར་གྱིས་ཤིག །ཆགས་པ་རྣམས་ལ་ནི་སྤྱོད་ཅིག །ཆགས་པ་ལ་ཞེན་པ་རྣམས་ལ་ནི་ལྟོས་ཤིག །ཆགས་པ་མེད་པར་ནི་མ་ལྟུང་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ རྣམས་ཆགས་པ་རྣམས་འཚལ་བ་ལགས། ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས། ཇི་ལྟར་ན་ཆགས་པ་ལ་ཞེན་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་ཉིད་དུ་མི་ལྟུང་བ་ལགས། བཀའ་སྩལ་པ། ཆགས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་ འདོད་པ་དང་། ཁོང་ཁྲོ་བའི་སེམས་ཏེ། དེ་གཉིས་ནི་བྱང་ཆུབ་སེམས་དཔས་བསྲུང་བར་བྱའོ། །ཆགས་པ་རྣམས་ལ་སྤྱད་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་སུའོ། །ཆགས་པ་ལ་ཞེན་པ་རྣམས་ལ་ལྟ་བ་ནི་ ཆགས་པ་མེད་པ་ཉིད་དུ་མི་ལྟུང་བ་ནི་མངོན་པར་འདུ་བྱ་བ་མེད་པ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་ཡང་གྱིས་ཤིག །ཁུར་ཆེན་པོ་ཡང་ཁྱེར་ཅིག །མ་བླངས་པ་ནི་མ་ལེན་ཅིག །བླངས་པ་ནི་ཉམས་འོག་ཏུ་ཆུད་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས། ཇི་ལྟར་ན་ཁུར་ཆེན་པོ་ཁྱེར་བ་ལགས། ཇི་ལྟར་ན་མ་བླངས་པ་མི་ལེན་པ་ལགས། ཇི་ལྟར་ན་བླངས་པ་ཉམས་འོག་ཏུ་ཆུད་པར་བགྱིད་པ་ལགས། བཀའ་སྩལ་པ། ཡང་བར་བྱ་བ་ནི་ཉོན་མོངས་པ་ཐམས་ ཅད་བཅད་དོ། །ཁུར་ཆེན་པོ་བཀུར་བ་ནི་སེམས་ཅན་ཐམས་ཅད་དོ། །མ་བླངས་པ་མི་བླང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ། །བླངས་པ་ཉམས་འོག་ཏུ་ཆུད་པར་བྱ་བ་ནི་ཐེག་པ་ཆེན་པོ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་སྨད་པར་ཡང་གྱིས་ ཤིག །བསྟོད་པར་ཡང་གྱིས་ཤིག །ཉེ་བར་བསྙེན་པར་ཡང་གྱིས་ཤིག །སྤང་བར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྨོད་པ་ལགས། ཇི་ལྟར་ན་བསྟོད་པ་ལགས། ཇི་ལྟར་ན་ཉེ་བར་བསྙེན་པ་ལགས། ཇི་ ལྟར་ན་སྤང་བ་ལགས། བཀའ་སྩལ་པ། སྨད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་སྨད་པའོ། །བསྟོད་པ་ནི་དགེ་བའི་ཆོས་ཐམས་ཅད་བསྟོད་པའོ། །བསྙེན་པ་ནི་འཕགས་པའི་ལམ་མོ། །སྤང་བ་ནི་མི་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ་དེ་ནི་ཚུལ་ལོ། །རིགས་ ཀྱི་བུ་དག་དེ་ལྟ་བས་ན་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ནི་བསམ་གཏན་གྱི་སྟོབས་སྟོན་ཅིང་། དགོན་པ་དང་བས་མཐའ་རྣམས་སུ་ནི་ཉོན་མོངས་པ་ཆུང་བར་སྟོན་ཅིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ རྣམས་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་རྣམས་སུ་བསམ་གཏན་གྱི་སྟོབས་སྟོན་པ་ལགས། ཇི་ལྟར་ན་དགོན་པ་དང་། བས་མཐའ་རྣམས་སུ་ཉོན་མོངས་པ་ཆུང་བར་སྟོན་པ་ལགས། བཀའ་སྩལ་པ། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་ དང་། ཕོ་བྲང་འཁོར་དག་ཏུ་ཕྱིན་པ་ན་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རེག་པ་དག་སྣང་བར་འགྱུར་ཏེ། དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་མནན་པར་བྱའོ། །དགོན་པ་དང་བས་མཐའ་རྣམས་ན་འདུག་པའི་ཚེ་ཉོན་མོངས་པ་གང་དག་སྐྱེ་བར་ འགྱུར་བ་དེ་དག་ནི་དབེན་པའི་ཡོན་ཏན་གྱིས་མནན་པར་བྱ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་ནའང་འདུག་པར་གྱིས་ཤིག །རྟག་པར་སྐོམ་པར་ཡང་གྱིས་ཤིག །སྐོམ་པ་ཡང་སོལ་ཅིག །སྐོམ་པ་མེད་པར་མ་བྱེད་ཅིག །གསོལ་པ། བཅོམ་ ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་སྐོམ་པ་ལགས། ཇི་ལྟར་ན་སྐོམ་པ་བསལ་བ་ལགས། ཇི་ལྟར་ན་སྐོམ་པ་མ་མཆིས་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཆུའི་ནང་ན་འདུག་པར་བྱ་བ་ནི། ཆོས་ཀྱི་ཚུལ་གནས་པར་བྱ་བའོ། །རྟག་པར་སྐོམ་པར་བྱ་བ་ནི་ཆོས་ཀྱིས་སྐོམ་པར་བྱས་པའོ། །སྐོམ་པ་བསལ་བ་ནི་ཆོས་ཀྱིས་ཆོས་ཀྱི་བྱ་བ་བསྒྲུབ་པའོ། །སྐོམ་པ་མེད་པར་མི་བྱ་བ་ནི་འདུས་མ་བྱས་སུ་ལྟུང་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གཅིག་ པུ་གྲོགས་མེད་པར་ཡང་གྱིས་ཤིག །གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པར་ཡང་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཅིག་པུ་གྲོགས་མ་མཆིས་པར་ཡང་བགྱིད་པ་ལགས། ཇི་ལྟར་ན་གཡོག་མང་པོ་ དང་འཁོར་མང་པོ་དང་ལྡན་པ་ལགས། བཀའ་སྩལ་པ། གཅིག་པུ་གྲོགས་མེད་པར་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལའོ། །གཡོག་མང་པོ་དང་ལྡན་པར་བྱ་བ་ནི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱ་བའོ། །འཁོར་མང་པོ་ དང་ལྡན་པར་བྱ་བ་ལ་འཁོར་མང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོལ་བར་ཡང་གྱིས་ཤིག །བཙོན་རར་ཚུད་པར་ཡང་གྱིས་ཤིག །ཕ་རོལ་ཏུ་ཕྱིན་པར་ཡང་གྱིས་ཤིག །ཆུ་བོ་ཆེན་པོའི་ནང་དུ་འདུག་པར་ཡང་གྱིས་ ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བ་ལགས། ཇི་ལྟར་ན་བཙོན་རར་ཚུད་པ་ལགས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་ན་ཆུ་བོ་ཆེན་པོའི་ནང་ན་གནས་པ་ལགས། བཀའ་སྩལ་པ། གྲོལ་བར་བྱ་བ་ནི་ཉོན་མོངས་པ་ དང་བདུད་ཀྱི་བཅིང་བ་ཐམས་ཅད་ལས་སོ། །བཙོན་རར་ཚུད་པར་ཡང་བྱ་བ་ནི་བསམས་བཞིན་དུ་སྐྱེ་བ་རྣམས་སུའོ། །ཕ་རོལ་ཏུ་ཕྱིན་པར་ཡང་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་ལའོ། །ཆུ་བོ་ཆེན་པོའི་ནང་ན་གནས་པར་ཡང་བྱ་བ་ནི་ཆུ་བོ་བཞིས་ཁྱེར་བའི་སེམས་ ཅན་སྒྲོལ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཚད་ཡོད་པ་ལ་ཡང་སོ་སོར་རྟོག་པར་གྱིས་ཤིག །ཚད་མེད་པར་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཚད་མཆིས་པ་ ལ་ཡང་སོ་སོར་རྟོག་པ་ལགས། ཇི་ལྟར་ན་ཚད་མ་མཆིས་པ་ལ་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཚད་ཡོད་པ་ཞེས་བྱ་བ་ནི་འདུས་བྱས་སོ། །ཚད་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ལ་བྱང་ཆུབ་སེམས་ དཔས་འདུས་བྱས་ཀྱང་སྤང་བར་མི་བྱ་སྟེ། འདུས་བྱས་སུ་གཏོགས་པའི་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མི་བྱའོ། །འདུས་མ་བྱས་ལ་ཡང་བརྟག་པར་བྱ་སྟེ། སྐྱོན་མེད་པར་ཡང་འཇུག་པར་མི་བྱའོ། །འདུས་བྱས་དང་འདུས་མ་བྱས་གཅིག་པའི་མཚན་ཉིད་དང་ལྡན་ པའི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ་དེ་ནི་ཚུལ་ལོ། །ཚུལ་གྱི་ཚིག་འདི་དག་བསྟན་པའི་ཚེ་ལྷའི་བུ་བརྒྱད་སྟོང་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་དྷརྨ་སྐན་དྷོ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་བགྱི་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱིས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ། ཆོས་ཀྱི་ཕུང་པོ་ནི་ཇི་ཙམ་ཞིག །ཆོས་ཀྱི་ཕུང་པོ་ནི་གང་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ནི་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཏེ། ཤཱ་རིའི་བུ་དེ་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་ཆོས་ཀྱི་ཕུང་པོའི་རྗེས་སུ་འཇུག་པ་དང་ པོ་ཡིན་ནོ། །ཤཱ་རིའི་བུ་ཆོས་འགའ་ཞིག་ལ་ཆོས་ཞེའམ། ཆོས་གང་ཡང་སྐྱེ་བའམ། འགག་པ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་ཆོས་ཅན་དང་། འགག་པ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟ་སྟེ་ དཔེར་ན་མ་ནིང་ནི་སྐྱེས་པའམ་བུད་མེད་ཅེས་བྱ་བའི་མིང་མི་འཐོབ་ཅིང་སྐྱེས་པའམ་བུད་མེད་ཅེས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་སྐྱེས་པའམ་བུད་མེད་དུ་གདགས་སུ་མེད་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་དེ་བཞིན་གཤེགས་པས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་ཆོས་ཀྱིས་ཆོས་རབ་ཏུ་ཤེས་སོ་ཞེས་བརྗོད་པར་མི་བྱའོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ཟ་མའམ་མ་ནིང་ནི་འདོད་པའི་འདོད་ཆགས་སྤངས་པ་ཡང་མ་ཡིན་ལ། འདོད་པ་ལ་སྟེན་པ་ཡང་མ་ ཡིན་ནོ། །ཤཱ་རིའི་བུ་དེ་དག་གིས་བུད་མེད་སྡུག་གུ་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེས་པས་ཟ་མའམ་མ་ནིང་རྣམས་ལས་ཕལ་ཆེར་བྱིན་པ་ནད་ཀྱིས་བཏབ་པར་འགྱུར། བྱིན་པ་འཛག་པར་འགྱུར། བྱིན་པ་ཁར་བ་ལྟ་བུར་འགྱུར། བཞིན་དམར་པོར་འགྱུར་རོ། །ཤཱ་ རིའི་བུ་འདི་ཇི་སྙམ་དུ་སེམས། ཟ་མའམ་མ་ནིང་གང་ཡིན་པ་དེ་ས་ལ་མ་འགྱེལ། དེའི་ལུས་ལ་མཚོན་གྱིས་མ་བཏབ་པར་ཅིའི་ཕྱིར་དེ་དག་བྱིན་པ་ན་བར་འགྱུར་སྙམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཟ་མའམ་མ་ནིང་ནི་བཙུན་མོའི་འཁོར་སྲུང་བ་ལགས་ཏེ། དེ་དག་བུད་མེད་སྡུག་གུ་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེ་ལགས་སོ། །དེ་དག་འདོད་ཆགས་ཀྱི་སེམས་ཀྱིས་ཉོན་མོངས་པ་ཁོལ་བར་འགྱུར་ཏེ། ཉོན་མོངས་པ་ཁོལ་བ་དེ་དག་གི་ལུས་ཁུ་ཆུས་རྒྱས་པར་གྱུར་པས་ དེ་དག་འདོད་ཆགས་ཀྱི་གདུང་བས་གདུངས་པ་ན་བྱིན་པ་ཤིན་ཏུ་གས་པར་འགྱུར་ལགས་ཏེ། དེ་ལྟར་དེ་དག་གི་ལུས་མ་རུངས་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ ཟ་མའམ་མ་ནིང་ལས་གང་དག་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ནི་ཉུང་སྟེ། ཕལ་ཆེར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་དགེ་སྦྱོང་ཤཱཀྱའི་བུ་རྣམས་ལས་གང་དག་འདོད་ཆགས་ཀྱིས་འཕྲོགས་པར་མི་འགྱུར་བའི་ཁྱད་པར་ལ་ལྟོས། དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་དངོས་པོ་མེད་པར་ཤེས། འདོད་པ་རྣམས་ནི་མི་གཙང་བར་ཤེས་ནས་དེ་དག་འདོད་པ་རྣམས་ཀྱིས་སྐྱོ་ཞིང་ཡིད་བྱུང་ལ་མངོན་པར་མི་དགའ་ནས་ཚངས་པར་སྤྱད་པ་སྤྱོད་དེ། བཞིན་དང་འཕྲལ་བའི་མདངས་གསལ་བ་ཡིན་ནོ། །ཤཱ་རིའི་བུ་སྐྱེས་བུ་ངན་པ་རྣམས་ ཀྱིས་ནི་སྐྱོ་བའམ་ཡིད་འབྱུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་ངན་པ་དེ་དག་ནི་འདོད་པ་ལ་ཀུན་ཏུ་རྟོག་པ་རྣམས་ཀྱིས་ཀུན་ཏུ་རྟོག་པ་རྣམས་དང་ལྡན་པའི་ཕྱིར་རོ། །ཤཱ་རིའི་བུ་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་རྣམས་གང་ཞེ་ན། གང་དག་ མེད་པ་ལ་རྟོག་པར་བྱེད་པ་སྟེ། མི་གཙང་བ་ལ་གཙང་བར་རྟོག་པར་བྱེད། འདུ་ཤེས་མེད་པ་ལ་འདུ་ཤེས་སུ་རྟོག་པར་བྱེད། བུད་མེད་ལ་བུད་མེད་དུ་རྟོག་པར་བྱེད། འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པར་རྟོག་པར་བྱེད་པ་སྟེ། ཤཱ་རིའི་བུ་དེ་ལྟ་བུ་དེ་དག་ནི་སྐྱེས་ བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་རྣམས་ཡིན་ནོ། །ཤཱ་རིའི་བུ་དེ་དག་ནི་ཟ་མ་དང་མ་ནིང་འདོད་པས་ཟིན་པ་རྣམས་ཀྱི་ལས་རྣམས་ཡིན་ཏེ། དེ་དག་སྐྱེས་བུ་དམ་པའི་ལས་རྣམས་ནི་མ་ཡིན་ནོ། །ཤཱ་རིའི་བུ་མ་ནིང་གང་ལ་ལ་ཞིག་སྐྱེས་བུ་ངན་པ་རྣམས་ཀྱི་ཀུན་ཏུ་རྟོག་པ་དེ་ལྟ་བུ་དག་ ལ་ཀུན་ཏུ་རྟོག་པར་བྱེད་པ་ནི་བདག་གིས་རེག་གོ་ཞེས་ཉམས་སུ་མྱོང་བར་བྱེད་དེ། བུ་ག་དགུའི་སྒོ་དང་ལྡན་པ་འདི་མི་གཙང་བ་འཛག་པ་འདི་ལ་གཙང་བར་འདུ་ཤེས་སྐྱེད་པར་བྱེད་དོ། །འདི་དག་ཐམས་ཅད་ནི་བྱ་བ་མ་ཡིན་པ་སྟེ། དེ་དག་ནི་སྐྱེས་བུ་དམ་པའི་ལས་ རྣམས་མ་ཡིན་ནོ། །ཤཱ་རིའི་བུ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་དག་འདོད་པའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དེ་དག་ནི་བུད་མེད་ལ་ཀུན་ཏུ་རྟོག་ཅིང་མིག་ལ་མཚན་མར་འཛིན་པར་བྱེད་དེ། བཻ་དཱུརྱ་ལྟ་བུའི་འདུ་ཤེས་སུ་བྱེད་ལ་ཆུའི་དབུ་བ་བཞིན་དུ་འདུ་ཤེས་ སུ་ནི་མི་བྱེད་དོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་བོང་མོ་འབྲངས་པ་དང་། ཕག་མོ་འབྲངས་པ་ནི་འབྲངས་པས་ལུས་སྟོངས་པར་འགྱུར་ཞིང་ལུས་ལས་ཤ་མ་མི་གཙང་བ་བཙོག་པ་བལྟ་བར་བྱ་བ་མ་ཡིན་པ་འབྱུང་ངོ་། །ཤཱ་རིའི་བུ་མིག་ཀྱང་དེ་དང་འདྲ་བར་བརྗོད་དེ། འདི་ལྟ་སྟེ་དཔེར་ན་ བོང་མོའི་ཤ་མའམ། ཕག་མོའམ། ཁྱི་མོའི་ཤ་མ་དང་འདྲ་བར་མིག་ཀྱང་དེ་བཞིན་འདུག་སྟེ། མིག་གི་འབྲས་བུའི་ནང་དེ་ནི་ཆུའི་ཆུ་བུར་ལྟ་བུར་འདུག་གོ། །དེ་ལྟར་མི་གཙང་བ་འབྱུང་ཞིང་དེ་ལྟར་མི་འཐུན་པ་སྟེ། རྣག་དང་ཁྲག་རབ་ཏུ་འཛག་ཅིང་མི་གཙང་བ་རབ་ཏུ་འཛག་གོ། ། ཤཱ་རིའི་བུ་མི་གཙང་བ་རྣག་དང་ཁྲག་རབ་ཏུ་འཛག་ཅིང་ཆུའི་སྙིང་པོ་འཛག་པའི་ལུས་ལ་ཆགས་པ་གང་ཡིན་པ་དེ་ལྟ་བུ་ནི་མིག་ཅེས་བརྗོད་དོ། །ཤཱ་རིའི་བུ་འདི་ལ་རྒྱུ་གང་གིས་མིག་ཅེས་བྱ་བ་དེའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། དེ་ནི་ལུས་ཀྱི་གཙོ་བོ་ཡིན་ཏེ། གཟུགས་ལ་བལྟ་བས་ཐོག་ མ་དང་། དབུས་དང་། མཐར་ངོམས་པ་མེད་ལ་ལུས་ཀྱིས་མི་དགེ་བ་རྒྱ་མཚོ་སྙེད་བྱེད་དེ། རྒྱུ་དེས་ན་མིག་ཅེས་བྱའོ། །ཤཱ་རིའི་བུ་འདི་ལ་གང་གིས་ན་དེ་མིག་ཅེས་བྱ་བའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། མི་འཐུན་པའི་ཕྱིར་རོ། །ཤཱ་རིའི་བུ་མིག་གི་མི་འཐུན་པ་དེ་གང་ཞེ་ན། གང་གཟུགས་ མེད་པ་ལ་གཟུགས་སུ་འདུ་ཤེས་པ་དང་། ཚོར་བ་མེད་པ་ལ་ཚོར་བར་འདུ་ཤེས་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས་པའོ། །ཡང་འདི་ལ་རྒྱུ་གང་གིས་དེ་མིག་ཅེས་བྱ་བའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། འདིས་དགེ་བ་སྤྱོད་པ་ཉམས་པར་བྱེད་དེ་རྒྱུ་དེས་ན་མིག་ཅེས་བྱའོ། །འདིས་དགེ་སློང་གི་དངོས་པོ་ལས་ཉམས་པར་བྱེད་པས་ན་མིག་ཅེས་བྱའོ། །ཤཱ་རིའི་བུ་མིག་ནི་མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ་སྟེ། རྒྱུ་དེས་ན་མིག་ཅེས་བྱ་བར་ཤེས་པར་བྱའོ། །ཤཱ་རིའི་བུ་ དགེ་སློང་མཁས་པ། མང་དུ་ཐོས་པ། ཞུམ་པ་མེད་པ་རྣམས་ཀྱིས་ནི་མིག་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། གང་ཟག་མ་ཡིན་པ་དང་། ཤཱ་རིའི་བུ་དེ་བཞིན་དུ་སྦྱར་ཏེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ ནི་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། གང་ཟག་མ་ཡིན་ཏེ། དེ་དག་ནི་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་པ་ལས་བྱུང་བའོ། །ཤཱ་རིའི་བུ་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་ པ་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་མི་ཤེས་པ་དེ་དག་ནི་འདོད་ཆགས་ཀྱི་ཡོངས་སུ་གདུང་བས་གདུང་བར་འགྱུར་ལ། ཁ་དོག་ངན་ཅིང་སྐྱ་སྐྱ་བོར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ཤིང་ལྗོན་པ་ཆེན་པོའི་ལོ་མའམ། ལྗོན་པའི་འབྲས་བུ་སྨིན་པ་འབྲུལ་བའི་ཚེ་སྐྱ་བོར་འགྱུར་རོ། ། ཤཱ་རིའི་བུ་དེ་བཞིན་དུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པ་དེ་དག་ནི་འདོད་ཆགས་ཀྱི་ཡོངས་སུ་གདུང་བས་གདུངས་པར་འགྱུར། ཁ་དོག་ངན་པར་ འགྱུར། བསམ་པ་མི་གསལ་བར་འགྱུར། ཁ་དོག་ངན་ཅིང་བལྟ་ན་མི་སྡུག་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་གང་དག་གསར་བུ་དར་ལ་བབ་པ་གཞོན་ནུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་དེ་དག་ནི་འདོད་པ་རྣམས་དངོས་པོ་མེད་དོ་ཞེས་འདོད་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ པའི་རྟོག་པ་སྐྱེས་ན་ཡང་མྱུར་བ་ཉིད་དུ་རབ་ཏུ་ཞི་བར་བྱེད་དེ། དེ་དག་མི་དགེ་བ་ཡིན་པར་ཤེས་པར་ཡང་བྱེད་དོ། །ཤཱ་རིའི་བུ་དེ་ལྟར་ན་དགེ་སློང་དག་གིས་འདོད་པ་རྣམས་ཀྱི་ཉེས་དམིགས་མཐོང་ནས་འདོད་པ་དེ་དག་ལས་ཡིད་འབྱུང་བར་བྱེད་འདོད་ཆགས་དང་བྲལ་བར་བྱེད་དེ། མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱོད་དེ། བཞིན་དང་འཕྲལ་བའི་མདངས་གསལ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་མི་ཞིག་གི་ལུས་ལ་ནད་ཀྱིས་ཐེབས་ལ་རྣག་སྨིན་ནས་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་རྨའི་ཁ་བརྒྱད་ཁྲི་བཞི་སྟོང་ཡོད་ལ། རྨའི་ཁ་རེ་རེ་ལ་ཡང་སྲིན་བུའི་ཚོགས་ བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་དག་མཆུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་ལ། ཁ་ཟས་ཡོངས་སུ་ཟོས་པ་རྣམས་ཀྱིས་ཚིམ་པར་མི་འགྱུར་ཞིང་། དེ་མ་དག་མ་སྤུངས་པའི་དྲུང་དུ་འདུག་ན། ཇི་ཙམ་ན་སྲོག་ཆགས་དེ་དག་མེས་གདུངས་པར་གྱུར་པ་དང་། དེ་ལ་ཕྱིར་ཞིང་ཟ་བར་བྱེད། ཡོངས་ སུ་ཟ་བར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། མི་དེ་སྲོག་ཆགས་དེ་དག་གིས་ཟོས་པ་ཡིན་ནམ། འོན་ཏེ་མ་ཟོས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་འདི་ཐོས་པ་ཉིད་ ཀྱིས་ལུས་ཀྱི་སྤུ་ཟིང་ཞེས་བགྱིད་པར་གྱུར་ན། མི་དེའི་མི་འཐུན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་མི་དེ་ནི་སྲོག་ཆགས་ཀྱི་རིགས་དེ་དག་གིས་འཚལ་བ་ལགས་ཀྱི་མ་འཚལ་བ་ནི་མ་ལགས་སོ། །དེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ལུས་གཡའ་བར་ བགྱིད་ཅིང་འདི་ལྟར་ཞི་བར་མི་བགྱིད་ལ། བདེ་བ་ཐོབ་པར་ཡང་མི་བགྱིད་པ་ལགས་སོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། མི་དེའི་ལུས་ལ་རྣག་དང་ཁྲག་འཛག་ཅིང་དེ་ལྟ་བུར་གྱུར་པ་དེ་སྨད་པར་བྱ་བ་ཡིན་ནམ། གསོལ་པ། སྨད་པར་བགྱི་བ་ལགས། མི་འཐུན་པ་ལགས། བལྟ་བར་ མི་འོས་པ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་དགེ་སློང་མཁས་པ་དག་ནི་འདི་ལ་སོ་སོ་ཡང་དག་པར་སློབ་སྟེ། བུད་མེད་ནི་འདི་ལྟར་བཙོག་པ། འདི་ལྟར་དྲི་ང་བ། འདི་ལྟར་མི་འཐུན་པ། འདི་ལྟར་བལྟ་བར་མི་འོས་པའོ། །ཉོན་མོངས་པ་ཁོལ་བའི་བུད་མེད་དེ་དག་དང་ བསྟེན་པར་བྱ་བ་མ་ཡིན་ཏེ། འདོད་པ་རྣམས་ནི་དྲི་ང་བའོ། །འདོད་པ་རྣམས་ནི་མི་འཐུན་པའོ། །འདོད་པ་རྣམས་ནི་མི་གཙང་བའོ། །འདོད་པ་རྣམས་ནི་བལྟ་བར་མི་འོས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་སྙམ་མོ། །ཤཱ་རིའི་བུ་སྐྱེས་པའི་ལུས་ལ་ཡོད་པ་ལྟ་བུ་མ་ཡིན་ པ། བུད་མེད་ལ་ཆེས་ལྷག་པ་སྲིན་བུའི་ཚོགས་ལྔ་ཡོད་དེ། ཤཱ་རིའི་བུ་སྲིན་བུའི་ཚོགས་ལྔ་པོ་དེ་དག་ནི་བུད་མེད་ཀྱི་གཅི་བའི་ལམ་ན་གནས་ཏེ། སྲིན་བུའི་ཚོགས་རེ་རེ་ལ་སྲིན་བུ་བརྒྱད་ཅུ་བརྒྱད་ཅུ་ཡོད་ལ། མཆུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་དེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་ བུད་མེད་ཀྱི་ལུས་ལ་ཟའོ། །དེས་ན་ཉོན་མོངས་པ་དག་གིས་བུད་མེད་ལོག་པར་གཡེམ་སྤྱོ་སྟེ། འདོད་པ་ཡོངས་སུ་སྤྱོད་པ་དག་གིས་ངོམས་མི་མྱོང་ངོ་། །ཤཱ་རིའི་བུ་དེ་ལྟར་ན་འདོད་པ་རྣམས་ནི་ཉེས་དམིགས་ཡིན་པར་མཐོང་ན་དེ་དག་འདོད་པ་རྣམས་ལས་ཡིད་འབྱུང་བར་འགྱུར། འདོད་ཆགས་དང་བྲལ་བར་འགྱུར་ཏེ། མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱོད་ཅིང་བཞིན་དང་འཕྲལ་བའི་མདངས་གསལ་བ་ཡིན་ནོ། །ཤཱ་རིའི་བུ་འདི་ནི་འདོད་པའི་ཕུང་པོ་ལས་བརྩམས་ནས་ཆོས་བསྟན་པ་ཡིན་ཏེ། ཤཱ་རིའི་བུ་འདོད་པ་ཡོངས་སུ་སྤྱོད་པ་དག་ལས་ཡིད་འབྱུང་ བར་བྱའོ། །ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་གང་ཞེ་ན། ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ནི་རང་གིས་བྱས་པའོ། །ཤཱ་རིའི་བུ་རྣམ་པར་བྱང་བ་དང་རྣམ་པར་ཞི་བ་གང་ཞེ་ན། ཤཱ་རིའི་བུ་རྣམ་པར་བྱང་བ་དང་རྣམ་པར་ཞི་བ་ནི་རང་གིས་བྱས་པའོ། །ཤཱ་རིའི་བུ་ཀུན་ནས་ཉོན་ མོངས་པ་ནི་གང་། རང་གིས་བྱས་པ་ནི་གང་ཞེ་ན། ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཡིན་པའོ། །ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བར་འདུ་ཤེས་པ་དང་། འགག་པར་འདུ་ཤེས་པ་དང་། བདག་ཡོད་པ་དང་། བདག་མེད་པར་ བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་ཡོད་དེ། དེ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ལོང་བ་ཡིན་ཏེ། གཟུགས་ཀྱི་ཕུང་པོའོ་ཞེས་རློམ་སེམས་སུ་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པའི་ཕུང་པོའོ་ཞེས་རློམ་སེམས་སུ་བྱེད་དེ། རློམ་སེམས་སུ་བྱེད་ན་འཆིང་ངོ་། །རློམ་སེམས་སུ་མི་བྱེད་ན་གྲོལ་ལོ། །ཤཱ་རིའི་བུ་རློམ་སེམས་སུ་བྱེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་ཕུང་པོར་འགྱུར་རོ། །ཤཱ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་ འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཡིན་ཏེ། བཅུ་གང་ཞེ་ན། ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱི་ཚེ་གདུང་བར་འགྱུར་བ་དང་། དགེ་སློང་ཚུལ་ཁྲིམས་ཉམས་པ་འགྱོད་པར་འགྱུར་བ་དང་། མནར་མེད་པར་འགྲོའོ་ཞེས་འཁོར་གྱི་ནང་ན་འདུག་ན་སྐྲག་པ་དང་། བདག་ཉིད་ཚུལ་ཁྲིམས་ལ་སྐུར་པ་འདེབས་པ་དང་། བདག་ནི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ཉན་ཐོས་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། བདག་ནི་ལྷ་རྣམས་ཀྱིས་ཡོངས་སུ་སྤངས་པའོ་སྙམ་པ་དང་། འཆི་བའི་ཚེ་འཇིགས་པ་དང་བཅས་པ་དང་། ངན་འགྲོར་འགྲོ་བ་དང་། མིའི་ལུས་ཐོབ་པར་དཀའ་བའོ། །ཤཱ་རིའི་བུ་དེ་དག་ནི་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་སྟེ། ཚུལ་ཁྲིམས་འཆལ་པ་ནི་འཆི་བའི་དུས་ཀྱི་ཚེ་གདུང་བ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་འདོད་པ་རྣམས་ལ་ ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་འདི་ལ་དགེ་སློང་དགོན་པ་ན་གནས་པའམ། ཤིང་དྲུང་ན་གནས་པའམ། ཁང་སྟོང་ན་གནས་པའམ། བླ་གབ་མེད་པ་ན་གནས་པ་ནི་འདོད་པ་རྣམས་ནི་དྲི་ང་བའོ། །འདོད་པ་རྣམས་ནི་མི་འཐུན་པའོ། །འདོད་པ་རྣམས་ནི་རྨའི་ཁ་ལྟ་ བུའོ། །འདོད་པ་རྣམས་ནི་བལྟ་བར་མི་འོས་པའོ། །འདོད་པ་རྣམས་ནི་སྨད་པར་བྱ་བའོ། །འདོད་པ་རྣམས་ནི་བཤང་བས་ཡོངས་སུ་གང་བའི་རོ་ལྟ་བུའོ། །ཞེས་དེ་ལྟར་སོ་སོར་ཡང་དག་པར་སློབ་བོ། །དེ་དག་ནི་བྱིས་པ་འཕྱར་བའི་སྤྱོད་ཡུལ་ཡིན་ཏེ། ཤཱ་རིའི་བུ་བུད་མེད་ལ་སྟེན་པ་དང་བསྙེན་པས་ ཆོག་གོ། ཤཱ་རིའི་བུ་བུད་མེད་ཀྱི་ལུས་ཕྱི་ས་དང་མཆིལ་མས་ཡོངས་སུ་གང་བ་དེ་ལ་སུ་ཞིག་དགའ་སྟེ། ཤཱ་རིའི་བུ་དེ་དག་ནི་འཇིག་རྟེན་གྱི་ཁྱི་རོ་རུལ་པ་དང་འདྲ་བར་སྨད་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཁྱི་རོ་མི་གཙང་བ་རུལ་བ། དྲི་ང་བ། མདོག་མི་སྡུག་ ཅིང་སྔོ་ལ་པགས་པ་མུགས་པ། སྲོག་ཆགས་ཀྱིས་ཡོངས་སུ་གང་བ་ཞིག་ལམ་ཀ་ན་སྣང་ལ། དེའི་སྟེང་ན་ཆར་པ་ཡང་བབ་ཅིང་དེ་རླུང་གིས་ཀྱང་ཀུན་ནས་བཏབ། དེར་མི་རྣམས་ཀྱང་ཀུན་ནས་འཁོར་བར་གྱུར་ཏེ། དེ་དག་གིས་དྲི་དེ་ཚོར་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། མི་ དེ་དག་དྲི་མི་ཞིམ་པ་དེ་སྣོམ་པར་བྱེད་དམ། འོན་ཏེ་མི་སྣོམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱི་རོ་དེ་ལ་རིག་པར་བྱེད་དམ། སྐྱོད་པར་བྱེད་དམ། མངོན་པར་དགའ་བར་བྱེད་ན། དེ་སྐྱེ་བོ་མང་པོས་བསྔགས་པར་བྱ་བ་ཡིན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་དེ་ནི་ བལྟ་བར་དཀའ་སྟེ། དེ་ལ་བསྔགས་པར་ག་ལ་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱི་རོ་དེ་ལ་འཁྱུད་པར་བྱེད་པའམ། སྐྱོད་པར་བྱེད་པའམ། མངོན་པར་དགའ་བའི་ མི་དེ་ལ་ནི་དེ་བཞིན་གཤེགས་པ་བསྔགས་པ་མཛད་ཀྱི། གང་ཞིག་བུད་མེད་ཡུལ་གྱི་བཟང་མོ་ན་ཚོད་ལོ་བཅུ་དྲུག་ལོན་པའམ། ལྷག་པ་ལྟ་བུ། གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། ནུ་མ་རྒྱས་པས་མཛེས་པ། རྒྱན་གྱིས་བརྒྱན་པ། ཤིན་ཏུ་གཞོན་པ། རེག་ན་བདེ་བ། ནད་དང་བྲལ་བ་དེ་ལ་ཐ་ན་རྐང་པའི་མཐེ་བོས་རེག་པར་བྱེད་པའི་མི་དེ་ལ་ནི་དེ་བཞིན་གཤེགས་པས་བསྔགས་པར་མི་མཛད་དེ། ཤཱ་རིའི་བུ་ཡུལ་གྱི་བཟང་མོ་དེ་ལ་ཐ་ན་རྐང་པའི་མཐེ་བོས་རེག་པར་བྱེད་པའི་མི་གང་ཟག་དེ་ལྟ་བུ་དེ་ནི་ཤིན་ཏུ་སྨད་པར་བྱ་བ་ཡིན་ཏེ། ཁྱི་རོ་དེ་ལ་འཁྱུད་པར་བྱེད་པའམ། སྐྱོད་པར་བྱེད་པའམ། མངོན་པར་དགའ་བར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱི་རོ་ལ་འཁྱུད་པའམ། རེག་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་དགེ་སློང་གིས་འདོད་པ་རྣམས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་ཇི་ལྟར་ན་དགེ་སློང་གིས་ལུས་ལ་ཉེས་དམིགས་ཀྱི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཤཱ་རིའི་བུ་ལུས་འདི་ནི་གནོད་པ་མང་བའོ། འཁྲུག་པ་མང་བའོ། །ཤཱ་རིའི་བུ་བུད་མེད་ཀྱི་ལུས་ལ་ནི་སྐྱེས་པའི་ལུས་ལ་ཡོད་པ་ལྟ་བུ་མ་ཡིན་པ་ཆེས་ལྷག་པ་སྲིན་བུའི་ཚོགས་ཉི་ཤུ་རྩ་ལྔ་ཡོད་དེ། ཤཱ་རིའི་བུ་བུད་མེད་ཀྱི་མགོ་ཀླད་པའི་ནང་ན་སྲིན་བུའི་ཚོགས་འཕྲོག་བྱེད་ཅེས་བྱ་བ་དག་ཡོད་དེ། དེ་དག་ བུད་མེད་ཀྱི་ཀླད་པ་ལ་ཟ་བར་བྱེད་དོ། །ཤཱ་རིའི་བུ་བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་ཁ་སྤུ་ལ་ཟ་སྟེ། དེས་ན་བུད་མེད་ལ་ཁ་སྤུ་མི་སྐྱེའོ། །ཤཱ་རིའི་བུ་བུད་མེད་ཀྱི་རྣ་ཁུང་ན་སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས་བྱ་བ་ དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ལ་ཟ་ཞིང་བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་དོ། །ཤཱ་རིའི་བུ་བུད་མེད་ཀྱི་མགྲིན་པའི་མཚམས་དང་མགོ་བོའི་མཚམས་ལ་སྲིན་བུའི་ཚོགས་ཞེན་བྱེད་ཅེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ཟ་ཞིང་བུད་མེད་ཀྱི་རྣ་བ་འབིགས་པར་ བྱེད་ལ་མིག་ཀྱང་རྣོ་བར་བྱེད་དོ། །ཤཱ་རིའི་བུ་སྐྱེས་པའི་རྣ་བ་ལ་མི་འབིགས་ཀྱི་བུད་མེད་ཀྱི་རྣ་བ་ལ་འབིགས་སོ། །ཤཱ་རིའི་བུ་བུད་མེད་ལ་སྲིན་བུའི་ཚོགས་ཨ་བ་རེ་བན་ཞེས་བྱ་བ་དག་ཡོད་དེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ཁ་ལ་ཟ་སྟེ། དེས་ན་བུད་མེད་ཀྱི་ མགུལ་དམའ་བ་ཡིན་ཏེ། སྐྱེས་པ་ལ་ནི་དེ་ལྟ་བུ་མེད་དོ། །བཟའ་བ་དང་བཅའ་བ་ཁར་བཅུག་མ་ཐག་ཏུ་ཐོག་མར་དེ་དག་ཟ་བར་བྱེད་དོ། །དེ་དག་ཉལ་ཉིལ་བུད་མེད་ཀྱི་ནུ་མའི་ནང་དུ་འཇོག་སྟེ། དེས་ན་བུད་མེད་ནུ་མ་འཕྱང་བ་ཡིན་ནོ། །གང་གི་ཚེ་བུད་མེད་སྦྲུམ་པར་གྱུར་པ་ དེའི་ཚེ་སྲིན་བུ་དེ་དག་ཀྱང་སྦྲུམ་པར་གྱུར་ཏེ། དེས་ན་བུད་མེད་ཀྱི་ནུ་ཞོ་མང་བ་ཡིན་ནོ། །ཤཱ་རིའི་བུ་བུད་མེད་ཀྱི་ལུས་ཀྱི་ནང་མངལ་གྱི་གནས་གང་ན་མངལ་ཡོད་པའི་ཕྱོགས་དེ་ན་སྲིན་བུ་ཟད་པར་བྱེད་པ་དཔའ་བ་ཞེས་བྱ་བ་དག་ཡོད་དེ། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་ཅེས་བྱ་བ་དག་བསད་ནས་ ཟའོ། །དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་དེ་དག་མ་རྙེད་ན་དེ་དག་ཀྱང་འཆིའོ། །སྲིན་བུའི་ཚོགས་དེ་གཉིས་ཀ་ཤི་སྟེ་མེད་པ་དང་། ཕ་མ་འདུས་པ་ལས་མངལ་ཆགས་པར་འགྱུར་རོ། །ཤཱ་རིའི་བུ་བུད་མེད་ཀྱི་ལུས་ལ་ལུས་ཀྱི་ནང་སྐྱེ་གནས་ཀྱི་སྒོ་ན་སྲིན་བུའི་ཚོགས་བཞི་ཡོད་དེ། འདི་ལྟ་སྟེ། མཆུ་མཆོག་ ཅེས་བྱ་བ་དང་། གོང་བུ་སྦེད་ཅེས་བྱ་བ་དང་། རླུང་འབྱིན་ཅེས་བྱ་བ་དང་། འདོད་ལེན་ཅེས་བྱ་བ་སྟེ། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་བུད་མེད་ཀྱི་ལུས་ལ་ཟ་སྟེ། དེས་ན་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབར་བར་བྱས་ཏེ། འདོད་པ་ཡོངས་སུ་སྤྱད་པས་མི་ངོམས་པ་ ཡིན་ནོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པས་བུད་མེད་ཀྱི་སྐྱོན་ཆེས་ལྷག་པ་དེ་དག་མཁྱེན་ནས་བསླབ་པའི་གཞི་ལྷག་པ་དང་བཅའ་བར་མཛད་དོ། །ཤཱ་རིའི་བུ་ཆོས་ཀྱི་ཕུང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་དུ་འཁོར་བཞི་པོ་དག་ལ་སྟོན་ཅིག །དེ་ཅིའི་ཕྱིར་ཞེ་ན། འདོད་ པ་རྣམས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར། ལུས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟར་ལུས་འདི་བཅོས་མ་ཡིན་པར་ཤེས་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་གཏོགས་པར་སུ་ཞིག་འདོད་པ་རྣམས་ལ་སྟེན་པར་བྱེད་དེ་དེ་ ནི་གནས་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་ལུས་འདི་ལ་མངོན་པར་དགའ་བར་མི་བྱ། ལྷག་པར་ཆགས་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ་བདེ་བར་གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ལུས་ནི་མི་ གཙང་ལས་བྱུང་སྟེ། །རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས། །གཅིན་དང་རྟུག་པས་རབ་གང་ན། །དེ་ལ་བྱིས་པ་རབ་ཏུ་ཆགས། །དགེ་སློང་ཕ་དང་དགེ་སློང་མ། །དགེ་བསྙེན་ཕ་དང་དགེ་བསྙེན་མ། །འདི་ཐོས་ནས་ནི་འདོད་ཆགས་འབྲལ། །འདོད་ཆགས་བྲལ་ནས་རྣམ་པར་གྲོལ། །ཆོས་དང་ལྡན་པ་ རྣམས་ལ་ནི། །ཉེས་པ་འདི་དག་ངས་མ་བསྟན། །གང་དག་འདོད་ལ་ལོངས་སྤྱོད་པ། །དེ་དག་ལ་ནི་སྐྱོན་རྣམས་བཤད། །སངས་རྒྱས་ཀྱིས་ནི་བསྟན་པ་བཞིན། །བུད་མེད་མཐོང་ན་སུ་རྟོག་སྟེ། །ཡང་དག་བསྐུལ་བ་ཤེས་ནས་སུ། །མཁས་པ་དེ་དག་རྟོག་མི་བྱེད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་ མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པ་ར་མཱརྠ་དྷརྨ་བི་ཛ་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་དམ་པའི་ ཆོས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ག་ཡཱའི་རི་ལ་དགེ་ སློང་མངོན་པར་ཞུགས་པ་མངོན་པར་ཞུགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་བྱེ་བ་ཕྲག་ཉི་ཤུ་རྩ་བརྒྱད་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བརྒྱད་ཁྲི་དྲུག་སྟོང་དང་། གྱད་དྲུག་ཁྲི་དང་། གཅེར་བུ་པ་བྱེ་བ་ཕྲག་བཅུ་གཉིས་དང་། དྲང་སྲོང་ཆེན་པོ་མངོན་པར་ཤེས་པ་ལྔ་དང་ལྡན་པ། གདུང་བ་ལྔས་ཡན་ལག་ཆོག་པ་ལྔ་བརྒྱ་ཡན་ལག་དཀར་བ། ཤ་མེད་ཅིང་རུས་མགོ་པགས་ཀྱིས་ཡོག་པ། ལྟོ་ཞར་ཞིང་སྐྲའི་ཁུར་ཁྱེར་བ། ལུས་རྒུ་བ། གཡང་བཞི་ དང་ཤིང་ཤུན་གྱོན་པ། ལག་ན་རིལ་བ་ཐོགས་པ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་ཅིག་གོ། །རྒལ་བར་འདུན་པ་རྣམས་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་རི་ནག་པོ་རྣམས་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་ལྟར་དྲང་སྲོང་རྣམས་ཀྱི་ནང་ན་ལྷམ་མེ། ལྷན་ནེ། ལྷང་ངེ་སྟེ། ལུག་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་འདྲ་ལ། སྲིན་བུ་མེ་ཁྱེར་གྱི་དྲུང་ན་ཉི་ཟླ་དང་མཚུངས་ཤིང་། རྩྭ་ཀ་ཤིའི་མེ་ཏོག་གི་ནང་ན་མན་དཱ་ར་བའི་ཡལ་ག་དང་འདྲ་ལ། ནམ་མཁའ་ལྡིང་གི་རྒྱལ་པོ་བྱ་རོག་གིས་བསྐོར་བ་དང་འདྲ་བར་བཅོམ་ལྡན་འདས་དྲང་སྲོང་རྣམས་ཀྱི་ ནང་ན་ཉིས་འགྱུར་དུ་མཛེས་སོ། །དེ་ནས་བཅོམ་ལྡན་འདས་རིན་པོ་ཆེའི་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པར་མཛད་ཅིང་གློ་གཡས་གཡོན་གཉིས་ནས་འོད་ཟེར་ཕྱུང་སྟེ། དེ་བཞིན་གཤེགས་པ་བྱེ་བ་དཔག་ཏུ་མེད་པ་ ཕྱུང་། བྱང་ཆུབ་སེམས་དཔའ་བྱེ་བ་དཔག་ཏུ་མེད་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དཔག་ཏུ་མེད་པ་ཕྱུང་། དགྲ་བཅོམ་པ་བརྒྱ་སྟོང་དཔག་ཏུ་མེད་པ་ཕྱུང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བརྒྱ་སྟོང་ དཔག་ཏུ་མེད་པ་ཕྱུང་། འཁོར་ལོས་སྒྱུར་བ་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། ཁམས་ཀྱི་རྒྱལ་པོ་དང་། རིག་སྔགས་འཆང་དཔག་ཏུ་མེད་པ་ཕྱུང་། རྒྱ་དང་། རི་བྲགས་པ་དང་། འགྲོ་ལྡིང་བ་དང་། ལྷོ་ཕྱོགས་པ་དང་། ནགས་ཁྲོད་པ་དཔག་ཏུ་མེད་པ་ཕྱུང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེ་དང་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། མི་གཟུགས་དང་། ཆ་བྱད་དང་། མདོག་དང་། སྨྲ་བའི་སྐད་སྣ་ཚོགས་པ་ཇི་སྙེད་པ་དང་། ལྷའི་རིས་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ལས་ཕྱུང་ ངོ་། །དེ་ནས་འཁོར་ཆེན་པོ་དེ་ཐེ་ཚོམ་དུ་གྱུར་ནས་ཕན་ཚུན་གདོང་དུ་ལྟའོ། །བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་སྟེ། རིན་པོ་ཆེའི་ཆར་འབེབས་པ་ནས་རྒྱན་ཐམས་ཅད་ཀྱི་བར་གྱི་ཆར་འབེབས་སོ། །དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་གཏོང་བའི་ཏིང་ངེ་འཛིན་ ལས་བཞེངས་ཏེ། སེང་གེ་བསྒྱིངས་པས་ཕྱོགས་བཅུར་རྣམ་པར་གཟིགས་སོ། །བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུར་གཟིགས་མ་ཐག་ཏུ་དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་སངས་རྒྱས་ཀྱི་སྤྱན་ལ་སྣང་བ་དེ་དག་ཐམས་ཅད་ལག་ མཐིལ་དུ་བཞག་པ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་སྣང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཇི་ལྟར་ཕྱུང་བ་དེ་འདྲ་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཕྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་ཕྱུང་བ་ཇི་སྙེད་པ་ དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་འཁོར་གྱི་ནང་དུ་འདུས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཀྱང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་གཱའི་བྱེ་ མ་སྙེད་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་དཔེ་མེད་པ་ཐོགས་ཏེ་འདིར་ལྷགས་སོ། །དེ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་ དང་མི་མ་ཡིན་པ་དུ་མ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་མཐོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེ་ནས་གང་དག་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔས་དེ་དག་གིས་མཆོད་པ་བླ་ན་མེད་པས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཡོངས་སུ་བསྒྲུབས་པའི་སྟན་དག་ལ་འཁོད་དོ། །མི་དང་མི་མ་ཡིན་པའི་བར་དུ་ཡང་ཅི་རིགས་པའི་སྟན་དག་ལ་འཁོད་དོ། །གང་དག་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ཕྱུང་བ་དེ་དག་ཀྱང་མནར་མེད་པ་ཡན་ཆད་འོག་མིན་གྱི་གནས་མན་ཆད་དུ་མངོན་པར་ བྱུང་སྟེ་སླར་ཡང་ལོག་གོ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ཕྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤུའི་ཁུང་བུ་ཐམས་ཅད་དུ་ནུབ་བོ། །གང་དག་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ཕྱུང་བ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམས་ སུ་ནུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་ཕུང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཀྱེ་མ་མི་རྣམས་ཀྱི་ནི་འདྲེན་པ་ཡིས། །སྔོན་ཆད་མ་བྱུང་མཛད་པ་སྣ་ཚོགས་འདི། །སྐྱེ་དགུ་ཀུན་ལ་མྱུར་དུ་ཀུན་བསྟན་པ། །དེ་ཡིས་བདུད་སྡེ་ཐམས་ཅད་མོག་མོག་བགྱིས། །ཕན་ཚུན་དག་ཏུ་ཚིག་ཏུ་ སྨྲ་བགྱིད་པ། །ཀྱེ་མའོ་ཤིན་ཏུ་ངོ་མཚར་ཆེ་ཞེས་མཆི། །བདག་ཅག་ཅི་ཞིག་ཕྱིར་ནི་འདིར་ལྷགས་ཀྱེ། །བདག་ཅག་བཅོམ་མོ་བདག་ཅག་བཅོམ་ཞེས་མཆི། །དཀའ་ཐུབ་ཅན་བདག་དཀའ་ཐུབ་ཅན་མིན་གྱུར། །ཉམ་ཆུང་ལུས་ལ་པགས་པ་ཙམ་ཞིག་ལས། །བདག་ འཁོགས་བདག་སྐམས་བདེ་བ་རྣམས་ལས་ཉམས། །བདག་ཅག་རྫུ་འཕྲུལ་ཐོབ་པར་གྱུར་མ་ཡིན། །ཡི་གེ་མ་མཆིས་རྫུ་འཕྲུལ་གསུམ་རྣམས་ཀྱིས། །བསྟན་པའི་དགྲ་རྣམས་མོག་མོག་གྱུར་པར་མཛད། །བསྟན་པའི་འདྲེན་པ་ཁྱོད་ཀྱིས་དེ་རིང་ནི། །སངས་ རྒྱས་སྲས་ལ་དུས་སྟོན་ཆེན་པོ་མཛད། །འཁོར་འདི་ཐམས་ཅད་ཐེ་ཚོམ་འཚལ་བར་གྱུར། །དགའ་བ་སྐྱེས་ཤིང་སེམས་ཀྱང་རབ་དགའ་སྟེ། །གང་ཞིག་གནས་ནས་ལྷ་ཚོགས་བདག་ཅག་ཀྱང་། །འཇིག་རྟེན་མགོན་པོ་སངས་རྒྱས་གྱུར་ཅིག་མཆི། །འཇམ་དབྱངས་ སངས་རྒྱས་མང་པོ་བསྙེན་བཀུར་བགྱིས། །སངས་རྒྱས་སྲས་པོ་མཐའ་ཡས་རྣམས་ཀྱིས་བསྐོར། །འཇམ་པའི་དབྱངས་ནི་འཁོར་གྱི་ནང་ན་མཆིས། །ཆོ་འཕྲུལ་རྣམ་པར་ཕྱེ་སྟེ་བསྟན་དུ་གསོལ། །འདི་དག་ཆོས་ནི་གང་གི་ལྟས་ཤིག་ལགས། །ཐུབ་པ་ ཆོས་ནི་གང་ཞིག་གསུང་བར་བཞེད། །འཁོར་འདི་ཐམས་ཅད་འབོད་ཅིང་མཆིས་ལགས་ན། །སེམས་ཅན་ཐུགས་བརྩེའི་སླད་དུ་བདག་ལ་གསུངས། །དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་དེའི་ནང་ནས་དྲང་སྲོང་ཆེན་པོ་མེ་སྒྲོན་ཞེས་བྱ་བ་གཅིག་གིས་བྱང་ཆུབ་ སེམས་དཔའ་རྒྱལ་བའི་ཕུང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གཞོན་ནུ་རེ་ཤིག་ཁ་རོག་ཤིག་ཁོ་བོས་དྲི་བ་དྲི་བར་བྱའོ། །གལ་ཏེ་ཁོ་བོའི་དྲི་བ་ཁོང་དུ་ཆུད་པར་བྱེད་ན་ནི་དེ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་དང་ཡང་འཐུན་ནོ། །འོན་ཏེ་སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་ པོས་ཕྱུང་བའི་འགྲོ་ལྡིང་བ་རྣམས་ཀྱིས་སྤྲུལ་པ་བྱེད་དུ་བཅུག་ན་འདིར་ངོ་མཚར་ཡང་མི་ཆེ་སྟེ། སྐྱེས་བུ་ངན་པ་དང་། སྒྱུ་མ་མཁན་རྣམས་ཀྱིས་འདི་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པའི་ཞལ་གྱིས་དྲང་སྲོང་གི་ཚོགས་ལ་ཀུན་ཏུ་གཟིགས་ནས་དྲང་སྲོང་ཆེན་པོ་ མེ་སྒྲོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་དྲང་སྲོང་ཆེན་པོ་ཅི་ནུས་ཀྱིས་དྲི་བ་དྲིས་ཤིག་དང་རྣམ་པར་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་། ཅིའི་སླད་དུ་བསྐལ་པས་སྲེག་པར་འགྱུར། སེམས་ཅན་རྣམས་གནས་གང་དུ་འདུ་བར་འགྱུར། ནང་ན་སེམས་ཅན་ཕྲ་བ་ཁྲུ་གང་ཙམ་མམ། མཐོ་གང་ཙམ་མམ། མཛུབ་མོ་ཙམ་མམ། མཐེ་བོ་ཙམ་མམ། ནས་དང་། གྲོ་དང་། མོན་སྲན་སྡེའུ་དང་། མོན་ སྲན་གྲེའུ་དང་། ཏིལ་དང་། ཡུངས་འབྲུ་ཙམ་མམ། སེམས་ཅན་ཇི་ཙམ་ཞིག་ནང་ན་མཆིས་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ་ད