Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
ྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །དྲང་སྲོང་ཆེན་པོ་ཚེ་བསྐལ་པ་དྲུག་
ཅུ་པའི་དྲི་བ་དྲི་བ་འདི་ནི་འཐུན་པའོ། །དེ་ནས་དྲང་སྲོང་ཆེན་པོ་རྣམས་ངོ་མཚར་དུ་གྱུར་ཏེ། དྲང་སྲོང་ཆེན་པོ་མེ་སྒྲོན་གྱི་ཚེའི་ཚད་ནི་མ་བརྗོད་པར་བདག་ཅག་ལྷན་ཅིག་གནས་གནས་པ་རྣམས་ཀྱིས་ཀྱང་མ་ཤེས་ན་འདིས་ཇི་ལྟར་ཤེས་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དྲང་སྲོང་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དྲང་སྲོང་ཆེན་པོ་གང་ང་ལ་སེམས་ཅན་གྱི་སྐྱེ་བ་གང་ནས་བྱུང་ཞེས་སྨྲས་པ་དེ་ནི་ཡི་གེས་བརྗོད་པ་མ་ཡིན་པའོ། །སེམས་ཅན་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་ནས་སྐྱེ་བ་དང་། རྒ་ཤིའི་
བར་དུ་བྱུང་བའོ། །དྲང་སྲོང་ཆེན་པོ་ཡང་རྒྱུ་རྐྱེན་ལས་སེམས་ཅན་སྐྱེས་ཏེ་རྒྱུ་རྐྱེན་ནི་ཕ་མའོ། །དྲང་སྲོང་ཆེན་པོ་ཡང་ཕ་མ་འགྲོགས་པ་ནི་དེའི་རྒྱུའོ། །གང་གི་ཚེ་ཡོངས་སུ་རྟོག་པས་ཀུན་ནས་བསླང་བའི་ལས་ཀྱི་རླུང་རྣམས་ཀྱིས་བུད་མེད་ཀྱི་གྲོང་དུ་འཇུག་པ་དེ་ནི་རྐྱེན་ནོ། །
དྲང་སྲོང་ཆེན་པོ་ཡང་སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ནི་སེམས་ཅན་ནོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ཁམས་བཅྭ་བརྒྱད་ནི་སེམས་ཅན་
ནོ། །དྲང་སྲོང་ཆེན་པོ་སེམས་ཅན་ཡང་གཞན་ལ་ལས་ཀྱང་གཞན་མ་ཡིན། ལས་ཀྱང་གཞན་ལ་སེམས་ཅན་ཡང་གཞན་མ་ཡིན་ནོ། །དྲང་སྲོང་ཆེན་པོ་སེམས་ཅན་ནི་འགྲིབ་པ་མ་ཡིན། འཕེལ་བ་མ་ཡིན་ནོ། །དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གཽ་ཏ་མ་གལ་ཏེ་སེམས་ཅན་

འགྲིབ་པ་མ་མཆིས། འཕེལ་བ་མ་མཆིས་ན། ཅིའི་སླད་དུ་སེམས་ཅན་ཁྱིའི་སྐྱེ་གནས་ནས་ཤི་འཕོས་ཏེ་དབང་སྒྱུར་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་མ་ཡིན་ནོ། །གལ་ཏེ་དབང་སྒྱུར་དབང་སྒྱུར་ཡིན་དུ་ཟིན་
ན་ནི་དབང་མེད་པར་འཆི་བར་མི་རིགས་སོ། །དྲང་སྲོང་ཆེན་པོ་གང་རང་གི་ལུས་ཀྱི་གཙོ་བོ་མ་ཡིན་པ་དེ་ཇི་ལྟར་དབང་སྒྱུར་དུ་འགྱུར། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྲིན་བུ་མེ་ཁྱེར་འདི་སྙམ་དུ་བདག་གིས་འཛམ་བུའི་གླིང་སྣང་བར་བྱའོ། །སྙམ་དུ་སེམས་པའི་རྐྱེན་
གྱིས་སྲིན་བུ་མེ་ཁྱེར་གྱིས་འཛམ་བུའི་གླིང་སྣང་བར་བྱེད་དམ། སེམས་མ་དུལ་བའི་དབང་སྒྱུར་ཡང་དག་པ་མ་ཡིན་ནོ། །དྲང་སྲོང་ཆེན་པོ་ཡང་གལ་ཏེ་དབང་སྒྱུར་ཉོན་མོངས་པ་འབྲི་བར་གྱུར་ན་ནི་ཁྱི་ལ་ཉོན་མོངས་པ་ཤས་ཆེ་བར་འགྱུར་རོ། །གང་གི་ཚེ་དབང་སྒྱུར་དང་ཉོན་མོངས་
པ་དག་ཁྱི་ལ་ཡང་ཡོད་ཅིང་དབང་སྒྱུར་ལ་ཡང་ཡོད་པ་དེའི་ཚེ་སེམས་ཅན་འགྲིབ་པ་ཡང་མི་དམིགས། འཕེལ་བ་ཡང་མི་དམིགས་སོ། །དྲང་སྲོང་ཆེན་པོས་གསོལ་པ། གཽ་ཏ་མས་ཉོན་མོངས་པ་འགྲིབ་པར་མཛད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་
ངས་ཕྱིན་ཅི་ལོག་དག་བཟློག་པ་ཡང་མེད། འགྲིབ་པར་བྱས་པ་ཡང་མེད་དོ། །དྲང་སྲོང་ཆེན་པོས་གསོལ་པ། གལ་ཏེ་དེ་ལྟར་ན་ཁྱོད་ཀྱང་དབང་སྒྱུར་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། མ་བྱུང་བའི་ཕྱིར་ང་ཡང་དབང་སྒྱུར་མ་
ཡིན་ནོ། །དྲང་སྲོང་ཆེན་པོས་གསོལ་པ། གཽ་ཏ་མ་བཀའ་མཆིད་འདི་རེ་ཞིག་ཞོག །གཽ་ཏ་མའི་སྲས་ཀྱིས་ཕ་མ་འགྲོགས་པ་ལས་སེམས་ཅན་སྐྱེའོ་ཞེས་གསུངས་ན། སེམས་ཅན་མང་དུ་འགྲོགས་པ་ལ་སེམས་ཅན་སྐྱེ་བ་ཉུང་བར་གྱུར་པ་འདི་ཅི་ལྟ་བུ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཁྱོད་ལ་དཔེ་བསྟན་པར་བྱའོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ས་བོན་གཅིག་ལས་ཤིང་སྐྱེ་བར་འགྱུར་ཏེ། འབྲས་བུ་གཅིག་ལས་ཀྱང་འབྲས་བུ་མཐའ་ཡས་པར་འགྱུར་རོ། །དེ་ལ་རེས་འགའ་ནི་གཅིག་ས་བོན་གྱི་འོས་སུ་འགྱུར་གྱི་ལྷག་མ་ས་བོན་གྱི་

འོས་སུ་མི་འགྱུར་བ་དེ་ཇི་ལྟ་བུ། དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གཽ་ཏ་མ་རླུང་དང་ཉི་མས་ཤིང་ཏོག་རྣམས་མ་རུང་བར་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་དེ་བཞིན་ཏེ། ལས་ཀྱི་རླུང་གིས་ཀྱང་སེམས་ཅན་གྱི་འབྲས་བུ་རྣམས་མ་
རུང་བར་བྱས་སོ། །དྲང་སྲོང་ཆེན་པོ་ཁ་ཅིག་ནི་མངལ་ན་གནས་པ་ཉིད་ཀྱི་ཚེ་སྲིན་བུ་རྣམས་ཀྱིས་ཟོས་སོ། །ཁ་ཅིག་ནི་ལས་ཀྱི་རླུང་རྣམས་ཀྱིས་ཕྱེ་མར་བྱས་སོ། །དྲང་སྲོང་ཆེན་པོ་ཤིང་གི་ཉེས་པ་ནི་ཉུང་ངོ་། །སེམས་ཅན་གྱི་ཉེས་པ་ནི་མང་ངོ་། །དྲང་སྲོང་ཆེན་པོ་ཡང་སེམས་ཅན་
གྱི་ཁམས་ནི་ཡོངས་སུ་རྟོག་པས་ཀུན་ནས་བསླང་བ་སྟེ། དྲང་སྲོང་ཆེན་པོ་སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་ཇི་སྙེད་པ་དེ་སྙེད་དུ་སྲིད་པ་ལ་དམིགས་ཏེ། དྲང་སྲོང་ཆེན་པོ་དེའི་ཕྱིར་སེམས་ཅན་གྱི་ཁམས་ནི་ཡོངས་སུ་རྟོག་པས་ཀུན་ནས་བསླང་བའོ་ཞེས་ང་
སྨྲའོ། །དྲང་སྲོང་ཆེན་པོས་གསོལ་པ། ཀྱེ་གཽ་ཏ་མ་དེ་དེ་བཞིན་ཏེ། ཞུ་བ་བརྗོད་པ་འདི་ནི་རྣམ་པར་དག་གོ། །ཅིའི་སླད་དུ་བསྐལ་པས་སྲེག་པར་འགྱུར་བ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་ཕྱིར་བསྐལ་
པས་སྲེག་པར་འགྱུར་རོ། །དྲང་སྲོང་ཆེན་པོ་གལ་ཏེ་བསྐལ་པས་སྲེག་པར་མི་འགྱུར་ན་ཆོས་ཀྱི་དབྱིངས་གཉིས་སུ་འགྱུར་ཏེ། ལ་ལ་མི་རྟག་ལ། ལ་ལ་རྟག་པར་འགྱུར་རོ། །དེའི་ཚེ་དེ་བཞིན་གཤེགས་པ་བདེན་པ་སྨྲ་བར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་གང་གི་ཕྱིར་འདི་ཐམས་ཅད་
རྟག་པ་མ་ཡིན། བརྟན་པ་མ་ཡིན། དབུགས་ཕྱིན་པ་མ་ཡིན་པ་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་དེའི་མིང་ཐོབ་བོ། །དྲང་སྲོང་ཆེན་པོས་བྲམ་ཟེའི་ཁྱེའུ་ལ་སྨྲས་པ། འདི་ཐམས་ཅད་མཁྱེན་པར་མཚན་གསོལ་པ་ནི་འཐུན་ནོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་གལ་ཏེ་བསྐལ་པས་བསྲེགས་པར་མ་གྱུར་ན་འདི་ནི་དུས་བཟང་པོའོ། །འདི་ནི་དུས་ངན་པའོ་ཞེས་བྱ་བར་དུས་ཐ་དད་པ་མེད་པར་འགྱུར་རོ། །དྲང་སྲོང་ཆེན་པོ་གལ་ཏེ་ཡང་བསྐལ་པས་བསྲེགས་པར་མ་གྱུར་ན་ལེགས་པར་བྱས་པ་དང་།

ཉེས་པར་བྱས་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ཐ་དད་པ་མེད་པར་འགྱུར་རོ། །དྲང་སྲོང་ཆེན་པོ་ཡང་འདི་ལྟ་སྟེ། བསྐལ་པས་སྲེག་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་སྟེ། དྲང་སྲོང་ཆེན་པོ་སེམས་ཅན་ཇི་སྙེད་བསྐལ་པས་སྲེག་པར་འགྱུར་བ་ཐོས་
ནས་དད་པར་འགྱུར་བའི་སེམས་ཅན་དེ་སྙེད་དེ་བཞིན་གཤེགས་པས་བསྡུ་བའི་དངོས་པོས་སྡུད་པར་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཁ་ཆུ་ལྡག་པའི་སྦྲུལ་ནི་མིག་གིས་ཀྱང་རྡུབ། རྣ་བ་དང་། སྣ་དང་། ཁའི་སྒོ་ནས་ཀྱང་རྡུབ་བོ། །དྲང་སྲོང་ཆེན་པོ་དེ་བཞིན་
གཤེགས་པ་ལ་ཡང་དེ་ལྟར་བལྟ་སྟེ། སྦྱིན་པས་ཀྱང་སྡུད། སྙན་པར་སྨྲ་བས་ཀྱང་སྡུད། དོན་སྤྱོད་པས་ཀྱང་སྡུད། དོན་འཐུན་པས་ཀྱང་སྡུད་དོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་གསེར་ལ་གནོད་པར་བྱ་བའི་ཕྱིར་མེར་འཇུག་པ་མ་ཡིན་གྱིས། གསེར་དུལ་མ་མ་ཡིན་པ་
འདི་ཇི་ལྟར་ན་དུལ་མར་འགྱུར་སྙམ་ནས་དེའི་ཕྱིར་མེར་འཇུག་སྟེ། ཤིན་ཏུ་བསྲེགས་པའི་ཕྱིར་རིན་པོ་ཆེའི་འོས་སུ་འགྱུར་རོ། །རིན་པོ་ཆེས་སྤྲས་པ་དེའི་རིན་ཐང་མེད་པར་འགྱུར་ཏེ། དྲང་སྲོང་ཆེན་པོ་དེའི་ཕྱིར་གསེར་བརྡུང་བ་དང་བསྲེག་པས་རྣམ་པར་སྦྱོང་ངོ་། །དྲང་སྲོང་ཆེན་
པོ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྒྱུ་མེད་པར་སྲེག་པའི་བསྐལ་པ་མི་འབྱིན་ཏེ། འདིར་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྐལ་
པས་སྲེག་པའི་མེ་ཕྱུང་ཡང་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་བ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གང་ལ་ཡང་གནོད་པར་མི་མཛད་དོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་
ཕྱོགས་བཅུ་རྣམས་སུ་ཆར་ཕྲ་མོའི་རྒྱུན་འབབ་པ་དེ་བས་ནི་དྲང་སྲོང་ཆེན་པོ་དེ་བཞིན་གཤེགས་པ་རྣམས་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་གནས་ཏེ། རང་གི་ལག་གིས་སེམས་ཅན་ཐར་པར་བྱེད་པ་ནི་ཆེས་མང་ངོ་། །དྲང་སྲོང་ཆེན་པོ་དེའི་ཚེ་

སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་གཟུགས་ཀྱང་མཐོང་། ཁ་དོག་མཛེས་པ་ཡང་མཐོང་། བསྐལ་པས་བསྲེགས་པའི་འཇིགས་པ་ལས་བདག་ཉིད་སྒྲོལ་བ་ཡང་མཐོང་ནས་དགའ་བ་དང་། མཆོག་ཏུ་
དགའ་བ་སྐྱེས་ཏེ་འདི་སྐད་ཅེས་བདག་ཅག་ཀྱང་འདི་ལྟར་སྒྲོལ་བ་པོར་གྱུར་ཅིག །བདག་ཅག་ཀྱང་འདི་ལྟར་གཟུགས་མཛེས་པར་གྱུར་ཅིག །བདག་ཅག་ཀྱང་འདི་ལྟར་ཁ་དོག་མཛེས་པར་གྱུར་ཅིག་ཅེས་འཛེར་ཏེ། ཁ་ཅིག་ནི་ཡིད་བྱུང་ནས་སེམས་རྣམ་པར་གྲོལ་ཏེ་རྒྱུན་དུ་ཞུགས་
པའི་འབྲས་བུ་མངོན་སུམ་དུ་བྱེད། ཁ་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད། ཁ་ཅིག་ནི་དགྲ་བཅོམ་པ་ཉིད། ཁ་ཅིག་ནི་རང་བྱང་ཆུབ། ཁ་ཅིག་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ། ཁ་ཅིག་ནི་ཕྱིར་མི་ལྡོག་པའི་ས་
གནོན། ཁ་ཅིག་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་དུ། ཁ་ཅིག་ནི་མཚེ་མར། ཁ་ཅིག་ནི་དགའ་ལྡན་དུ། ཁ་ཅིག་ནི་འཕྲུལ་དགར། ཁ་ཅིག་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །དྲང་སྲོང་ཆེན་པོ་རྣམ་གྲངས་
འདི་ལྟ་བུར་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བ་རྣམས་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྣམས་དང་ཁམས་ཀྱི་རྒྱལ་པོ་རྣམས་སུ་འགྱུར་ཏེ། དྲང་སྲོང་ཆེན་པོ་རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་བར་དུ་ཡང་འགྱུར་
རོ། །དྲང་སྲོང་ཆེན་པོ་རྣམ་གྲངས་འདི་ལྟ་བུས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ཞིང་བདག་ཉིད་ཀྱང་འཇིགས་པ་ཆེན་པོ་ལས་གྲོལ་བར་མཐོང་ནས། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ཆོས་ཉིད་ཐོས་
ནས་བསླབ་པའི་གནས་རྣམས་ལ་བག་བྱེད་པར་འགྱུར་རོ། །ཐབས་འདིས་ན་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་ཡང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལ་སའི་ཁམས་ཇི་སྙེད་སྣང་བར་འགྱུར་བ་དེ་བས་ནི་སེམས་ཅན་གྱི་ཁམས་གང་འཁོར་བར་

ཆགས་པའི་སྐྱོན་ཆགས་པར་ཤེས་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཆེས་མང་སྟེ། དྲང་སྲོང་ཆེན་པོ་དེའི་ཕྱིར་བསྐལ་པས་སྲེག་པར་འགྱུར་རོ། །དེ་ནས་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་རང་གི་ཡིད་ཀྱིས་རྣམ་
པར་དཔྱད་ནས་ཚིག་ཏུ་སྨྲས་པ། ཀྱེ་མའོ་གང་བདག་དྲང་སྲོང་ཆེན་པོ་ཞེས་འབོད་པ་ཤཱཀྱའི་སྲས་འདིའི་ཆེ་བ་ཉིད་ནི་རྒྱ་ཆེ་བའོ། །བདག་གིས་འདི་ལ་བགམས་པས་ཀྱང་ཆོག་སྟེ། འདི་ནི་ཐམས་ཅད་མཁྱེན་པར་མངོན་གྱིས། བདག་གིས་ཀྱང་འདི་ལ་ཡང་དག་པའི་མིང་གིས་བོད་པར་
བྱའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཡོན་ཏན་གྱི་འབྱུང་གནས་སུ་གྱུར་ཅིང་མཁྱེན་པ་དཔག་ཏུ་མ་མཆིས་པས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ་པ། སེམས་ཅན་གནས་གང་དུ་འདུ་བར་འགྱུར་བ་
བདག་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་གནས་མེད་པ་ལ་སེམས་ཅན་འདུ་བར་འགྱུར་རོ། །མཉམ་པ་ཉིད་ལ་སེམས་ཅན་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་ཐེག་པ་གཅིག་གིས་འབྱུང་བ་ལ་སེམས་ཅན་འདུ་བར་འགྱུར་
རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་སེམས་ཅན་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་ཅན་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཆུ་ཀླུང་ཆེན་པོ་ཐ་དད་པ་དང་། ཀླུང་ཕྲན་དང་། ཀླུང་ཆེན་པོ་དག་
རྒྱ་མཚོ་ཆེན་པོར་བབ་ནས་རོ་གཅིག་ཏུ་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་ཟག་པ་ཟད་པར་བྱེད་པ་དེ་དག་ཐམས་ཅད་རྣམ་པར་གྲོལ་བའི་ངང་དུ་གྱུར་པས་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་འཁོར་བར་འདུ་བས་སེམས་ཅན་འདུ་བར་འགྱུར་
བ་ནི་འདུ་བ་མ་ཡིན་པའོ་ཞེས་ང་སྨྲའོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་རླུང་གིས་བདས་ནས་ཕྱེ་མ་ལེབ་ཕྱི་ཕྱི་ཞྭ་ལ་འདུ་བར་འགྱུར་ཏེ། རླུང་མེད་ན་སོ་སོར་འགྱེས་སོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བས་ཕན་ཚུན་ལས་འབྲེལ་པའི་

སེམས་ཅན་གྱི་ཁམས་དེ་དག་ཀྱང་དེར་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་རྣམ་གྲངས་འདི་ལྟ་བུར་ཕན་ཚུན་ལས་ཀྱིས་འབྲེལ་བ་དག་ཡི་དགས་སུ་སྐྱེ་བར་འགྱུར། དུད་འགྲོར་སྐྱེ་བར་འགྱུར་ཏེ། དེར་དེ་དག་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་ལྷ་དང་མི་
རྣམས་སུ་དེ་དག་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོས་གསོལ་པ། ཐམས་ཅད་ཟིལ་གྱིས་གནོན་པ། ཐམས་ཅད་མཁྱེན་པ། མིར་སྐྱེས་པ་འདི་སེམས་ཅན་ཆེ་གེ་མོ་ཞེས་བགྱི་བ་ཞིག་དང་འདུས་པར་གྱུར་ཏོ། །དུད་འགྲོར་སྐྱེས་པ་འདི་ཞེས་བགྱི་བ་ནས་ཡི་དགས་སུ་སྐྱེས་པ་འདི་
འདུས་པར་གྱུར་ཏོ་ཞེས་བགྱི་བའི་བར་དུ་ཇི་ལྟར་འཚལ་བར་བགྱི་བ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་སེམས་ཅན་གང་ཞིག་སེམས་ཅན་གང་དང་ལྷན་ཅིག་ཏུ་སེམས་ཅན་དམྱལ་བར་སྐྱེས་ནས་འདུས་པར་གྱུར་པ་དེས་དེ་མཐོང་ན་ཡིད་མི་
བདེ་བར་འགྱུར། ཞེ་སྡང་བར་འགྱུར། དེས་དེ་མཐོང་ནས་གལ་ཏེ་ན་དེ་ཀླད་པ་ན་བར་ཡང་འགྱུར། བཤང་བ་དང་། གཅི་བ་འབྱུང་བར་ཡང་འགྱུར་ཏེ། དྲང་སྲོང་ཆེན་པོ་འདི་ནི་སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ཀྱི་འདུ་བའི་མཚན་ཉིད་དོ། །གང་ལ་ལ་དེ་ལྟར་གྱུར་པ་དེས་ཀྱང་
བདག་དང་འདི་ལྷན་ཅིག་ཏུ་སེམས་ཅན་དམྱལ་བ་རྣམས་ན་གནས་གནས་པར་མངོན་ནོ་ཞེས་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དྲང་སྲོང་ཆེན་པོས་གསོལ་པ། རིགས་གསལ་བར་མཛད་པ། ཐམས་ཅད་མཁྱེན་པ། དུད་འགྲོ་དང་ལྷན་ཅིག་གནས་གནས་པ་རྣམས་ཀྱི་མཚན་མར་
འགྱུར་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་སྐྱེས་པའི་སེམས་ཅན་རྣམས་གང་གི་ཚེ་ཕན་ཚུན་མཐོང་བ་ན་ཁོན་དུ་མདུད་པར་འཛིན་ཅིང་། འདི་ལས་བདག་གིས་སྐྱོན་ཇི་ལྟར་རྙེད་སྙམ་དུ་སྐྱོན་ཚོལ་བ་འདི་ནི་དྲང་སྲོང་ཆེན་པོ་དུད་འགྲོར་སྐྱེས་པའི་སེམས་ཅན་
རྣམས་ཀྱི་འདུ་བའི་མཚན་ཉིད་དེ། བདག་དང་འདི་ལྷན་ཅིག་ཏུ་དུད་འགྲོའི་ནང་ན་གནས་གནས་པར་མངོན་ནོ་ཞེས་དེ་ལྟར་ཤེས་པར་བྱའོ། །དྲང་སྲོང་ཆེན་པོ་ཡི་དགས་སུ་སྐྱེས་པ་རྣམས་ནི་དྲི་ང་བ་འདོད་ཅིང་ཁ་ཟས་ལ་ཤིན་ཏུ་སྲེད་པར་འགྱུར་རོ། །ཕ་རོལ་ལ་སྦྱིན་པར་བསམས་ཀྱང་

ཆགས་པ་སྐྱེ་བར་འགྱུར་རོ། །གང་དང་དེ་ཡི་དགས་སུ་སྐྱེས་ནས་ལྷན་ཅིག་འདུས་པར་གྱུར་པ་དེའི་དབང་ཕྱུག་མཐོང་ནས་ཕྲག་དོག་སྐྱེ་བར་འགྱུར། གཞན་གྱི་ནོར་ལ་འདོད་པར་འགྱུར་ཏེ། འདི་ནི་ཡི་དགས་སུ་སྐྱེས་པ་རྣམས་ཀྱི་འདུ་བའི་མཚན་ཉིད་དོ། །དེ་ལ་བདག་དང་འདི་
ལྷན་ཅིག་ཏུ་ཡི་དགས་ཀྱི་ནང་ན་གནས་གནས་པར་མངོན་ནོ་ཞེས་དེ་ལྟར་ཤེས་པར་བྱའོ། །དྲང་སྲོང་ཆེན་པོ་མིར་སྐྱེས་པ་གང་ལ་ལ་ཞིག་ཚེ་རབས་གཞན་དག་ནས་འདུས་པར་གྱུར་པ་ནི་དེས་དེ་མཐོང་ན་འདོད་ཆགས་ཀྱི་སེམས་སྐྱེ་བར་འགྱུར་ཏེ། དྲང་སྲོང་ཆེན་པོ་འདི་ནི་མིར་
སྐྱེས་པའི་སེམས་ཅན་རྣམས་ཀྱི་འདུ་བའི་མཚན་ཉིད་དོ། །དེ་ལ་བདག་དང་འདི་མི་རྣམས་ཀྱི་ནང་ན་གནས་གནས་པར་མངོན་ནོ། །ཞེས་དེ་ལྟར་ཤེས་པར་བྱའོ། །དྲང་སྲོང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གང་དག་ལྷར་སྐྱེས་ཏེ་འདུས་པར་གྱུར་པ་ལས་མིར་
སྐྱེས་པ་དེ་དག་གི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་གང་དག་ལྷར་སྐྱེས་ཏེ། འདུས་པར་གྱུར་པ་དེ་དག་ནི། ཕན་ཚུན་མཐོང་ན་ལྟ་བ་ལ་འཇུག་པར་འགྱུར་ཏེ། དེས་ན་བདག་དང་འདི་ལྷར་སྐྱེས་ཏེ་ལྷན་ཅིག་འདུས་པར་གྱུར་ཏོ་ཞེས་
ཤེས་པར་བྱའོ། །དྲང་སྲོང་ཆེན་པོ་རྣམ་པ་དེ་ལྟ་བུ་དག་ཏུ་སེམས་ཅན་འདུ་བར་འགྱུར་རོ། །དེ་ནས་དྲང་སྲོང་ཆེན་པོ་མེ་སྒྲོན་དགའ་མགུ་སྟེ་ཡི་རངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་པ་མི་
བགྱིད་པའི་སེམས་ཅན་དེ་དག་ནི་བསླུས་པའོ་ཞེས་བདག་འཆད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་གང་ན་སེམས་ཅན་ཞེས་བྱ་བ་ཕྲ་བ་ཇི་ཙམ་ཞིག་ཡོད་ཅེས་ང་ལ་དེ་སྐད་ཟེར་བ་ནི་དྲང་སྲོང་
ཆེན་པོ་གང་སེམས་ཅན་དུ་དམིགས་པ་དེ་སེམས་ཅན་ཕྲ་མོར་རྣམ་པར་འབྱེད་དོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་དམུས་ལོང་ཞིག་ལ་འདི་སྐད་དུ། ཀྱེ་སྐྱེས་བུ་ཁ་དོག་དཀར་པོ་ཞེས་བྱ་བ་ཅི་འདྲ་ཞེས་སྨྲས་ན། དྲང་སྲོང་ཆེན་པོ་འདི་ཇི་སྙམ་དུ་སེམས།

མ་མཐོང་བའི་ཕྱིར་ཁ་དོག་དཀར་པོ་འདི་འདྲའོ་ཞེས་དེ་སྨྲ་བར་ནུས་སམ། དྲང་སྲོང་ཆེན་པོས་གསོལ་པ། འབྲེལ་པ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེ་བཞིན་དུ་ངས་ཀྱང་དམུས་ལོང་ལྟར་མ་མཐོང་བའི་ཕྱིར་སེམས་ཅན་ཞེས་བྱ་
བ་ནི་ཕྲ་མོ་འདི་ལྟ་བུ་ཞིག་གོ་ཞེས་སེམས་ཅན་བརྗོད་པར་མི་ནུས་སོ། །དྲང་སྲོང་ཆེན་པོ་ཡང་མིག་ལ་སེམས་ཅན་ཞེས་བྱ་བ་མི་རྙེད་དེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་སེམས་ཅན་ཞེས་བྱ་བ་མི་རྙེད་དོ། །དྲང་སྲོང་ཆེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་
སེམས་ཅན་ཞེས་བྱ་བ་མི་རྙེད་དོ། །དྲང་སྲོང་ཆེན་པོ་ཁམས་བཅྭ་བརྒྱད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་དང་། ནང་སྟོང་པ་ཉིད་ལ་སེམས་ཅན་ཞེས་བྱ་བ་མི་རྙེད། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་སེམས་ཅན་ཞེས་བྱ་བ་མི་རྙེད་དོ། །དྲང་སྲོང་
ཆེན་པོ་མིག་ནི་ངན་པའོ། །འཇིག་པའོ། །སྐད་ཅིག་ཀྱང་མི་གནས་པའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་ངན་པའོ། །འཇིག་པའོ། །སྐད་ཅིག་ཀྱང་མི་གནས་པའོ། །དྲང་སྲོང་ཆེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་ངན་པའོ། །
འཇིག་པའོ། །སྐད་ཅིག་ཀྱང་མི་གནས་པའོ། །དྲང་སྲོང་ཆེན་པོ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ཀྱང་ངན་པའོ། །འཇིག་པའོ། །སྐད་ཅིག་ཀྱང་མི་གནས་པའོ། །སེམས་ཅན་ཞེས་བྱ་བ་ཡང་མེད། གཟུགས་ཀྱང་མེད་དེ། དྲང་སྲོང་ཆེན་པོ་རྫས་འདུས་པ་ནི་སེམས་ཅན་
ཞེས་བྱ་བའི་གྲངས་སུ་འགྲོའོ། །ཡོངས་སུ་རྟོག་པ་པ་གང་དག་རྫས་རྣམས་རྣམ་པར་འབྱེད་པ་དེ་དག་ནི། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་མི་དམིགས་སོ། །དྲང་སྲོང་ཆེན་པོ་གལ་ཏེ་སེམས་ཅན་ཡོད་དུ་ཟིན་ན། དེ་
བཞིན་གཤེགས་པ་འཕགས་པའི་བདེན་པ་བཞི་པོ་དག་གིས་ཤིན་ཏུ་ཆོས་སྟོན་པར་མི་འགྱུར་བ་ཞིག་ན་དྲང་སྲོང་ཆེན་པོ་གང་གི་ཕྱིར་སེམས་ཅན་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་འཐོབ་སྟེ། དེའི་ཕྱིར་ཇི་ལྟ་ཇི་ལྟར་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་ཡང་དག་པར་འགྲུབ་བོ། །

དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་མེ་སྒྲོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་སླན་ཆད་དྲང་སྲོང་ཆེན་པོ་མེ་སྒྲོན་བདག་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་པར་བགྱིད་དོ། །བཅོམ་ལྡན་འདས་གལ་ཏེ་བདག་བསྐལ་པ་དཔག་ཏུ་མ་མཆིས་པར་སེམས་ཅན་
དམྱལ་བའི་ཞུགས་ཀྱི་འོབས་སུ་གནས་པར་འགྱུར་བའམ། རི་རབ་འོག་མིན་གྱི་གནས་ཙམ་དུ་གྱུར་པ་མཐོན་པོའི་ཁ་དེ་ནས་བདག་གིས་བདག་འདོར་བར་འགྱུར་བའམ། གདུང་བ་ལྔ་བསྐལ་པས་བསྲེག་པ་ལྟ་བུར་འགྱུར་བའམ། ཉི་མ་བསྐལ་པར་གནས་པར་འགྱུར་བའམ།
བསྐལ་པ་སུམ་ཅུའི་ཟླ་བ་གཅིག་ཏུ་སྨྱུང་བར་འགྱུར་བ་དེ་ལྟ་བུའི་དཀའ་བ་སྤྱད་པར་ནི་བཅོམ་ལྡན་འདས་བདག་སྤྲོ་སྟེ་འདུན་གྱི། ཐམས་ཅད་མཁྱེན་པ་ཉིད་ཀྱི་སླད་དུ་ནི་བརྩོན་འགྲུས་ཉམས་པར་མི་བགྱིའོ། །དྲང་སྲོང་ཆེན་པོ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཇི་སྙེད་བཅོམ་ལྡན་
འདས་ཀྱི་གན་དུ་ལྷགས་པ་དེ་དག་ཀྱང་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེང་སླད་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པར་བགྱིའོ། །རྔོ་ཅི་ཐོགས་ཀྱིས་བརྩོན་འགྲུས་བརྩམ་པར་
བགྱིའོ། །དྲང་སྲོང་རྣམས་ཀྱིས་ཚིག་དེ་དག་སྨྲས་མ་ཐག་ཏུ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ནས་འདུལ་བ་ཅན་ཞེས་བྱ་བའི་འོད་ཟེར་ཕྱུང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་སྨིན་མཚམས་ནས་འདུལ་བ་ཅན་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། འོད་ཟེར་དེ་དག་
གི་མཐུས་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་སྟེ། ཤར་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། ནུབ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། ཤར་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ནུབ་ཕྱོགས་མཐོ་ན་བྱང་
ཕྱོགས་དམའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྟེང་དུ་མེ་ཏོག་གི་ཆར་ཕབ། རྔ་བོ་ཆེ་རྣམས་བརྡུངས་སོ། །དྲི་ཟའི་བདག་པོ་ཡིད་དུ་འོང་བ་རྣམས་ཀྱིས་ཀྱང་ཡན་ལག་ལྔ་པའི་སིལ་སྙན་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་

དོ། །ལྷའི་བདུག་པ་དྲི་རབ་ཏུ་ཞིམ་པོ་དག་ཀྱང་རླུང་གིས་ངད་བསླང་སྟེ། དེ་བཞིན་གཤེགས་པའི་གན་དུ་ངད་ལྡང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་སྟེ་མཆོག་ཏུ་བདེ་བའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྟེང་དུ་དོ་ཤལ་
དང་། སེ་མོ་དོ་རྣམས་འཐོར་ཞིང་རིན་པོ་ཆེའི་ཆར་ཡང་འབེབས། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ཀྱང་མཆོད་པར་བྱེད་དོ། །ལྷའི་ཚོགས་
རྣམས་ཀྱང་རབ་ཏུ་དགའ་ནས་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་ཆར་འབེབས་སོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དགའ་མགུ་ཡི་རངས་ཏེ། ཇི་ལྟར་གྱོན་གྱོན་པའི་གོས་རྣམས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ། །དེ་ནས་འདུལ་བ་ཅན་ཞེས་བྱ་
བའི་འོད་ཟེར་དེས་འོག་མིན་གྱི་གནས་མན་ཆད། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཡན་ཆད་སྣང་བར་བྱས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བསྐོར་བ་བྱས་ཏེ། སླར་ལོག་སྟེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་
དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །རྒྱུ་མ་མཆིས་པར་ཤཱཀ་ཐུབ་དེ་རིང་འདིར། །ཕྱོགས་བཅུ་དག་ཏུ་འོད་ཟེར་མི་གཏོང་སྟེ། །འཁོར་འདི་ཐམས་ཅད་ཐེ་ཚོམ་གྱུར་ལགས་ན། །ཐུབ་པས་རྒྱུ་དང་བྱེད་དེ་བདག་ལུང་སྟོན། །མི་ཡི་འདྲེན་པའི་རྣམ་པར་འཕྲུལ་
མཐོང་ནས། །དགའ་བར་གྱུར་ཅིང་སྤྲོ་བ་ཆེ་གྱུར་ཏེ། །རབ་ཏུ་དགའ་བས་ལེགས་པར་བསྟོད་བགྱིད་ནས། །ཁ་ཅིག་འདི་ན་བཅོམ་ལྡན་ལེགས་ཞེས་མཆི། །བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས། །ནམ་མཁའི་གནས་ནས་འབྱུང་པོའི་ཚོགས་ཀྱང་བསྟོད། །
མཁའ་ལས་ལྷ་ཡི་མེ་ཏོག་ཆར་དུ་འབེབས། །མ་བརྡུངས་རྔ་ཆེན་དག་ནི་སྒྲ་ཡང་འབྱིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་ཀྱིས་དྲང་སྲོང་ཆེན་པོ་མེ་སྒྲོན་མཐོང་ངམ། རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དྲང་སྲོང་ཆེན་པོ་མེ་སྒྲོན་འདི་མ་འོངས་པའི་དུས་ན་སངས་རྒྱས་སྟོང་འདས་པའི་འོག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་ཟླ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བར་འགྱུར་རོ། །རབ་འབྱོར་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་མིང་ཡང་ཡིད་བཞིན་གྱི་ནོར་བུ་རྣམ་པར་དག་པའི་བྱ་བ་བྱེད་པར་འགྱུར་རོ། །རབ་འབྱོར་དྲང་སྲོང་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གིས་ཆོས་
ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་ཕྱིར་མི་ལྡོག་པའི་ས་རྗེས་སུ་ཐོབ་སྟེ། རབ་འབྱོར་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལས་ས་བཅུ་ལ་གནས་པར་འགྱུར་རོ། །བསྐལ་པ་སུམ་བརྒྱའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་བདག་བཀའ་བློ་བདེ་བ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་སྟེ། སྐད་དང་སྐད་མ་ཡིན་པར་ཤེས་
པའི་ཏིང་ངེ་འཛིན་དང་། རྒྱལ་བ་དབང་བསྐུར་བའི་ཏིང་ངེ་འཛིན་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། ཁམས་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་དང་། བློ་གྲོས་རྒྱལ་པོའི་ཏིང་ངེ་འཛིན་དང་། རྒྱ་མཚོ་སྙིང་པོའི་ཏིང་ངེ་འཛིན་དང་། མཉེན་པའི་སའི་ཏིང་ངེ་འཛིན་དང་། བསམ་
པའི་སྙིང་པོའི་ཏིང་ངེ་འཛིན་དང་། འོད་གསལ་བའི་ཏིང་ངེ་འཛིན་འཐོབ་བོ། །རབ་འབྱོར་ལྷ་བྱེ་བ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྟོང་ཕྲག་ཚད་མེད་པ་
དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །རབ་འབྱོར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་གང་གཱའི་བྱེ་མ་སྙེད་དག་གིས་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རབ་འབྱོར་དེ་བཞིན་གཤེགས་པས་དོན་གྱི་དབང་དེ་མཐོང་ནས་འདུལ་བ་ཅན་ཞེས་བྱ་བའི་འོད་ཟེར་རྣམས་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ལྗགས་ཀྱི་དབང་པོས་ཞལ་ཁེབས་པར་མཛད་དེ།
ལྗགས་ཀྱི་དབང་པོ་དེ་ལས་ཁ་དོག་དུ་མ། ཁ་དོག་ཐ་དད་པའི་འོད་ཟེར་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེ་དག་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་
ཏུ་མངོན་པར་བྱུང་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་སུ་ནུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་
མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་
རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་མ་དད་པ་རྣམས་ཀྱི་དོན་དུ་ལྗགས་འདི་ལྟ་བུ་ནི་བརྫུན་མི་གསུང་ངོ་སྙམ་དུ་བྱ་བའི་ཕྱིར་ལྗགས་ཀྱི་
དབང་པོས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ལུང་འབོགས་ན་རིགས་ཀྱི་བུའམ། རིགས་ཀྱི་
བུ་མོ་དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་ལ་སྣང་བར་འགྱུར་བ་ཇི་སྙེད་པ་དེ་དག་ལ་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་གང་ཞིག་

གིས་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱེད་པ་དེ་བས་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ལུང་འབོགས་ན། འདིས་བསོད་ནམས་ཆེས་མང་དུ་
སྐྱེད་དོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན་གང་ཞིག་དད་པའི་སེམས་ཀྱིས་ལེགས་སོ། །ཞེས་བྱ་བ་སྦྱིན་པ་དེ་ལ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པར་འགྱུར་རོ། །གང་གིས་འདི་ལ་རིམ་གྲོ་བྱས་པ་དེས་ང་ལ་རིམ་གྲོ་བྱས་པར་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་རྣམ་པར་གཟིགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ང་ནི་བདེན་པ་སྨྲ་བ་སྟེ། ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་གྲགས་པའི་ས་ཕྱོགས་དེ་ལ། སངས་རྒྱས་ཐམས་
ཅད་དགོངས་པར་འགྱུར་རོ། །རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ནི་འཛམ་བུའི་གླིང་པའི་སེམས་ཅན་རྣམས་ཀྱི་སྨན་དུ་གྱུར་པར་འགྱུར་རོ། །གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལན་གསུམ་བརྗོད་དམ། བརྗོད་དུ་བཅུག་ན། དེས་སྟོན་པ་ལ་ཆོས་ཀྱི་འཁོར་
ལོ་རབ་ཏུ་བསྐོར་བར་བསྐུལ་བར་འགྱུར་རོ། །རབ་འབྱོར་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་པ་དེ་བདེ་བ་དང་བཅས་ཤིང་། ཡིད་བདེ་བ་དང་བཅས་བཞིན་དུ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེས་
སངས་རྒྱས་ཐམས་ཅད་ཀྱི་མཛོད་ཀྱང་བཟུང་བར་འགྱུར་རོ། །རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དམྱལ་བར་འགྲོ་བའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲག་པར་མི་འགྱུར་རོ། །གང་དག་མིའི་སྐྱེ་གནས་ནས་ཤི་འཕོས་ཏེ། ཡོངས་སུ་དག་པའི་
སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བ་དེ་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲག་པར་འགྱུར་རོ། །རབ་འབྱོར་གང་གིས་སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པ་དེའི་རྣ་ལམ་དུ། ཆོས་ཀྱི་རྣམ་གྲངས་འདི་གྲག་པར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུའམ།

རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་དམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེའི་ལག་ཏུ་བྱང་ཆུབ་སོང་ངོ་ཞེས་བཤད་དོ། །དེས་མིག་ལྔ་ཐོབ་
པར་འགྱུར། དབང་པོ་མ་ཚང་བར་མི་འགྱུར། དྲན་པ་བརྗེད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར། སངས་རྒྱས་ཐམས་ཅད་སྒྲུབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར། རྣམ་པར་སྣང་མཛད་རྣམ་པར་སྤྲུལ་པའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྙིང་པོའི་ཏིང་ངེ་འཛིན་
དང་། གཙུག་གི་ནོར་བུའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། དབང་བསྐུར་བའི་ཏིང་ངེ་འཛིན་དང་། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར། ཡི་གེ་མེད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པར་འགྱུར། ཆོས་ཐམས་ཅད་ལ་རྣམ་པར་རྒྱལ་བ་ཐོབ་པའི་
གཟུངས་དང་། ཐེ་ཙོམ་རྣམ་པར་སྦྱོང་བའི་གཟུངས་དང་། དོན་དམ་པའི་རྣམ་པར་ངེས་པའི་གཟུངས་ཐོབ་པར་འགྱུར་ཏེ། དེ་ལ་སོགས་པ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་མཐའ་ཡས་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །བསམས་
བཞིན་དུ་འཆི་འཕོ་དང་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཁྱོད་ལ་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཏད་ཀྱིས་ཡང་དང་ཡང་རྒྱ་ཆེར་
ཡང་དག་པར་རབ་ཏུ་ཤོད་ཅིག །འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྟི་སྟང་བྱས་པ་དང་། བཙུན་པར་བྱས་པ་དང་། རིམ་གྲོར་བྱས་པ་དང་། མཆོད་པ་བྱས་པ་དེ་ཇི་སྙམ་དུ་སེམས། འཇམ་དཔལ་དགེ་བའི་རྩ་བ་དེ་ལ་མཐའ་འམ་མུ་ཡོད་དམ།
དགེ་བའི་རྩ་བ་དེ་དཔག་པར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་སྙིགས་མ་ལྔའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་འཇིག་

རྟེན་གྱི་ཁམས་མི་མཇེད་འདིར་རྒྱས་པར་བྱེད་པར་འགྱུར་བ་དེ་དག་དེ་ལས་དགེ་བའི་རྩ་བ་ཆེན་པོར་འགྱུར་རོ། །འཇམ་དཔལ་གལ་ཏེ་ཁྱོད་དེ་བཞིན་གཤེགས་པ་མང་པོ་དེ་སྙེད་ཅིག་ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གསོས་ཀྱི་སྨན་དང་། ཡོ་བྱད་
རྣམས་ཀྱིས་བསྙེན་བཀུར་བྱེད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་པར་མི་བྱེད་ན། ཁྱོད་ད་དུང་དུ་ཡང་དེ་བཞིན་གཤེགས་པ་རྣམས་ལ་ཉེས་པ་དང་བཅས་པར་འགྱུར་རོ། །འཇམ་དཔལ་གལ་ཏེ་ཁྱོད་དེ་བཞིན་གཤེགས་པ་གཅིག་ལའང་ཕྱག་མི་བྱེད་ཀྱི། ཆོས་ཀྱི་རྣམ་གྲངས་
འདི་རྒྱས་པར་བྱེད་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཁྱོད་ཀྱིས་མཆོད་པའི་བར་དུ་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དྲང་སྲོང་ཆེན་པོ་མེ་སྒྲོན་དང་། དགེ་སློང་དེ་དག་དང་། ལྷ་དང་།
མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ། །༄༅༅། །རྒྱ་གར་སྐད་དུ། ཨཱརྱ་དྷརྨ་ཨརྠ་བི་བྷཾ་ག་ནཱ་མ་མ་
ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་
རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་

བས་དགའ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་ཅིང་ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་འབྱོར་པ་རྒྱས་པ། བདེ་བ་ལོ་
ལེགས་པ་ཉམས་དགའ་བ་སྐྱེ་བོ་མང་པོ་དང་མི་རྣམས་ཀྱིས་གང་བ་ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞིག་བྱུང་ངོ་། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་
ལས་བྱུང་བ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་འཁོར་བཞི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ་ཆོས་ཀྱང་
སྟོན་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་དེ་ན་མིའི་དབང་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དབང་བྱེད་པ་རྒྱལ་བ་ཐོབ་པ་ཞེས་བྱ་བ་ཞིག་བྱུང་ངོ་། །རིགས་ཀྱི་བུ་རྒྱལ་པོ་རྒྱལ་བ་ཐོབ་པ་དེའི་
ཚིག་རབ་ལ་སེམས་ཅན་དེ་དག་བདེ་ཞིང་ཡིད་བདེ་བ་སྐྱེས་ལ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་བདག་གི་ཆུང་མས་མངོན་པར་དགའོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་གཅིག་ལ་ཡང་དག་པར་ཞུགས་པ་ཤ་སྟག་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་
ལ་ཡང་དག་པར་ཞུགས་པ། ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ། ཐེག་པ་གཙོ་བོ་ལ་ཡང་དག་པར་ཞུགས་པ། ཐེག་པ་དམ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཁྱད་པར་དུ་འཕགས་པ་དང་། རབ་དང་། ཕུལ་དང་། བླ་མ་དང་། བླ་མའི་ཡང་བླ་མ་དང་།
བླ་ན་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་མཉམ་པ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་མི་མཉམ་པ་དང་མཉམ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བསམ་གྱིས་མི་ཁྱབ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་གཞལ་དུ་མེད་པ་ལ་ཡང་དག་པར་ཞུགས་

པ་ཤ་སྟག་གོ། །རིགས་ཀྱི་བུ་རྒྱལ་པོ་རྒྱལ་བ་ཐོབ་པ་དེའི་ཚེ་ཚིག་རབ་ལ་ཐེག་པ་ཆེན་པོ་མ་གཏོགས་པར་ཐེག་པ་གཞན་གྱི་མིང་ཡང་མི་གྲག་གོ། །རིགས་ཀྱི་བུ་རྒྱལ་པོ་རྒྱལ་བ་ཐོབ་པ་དེའི་བཙུན་མོའི་འཁོར་ནི་དགུ་ཁྲི་དགུ་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་ཐེག་པ་གཞན་
མ་ཡིན་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཁོངས་སུ་འདུས་པ། ཉིན་མཚན་དུ་ཆོས་འདོད་ཅིང་ཆོས་ལ་དགའ་བ་ཤ་སྟག་གོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་དེའི་བཙུན་མོ་དམ་པ་རིན་པོ་ཆེ་དཔལ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སྡུད་པ། སངས་རྒྱས་
པའི་ཆོས་དང་དགེ་འདུན་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཁོངས་སུ་འདུས་པ། ཉིན་མཚན་དུ་ཆོས་འདོད་པ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཞིག་ཡོད་དེ། རིགས་ཀྱི་བུ་རིན་ཆེན་དཔལ་དེ་ཆེན་པོ་ལ་འོས་པའི་སེང་གེའི་ཁྲི་ལ་འདུག་པ་དང་། དེའི་པང་
ནས་བུ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ལྷའི་རྒྱན་གྱིས་རྣམ་པར་བརྒྱན་པ། ལྷའི་གོས་བགོས་པ་ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཞིག་སྐྱིལ་མོ་ཀྲུང་བཅས་ཏེ་བྱུང་ནས་གཞོན་ནུ་དེ་བྱུང་མ་ཐག་ཏུ་གཞོན་ནུ་དེས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་དེ་བཞིན་གཤེགས་པ་མེ་
ཏོག་ལས་བྱུང་བ་དེ་འཚོའམ། དེ་ནས་རྒྱལ་མོ་རིན་ཆེན་དཔལ་དེས་གཞོན་ནུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཅིག་ཀུན་མཁྱེན་འཇིག་རྟེན་མགོན། །བླ་ན་མེད་པ་དགའ་མཛད་པ། །ལྷ་དང་མི་དང་བཅས་པ་ཡི། །འཇིག་རྟེན་ན་ནི་དེ་འཚོའོ། །དེ་ནས་རྒྱལ་བུ་རིན་ཆེན་
འབྱུང་གནས་ཀྱིས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ཚུར་གཤེགས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་བ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། ཆོས་མཉན་པའི་
སླད་དུ་གཤེགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡབ་ཡུམ་དེ་བཞིན་གཤེགས་པ་དེ་ནི་ལྷ་དང་མིར་བཅས་པའི་འཇིག་རྟེན་ན་དཀའ་བ་མཛད་པ་སྟེ། མ་གྲོལ་བ་རྣམས་གྲོལ་མཛད་མགོན། །ལྡོངས་པ་རྣམས་ལ་མིག་སྦྱིན་མཛད། །ཆོས་ལ་དཔའ་ཞིང་ཆེར་དཔའ་བ། །ལྷུན་པོ་

ལྟ་བུར་མི་གཡོས་སོ། །དེ་ནས་རྒྱལ་པོ་རྒྱལ་བ་ཐོབ་པ་དང་། རྒྱལ་མོ་རིན་ཆེན་དཔལ་གྱིས་བུ་དེ་བླངས་ཏེ། བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པར་བཅོམ་ལྡན་འདས་དེའི་ཞབས་ཀྱི་དྲུང་དུ་ཕྱིན་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། བརྒྱ་སྟོང་
རི་བའི་མུ་ཏིག་གི་སེ་མོ་དོ་ཕུལ་ལོ། །ཕུལ་ནས་ཀྱང་འཁོར་དེ་ཉིད་དུ་འདུག་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་རྒྱལ་བུ་དེས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་བྱས་ནས་ཤིང་ཏ་ལ་བདུན་སྲིད་ཙམ་གྱི་བར་སྣང་གི་ནམ་མཁའ་ལ་འདུག་སྟེ། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་དེ་ལ་རིན་
པོ་ཆེའི་ཆར་དང་། མེ་ཏོག་གི་ཆར་དང་། སྤོས་ཀྱི་ཆར་རྣམས་ཀྱིས་གཏོར་མངོན་པར་གཏོར་ཏོ། །གཏོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་རྒལ་ནས་སེམས་ཅན་རྣམས། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །བདག་ནི་ཐམས་ཅད་མཁྱེན་པ་ཁྱོད། །
བལྟ་བའི་སླད་དུ་འདིར་མཆིས་སོ། །འཇིག་རྟེན་མགོན་པོ་བླ་ན་མེད། །ལྷ་དང་མི་ཡི་འཇིག་རྟེན་ན། །ཁྱོད་ཀྱིས་ཡོན་ཏན་གང་བསྟན་དང་། །ཁྱོད་འདྲ་བ་ནི་ཡོང་མ་མཆིས། །སེམས་ཅན་ཤུལ་ངན་ལྷུང་གྱུར་ཅིང་། །འདོད་ཆགས་ཞེ་སྡང་དབང་མཆིས་རྣམས། །ཐེག་པ་
དམན་ལ་གཞག་མཛད་ནས། །ཐེག་པ་ཆེན་པོ་བརྗོད་པར་མཛད། །ཐབས་ལ་མཁས་ཤིང་དཔའ་བ་སྟེ། །ཐུགས་རྗེ་ཆེན་པོའི་དབང་དུ་གྱུར། །ཆོས་ནི་དོན་ཏེ་ཆོས་ཀྱིས་ངོམས། །ཆོས་རྩོམ་ཡོན་ཏན་འབྱུང་གནས་པོ། །གང་དག་སྐྱེ་བ་མ་མཆིས་པ། །ཆོས་དེ་སྙིང་པོ་མེད་
མཁྱེན་ནས། །ཆོས་ཉིད་ཀྱང་ནི་ཁྱོད་ཀྱིས་མཁྱེན། །དེས་ན་ཁྱོད་ཀྱིས་དཀའ་བ་མཛད། །དེ་ནས་གཞོན་ནུ་དེས་ཚིག་འདི་དག་གིས་བཅོམ་ལྡན་འདས་དེ་ལ་བསྟོད་ནས་ཡང་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པད་
མའི་འདབ་མ་ལྟར་ཡངས་པའི་སྤྱན་གྱིས་ཕྱོགས་ཐམས་ཅད་དུ་གཟིགས་ཏེ། འཁོར་བཞི་པོ་དེ་དག་གི་སེམས་དང་སེམས་ལས་བྱུང་བ་མཁྱེན་ནས། རྒྱལ་པོ་རྒྱལ་བ་ཐོབ་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་པོ་དེ་དག་ནི་སྙིང་པོ་མེད་པ་ཡིན་ན་བྱིས་པ་སོ་

སོའི་སྐྱེ་བོ་རྣམས་ནི་སྙིང་པོར་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཕུང་པོ་རྣམས་ནི་ཁ་དོག་ངན་པ། དྲི་ང་བ། ཁྲག་དང་རྣག་འབྱུང་བ། ཤིང་དང་། བོང་བ་དང་། ལམ་དང་མཚུངས་པ། སྙིང་པོ་མེད་པ། གཡོ་བ་མེད་པ་དང་། དགའ་བ་དང་མི་དགའ་བར་འབྲེལ་
བ། སྲེད་པའི་ལུ་གུ་རྒྱུད་ཀྱིས་ཕན་ཚུན་སྦྲེལ་བ། ཉོན་མོངས་པ་མང་བ། སྨད་པ་ཡིན་ན་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས། མི་རྟག་པ་ལ་རྟག་པར་འདུ་ཤེས། མི་སྡུག་པ་ལ་སྡུག་པར་འདུ་ཤེས། མི་གཙང་བ་ལ་གཙང་བར་འདུ་ཤེས། བདེན་པ་མ་ཡིན་པ་ལ་
བདེན་པར་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་ནི་རང་གི་ལས་ཀྱིས་རྣམ་པར་བྲིས་པ་སྟེ་རྒྱལ་པོ་ཆེན་པོ་དཔེར་ན་རྨ་བྱའི་མཇུག་ཚོགས་ཚོན་སྣ་ལྔ་པ་དེ་ལ་རི་མོ་མཁན་གྱིས་བྲིས་པ་ཡང་མེད། ཚོན་ཀྱང་ཅི་ཡང་མེད་དེ། དེ་ནི་རང་གི་ལས་ཀྱིས་རྣམ་པར་བྲིས་པ་ཉིད་དོ། །
རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རང་གི་ལས་ཀྱིས་རྣམ་པར་བྲིས་པ་ཕན་ཚུན་གྱི་རྐྱེན་ལས་བྱུང་བ་དག་གོ། །དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཕམ་དབང་ཕྱུག་ཅེས་བྱ་བ་དེ་སྟན་ལས་ལངས་ཏེ། བཅོམ་
ལྡན་འདས་ལ་བསྐོར་བ་བྱས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ལུས་བཏུད་ལུས་སྨད་དེ་སོར་མོ་བཅུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕུང་པོ་འདི་དག་ནི་ཁ་དོག་ངན་
པ་དྲི་ང་བ། ཁྲག་དང་རྣག་འབྱུང་བ། ཤིང་དང་། བོང་བ་དང་། རྩིག་པ་དང་། ལམ་དང་འདྲ་བ། སྙིང་པོ་མ་མཆིས་པ། གཡོ་བ་མ་མཆིས་པ་ལགས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སྙིང་པོར་འདུ་ཤེས་ཏེ། ཡང་དག་པ་མ་ལགས་པ་ལྡོངས་པ། རྨོངས་པ་དང་འདྲ་བ།
གཏི་མུག་ལ་གཞོལ་བ། མུན་པ་དང་རབ་རིབ་དང་། ལིང་ཏོག་གིས་ཀུན་ནས་ཁེབས་པ། ལྟ་བ་ཐམས་ཅད་ཀྱི་ཚང་ཚིང་ཐིབས་པོས་གཏིབས་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་བཞི་པོ་འདི་དག་ནི་ཟབ་སྟེ། ནམ་མཁའ་དང་མཚུངས་ཤིང་འདྲ་བ་ལགས་སོ། །

བཅོམ་ལྡན་འདས་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་དག་ལ་ཡང་དག་པའི་འདུ་ཤེས་སྐྱེད་པའི་སེམས་ཅན་དེ་དག་འབྱུང་བར་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་དེས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྱུང་བ་དེའི་ཚེ་སེམས་ཅན་རྣམས་སྦྱང་བའི་ཕྱིར་འབྱུང་སྟེ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སྲེད་པས་
ཉམ་ཐག་པ་རྣམས་ཀྱི་སྲེད་པ་གཅོད་དོ། །སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཀྱི་མྱ་ངན་སེལ་ཏོ། །ཆོས་ཐམས་ཅད་སྙིང་པོ་མེད་པར་ཤེས་ཏེ་ནམ་མཁའ་དང་མཚུངས་ཤིང་འདྲ་བར་ཤེས་ནས་སེམས་ཅན་རྣམས་ཆོས་ཉིད་ལ་རབ་ཏུ་འགོད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་
རྣམས་སེམས་ཅན་སྦྱོང་བར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་བ་དེས་སེམས་ཅན་བསྟན་པ་འདི་བཤད་པ་ན་རྒྱལ་པོ་རྒྱལ་བ་ཐོབ་པ་བུ་དང་བཅས་པ་དང་། རྒྱལ་མོ་རིན་ཆེན་དཔལ་དེ་དང་།
བཙུན་མོའི་འཁོར་དང་། གཡོག་འཁོར་དུ་བཅས་པ་ཐམས་ཅད་སྐྲ་དང་ཁ་སྤུ་བྲེགས་ཏེ་བཅོམ་ལྡན་འདས་དེ་ལས་རབ་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་རྒྱལ་བུ་གཞོན་ནུ་འདི་ལ་ལྟོས། རིགས་ཀྱི་བུ་དག་སྐྱེས་བུ་
དམ་པ་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ལ་དགེ་བའི་རྩ་བ་བསྐྱེད་དེ། ཐམས་ཅད་དུ་ཡང་ཆོས་སྨྲ་བར་གྱུར་ཏོ། །འདི་ནི་རྟག་ཏུ་སྐྱེས་བུ་དམ་པ་འདིའི་ཕར་གྱུར་ཏེ། རྟག་ཏུ་སྐྱེས་བུ་དམ་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་
ཡོངས་སུ་སྨིན་པར་བྱས་སོ། །རིགས་ཀྱི་བུ་དག་རྒྱལ་བུ་གཞོན་ནུ་རིན་ཆེན་འབྱུང་གནས་འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་མ་ཐག་ཏུ་སངས་རྒྱས་སུ་འགྱུར་ཏེ། རིན་པོ་ཆེ་དུ་མ་བཀོད་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས། དེ་བྱང་ཆུབ་ཐོབ་པའི་ཚེ་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་ཀུན་ནས་མངོན་
འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ནི་ཀུན་ནས་རིན་པོ་ཆེས་ཡང་དག་པར་བྲིས་པ་ཞེས་བྱ་བར་འགྱུར་རོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེད་པར་འགྱུར་རོ། །དེའི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་
རྩ་དྲུག་ཐུབ་པར་འགྱུར་རོ། །དེའི་དམ་པའི་ཆོས་ཀྱི་གཟུགས་བརྙན་ནི་ལོ་འབུམ་ཕྲག་བདུན་ཅུ་རྩ་ལྔར་གནས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུང་བསྟན་པ་བརྗོད་པ་བཤད་པ་ན་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་མི་སྐྱེ་བའི་
ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ཀྱི་དེ་བཞིན་གཤེགས་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟའམ་ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་འདི་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་ཞེས་བྱ་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་ཆོས་བསྟན་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་གཞོན་ནུ་རིན་ཆེན་འབྱུང་གནས་ཞེས་བྱ་བ་
དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟའམ་ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འདི་དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱལ་བ་ཐོབ་པ་ཞེས་བྱ་བ་དེའི་བུར་གྱུར་ཏེ། དེ་བཞིན་གཤེགས་
པ་དེས་ང་ལས་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ཞེས་བྱ་བས་བཅོམ་ལྡན་འདས་ལ་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་

ཀྱི་རྣམ་གྲངས་འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲག་པར་ཡང་མི་འགྱུར་ན། གང་དག་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། འཛིན་པ་དང་། ཁ་ཏོན་བགྱིད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་རྣམས་ཀྱིས་
མཆོད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་
པ་དེ་དག་གིས་མདོ་སྡེ་འདི་རྙེད་པར་འགྱུར་རོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་དག་གང་གི་རྣ་ལམ་དུ་གྲག་པར་གྱུར་ལ་ཐེ་ཚོམ་མི་ཟ་བའི་སེམས་ཅན་དེ་དག་འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་གང་ན་མདོ་སྡེ་འདི་
ལྟ་བུ་དག་འཛིན་པའི་ས་ཕྱོགས་དེ་དག་ཕྱག་བྱ་བའི་འོས་སུ་འགྱུར་རོ། །རིགས་ཀྱི་བུ་ཕྱི་མའི་ཚེ་ཕྱི་མའི་དུས་ན་བུད་མེད་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། ཀློག་ན་དེ་བུད་མེད་ཀྱི་ལུས་རྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་
བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་བ་དང་། བྱང་ཆུབ་
སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་པྲ་ཏི་མོཀྵ་ཙ་ཏུཥྐ་ནི་ར་ཧཱ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཆོས་བཞི་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་
པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་
མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའི་རྣམ་པའི་བྱ་བ་ནི་གང་། བཅོམ་ལྡན་འདས་
ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བདེན་པར་སྨྲ་ཞིང་ཡང་དག་པར་སྨྲ་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་ཞིང་ཡང་དག་པར་སྨྲ་བ་ཡིན་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཞི་གང་ཞེ་ན། ཤཱ་རིའི་
བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བརྩོན་འགྲུས་བརྩམས་པས་གནས་པ་ཡིན་ཏེ། ཤཱ་རིའི་བུ་དཔེར་ན་སྐྱེས་བུ་གྲོང་ཁྱེར་གྱི་ཚད་འཇལ་བར་

འདོད་པ་དེ་གྲོང་ཁྱེར་གྱི་བྱ་བ་ལ་བརྩོན་པ་སྐྱེད་པར་བྱེད་དོ། །ཤཱ་རིའི་བུ་སྐྱེས་བུ་དེའི་གྲོང་ཁྱེར་དེ་ཡང་དག་པར་འགྱུར་བ་དང་། མི་རྣམས་གྲོང་ཁྱེར་དུ་གནས་པར་འགྱུར་རོ། །ཞེས་རེ་བར་བྱ་བ་ཡིན་ལ། གྲོང་ཁྱེར་དུ་སོ་སོར་འཇོག་པར་འདོད་པས་ཀྱང་
ཡང་དག་པའི་ཤེས་རབ་ལ་བརྟེན་ནས་གནས་ཐམས་ཅད་ཡོངས་སུ་འཛིན་པར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་དུ་དུས་གང་གི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པ་ལ་གནས་ཏེ་ཆོས་ཐམས་ཅད་ཡོངས་སུ་
འཛིན་པར་བྱེད་དོ། །ཤཱ་རིའི་བུ་གང་གིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའི་རྣམ་པ་དང་པོའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐོས་པ་ནན་ཏན་གྱིས་
སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་རྣམས་མྱུར་དུ་སྨིན་པར་འགྱུར་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ནད་ཀྱིས་ཐེབས་པར་གྱུར་པ་དེ་ལ་སྨན་པས་སྨན་ཉེ་བར་བསྟན་ལ། དེས་ཇི་སྐད་བསྟན་པ་བཞིན་དུ་སོ་སོར་བསྟེན་པས་ནད་དེ་ལས་མྱུར་དུ་ཐར་བར་
འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྨན་ཚུལ་བཞིན་དུ་སོ་སོར་བསྟེན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཐོས་པ་ནན་ཏན་གྱིས་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་རྣམས་མྱུར་དུ་ཡོངས་སུ་སྨིན་པར་འགྱུར་རོ། །ཤཱ་རིའི་བུ་
གང་གིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའི་རྣམ་པ་གཉིས་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་གཞན་གྱི་འདུ་ཤེས་སྐྱེད་པར་བྱེད་དེ་
ཆོས་ཅུང་ཟད་ཀྱང་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་ལས་ནི་འཇིགས་པ་འབྱུང་བས་ཆོས་ཐམས་ཅད་ལ་འཇིགས་པའི་འདུ་ཤེས་སྐྱེད་པར་བྱེད་དེ། འཇིགས་པའི་འདུ་ཤེས་སྐྱེད་པ་ལས་ནི་ཡིད་རྟོན་པར་མི་བྱེད་དོ། །ཡིད་མི་རྟོན་པ་ཡོད་ན་ཇི་ལྟར་ཐར་པར་བྱ། ཇི་

ལྟར་ན་བདེ་ལེགས་སུ་གནས་པར་འགྱུར་ཞེས་ལམ་ཚོལ་བར་བྱེད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་
པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་ཐར་བར་བྱ། ཇི་ལྟར་ན་བདེ་ལེགས་སུ་གནས་པར་འགྱུར་ཞེས་ལམ་ཡོངས་སུ་ཚོལ་ཞིང་ཕྱོགས་བཞིར་ལེགས་པར་གསུངས་པ་ཡོངས་སུ་ཚོལ་ལོ། །ཤཱ་རིའི་བུ་
གང་གིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའི་རྣམ་པ་གསུམ་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་བདག་ཏུ་འགྱུར་བ་དང་། སྡུག་བསྔལ་གྱི་
ཆོས་རྣམས་ཀྱིས་ཡོངས་སུ་མི་སྐྲག་ཅིང་མ་གོས་པས་རྟག་ཏུ་བརྩོན་པ་དང་ལྡན་པ་ཡིན་ཏེ། སེམས་ཅན་གང་སུ་དག་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་བྱུང་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་བདག་གིས་དེ་དག་བསལ་བར་བྱའོ་ཞེས་སེམས་སྐྱེད་
པར་བྱེད་ཅིང་ཇི་ལྟར་བདག་ལ་ཟག་པ་མེད་པའི་བདེ་བ་མྱོང་བ་སྐྱེས་པ་དེ་བཞིན་དུ་བདག་གིས་སེམས་ཅན་ཐམས་ཅད་ལ་བསྒྲུབ་པར་བྱའོ་ཞེས་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་དེ་ལྟར་བརྩོན་འགྲུས་རྩོམ་པ་ན་རྙེད་པའི་འདུ་ཤེས་སྐྱེད་པར་མི་བྱེད་དོ། །ཤཱ་རིའི་བུ་འདི་ལྟ་སྟེ།
དཔེར་ན་སྐྱེས་བུ་དབྱར་ཟླ་འབྲིང་པོའི་ཟླ་བ་ལ་འབྲོག་དགོན་པར་སོང་བ་ན། འབྲོག་དགོན་པ་དེ་ན་ཡང་མི་རྒྱུ་བ་མེད་ལ་ཤིང་མེད་ཅིང་ཆུ་མེད་པ་དང་། དེའི་སྟེང་ནས་ཉི་མའི་དཀྱིལ་འཁོར་ཡང་ཤར་བར་གྱུར། དེར་ས་གཞི་ཡང་རབ་ཏུ་འབར་ཞིང་ཚ་བར་གྱུར་ཏེ། དེའི་མདུན་དུ་ཆུ་
བོའི་རྒྱུན་ཆེན་པོ་འབབ་པར་གྱུར་པ་ན་དེ་དེ་ལ་ངོ་མཚར་གྱི་འདུ་ཤེས་སྐྱེད་པར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་ཇི་ལྟ་བུ་བཟུང་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལམ་དེ་ཡོངས་སུ་

བཟུང་ཡང་བསྐལ་པ་བྱེ་བ་འདས་ནས་ཐ་ན་འདུག་པ་ཙམ་གྱི་བདེ་བ་འདོད་པའི་སེམས་གཅིག་སྐྱེས་ན་ཡང་དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་གཟེངས་བསྟོད་པར་བྱ་སྟེ། བདག་གིས་གང་གཟུང་ནས་འདུག་པ་དེ་ཡང་མང་དུ་ཡིན་ཏེ། སེམས་ཅན་
ཐམས་ཅད་ལ་གནོང་བསྐུར་རོ། །ཤཱ་རིའི་བུ་གང་གིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའི་རྣམ་པ་བཞི་པའོ། །ཤཱ་རིའི་བུ་ཅིའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་
ཞེས་བྱ་ཞེ་ན། མ་མཁྱེན་པའི་མཁྱེན་པ་མཁྱེན་པས་མངོན་པར་མཁྱེན་པ་དང་། མཁྱེན་པའི་ཆོས་དེ་ལ་རབ་ཏུ་གནས་པས་སྤྱོད་པ་དེས་ན་མངོན་པར་སངས་རྒྱས་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱ་བ་ཡང་དེ་བཞིན་གཤེགས་པས་ཆོས་གང་རྡུལ་ཙམ་ཡང་ལུས་ཤིང་མ་
རྒལ་བ་མེད་པ་དེས་ན་དེ་བཞིན་གཤེགས་པ་སྟེ་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །ཤཱ་རིའི་བུ་ཅིའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་ཞེ་ན། ཐུགས་མཉམ་པ་དང་། ཐུགས་རྙོག་པ་མེད་པ་དང་། ཐུགས་མི་འཁྲུགས་པས་ཆོས་རྣམས་མངོན་པར་མཁྱེན་པ་དང་།
ཆོས་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མི་མཉམ་པ་མེད་པར་མངོན་པར་མཁྱེན་པ་དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཤཱ་རིའི་བུ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་མི་འཕྲོགས་པར་གྱུར་ཏེ། ཉོན་མོངས་
པ་ཐམས་ཅད་ཀྱིས་མི་གོས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཆོས་བཞི་སྒྲུབ་པ་འདི་ནི་དེ་བཞིན་གཤེགས་པས་མཁྱེན་པ་དང་། གཟིགས་པ་དང་། ཐུགས་སུ་ཆུད་པ་དང་། བརྙེས་
པ་དང་། མངོན་སུམ་དུ་མཛད་པས་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གནས་དེ་དག་ལས་མ་ཉམས་ཤིང་བསྒྲུབ་པའི་རྣམ་པ་ཀུན་རྫོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །

ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་བསྔགས་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ལྷག་པའི་ང་རྒྱལ་ཅན་དུ་མི་འགྱུར་བ་ཡིན། ང་རྒྱལ་ཚར་གཅོད་པའི་ཕྱིར་ཞུགས་པ་ཡིན། ཆགས་པ་མེད་པར་
འགྱུར་བ་ཡིན། ཆགས་པ་སྤོང་བའི་ཕྱིར་ཞུགས་པ་ཡིན། ཞེ་སྡང་མེད་པར་འགྱུར་བ་ཡིན། བྱམས་པ་བསྒོམ་པ་ལ་མངོན་པར་དགའ་བ་ཡིན། རྨོངས་པ་མེད་པར་འགྱུར་བ་ཡིན། ཤེས་རབ་ཀྱི་སྟོབས་དང་ལྡན་པ་ཡིན། ཤེས་རབ་ཉེ་བར་རྟོན་པ་ཡིན། ཤེས་རབ་ཀྱིས་
སྤྱོད་པ་ཡིན། ཤེས་རབ་ཀྱི་བདག་པོར་གྱུར་པ་ཡིན། ཤེས་རབ་ཀྱིས་ངེས་པར་འབྱུང་བ་ཡིན། རྨོངས་པའི་དྲ་བ་སྤོང་བའི་ཕྱིར་ཞུགས་པ་ཡིན། མུན་པ་མུན་ནག་འཇོམས་པའི་ཕྱིར་ཞུགས་པ་ཡིན། ཤེས་རབ་ཀྱི་རྒྱུ་ལྷུར་ལེན་ཅིང་མཐུ་དང་ལྡན་པ་ཡིན། ཤེས་རབ་ངེས་པར་
རྙེད་པ་ཡིན་ཏེ། ཤཱ་རིའི་བུ་ཆོས་དང་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྔགས་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་ཐར་པའི་བྱ་བ་དོན་དུ་གཉེར་བ་ཡིན་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་
ན་སྐྱེས་བུ་ཞིག་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་མི་འཐུན་པ་མེད་པ་དེ་རྒྱལ་པོས་གསད་སར་བོར་བ་མཐོང་བར་གྱུར་ལ། དེའི་ཕ་དང་མ་ཀྱེ་མའོ་བུ་གཅིག་པ་ཀྱི་ཧུད་བུ་གཅིག་བདག་ཅག་འབོར་རམ་ཞེས་ཀུན་ཏུ་སྨྲ་ཞིང་སྨྲེ་སྔགས་འདོན་པས་རྣམ་པར་སྨྲ་བར་བྱེད་དོ། །ཤཱ་རིའི་བུ་དེ་
བཞིན་དུ་དུས་གང་གི་ཚེ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གང་ཡང་རུང་བ་ཞིག་སྡིག་པ་བྱེད་པ་མཐོང་བ་ན། །ཀྱེ་མའོ་གང་དུ་སེམས་ཅན་ཤེས་རབ་འཆལ་བ་རྣམས་ནི་བདག་གི་ཡང་དག་པའི་འཚོ་བ་ལས་རྣམ་པར་ཉམས་པར་བྱེད་དོ། །
ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་གཞན་བསྲུང་ངོ་སྙམ་ན་བདག་བསྲུང་བར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕན་པ་འདོད་པ་འདི་ལྟ་བུ་དང་ལྡན་པས་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དོ། །ཤཱ་རིའི་བུ་ཆོས་གཉིས་པོ་འདི་

དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྔགས་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བསྟི་སྟང་གིས་ཆོས་ཚོལ་བར་བྱེད་ཅིང་བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་ལ། བསྟི་སྟང་གིས་ཆོས་ཀྱི་སྦྱིན་པ་
སྦྱིན་པར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔས་བསྟི་སྟང་གིས་ཆོས་བཙལ་བར་བྱ་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་འདོད་པ་མཁན་པོ་དང་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དེ་འཇིག་རྟེན་ན་མེད་དོ། །གང་
ལུས་ཀྱིས་རིམ་གྲོ་མི་བྱེད་པ་དེ་མེད་དོ། །གང་རྐང་པས་བཏང་བ་ལ་མི་སྤྲོ་བ་མེད་དོ། །གང་ངག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་དུ་སྦྱར་ཏེ་ཆོས་རིན་པོ་ཆེ་ནི་རིན་པོ་ཆེ་ཐམས་ཅད་ལས་ཁྱད་པར་ཅན་དུ་གྱུར་པ་ཡིན་པས་བདག་གིས་རིན་པོ་ཆེ་
ཐམས་ཅད་བཏང་ནས་ཆོས་རིན་པོ་ཆེ་བཙལ་ཞིང་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་འཆིང་བ་ཐམས་ཅད་གཅོད་པར་འགྱུར་བའོ། །ཆོས་འདི་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་
དང་། ཡིད་མི་བདེ་བ་གཅོད་པར་འགྱུར་བའོ་སྙམ་ནས་རིན་པོ་ཆེའི་སེམས་བསྐྱེད། རྙེད་དཀའ་བའི་སེམས་བསྐྱེད། སྨན་གྱི་སེམས་བསྐྱེད་དེ། ཆོས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད་པར་འགྱུར་བས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་
བར་བྱ་བའི་ཕྱིར་ཆོས་འདི་ལྟ་བུ་བཙལ་བར་བྱའོ་ཞེས་དེ་ལྟ་བུའི་བསམ་པས་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་རིན་ཐང་མེད་པའི་སེམས་བསྐྱེད་ཅིང་བསྟི་སྟང་གིས་ཆོས་འཛིན་པར་བྱེད་ཅེ་ན། དེ་ཚིག་བཞི་པའི་ཚིགས་
སུ་བཅད་པའི་ཆེད་དུ་རི་རབ་ཙམ་གྱི་རིན་པོ་ཆེའི་ཕུང་པོ་ཡོངས་སུ་བཏང་ཡང་དེ་ལ་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི། ཅི་སྟེ་གང་ཚིག་བཞི་པའི་ཚིགས་སུ་བཅད་པ་འདི་འཛིན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་སྐྱེད་དོ། །ཆོས་ཀྱི་ཚིག་གཅིག་གི་ཆེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་སྲིད་པའི་རྩེ་མོ་དང་མཉམ་པ་འདི་ཡོངས་སུ་གཏོང་ཡང་དེ་ལ་ནི་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི། ཅི་སྟེ་གང་ཆོས་ཀྱི་ཚིག་གཅིག་པོ་འདི་འཛིན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་སྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་
དཔའ་དེ་ལྟ་བུའི་གུས་པ་དང་། དེ་ལྟ་བུའི་རི་མོར་བྱེད་པས་ཆོས་ཡོངས་སུ་འཛིན་པར་བྱེད་དེ། ཤཱ་རིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའི་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཅི་སྐྱེས་བུ་སྲོག་དོན་དུ་གཉེར་བས་སྲོག་གི་ཕྱིར་རིན་པོ་ཆེའི་ཕུང་པོ་འདི་ཙམ་
ཡོངས་སུ་གཏོང་བ་ཡོད་དམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པས་ཆོས་ཀྱི་ཚིག་གཅིག་གི་དོན་གྱི་ཕྱིར་ཡང་བདག་ཉིད་ཚངས་པའི་འཇིག་
རྟེན་ནས་འདོར་བའམ། ཡང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་འདི་ལ་འཇུག་ཏུ་ཟིན་ཀྱང་དཀའ་བའི་འདུ་ཤེས་སྐྱེད་པར་མི་བྱེད་ཀྱི། ཅི་སྟེ་གང་ཆོས་ཀྱི་ཚིག་འདི་འཛིན་པ་དེ་ཉིད་ལ་དཀའ་བའི་འདུ་ཤེས་སྐྱེད་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་
བྱང་ཆུབ་སེམས་དཔའ་བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་བསྟི་སྟང་དུ་བྱེད་པས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཅེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ན་ཟང་ཟིང་གི་སེམས་སྐྱེད་པར་མི་
བྱེད་དེ། བདག་གི་སྦྱིན་པ་འདི་ལས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་རྙེད་པར་འགྱུར་བའམ། ཐ་ན་བདག་གི་སྦྱིན་པ་འདི་ལས་ལེགས་སོ་ཞེས་བྱ་བ་ཡང་རྙེད་པར་འགྱུར་རོ། །ཞེས་སྐྱེས་བུ་དམ་པ་དེ་དེ་ལྟ་བུའི་
བསམ་པས་ཆོས་ཀྱི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །འོན་ཀྱང་ཇི་ལྟར་སེམས་ཅན་འདི་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཐར་བར་བྱ་ཞེས་དེ་

ལྟར་སྦྱིན་པར་བྱེད་དེ། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་དག་ནི་དེ་ལྟ་བུའི་བསམ་པ་དང་། དེ་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །ཤཱ་རིའི་བུ་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་འདི་སྐད་དུ་གལ་ཏེ་བདག་ལ་ཁྱེད་ཀྱིས་ལུས་བྱིན་པ་ལྟ་ན་བདག་
ཁྱེད་ལས་ཆོས་ཀྱི་སྦྱིན་པ་འདི་ལེན་པར་འདོད་དོ་ཞེས་ཟེར་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་ཕན་པར་འདོད་པ་ཡོད་ན་འདི་སྐད་དུ་ཁྱོད་ལ་བདག་གི་ཡན་ལག་དང་ཉིང་ལག་ལས་མཆོག་དང་མཆོག་ཏུ་གྱུར་པའི་ཤ་དག་ཀྱང་ཟོ་ཤིག །འདོད་ཆགས་ཟད་པར་བྱེད་
པའི་ཆོས་འདི་ཡང་ཟུང་ཤིག་ཅེས་སྨྲ་བར་བྱེད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་བྱེད་པ་ན་ཡང་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི། ཅི་སྟེ་གང་འདི་ཆོས་ཀྱི་སྦྱིན་པ་དེ་སྟེན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་སྐྱེད་པར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་
བསྟི་སྟང་གིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད། དེ་ལྟ་བུའི་བསྟི་སྟང་གིས་ཆོས་འཛིན་པར་བྱེད། དེ་ལྟ་བུའི་བསྟི་སྟང་གིས་ཆོས་ཚོལ་བར་བྱེད་དེ། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་ངེས་པར་ཡོངས་སུ་ཚོལ་བ་པོའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན། ཤཱ་རིའི་བུ་དེ་ལྟ་
བུའི་བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པ་པོའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་སྦྱིན་པ་པོའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན་ཏེ། གང་རྙེད་དཀའ་བ་དེ་ནི་ངོ་མཚར་དུ་གྱུར་པ་ཡིན་ལ། དེ་དག་ནི་ལྷ་དང་བཅས་པའི་འཇིག་
རྟེན་གྱིས་ཀྱང་བསྔགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་ཆོས་གསུམ་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྔགས་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལ་འདོད་ཆགས་སྐྱེ་བར་ཡང་དག་པར་རྗེས་སུ་མཐོང་བ་ན་
འདོད་ཆགས་འདི་གཞི་གང་ལས་བྱུང་བ་ཚོལ་བར་བྱེད་དེ་ཡོངས་སུ་བཙལ་བ་ན་དེའི་གཞི་མི་དམིགས་སོ། །གང་ལས་འདོད་ཆགས་དེ་སྐྱེ་བ་དང་། གང་གི་འདོད་ཆགས་དེ་སྐྱེ་བ་དང་། ཇི་ལྟར་འདོད་ཆགས་དེ་སྐྱེ་བ་དེ་ལྟར་གང་གི་སྐྱེ་བ་དེ་མི་དམིགས། གང་ལ་སྐྱེ་བ་དེ་མི་

དམིགས། ཇི་ལྟར་སྐྱེ་བ་དེ་མི་དམིགས་ཏེ། འདོད་ཆགས་དེ་མི་དམིགས་པ་ནི་འདོད་ཆགས་ཀྱི་རྒྱུས་སྡིག་པའི་ལས་མི་བྱེད་ལ། དེའི་དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང་དེ་མ་སྨད་ཅིང་བསྔགས་པར་འགྱུར་ཏེ། དེས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་
དང་། མི་མ་ཡིན་པ་དང་། སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་བསྔགས་པར་འགྱུར་རོ། །དེ་ཆོས་ཐམས་ཅད་ཁས་མི་ལེན་ཅིང་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་སྟོང་པར་མཐོང་ཞིང་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་
ཀྱི་བྱང་ཆུབ་ལ་ལྷག་པར་མོས་པར་འགྱུར་ཏེ། འཇིག་རྟེན་རྣམས་ཕྱིན་ཅི་ལོག་ལ་ཡང་དག་པར་ཞེན་པ་མཐོང་བ་ན་དེ་ཞེ་སྡང་མེད་པ་དང་། གནོད་སེམས་མེད་པ་བཟོད་པ་མཆོག་ལ་རབ་ཏུ་གནས་ནས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་།
བསམ་གཏན་དང་། ཤེས་རབ་རྣམས་ལ་བརྩོན་འགྲུས་རྩོམ་ཞིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གནོད་སེམས་དང་ལྡན་ན་ནི་ཁོང་ཁྲོ་བ་མང་བར་འགྱུར་རོ། །ཁོང་ཁྲོ་བ་མང་བ་ལས་ནི་གཞན་དག་ལ་ཁྲོ་བའི་ཚིག་རྗོད་པར་བྱེད་
དེ། དེ་མི་དགེ་བའི་ལས་མངོན་པར་འདུ་བྱེད་དོ། །དེ་མི་དགེ་བའི་ལས་མངོན་པར་འདུ་བྱེད་པས་མི་དགེ་བའི་སྲིད་པ་མངོན་པར་སྐྱེད་པར་འགྱུར་རོ། །ཤཱ་རིའི་བུ་ཡང་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བཟོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་བཟོད་
པའམ། མི་བཟོད་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པ་དེས་ན་གཞན་མི་ཤེས་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་སྙིང་རྗེ་སྐྱེད་པར་བྱེད་དེ། སེམས་ཅན་ཀུན་ནས་གཤེ་བར་བྱེད་པ་དང་། ཀུན་ནས་ཁྲོ་བར་བྱེད་པ་དང་། ཡོངས་སུ་སྤྱོ་བར་བྱེད་པ་དེ་དག་ཉིད་ལ་སྙིང་རྗེ་
སྐྱེད་པར་བྱེད་དོ། །དེས་ན་བྱམས་པ་ཆེན་པོ་བསྒོམས་པ་ཡིན། དགེ་བའི་ཆོས་རྣམས་ཀྱང་བསྒོམས་པ་ཡིན་ཏེ། བཟོད་པ་དེ་དང་ལྡན་ན་བཟོད་པ་མཆོག་ཐོབ་པ་གང་ཡིན་པ་འདི་ནི་རྗེས་སུ་འཐུན་པའི་བཟོད་པ་ཡིན་ཏེ། དེ་སྙིང་རྗེ་ཆེན་པོ་དང་ལྡན་པས་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད། དེ་དཀའ་བ་སྤྱོད་པར་བྱེད་ཅིང་བཟོད་པ་དཀའ་བ་བྱེད་དེ། དེས་ན་བཟོད་པ་མཆོག་ཐོབ་པར་བྱེད། དེས་ན་ཐོགས་པ་མེད་པའི་ཡེ་ཤེས་མཐོང་
བ་ཐོབ་པར་བྱེད། དེས་ན་སྣ་ཚོགས་པ་མེད་པའི་ཡེ་ཤེས་མཐོང་བ་ཐོབ་པར་བྱེད། དེས་ན་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ཐོབ་པར་བྱེད་དོ། །ཤཱ་རིའི་བུ་ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྔགས་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་རོ། །ཤཱ་རིའི་
བུ་གཞན་ཡང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དྲན་པར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པ་ཡིན། ཇི་ལྟར་བྱེད་པ་དེ་བཞིན་དུ་སྨྲ་བ་ཡིན། ཁྲོ་བ་སྐྱེས་པ་ཡང་སྤོང་བར་བྱེད། རབ་ཏུ་སྤོང་
བར་བྱེད། རྣམ་པར་སེལ་བར་བྱེད་ཅིང་ཡེ་ཤེས་ལ་རབ་ཏུ་རྟོན་པར་འགྱུར་བ་ཡིན་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་མེ་མདག་ཆེན་པོས་གང་བའི་དོང་ནི་ཆུའི་ཕུང་པོ་ཆེན་པོས་ཉེ་བར་ཞི་བར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྲོ་བ་སྐྱེས་པ་སྤོང་
བར་བྱེད་པ་དང་། སེལ་བར་བྱེད་པ་དང་། ཡེ་ཤེས་ལ་རྟོན་པར་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་ཆོས་དང་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དྲན་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་ཚོལ་བ་ལ་གནས་ཤིང་དགེ་བའི་ཆོས་
ཐམས་ཅད་ཚོལ་བ་ན་གཅེས་པ་མི་འདོར་བ་ཡིན། ཉམས་འོག་ཏུ་ཆུད་པའི་ཐོས་པ་མང་པོ་དང་