Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
བྱེད་པའོ། །འདི་ནི་མི་འདོད་པའོ་ཞེས་ཉེ་བར་རྟོག་པར་བྱེད་དོ། །དེ་ལ་འདོད་པའི་སྐྱེས་བུ་སྨྱོན་པ་རྣམས་ནི་བུད་མེད་ཀྱི་གཟུགས་དག་མཐོང་ནས་དེ་ལ་མཚན་མར་འཛིན་པ་དག་ཡིན། མངོན་རྟགས་སུ་འཛིན་པ་
དག་ཡིན་ནོ། །དེ་ལ་དེ་དག་འདོད་པའི་གཞི་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་ལྷག་པར་ཆགས་པ་མ་བྱུང་བ་སྐྱེད་པར་བྱེད་པས་དེ་དག་དགེ་བའི་རྩ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱིས་རྣམ་པར་སྤོང་
བར་བྱེད་པར་འགྱུར་རོ། །ལུས་དང་། ངག་དང་། ཡིད་མ་བསྲུངས་པས་ཉེས་པར་སྤྱོད་པ་ཐམས་ཅད་དང་ཕྲད་པར་འགྱུར་རོ། །དེ་དག་འདོད་པ་རྣམས་ལས་ངེས་པར་འབྱུང་བར་མི་ལྟ་ཞིང་ངན་སོང་གསུམ་དང་ཡང་དག་པར་ལྡན་པ་ཡིན་ཏེ། འཆི་བའི་དུས་བྱས་ནས་
སེམས་ཅན་དམྱལ་བ་རྣམས་སམ། དུད་འགྲོ་རྣམས་སམ། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ། །དེར་འདོད་པའི་རྒྱུ་དང་། འདོད་པའི་རྐྱེན་དང་། འདོད་པའི་གཞིས་དུས་ཡུན་རིང་པོར་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་ཚ་བ་མི་བཟད་པ་མྱོང་བར་འགྱུར་རོ། །དེར་མཁས་
པ་རྣམས་ནི་བུད་མེད་དང་སྐྱེས་པར་ཤེས་ནས་མི་སྡུག་པའི་འདུ་ཤེས་སྐྱེད་པར་བྱེད་དོ། །སྐྲ་མེད་པ་དང་། པགས་ཤུན་དང་། རྒྱུས་པ་དང་། ཤ་དང་། ཁྲག་མེད་པ་དང་། རུས་པ་དང་། མིའི་ཐོད་པ་དཀར་པོ་ཡིད་ལ་བྱེད། ཀུན་ཏུ་སྟེན་པར་བྱེད་ཅིང་དེ་སྒོམ་པར་བྱེད།

ལན་མང་དུ་བྱེད་དོ། །བུད་མེད་ཀྱི་གཟུགས་ལ་ཇི་ལྟ་བར་སྐྱེས་པའི་གཟུགས་ལའང་དེ་བཞིན་ནོ། །མདུན་དུ་ཇི་ལྟ་བར་ཐག་རིང་དུའང་དེ་བཞིན་ནོ། །ཐག་རིང་དུ་ཇི་ལྟ་བུར་མདུན་དུའང་དེ་བཞིན་ནོ། །གཞན་ཇི་ལྟ་བར་བདག་གི་ཡང་དེ་བཞིན་དུ་རུས་
པའི་ཕུང་པོ་དཀར་པོ་དང་། སྐྲ་མེད་པ་དང་། པགས་ཤུན་དང་། རྒྱུས་པ་དང་། ཤ་དང་། ཁྲག་མེད་པར་ཡིད་ལ་བྱས་ཤིང་རིག་པར་བྱས་ལ། ལན་མང་དུ་བྱས་པས་དེར་སེམས་ཤིན་ཏུ་གནས་པ་ཡིན། ཤིན་ཏུ་བསྒོམས་པ་དང་། ཤིན་ཏུ་ཡིད་ལ་བྱས་པ་ཡིན་ཏེ།
འདི་ནི་སེམས་ཀྱི་ཉོན་མོངས་པའི་ཀློང་ཡང་དག་པར་གཅོད་པ་དང་པོའོ། །ཡང་རུས་གོང་གི་ཕུང་པོ་དེ་ཉིད་ལ་སེམས་ཡང་དག་པར་གཏོད་པར་བྱེད་དེ། སྨིན་མཚམས་སུ་རྒྱ་ཤུག་ཙམ་དེ་ལ་དྲན་པ་གཞོག་པར་བྱེད་ཅིང་སེམས་སྒོམ་པར་བྱེད། ལན་མང་དུ་བྱེད་དོ་ཞེས་
བྱ་བ་ནས་དེའི་སེམས་ཤིན་ཏུ་གནས་པ་ཡིན་ཏེ་ཤིན་ཏུ་བསྒོམས་པ་དང་། ཤིན་ཏུ་ཡིད་ལ་བྱས་པའི་བར་ཡིན་ནོ། །དེ་ལ་དེའི་སེམས་ཤིན་ཏུ་སྦྱངས་པ་ཡིན། ལུས་ཤིན་ཏུ་སྦྱངས་པ་ཡིན་ཏེ། ཇི་ལྟར་སེམས་ཤིན་ཏུ་སྦྱངས་པ་ཡིན་ཞེ་ན། ཐམས་ཅད་ཀྱི་ཐམས་ཅད་དུ་
རྣམ་པར་ཞི་བར་བྱེད་དོ། །དེ་ཅུང་ཟད་ཡིད་ལ་བྱེད་པ་ཡིན། དེ་ཅུང་ཟད་ཡང་དག་པར་ཤེས་པ་ཡིན། དེ་ཅུང་ཟད་དམིགས་པར་བྱེད་པ་ཡིན་ཏེ། འདི་ནི་ཞི་གནས་དང་རྗེས་སུ་འཐུན་པ་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པ་དང་། འདོད་ཆགས་རྣམ་པར་གཅོད་
པའི་ཆོས་ཀྱི་སྒོ་གཉིས་པའོ། །ཇི་ལྟར་ལུས་ཤིན་ཏུ་སྦྱངས་པ་ཡིན་ཞེ་ན། དེ་བཞིན་དུ་སྒོམ་པའི་དབུགས་རྔུབ་པ་དང་དབུགས་ཕྱུང་བ་རྣམ་པར་ཞི་བར་བྱེད་ཅིང་འཇུག་པར་ཡང་མི་བྱེད། འབྱུང་བར་མི་བྱེད་དོ། །དེ་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་ཞི་གནས་ལ་རྗེས་སུ་བརྩོན་
པ་འགོག་པ་ལ་དམིགས་པ་ཡིན་ཏེ། འདི་ནི་འགོག་པ་ལ་དམིགས་པའི་ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་གསུམ་པ་ཡིན་ནོ། །ཡང་གང་གི་སེམས་རྒོད་པ་མྱུར་དུ་ཞི་གནས་དང་འཐུན་པར་བྱུང་བ་དེ་མགོ་ཐོད་ཀྱི་མཚོགས་མར་རྒྱ་ཤུག་གི་འབྲས་བུ་ཙམ་ལ་གནས་

གཅིག་ཏུ་སེམས་ཉེ་བར་གཏོད་པར་བྱེད་ཅིང་སྒོམ་པར་བྱེད། ལན་མང་དུ་བྱེད་དོ། །དེར་བུ་གའི་བར་དུ་མཐོང་བར་བྱེད་ཅིང་སྒོམ་པར་བྱེད། ལན་མང་དུ་བྱེད་དོ། །དེར་ཡང་བྱེ་མའི་འབྲུ་ཙམ་གྱི་རུས་གོང་གི་ཕྱེ་མར་བྱེད། མཐོང་བར་བྱེད་ཅིང་རིམ་པ་དེ་གཉིས་པ་དང་། གསུམ་པ་
ཞེས་བྱ་བ་ནས་མགོའི་ཐོད་པ་ཐམས་ཅད་རུས་གོང་གི་ཕྱེ་མའི་བར་དུ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །དེ་དག་ཀྱང་རླུང་གིས་ཁྱེར་བར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་པ་ནས་ཐམས་ཅད་ནམ་མཁའ་སྟོང་པ་ཉིད་དུ་མཐོང་བའི་བར་དུ་བྱེད་དོ། །དེ་ལ་ལུས་ཤིན་ཏུ་
སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་འདི་ནི་ཞི་གནས་ལ་རབ་ཏུ་བརྩོན་པ་དང་། འགོག་པ་ལ་དམིགས་པ་དང་། ཉོན་མོངས་པའི་ཀློང་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་བཞི་པའོ། །དེ་ནས་ཚེ་དང་ལྡན་པ་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་
འདས་ཅི་ལགས། འདུས་བྱས་ཀྱི་དབྱིངས་ཀྱི་ཡེ་ཤེས་མ་ཚང་བ་མ་མཆིས་པ་རྣམ་པར་དབེན་པའི་རྟེན་ནམ་མཁའི་དབྱིངས་ཀྱི་ཡང་དག་པའི་མཐའ་ཅན་ལགས་སམ། རིགས་ཀྱི་བུ་དེ་བཞིན་ནོ། །འདུས་བྱས་ཀྱི་དབྱིངས་ཀྱི་ཡང་དག་པའི་མཐའ་ནི་ནམ་མཁའ་དང་འདྲ་སྟེ། འདི་
ནི་ཡང་དག་པར་རང་གིས་མཐོང་བར་བྱ་བ་ལ་འཇུག་པའོ། །ཀུན་ཤེས་ཀཽ་ཌི་ནྱས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཅི་ལགས་ནམ་མཁའ་རང་གི་ཤེས་པ་ལགས་སམ། འོན་ཏེ་གཞན་གྱི་ཤེས་པ་ལ་མངོན་པར་འཇུག་པ་ལ་མཁས་པ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་དབྱིངས་ལ་འཇུག་པས་འདུས་བྱས་ཀྱི་དབྱིངས་ཐམས་ཅད་རང་གི་ཤེས་པ་ལ་འཇུག་པར་བྱའོ། །ཇི་ལྟ་ཞེ་ན། གང་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་རྣམ་པར་སྒོམ་པར་བྱེད་པ་དེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །
གང་མགོའི་ཐོད་པའི་རུས་པའི་ཕྱེ་མ་མཐོང་ནས་ཐམས་ཅད་རླུང་གིས་ཁྱེར་བར་མཐོང་བ་དེས་གཟུགས་ཐམས་ཅད་རྣམ་པར་བཤིག་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་གཟུགས་སུ་སྣང་བ་ཅི་ཡང་སྣང་བར་མི་འགྱུར་རོ། །དེ་ནམ་མཁའ་སྟོང་པ་ཡིད་ལ་བྱེད་ཅིང་སྒོམ་

པར་བྱེད། ལན་མང་དུ་བྱེད་དེ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་ནམ་མཁའ་བཻ་དཱུརྱའི་མདོག་ལྟར་དག་པ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེའི་ཡིད་ལ་དེ་བཞིན་གཤེགས་པའི་གཟུགས་འབྱུང་སྟེ། དེས་ནམ་མཁའ་དེ་ལ་
དེ་བཞིན་གཤེགས་པའི་གཟུགས་མཐོང་ངོ་། །དེ་གང་གི་ཚེ་ཕྱོགས་གང་དང་གང་དུ་ལྟ་བར་བྱེད་པའི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་གཟུགས་མཐོང་ངོ་། །ཡང་དེ་བཞིན་གཤེགས་པའི་མཚན་གྱིས་བརྒྱན་པར་མིག་གི་རྣམ་པར་ཤེས་
པ་འབྱུང་ངོ་། །དེ་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་གང་དང་གང་དུ་ལྟ་བར་བྱེད་པ་དེ་དང་དེ་ཉིད་དུ་སངས་རྒྱས་ཀྱི་སྐུ་རིལ་གྱིས་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། འོད་འདོམ་གང་བ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་འབའ་ཞིག་མཐོང་ངོ་། །གལ་ཏེ་
རིས་འཐུན་པར་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་བསགས་པར་གྱུར་པ་ཞིག་ན་དེ་འདི་སྙམ་དུ་སེམས་ཏེ། གང་དེ་བཞིན་གཤེགས་པ་ལ་སུས་ནམ་མཁའ་ཀུན་ཏུ་སྐྱེད། གང་དུ་དེ་ཡོངས་སུ་ཟད་པར་འགྱུར་བ་བདག་གིས་ཞུ་གོར་མ་ཆག་སྙམ་མོ། །
དེ་འདི་སྙམ་དུ་དེ་བཞིན་གཤེགས་པ་ལ་བདག་གིས་ཞུས་ཟིན་ནོ་སྙམ་ཡང་སེམས་སོ། །དེ་བཞིན་གཤེགས་པ་ཡང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་རྟོག་པར་གསུངས་པ་སྟེ། །རྟོག་པ་དེ་ནི་ཡོད་མ་ཡིན། །ནམ་མཁའི་མིང་དང་རྟོག་པ་དག །དེ་དག་ཐམས་
ཅད་དངོས་པོ་མེད། །ཆོས་རྣམས་ཐམས་ཅད་ཅི་ཡང་མེད། །འགྱུར་བ་མེད་ཅིང་མཚན་ཉིད་མེད། །མཚན་ཉིད་མེད་པར་བརྟགས་པ་ཡིས། །མཚན་གཞི་ཀུན་ལས་རབ་ཏུ་གྲོལ། །བསྟན་པ་དེ་ཐོས་ནས་མྱུར་དུ་ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དེའི་གཟུགས་ཀྱི་འདོད་
ཆགས་འདོད་པ་རྣམས་ནི་ལྷག་མ་མ་ལུས་པར་འགྱུར་རོ། །དེ་བཞིན་དུ་གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་ལྷག་མ་མ་ལུས་པར་འགྱུར་རོ། །ཡང་སུ་ལ་རིས་འཐུན་པར་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་དགེ་བའི་རྩ་བ་རྣམས་

མེད་པ་དེ། གལ་ཏེ་སངས་རྒྱས་ཀྱི་སྐུ་མཐོང་ན་དེ་འདི་སྙམ་དུ་སེམས་ཏེ། གང་དེ་བཞིན་གཤེགས་པའི་ཚད་བདག་གིས་གཟུང་བ་གོར་མ་ཆག་སྙམ་མོ། །དེ་གལ་ཏེ་ཕྱོགས་ཐམས་ཅད་དུ་ལྟ་བར་བྱེད་ན་ཐམས་ཅད་དུ་ནམ་མཁའ་ཐམས་ཅད་ལ་དེ་བཞིན་གཤེགས་པ་མཐོང་
བར་འགྱུར་ཏེ། ཆུང་ངུར་ལྟ་བར་བྱེད་ན་དེ་བཞིན་གཤེགས་པ་ཆུང་ངུ་ཉིད་དུ་མཐོང་ངོ་། །ཚད་མེད་པར་ལྟ་བར་བྱེད་ན་དེ་བཞིན་གཤེགས་པ་ཚད་མེད་པར་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འདི་ག་ལས་གཤེགས་སྙམ་མོ། །དེ་འདི་སྙམ་དུ་སེམས་
ཏེ། དེ་བཞིན་གཤེགས་པ་འདི་ག་ལས་ཀྱང་མ་གཤེགས་སོ། །གང་དུ་ཡང་མ་བཞུད་དོ། །དེ་གང་དུ་ཡང་དེ་བཞིན་གཤེགས་པ་བཞུད་པ་མི་དམིགས། བྱོན་པ་མི་དམིགས་སོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་རྒྱུ་ཁམས་གསུམ་པ་འདི་ནི་སེམས་ཙམ་པས།
སུས་ཇི་ལྟར་རྣམ་པར་བརྟགས་པ་དེ་བཞིན་དུ་མཐོང་ངོ་། །བདག་གིས་རང་གི་སེམས་ཀྱིས་སངས་རྒྱས་སུ་བྱེད་དོ། །བདག་གི་སེམས་ཀྱིས་སངས་རྒྱས་མཐོང་ངོ་། །བདག་གི་སེམས་ཉིད་སངས་རྒྱས་སོ། །བདག་གི་སེམས་ཉིད་ལུས་སོ། །སེམས་ཉིད་ཀྱང་ནམ་མཁའོ། །
བདག་གི་སེམས་ཀྱི་རྣམ་པར་རྟོག་པས་སངས་རྒྱས་མཐོང་ངོ་། །སེམས་ཀྱིས་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་མི་མཐོང་ངོ་། །སེམས་སུ་འདུ་ཤེས་པ་རྣམས་ནི་ཤེས་པ་མེད་པའོ། །སེམས་སུ་འདུ་ཤེས་པ་རྣམས་ནི་ལྡོག་པའོ། །ལྡོག་པ་ནི་སྙིང་པོ་མེད་པའོ། །
ཆོས་དེ་དག་ནི་ཤེས་པ་མེད་པའི་ཕྱིར་ཡང་དག་པར་བྱུང་བའོ། །སུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཤེས་རབ་གང་གིས་སྟོང་པར་རྟོགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའོ་སྙམ་ནས་དམིགས་པ་ཡིད་ལ་བྱེད་པ་དེས་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་འཐོབ་བོ། །
འོན་ཀྱང་ཡང་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ཏེ། དེ་ལྟར་མཚན་མ་མེད་པའི་གཟུགས་ཐམས་ཅད་རྣམ་པར་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་དག་པ་ཡིན། འདོད་ཆགས་དང་བྲལ་བ་ཡོངས་སུ་དག་པ་ཡིན། མ་རིག་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ལ་སྟོང་པ་ཉིད་ཀྱི་བསམ་

པས་ནི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་བཟོད་པ་རྣོན་པོ་འཐོབ་སྟེ། ཕྱིས་ཀྱང་དེའི་འབྲས་བུ་འཐོབ་པར་དཀའ་བ་མེད་དོ། །གལ་ཏེ་ཡང་ནམ་མཁའ་སྟོང་པ་ལ་རྣམ་པར་སྒོམ་པར་བྱེད་ན་ལུས་ཤིན་ཏུ་སྦྱངས་པ་ཡིན། སེམས་ཤིན་ཏུ་སྦྱངས་པ་ཡིན་
ཏེ། དེར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འཐོབ་བོ། །དེའི་འབྲས་བུ་རྗེས་སུ་འཐོབ་པར་དཀའ་བ་ཡང་མེད་དེ་འདི་ནི་སྟོང་པ་ཉིད་ལ་རབ་ཏུ་བརྩོན་པ། འགོག་པ་ལ་དམིགས་པའི་ཉོན་མོངས་པའི་རྦ་རླབས་རྣམ་པར་གཅོད་པའི་ཆོས་ཀྱི་སྒོ་ལྔ་པའོ། །བཅོམ་ལྡན་
འདས་ཀྱིས་བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་ལྷ་དང་མི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ནི་དེ་བཞིན་དུ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་དེར་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་
སྲོག་ཆགས་སྟོང་ཕྲག་དྲུག་ཅུ་ནི་དེར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒོ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སྟོང་ཕྲག་ཉི་ཤུ་ནི་དེར་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པས་ཀྱང་རྒྱུན་
དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དགེ་སློང་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་གཞན་ཡང་སུ་མགོའི་ཐོད་པ་དེ་ལ་སེམས་ཡང་དག་པར་གནས་པར་
མི་བྱེད་ཅིང་རབ་ཏུ་དད་པར་མི་བྱེད། མོས་པར་མི་བྱེད་པ་དེས་ཀྱང་དུར་ཁྲོད་དུ་འགྲོ་བར་བྱའོ། །དེས་དེར་མི་རོ་རྣམ་པ་སྣ་ཚོགས་པ་མཐོང་ཞིང་ཁ་ཅིག་ནི་རྣམ་པར་སྔོས་པ། ཁ་ཅིག་ནི་རྣམ་པར་རྣགས་པ། ཁ་ཅིག་ནི་རྣམ་པར་དམར་བ། ཁ་ཅིག་ནི་རྣམ་པར་ཟོས་པ་དང་།
བམ་པ་དང་། ཤ་ཁྲག་མེད་པ་དང་། དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུའི་རུས་གོང་དུ་མཐོང་བར་འགྱུར་རོ། །དེ་ཐམས་ཅད་ལ་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱ་སྟེ། གང་དང་གང་དུ་དེའི་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་མི་གཡོ་ལ། རྣམ་པར་གཡེང་

བར་མི་འགྱུར་བ་དེ་ཡིད་ཀྱིས་བཟུང་ནས་ཡིད་ལ་བྱ་ཞིང་བསྒོམ་པར་བྱས་ན་ཟག་པ་ཐམས་ཅད་ཟད་པར་འགྱུར་བའི་བར་དུ་ཐམས་ཅད་འགྱུར་རོ། །སེམས་ཅན་སུ་ལྷག་པའི་ང་རྒྱལ་ཅན་ཡིན་པ་དེས་ནི་ཤི་ནས་རིང་པོ་མ་ལོན་པའི་མི་རོ་རྣམ་པར་སྔོས་པ་དག་ཚུལ་བཞིན་དུ་བཟུང་ནས་
ཡིད་ལ་བྱ། བྱིན་གྱིས་བརླབ་པར་བྱ། བསྒོམ་པར་བྱའོ། །ཇི་ལྟར་ཡིད་ལ་བྱས་པ་དེ་ལྟར་བདག་གི་ལུས་ལ་ཡང་དག་པར་མཐོང་བར་འགྱུར་རོ། །འདི་ལ་བྱེ་བྲག་ཅི་ཡོད་དེ། ཇི་ལྟར་དེ་རྣམ་པར་སྔོས་པའམ། རྣམ་པར་རྣགས་པ་དེ་བཞིན་དུ་བྱེ་བྲག་མེད་པར་བདག་
གི་ལུས་ཀྱང་གཞན་གྱི་ལུས་ཀྱི་རོ་དང་མཚུངས་པར་ཡང་དག་པར་རྗེས་སུ་མཐོང་ཞིང་དེ་བདག་གི་ལུས་དེ་ལ་སྒོམ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པས་གནས་སོ་ཞེས་བྱ་བ་ནས་ལུས་འདི་ཐམས་ཅད་རྣགས་པའི་བར་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །རྣམ་པར་དམར་བར་ཡང་དག་
པར་རྗེས་སུ་མཐོང་ངོ་། །སྲིན་བུའི་རིགས་རྣམས་ཀྱིས་ལྟོ་གང་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །རང་གི་ལུས་རྣམ་པ་ཐམས་ཅད་དང་ལྡན་པ་སྲིན་བུའི་རིགས་རྣམས་ཀྱིས་གང་ཞིང་ཟ་བར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ནས་ཤ་ཁྲག་མེད་པ་དང་།
དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུའི་རུས་གོང་དང་། རུས་པའི་ཕུང་པོ་རྒྱུས་པ་དང་འབྲེལ་བའི་བར་དུ་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ཡིད་ལ་བྱེད་ཅིང་དེ་ལ་བྱིན་གྱིས་རློབ་པར་བྱེད། དེ་ལ་སྒོམ་པར་བྱེད་དོ། །ཉིན་པར་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན་ནོ། །མཚན་
མོ་ཇི་ལྟ་བར་ཉིན་པར་ཡང་དེ་བཞིན་ཏེ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ན་རང་གི་ལུས་དེ་ཡང་རུས་གོང་གི་ཕུང་པོ་དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུ་དང་། རྒྱུས་པ་དང་། པགས་ཤུན་དང་འབྲེལ་བར་ཡིད་ལ་བྱེད་ཅིང་བྱིན་
གྱིས་རློབ་པར་བྱེད་ཅིང་སྒོམ་པར་བྱེད་དེ། དཔེར་ན་མིག་བཙུམས་པས་ཡང་དག་པར་རྗེས་སུ་མཐོང་བ་བཞིན་ནོ། །ཇི་ལྟར་བདག་གི་ལུས་ལ་ཡང་དག་པར་རྗེས་སུ་མཐོང་བ་དེ་བཞིན་དུ་གང་དང་གང་དུ་ལྟ་བར་བྱེད་པ་སའི་རྣམ་པ་དང་། ཤིང་དང་། མི་དང་། དུད་འགྲོའི་

སྐྱེ་གནས་པ་གང་ཅི་མཐོང་བ་ཐམས་ཅད་དུ་རུས་པའི་ཕུང་པོ་དཀར་ཞིང་རབ་ཏུ་དཀར་ལ་དུང་གི་མདོག་ལྟ་བུ་དང་། རྒྱུས་པ་དང་འབྲེལ་བ་དེ་ལྟ་བུར་ཡང་ཡང་དག་པར་རྗེས་སུ་མཐོང་ངོ་། །གང་དུ་ཆགས་པར་བྱེད་ཅིང་འགྲོ་བར་བྱེད་པ་ཐམས་ཅད་དེ་
རུས་པའི་ཕུང་པོ་ལ་རྐང་པ་གཉིས་ཀྱིས་འགྲོ་ཞིང་ལྡོག་པས་རུས་པའི་ཕུང་པོ་ལ་གནོན་པར་བྱེད་ཅིང་འདུག་པར་བྱེད། ཉལ་བར་བྱེད་དེ། དཔེར་ན་དེའི་མི་སྡུག་པའི་འདུ་ཤེས་ཤིན་ཏུ་བསྒོམས་ཤིང་ཤིན་ཏུ་ཡིད་ལ་བྱས་ལ། ཤིན་ཏུ་ནན་ཏན་བྱས་པ་བཞིན་ནོ། །དེའི་རིས་
འཐུན་པས་འདོད་པའི་འདོད་ཆགས་ཐམས་ཅད་སྤངས་པར་འགྱུར་ཏེ། རིས་འཐུན་པ་གཞན་ལ་མ་ཡིན་ནོ། །འདི་ནི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཡིན་ཏེ། དེ་ནི་ཡང་ཕྱོགས་བཞིའི་རླུང་འདུས་ནས་རུས་པའི་ཕུང་པོ་མ་ལུས་པར་རྣམ་པར་
ཕྱེ་མར་བྱེད་དོ། །རྣམ་པར་འཇིག་པར་བྱེད་དོ། །ཇི་ལྟར་རང་གི་ལུས་ཀྱི་རུས་པའི་ཕུང་པོ་ལ་རླུང་འདུས་ནས་མ་ལུས་པར་རྣམ་པར་ཕྱེ་མར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་པ་དེ་བཞིན་དུ་རླུང་འདུས་ནས་གཟུགས་ཀྱི་ལུས་ཐམས་ཅད་དང་། ས་ཐམས་ཅད་མ་
ལུས་པར་ཕྱེ་མར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་དོ་ཞེས་བྱ་བ་ནས་བདག་གམ་གཞན་ཡང་རུང་དེའི་མིག་སྔར་གཟུགས་སུ་སྣང་བ་ཅི་ཡང་མི་འབྱུང་སྟེ། ནམ་མཁའ་བཻ་དཱུརྱ་ལྟ་བུར་སྟོང་པར་བརྗོད་པར་བྱ་བ་ལ་མོས་པར་བྱེད་ཅིང་ནམ་མཁའ་ལ་བྱིན་གྱིས་རློབ་པར་བྱེད། སྒོམ་པར་བྱེད།
ལན་མང་དུ་བྱེད་དོ། །ཇི་ལྟར་དེ་འདི་སྙམ་དུ་སེམས་ཏེ། ཡང་དཔྱོད་པར་བྱ་བའི་ཕྱིར་ནམ་མཁའི་ཁ་དོག་སེར་པོ་ཡིད་ལ་བྱེད་ཅིང་ཁ་དོག་སེར་པོར་རབ་ཏུ་སྦྱོར་བར་བྱེད། བྱིན་གྱིས་རློབ་པར་བྱེད། སྒོམ་པར་བྱེད་པ་དེ་བཞིན་དུ་ནམ་མཁའ་ཐམས་ཅད་སེར་པོར་མོས་པར་བྱེད་དོ། །
ཁ་དོག་སེར་པོ་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་དོག་དམར་པོ་དང་། དེ་བཞིན་དུ་ཁ་དོག་དཀར་པོ་དང་། བཙོད་ཀ་ཞེས་བྱ་བ་ནས་ཤེལ་གྱི་ཁ་དོག་གི་བར་ལ་མོས་པར་བྱེད་དོ། །དེ་བཞིན་དུ་ཡང་གཟུགས་སུ་སྣང་བ་དང་། ས་ཐམས་ཅད་ལ་ཆུ་ཁ་དོག་སྔོན་པོར་བྱིན་གྱིས་རློབ་པར་

བྱེད་ལ་ཞེས་བྱ་བ་ནས། ཁ་དོག་སྔོན་པོར་མོས་པར་བྱེད་དོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ཁ་དོག་སེར་པོ་ལ་ཞེས་བྱ་བ་ནས་ཁ་དོག་དམར་པོ་དང་། དེ་བཞིན་དུ་ཁ་དོག་དཀར་པོ་དང་། དེ་བཞིན་དུ་ཁ་དོག་ལེ་བརྒན་དང་། དེ་བཞིན་དུ་ཤེལ་གྱི་ཁ་དོག་གི་བར་དུ་ས་ཐམས་
ཅད་ལ་ཆུར་ཡིད་ལ་བྱེད་དོ། །ཡང་དག་པར་རབ་ཏུ་ཤེས་སོ། །རབ་ཏུ་སྦྱོར་བར་བྱེད་དོ། །སའི་ཁམས་ཐམས་ཅད་ལ་ཆུ་ཤེལ་གྱི་ཁ་དོག་ལྟ་བུར་བྱིན་གྱིས་རློབ་པར་བྱེད་ཅིང་ཕྱིས་ཀྱང་ས་སོར་བཞི་ཙམ་དུ་བྱིན་གྱིས་རློབ་པར་བྱེད་དོ། །དེས་རྐང་པའི་མཐེ་བོས་རེག་པར་བྱེད་ཅིང་
གང་འདོད་པ་གཡོ་བར་བྱེད། རབ་ཏུ་གཡོ་བར་བྱེད། འགུལ་བར་བྱེད། ཀུན་ཏུ་རབ་ཏུ་འགུལ་བར་བྱེད་པ་ནས་གང་འདོད་པ་དང་། ཇི་ཙམ་དུ་འདོད་པ་དེ་ཙམ་དུ་རབ་ཏུ་གཡོ་བར་བྱེད་དོ་ཞེས་བྱ་བའི་བར་དུའོ། །དེ་འགུལ་བར་བྱེད་པ་ན་ཡང་ས་ཆེན་པོ་རི་དང་བཅས་
པ་འདི་འགུལ། གཡོ། འཁྲུག །རབ་ཏུ་ལྡེག་གོ། །གཞན་ཡང་ཆུ་དེ་ལ་ཁ་དོག་སྣ་ཚོགས་པའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་རྣམས་ཡིད་ལ་བྱེད་དོ། །ཡང་དག་པར་ཤེས་སོ། །རབ་ཏུ་སྦྱོར་བར་བྱེད་དོ། །
བྱིན་གྱིས་རློབ་པར་བྱེད་དོ། །ཕྱོགས་བཞིར་སེར་བུ་བསིལ་བ་རབ་ཏུ་དད་པ་དག་ཏུ་མོས་པར་བྱེད་དོ། །དེ་དེར་འཆག་པར་བྱེད། འདུག་པར་བྱེད། ཉལ་བར་ཡང་བྱེད་དོ། །ཡང་ཕྱོགས་བཞིར་ཁ་དོག་སྣ་ཚོགས་པའི་རི་ཆེན་པོ་རྣམས་སུ་བྱིན་གྱིས་རློབ་པར་བྱེད་
ཅིང་། དེའི་སྟེང་དུ་འཆག་པར་བྱེད། གནས་པར་བྱེད། འདུག་པར་བྱེད། ཉལ་བར་ཡང་བྱེད་དོ། །གཞན་ཡང་དེ་སྤོང་བར་བྱེད་ཅིང་། ནམ་མཁའ་དག་པ་དེ་ཉིད་ཡིད་ལ་བྱེད་དོ། །ཡང་དག་པར་ཡིད་ལ་བྱེད་དོ། །ཡང་དག་པར་ཤེས་སོ། །རབ་ཏུ་སྦྱོར་བར་
བྱེད་དོ། །ནམ་མཁའ་དག་པར་བྱིན་གྱིས་རློབ་པར་བྱེད་དོ། །རང་གི་ལུས་ཡང་བར་ཡིད་ལ་བྱེད་དོ། །ཡང་བར་རབ་ཏུ་སྦྱོར་བར་བྱེད་དོ། །ཡང་བར་བྱིན་གྱིས་རློབ་པར་བྱེད་དེ། དཔེར་ན་ཤིང་བལ་གྱི་འདབ་མའམ་རས་བལ་གྱི་འདབ་མ་རླུང་ཆུང་ངུས་འདེགས་པར་བྱེད།

འཇོག་པར་བྱེད། ཁྱེར་བར་བྱེད་པ་དེ་བཞིན་དུ་དེ་ལུས་འདི་ཉིད་ལ་ཡང་བར་ཡིད་ལ་བྱེད་དོ་ཞེས་བྱ་བ་ནས་ཡང་བར་བྱིན་གྱིས་རློབ་པར་བྱེད་དོ་ཞེས་བྱ་བའི་བར་དང་། རླུང་དང་ཕྲད་ནས་ནམ་མཁའ་ལ་གནས་པའི་བར་དུ་ཡིན་ཏེ། དེ་ནམ་མཁའ་ལ་
འཆག་པར་བྱེད། འདུག་པར་བྱེད། གནས་པར་བྱེད། ཉལ་བར་ཡང་བྱེད་དོ། །མེའི་ཁམས་ལ་སྙོམས་པར་འཇུག་པར་བྱེད་དེ། དེའི་ལུས་ལས་འོད་འཕྲོ་བ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་
རྣམ་པ་སྣ་ཚོགས་རབ་ཏུ་འབྱུང་བར་བྱེད་དོ། །དེའི་ལུས་ཀྱི་སྟོད་ནས་མེ་འབར་བར་བྱེད་ཅིང་། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་དག་འབབ་པར་བྱེད་རབ་ཏུ་འབབ་པར་བྱེད་དོ། །ལུས་ཀྱི་སྨད་ནས་མེ་འབར་བར་བྱེད་ཅིང་། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་དག་འབབ་
པར་བྱེད། རབ་ཏུ་འབབ་པར་བྱེད་དོ། །དེ་བཞིན་དུ་སའི་སྟེང་དུ་འབྱུང་བར་ཡང་བྱེད་པ་ནས་ཉི་མ་དང་ཟླ་བ་དག་ལ་ཡང་ལག་པས་ཉུག་པར་བྱེད་དོ་ཞེས་བྱ་བའི་བར་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བའི་བར་
དུའོ། །དེ་ཉིད་སྤངས་ཏེ་ཡང་གཟུགས་ཅི་འདྲ་བ་དང་ཇི་སྙེད་པ་ཡང་ན་ནི་སྔོན་པོ་དང་། ཡང་ན་ནི་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཡང་ན་ནི་ཤེལ་གྱི་ཁ་དོག་ལྟ་བུར་ཡིད་ལ་བྱེད་ཅིང་དེ་འདྲ་བ་དང་དེ་སྙེད་ཁོ་ན་མཐོང་བར་བྱེད་དོ། །དེ་འདི་
སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཉིད་ལ་བལྟའོ་སྙམ་ན་དེས་དེ་བཞིན་གཤེགས་པ་ཉིད་མཐོང་ངོ་། །དེས་ཕྱོགས་གང་དང་གང་ཁོ་ནར་ལྟ་བར་བྱེད་པའི་ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཐོང་ངོ་། །གལ་ཏེ་དེ་བཞིན་གཤེགས་པའི་གཟུགས་ཆུང་ངུ་ཡིད་
ལ་བྱས་ན་ཆུང་ངུ་ཉིད་མཐོང་ངོ་། །གལ་ཏེ་ཚད་མེད་པ་ཡིད་ལ་བྱས་ན་ཞེས་བྱ་བ་ནས་ནམ་མཁའ་ཐམས་ཅད་དུ་དེ་བཞིན་གཤེགས་པ་འབའ་ཞིག་མཐོང་ངོ་ཞེས་བྱ་བའི་བར་དང་། དེ་འདི་སྙམ་དུ་སེམས་ཏེ། གང་དུ་ཡང་དེ་བཞིན་གཤེགས་པ་བྱོན་པའམ་བཞུད་པ་མེད་དོ་ཞེས་བྱ་

བའི་བར་དང་། ཁམས་གསུམ་ཐམས་ཅད་ཀྱི་ལུས་ཀྱི་རྒྱུ་ནི་སེམས་འབའ་ཞིག་གོ་ཞེས་བྱ་བ་དང་། ཇི་ལྟར་རྣམ་པར་བརྟགས་པ་དེ་བཞིན་དུ་མཐོང་སྟེ། བདག་གིས་རང་གི་སེམས་ཀྱི་ཁ་དོག་ཐ་དད་པ་དང་། གཟུགས་ཐ་དད་པ་དང་། རྫུ་འཕྲུལ་ཐ་དད་པ་རྣམ་
པ་སྣ་ཚོགས་པ་མཐོང་ངོ་། །བདག་གི་སེམས་ནི་གཟུགས་ཐ་དད་པ་དང་། རྫུ་འཕྲུལ་ཐ་དད་པ་དང་། ཁ་དོག་ཐ་དད་པ་དང་། འཇུག་པ་ཐ་དད་པ་དང་། རྣམ་པར་རྟོག་པ་ཐ་དད་པའོ། །སེམས་ནི་སྣ་ཚོགས་སུ་གྲུབ་པའོ། །སེམས་ནི་ནམ་མཁར་འདྲེས་པའོ། །
སེམས་ནི་རླུང་དུ་ཡང་དག་པར་བརྗོད་པའོ། །རླུང་ཐམས་ཅད་ཀྱང་དངོས་པོ་མེད་པའོ་སྙམ་སྟེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་ཡིན་ཏེ། གང་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་ང་ལ་ཉི་མའི་ཤུགས་ཀྱི་
སྙིང་པོའི་ལག་ནས་བསྐུར་བ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་གང་ཞེ་ན། དེ་ནི་གཟུགས་ཀྱི་འདོད་ཆགས་དང་དབྱིབས་ཀྱི་འདོད་ཆགས་སྤངས་པའོ། །དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་
འདི་ནི་གཟུང་དུ་མེད་ཅིང་བརྗོད་དུ་མེད་པའོ། །དེ་བཞིན་དུ་སེམས་ཀྱང་བརྗོད་དུ་མེད་པ་སྟེ། གཉི་ག་ཡང་བརྗོད་དུ་མེད་པའོ། །ཕུང་པོ་འདི་དག་ནི་ཡོངས་སུ་གདུང་བ་དང་བཅས། འཁྲུག་པ་དང་བཅས། འདྲིད་པ་དང་བཅས། སླུ་བ་དང་བཅས་པ་ཡིན་པས་མ་ལ་བདག་
གིས་རྣམ་པ་ཐམས་ཅད་དུ་ཀུན་ཏུ་རྟོག་པའི་སེམས་སྤངས་ན། གང་ནམ་མཁའ་ཡང་སྤངས་པར་འགྱུར་ཞིང་། རྟོག་པ་ཐམས་ཅད་ལས་ཡང་དག་པར་བྱུང་བའི་དཔྱོད་པ་ཡང་སྤངས་པར་འགྱུར་གོར་མ་ཆག་སྙམ་མོ། །འོན་ཀྱང་དེ་སེམས་དང་པོས་ནམ་མཁའ་ལ་
དམིགས་ནས། དེ་ཡང་མངོན་པར་རིག་པར་བྱ་སྟེ། རྣམ་པར་རིག་པ་ཐམས་ཅད་སྤངས་ཤིང་སྐྱེད་པར་ཡང་མི་བྱེད་དོ། །སེམས་སྐྱེད་པ་འགག་ལ་དེའི་མ་སྐྱེས་པ་ཡང་སྐྱེད་པར་མི་བྱེད་དོ། །དེ་ལྟར་ན་རྒྱུ་དེ་འགགས་ན་སེམས་ཀྱང་འགག་པས་ལུས་དང་། ངག་

དང་། ཡིད་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པའི་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པར་བྱེད་དེ། དེ་འགོག་པས་ཉིན་ཞག་གཅིག་འདའ་བར་བྱེད་དོ། །ཇི་ལྟར་བསམས་པ་བཞིན་འགོག་པ་ལ་སྙོམས་པར་འཇུག་པས་མཚུངས་པ་དེ་
མ་ཐག་པའི་སེམས་དང་པོ་ལྡང་བའི་བར་དུ་བསྐལ་པ་བརྒྱ་སྟོང་མང་པོའི་བར་ཡང་འདའ་བར་བྱེད་དོ། །སེམས་གཉིས་པས་ནི་དེའི་ཟག་པ་ཐམས་ཅད་ཡོངས་སུ་ཟད་པ་དང་། ཚེ་ཡང་ཡོངས་སུ་ཟད་པར་འགྱུར་བས་མགོ་མཉམ་དུ་ཡོངས་སུ་མྱ་ངན་ལས་འདས་པར་
བྱེད་དེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་ཟག་པ་མེད་པའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་དོན་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་དང་། སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱི་
དོན་གང་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་ཏེ། གཟུགས་ཇི་ལྟ་བུར་རྣམ་པར་བརྟགས་པ་དེ་ལྟ་བུ་ཁོ་ནར་མཐོང་ངོ་། །སེམས་ནི་སེམས་ཉིད་དང་གཟུགས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་ནམ་མཁའ་དག་པ་ཉིད་ལ་བརྟག་པར་མི་བྱའོ་སྙམ་མོ། །དེ་གཟུགས་
ཐམས་ཅད་སྤང་བར་འདོད་དེ། དེ་ལྟར་དེའི་གཟུགས་ཀྱི་འདུ་ཤེས་ཐམས་ཅད་སྤངས་ནས་དེ་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་རྫོགས་པར་བྱས་ཏེ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཏིང་ངེ་འཛིན་ཏོ། །གང་ཡང་དེ་འདི་
སྙམ་དུ་སེམས་ཏེ། བདག་གི་གཟུགས་ནི་ནམ་མཁའ་སྟེ། བདག་གིས་ནམ་མཁའ་གཟུགས་སུ་མཐོང་ངོ་། །ནམ་མཁའི་མཚན་ཉིད་ཅི་ཞེ་ན། ནམ་མཁའ་ནི་གོ་འབྱེད་པའི་མཚན་ཉིད་དོ། །འོན་ཀྱང་ནམ་མཁའ་ནི་རླུང་གིས་ཁྱབ་པའོ། །རླུང་དེ་ཡང་འབྱུང་བ་ཆེན་
པོ་བཞི་ལས་གྱུར་པའོ། །བདག་གི་གཟུགས་ཀྱང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། གཉི་ག་མཚན་ཉིད་མཚུངས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཅི་འབྱུང་བ་རྣམས་འབྱུང་བ་ཆེན་པོའི་ངོ་བོ་དག་ཡིན་ནམ་སྙམ་ཞིང་། དེ་འདི་སྙམ་དུ་སེམས་ཏེ། གཉི་ག་

སྤྱིའི་མཚན་ཉིད་དུ་འབྱུང་བ་དག་མ་ཡིན་ནོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རང་གི་ངོ་བོ་ཡང་གཞན་གྱི་དངོས་པོས་སྟོང་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་
མེད་པ་དང་། གཞི་མེད་པ་ཡིན་ནོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་དེ་བཞིན་གཤེགས་པ་ཡིད་ལ་འབྱུང་ངོ་། །དེས་ནམ་མཁའ་ཐམས་ཅད་དུ་དེ་བཞིན་གཤེགས་པ་གཅིག་མཐོང་ངོ་། །དེས་དེ་ལྟར་མཐོང་བས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །འདི་ནི་སོ་སོའི་སྐྱེ་
བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། གང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་འདིས་གནས་པ་དེ་ཅི་རང་གི་ངོ་བོའི་མཚན་ཉིད་ཡིན་ནམ། འོན་ཏེ་དེ་ཉིད་
ནམ་མཁའ་ཡིན་སྙམ་ཞིང་། དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའི་མཚན་ཉིད་དག་པ་ནི་བདག་གི་བདག་ཡིན་གྱི། བདག་གི་ངོ་བོའི་མཚན་ཉིད་ནི་མ་ཡིན་ནོ་སྙམ་ནས་དེ་ནམ་མཁའ་མཐའ་ཡས་མུ་མེད་པ་ཇི་སྙེད་ཡིད་ལ་བྱེད་པ་དེ་སྙེད་ཀྱིས་བདག་ཡང་དག་པར་ཤེས་ཏེ།
འདི་ནི་དེའི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཏིང་ངེ་འཛིན་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་ཐམས་ཅད་ནི་བདག་གི་བདག་ཡིན་ན། འོ་ན་ཅི་ནམ་མཁའ་ལ་ངོ་བོ་གཞན་ཡོད་དམ། གང་གི་ཚེ་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་ན་དེ་བཞིན་གཤེགས་པ་རྣམས་
ཀྱིས་ཇི་ལྟར་བསྟན་སྙམ་མོ། །དེ་ལྟར་དེ་བཞིན་གཤེགས་པ་ཇི་སྙེད་ཡིད་ལ་བྱེད་པ་དེ་སྙེད་ཡང་དག་པར་རྗེས་སུ་མཐོང་ཞིང་། མཐོང་བ་ཙམ་གྱི་མོད་ལ་ཁ་ཅིག་འབྲས་བུ་དང་པོ་དེ་ལ་གནས་པར་བྱེད་ཅེས་བྱ་བ་ནས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་
དུ་བྱེད་དེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་གཉིས་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ནམ་མཁའ་དག་པ་རབ་ཏུ་དང་བ་རྙོག་པ་མེད་པ་བདག་གི་བདག་ཇི་སྙེད་པ། ཅི་བདག་གི་

དགེ་བའི་སེམས་ཉོན་མོངས་པ་ཐམས་ཅད་སྤངས་པ་གཞི་མེད་པ་ཡིན་ནམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སྣང་བ་ཆེན་པོ་བྱེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་སྙམ་མོ། །དེ་ཇི་ལྟར་
ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་བྱེད་པ་བཞིན་སྐད་ཅིག་དེ་ཉིད་ལ་ཁ་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་བྱེད་ཅེས་བྱ་བ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་དུ་བྱེད་དེ། འདི་ནི་སོ་སོའི་སྐྱེ་བོ་དང་
ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་གསུམ་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་བདག་གི་རྟོག་པ་རྣམས་ནི་དོན་མེད་པ་སྒྲུབ་པ་ཡིན་ཏེ། གང་བདག་གིས་གཟུགས་ལ་རྣམ་པར་བརྟག་པས་གནས་པར་
མི་བྱའོ། །གང་ན་གཟུགས་ཡོད་པ་དེ་ན་འདུ་ཤེས་ཐ་དད་པ་ཡོད་དོ། །དེ་ན་ཐོགས་པའི་འདུ་ཤེས་ཡོད་དོ། །དེ་ན་རྒ་ཤི་ཡོད་པས་བདག་གིས་རྒ་ཤི་རྣམ་པར་གཅད་པའི་ཕྱིར་སེམས་སྒོམ་མོ། །ནམ་མཁའི་འདུ་ཤེས་སུ་ཡང་མོས་སོ་སྙམ་མོ། །ཡང་དེ་ནམ་མཁའི་འདུ་
ཤེས་ཡིད་ལ་བྱེད་ཅིང་དེ་ཡང་དག་པར་ཤེས་པར་བྱེད་ལ། དེ་ལ་རབ་ཏུ་སྦྱོར་བར་བྱེད། དེ་ལ་མོས་པར་བྱེད་དེ། དེ་ནམ་མཁའ་ཤིན་ཏུ་ཡོངས་སུ་དག་པ་ཇི་སྙེད་པ་ཐམས་ཅད་ལ་བདག་ཉིད་ཀྱིས་མངོན་པར་བརྗོད་པ་དང་མོས་པར་བྱེད་ཅིང་རྫོགས་པར་བྱས་ཏེ་གནས་
པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཡིན་ཏེ། འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བདག་གི་བདག་ཤིན་ཏུ་ཡོངས་སུ་དག་པ་ཡིན་ཏེ། དེ་ནམ་མཁའ་ཐམས་ཅད་ལ་ད་དུང་བདག་གི་རྟོག་
པ་རྣམས་ཀུན་ཏུ་སྤྱོད་པར་བྱེད་དོ། །གང་བདག་གི་བདག་གིས་ནམ་མཁའ་ལ་བརྟག་པར་བྱའོ། །བདག་གི་འདུ་ཤེས་ནི་ནམ་མཁའ་ཡིན་ནོ་སྙམ་མོ། །འོན་ཀྱང་འདུ་ཤེས་ཐམས་ཅད་ནི་སྡུག་བསྔལ་གྱི་སྒྲར་གསུངས་ཏེ། འདི་ནི་ཀུན་འབྱུང་བ་དང་སྡུག་བསྔལ་ཐམས་ཅད་ཀྱི་འགོག་

པ་དང་ཞི་བ་ཡིན་ཏེ། སུས་དེ་ལ་སྡུག་བསྔལ་བ་དང་ཀུན་འབྱུང་བ་འགོག་པར་ཡང་དག་པར་རྗེས་སུ་མཐོང་བ་དེའི་དུས་ན་ཁ་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་
པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། འོ་ན་ནམ་མཁའ་བསྒོམ་པར་བྱ་བའི་ཕྱིར་ལན་མང་དུ་གནས་པར་བྱའོ། །གང་ནམ་མཁའ་ཐམས་ཅད་ནི་བདག་གི་བདག་ཡིན་ཏེ། ནམ་མཁའ་ལ་མོས་པར་བྱའོ། །རྣམ་
པར་ཤེས་པ་ཡོངས་སུ་བཙལ་བར་བྱའོ་སྙམ་ནས་ནམ་མཁའ་ཇི་ཙམ་པར་དེའི་རྣམ་པར་ཤེས་པ་མཉམ་པར་སྣང་ངོ་། །དེའི་ནམ་མཁའི་འདུ་ཤེས་ཀྱང་སྤངས་ཤིང་ནམ་མཁའ་མཐའ་ཡས་མུ་མེད་པ་ཇི་སྙེད་པ་དེ་སྙེད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཀུན་ཏུ་སྣང་སྟེ། །འདི་ནི་སོ་
སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་སོ། །དེ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། བདག་གི་རྣམ་པར་ཤེས་པའི་འདུ་ཤེས་འདི་ནི་རྟོག་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་ཞེས་བྱ་བ་ནས་དེ་ཉིད་རྣམ་པར་ཤེས་པ་ཕྱིན་ཅི་
ལོག་གི་བར་ཡིན་ནོ་སྙམ་མོ། །འོན་ཀྱང་བདག་གི་ཕྱིན་ཅི་ལོག་འདི་ནི་དགག་པར་བྱའོ། །གནས་སྐབས་གང་དུ་སྡུག་བསྔལ་ཞེས་བྱ་བ་ནས་འགོག་པའི་བར་དུ་ཡིད་ལ་བྱེད་པའི་གནས་སྐབས་དེ་ན་ཁ་ཅིག་འབྲས་བུ་དང་པོ་ལ་གནས་སོ་ཞེས་བྱ་བ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་
བར་ལ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པའོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་རྣམ་པར་ཤེས་པའི་འདུ་ཤེས་འདི་ནི་རྟོག་པ་དང་། ཟུག་རྔུ་དང་། འབྲས་དང་། ནད་
ཉིད་ཡིན་ཏེ། གང་བདག་གིས་རྣམ་པར་ཤེས་པའི་འདུ་ཤེས་དེ་ཡང་སྤང་བར་བྱ་གོར་མ་ཆག་གོ་སྙམ་ནས་ནམ་མཁའི་འདུ་ཤེས་དེ་ཡང་སྤངས་ཤིང་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་སྤོང་བར་བྱེད་དོ། །དེ་ཅི་ལ་ཡང་དམིགས་པར་མི་བྱེད་དོ། །དེའི་ཚེ་འདུ་ཤེས་མེད་པ་ལ་སྙོམས་

པར་ཞུགས་པ་ཡིན་ཏེ་སུ་ལ་སྔར་འདི་བྱུང་བ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་རྣམ་པར་ཤེས་པ་ནི་ཟུག་རྔུ་དང་། འབྲས་དང་། ནད་རྣམས་ཡིན་ཏེ། གང་བདག་གིས་མེད་པ་ཉིད་ཡིད་ལ་བྱ་གོར་མ་ཆག་སྙམ་མོ། །
ཅི་ཞིག་མེད་ཅེ་ན། འདུ་ཤེས་ཐམས་ཅད་བདག་གམ་བདག་གི་མེད་དོ། །བདག་དེས་བདག་དང་འདུ་ཤེས་ཀྱང་སྤང་བར་བྱ་སྟེ། དེ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །གནས་སྐབས་གང་དུ་མྱ་ངན་ལས་འདས་པ་ཡིད་ལ་བྱས་པའི་གནས་སྐབས་དེར་ཁ་ཅིག་རྒྱུན་དུ་
ཞུགས་པའི་འབྲས་བུ་ལ་གནས་པ་ནས་ཁ་ཅིག་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་དྲུག་པའོ། །ཡང་སུ་ཞིག་འདི་སྙམ་དུ་སེམས་ཏེ། རྣམ་པར་ཤེས་པའི་
ཏིང་ངེ་འཛིན་གྱི་རིམ་པ་ཤིན་ཏུ་ཡོངས་སུ་དག་པ་ཉོན་མོངས་པ་ཅི་ཡང་མེད་པའི་སེམས་ཀྱིས་གནས་པར་བྱའོ་སྙམ་ནས་དེ་མི་རྟོག་པའི་ཚུལ་གྱིས་ཅི་ཡང་མེད་པའི་སེམས་ཀྱིས་གནས་པར་བྱེད་དེ། གནས་སྐབས་གང་དུ་མི་རྟག་པའི་འདུ་ཤེས་ཡིད་ལ་བྱེད་པའི་གནས་སྐབས་དེར་དེ་རྒྱུན་དུ་
ཞུགས་པའི་འབྲས་བུ་མངོན་དུ་བྱེད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་མངོན་དུ་བྱེད་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་བདུན་པའོ། །སུ་ཞིག་འདི་སྙམ་དུ་སེམས་ཏེ། བདག་གི་རྣམ་
པ་ཐམས་ཅད་དུ་ཅི་ཡང་མེད་པའི་ཤེས་པ་ཡང་དག་པར་སྤངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་བྱའོ་སྙམ་ནས་དེ་ཅི་ཡང་མེད་པའི་སྐྱེ་མཆེད་ཐམས་ཅད་སྤངས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིད་ལ་བྱེད་ཅིང་ཡང་དག་པར་མི་ཤེས།
རབ་ཏུ་སྦྱོར་བར་མི་བྱེད། བྱིན་གྱིས་རློབ་པར་མི་བྱེད། སྒོམ་པར་མི་བྱེད། སྒྲུབ་པར་མི་བྱེད་པ་འདི་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལས་རྣམ་པར་གྲོལ་བའི་སྐྱེ་མཆེད་བརྒྱད་པའོ། །དེས་ནི་འདོད་པའི་འདོད་ཆགས་དང་གཟུགས་

ཀྱི་འདོད་ཆགས་ཐམས་ཅད་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། རྣམ་པར་གྲོལ་བ་མ་ཡིན་པའི་རྩེ་བའི་འདོད་ཆགས་ཐམས་ཅད་སྤོང་བར་འགྱུར་རོ། །འཕགས་པའི་གང་ཟག་རྣམས་ཀྱི་ནི་ལྷག་མ་མེད་པར་འགྱུར་རོ། །སོ་སོའི་སྐྱེ་བོ་རྣམས་
ཀྱི་ནི་ཉམ་སྨད་པར་འགྱུར་ཏེ། རྐྱེན་གྱི་དབང་གིས་ཕྱིས་སྐྱེ་བར་འགྱུར་ཞིང་ངན་སོང་གི་རྒྱུར་འགྱུར་རོ། །འདི་ནི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཀྱིས་དོན་གླེང་གཞི་དང་བཅས་པ་རྒྱས་པ་དང་བཅས་པ་ཡིན་ཏེ། གང་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གིས་
ང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོའི་ལག་ནས་བསྐུར་བ་མཐུ་ཆེ་བ། ཕན་ཡོན་ཆེ་བ་ཡིན་ནོ། །འདུས་པ་ཆེན་པོ་འདི་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་ཡིན་ནོ། །འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ་
གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་ཐམས་ཅད་དང་། ཕྲག་དོག་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ། ཡོངས་སུ་ཚོལ་བ་ཐམས་ཅད་དང་། བརྣབ་
སེམས་ཐམས་ཅད་དང་། རྒོད་པ་ཐམས་ཅད་དང་། མ་རིག་པ་ཐམས་ཅད་དང་། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཙོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཐམས་ཅད་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། སེམས་ཅན་
དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གསོ་བར་ལྟ་བ་དང་། གང་ཟག་ཏུ་ལྟ་བ་ཐམས་ཅད་དང་། བྱེད་པ་པོ་དང་། ཚོར་བ་པོར་ལྟ་བ་ཐམས་ཅད་དང་། གཟུགས་སུ་ལྟ་བ་ཐམས་ཅད་ཅེས་བྱ་བ་ནས་རེག་པར་ལྟ་བ་ཐམས་ཅད་ཅེས་བྱ་བའི་བར་དང་། སྐྱེ་བར་ལྟ་བ་
ཐམས་ཅད་དང་། འབྱུང་བ་ཆེན་པོར་ལྟ་བ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པ་ཞེས་བྱ་བ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་རྡུལ་མེད་པར་བྱེད་པའི་བར་དང་། བྱང་གྲོལ་གྱི་བདེ་བ་ཐམས་ཅད་སྟོན་པར་བྱེད་པ་ཡིན་ནོ། །རིམ་པ་དེས་ནི་བདུད་

རྣམས་ཚར་གཅོད་པར་བྱེད་པ། ཀླུ་རྣམས་ཕམ་པར་བྱེད་པ། ལྷ་རྣམས་དགའ་བར་བྱེད་པ། གནོད་སྦྱིན་རྣམས་མགུ་བར་བྱེད་པ། ལྷ་མ་ཡིན་རྣམས་རྣམ་པར་འཇོམས་པར་བྱེད་པ། ནམ་མཁའ་ལྡིང་རྣམས་དངང་བར་བྱེད་པ། མི་འམ་
ཅི་རྣམས་དད་པར་བྱེད་པ། ལྟོ་འཕྱེ་ཆེན་པོ་རྣམས་སྐྲག་པར་བྱེད་པ། ཕས་ཀྱི་རྒོལ་བ་རྣམས་འདུལ་བར་བྱེད་པ། རྒྱལ་རིགས་རྣམས་མངོན་པར་དགའ་བར་བྱེད་པ། བྲམ་ཟེ་རྣམས་འཇུག་པར་བྱེད་པ། རྗེའུ་རིགས་རྣམས་དགའ་བར་བྱེད་པ། དམངས་རིགས་རྣམས་
མཆོག་ཏུ་དགའ་བར་བྱེད་པ། བུད་མེད་འདོད་ཆགས་དང་བྲལ་བར་བྱེད་པ། མང་དུ་ཐོས་པ་རྣམས་སྐྱོ་བར་བྱེད་པ། རྣལ་འབྱོར་སྤྱོད་པ་རྣམས་མངོན་པར་དགའ་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འཐབ་པ་དང་། ཐབ་མོ་དང་། མུ་གེ་དང་། ནད་དང་།
དུས་མ་ཡིན་པའི་ཕ་རོལ་གྱི་དམག་ཚོགས་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཆུ་བོ་དང་། གྲང་བ་དང་། དྲོ་བ་དང་། ཁ་བ་དང་། ཚ་བ་དང་། རྩུབ་པ་དང་། རོ་མེད་པ་དང་། རེག་པར་དཀའ་བའི་དངོས་པོ་རྣམས་རྣམ་པར་ཞི་བར་བྱེད་པ། ཆོས་ཀྱི་ཚུལ་
འབར་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་སྟོན་པར་བྱེད་པ། འཁོར་བར་སྐྲག་པ་རྣམས་དབུགས་འབྱིན་པར་བྱེད་པ། ཟད་པ་ཤེས་པ་སྐྱེད་པར་བྱེད་པ། མི་སྐྱེ་བ་ཤེས་པ་རྟོགས་པར་བྱེད་པ། མ་རིག་པའི་ཕུང་
པོ་རབ་ཏུ་འཇོམས་པར་བྱེད་པ། སྡུག་བསྔལ་ཐམས་ཅད་འདོར་བར་བྱེད་པ་ཡིན་ཏེ། འདི་ནི་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་དེར་ལྷ་དང་མི་གྲངས་མེད་དཔག་ཏུ་མེད་པ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཉེ་བའི་
ཉོན་མོངས་པ་དང་བྲལ་བ་ཐོབ་བོ། །དེའི་ཚེ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དྲུག་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏོ། །དེའི་ཚེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ནི་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་འདི་ཐོབ་པར་གྱུར་ཏོ། །དེའི་ཚེ་

སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིར་མི་ལྡོག་པར་ཡང་གྱུར་ཏོ། །སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་
པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། གྲུལ་བུམ་དང་། ཤ་ཟ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཙུན་པ་བཅོམ་ལྡན་འདས་ཁྱོད་ཀྱིས་དགེ་བར་
གསུངས་པ་ལེགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོགས་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ནི་ངོ་མཚར་ལགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལ་སུ་ཞིག་འདུན་པ་སྐྱེད་པར་མི་བགྱིད་ལགས། འདི་ལྟར་དེ་བཞིན་གཤེགས་པ་ནི་
སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་གྱུར་པ། ཡེ་ཤེས་སུ་གྱུར་པ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བགྱིད་པར་གྱུར་པ། བདེ་བ་ཐམས་ཅད་སྦྱིན་པར་མཛད་པ། འཁོར་བའི་གཟིངས་སུ་གྱུར་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱས་
འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་ཤུགས་ཀྱི་སྙིང་པོས་གཟུངས་སྔགས་ཉི་མའི་མིག་བསྟན་པ་བསྲུང་བ་ཆེན་པོ་མ་འདྲེས་པ་ཐམས་ཅད་སྒྲུབ་པ་ཞེས་བགྱི་བ་ནས་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྒྲུབ་
པ་ཞེས་བགྱི་བའི་བར་དང་། གཟུངས་སྔགས་གང་གིས་སྐྱེས་བུ་དམ་པ་རྣམས་སྲིད་པ་གསུམ་གྱི་བཙོན་ར་ཐམས་ཅད་དུ་མངོན་པར་མི་དགའ་བའི་འདུ་ཤེས་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་བདེ་བ་ལ་རེག་པར་བགྱིས་ནས་མི་གཡོ་བའི་ཏིང་ངེ་འཛིན་ལ་
འཇུག་ཅིང་མགོ་མཉམ་པ་ཉིད་དུ་འགྱུར་བ་དང་། སུས་ཐོས་པ་དེའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་བསྲབས་པར་འགྱུར་ཞིང་། དེ་ལྷ་རྣམས་ཀྱི་ནང་དུ་ཚེ་རབས་བདུན་འཁོར་བར་འགྱུར་བ་དང་། ལྷའི་དྲང་སྲོང་དུ་འགྱུར་བ་དང་། དེའི་སེམས་འདོད་པ་རྣམས་

ཀྱིས་གོས་པར་མི་འགྱུར་བ་དང་། ལྷ་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་གྱུར་པ་དང་། དེ་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་ཀྱི་ནང་དུ་ཚེ་རབས་བདུན་འཁོར་བར་འགྱུར་བ་དང་། དེའི་སེམས་འདོད་པ་རྣམས་ཀྱིས་གོས་པར་མི་འགྱུར་བ་དང་། མིའི་
དྲང་སྲོང་དུ་འགྱུར་བ་དང་། ལྷ་དང་མི་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་གྱུར་པ་དང་། ཕྱག་བགྱི་བའི་འོས་སུ་གྱུར་པར་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་མི་དགའ་བར་མ་བྱེད་ཅིག་ཆོག་གོ། །ཀཽ་ཌི་ནྱ་ཉི་མ་དང་ལྡན་པའི་གཟུངས་
སྔགས་འདི་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་མ་ཡིན་ནོ། །ཉི་མའི་མིག་པད་མའི་གཟུངས་སྔགས་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་རྒྱུ་འཐུན་པ་དག་ཡིན་ནོ། །ཀཽ་ཌི་ནྱ་གལ་ཏེ་ངས་བསྐལ་པ་བརྒྱ་སྟོང་དུ་ཉི་མའི་མིག་གི་གཟུངས་སྔགས་འདིའི་དོན་བསྟན་ཀྱང་བསྐལ་
པ་བརྒྱ་སྟོང་ནི་ཟད་པར་འགྱུར་གྱི་རྒྱ་ཆེར་དོན་ཐམས་ཅད་བརྗོད་པར་མི་ནུས་སོ། །འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་རྨོངས་པར་ཡང་འགྱུར་རོ། །འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཉིད་མ་གཏོགས་པར་མངོན་སུམ་པ་གཞན་
གང་ཡང་མེད་དོ། །ཉི་མའི་མིག་གི་གཟུངས་སྔགས་འདི་ནི་དོན་དཔག་ཏུ་མེད་པ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་མི་ཟད་པའི་སྦུ་བུ་དང་། དེ་བཞིན་དུ་རིག་སྔགས་ཀྱི་རྟེན་དང་། དེ་བཞིན་དུ་སྡང་བ་ཞི་བར་བྱེད་པ། གཉིད་ཀྱིས་ལོག་པར་བྱེད་པའི་
གཟུངས་སྔགས་ནི་དོན་དཔག་ཏུ་མེད་ལ་མཐོང་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་ཡིན་ཏེ། འདི་ལ་དེ་བཞིན་གཤེགས་པ་རྣམས་ཉིད་མ་གཏོགས་པར་མངོན་སུམ་པ་གཞན་གང་ཡང་མེད་དོ། །ཀཽ་ཌི་ནྱས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པ་རི་དབང་
རྒྱལ་པོ་དེས་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེའི་ལག་ནས་བསྐུར་བ་བཤད་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་བཞིན་ཏེ། གང་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོས་

འདིར་ང་ལ་བསྐུར་བ་འདུས་པ་འདིར་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་ངས་བཤད་པར་བྱའོ། །འདི་ལྟར་འདི་ནི་འདིར་ངས་བཤད་ན་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་བྱེད་
པ་ཡིན་ཞིང་འདིར་སེམས་ཅན་རྣམས་ཀྱིས་མངོན་སུམ་དུ་གྱུར་པར་འགྱུར་རོ། །ཀཽ་ཌི་ནྱ་དེའི་ཕྱིར་ཁྱོད་ཅེས་བྱ་བ་ནས་བཅོམ་ལྡན་འདས་དེས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་ཏོ། །ཀཽ་ཌི་ནྱ་འདི་ལ་སེམས་ཅན་གང་དག་འདོད་ཆགས་ཀྱི་རྒྱགས་པས་མྱོས་ཤིང་ངེས་པར་
འབྱུང་བར་མི་ལྟ་བས་གནས་པ་དེ་དག་ཡུན་རིང་པོར་འཁོར་བར་བྱེད་པར་འགྱུར་རོ། །ཡུན་རིང་པོར་ངན་སོང་གསུམ་དུ་སྡུག་བསྔལ་གྱི་ཚོར་བ་རྩུབ་པ་མི་ཟད་པ་མྱོང་བར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེའི་སྟོབས་ཆེན་པོ་དང་། བརྩོན་འགྲུས་དང་། བརྩོན་པ་དང་། བརྟུལ་བ་ཆེན་པོས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ཚོལ་བར་བྱེད་དོ། །དེ་དག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །
སེམས་ཅན་རྣམས་ངན་སོང་གསུམ་ལས་བསྒྲལ་བའི་ཕྱིར་ངེས་པར་འབྱེད་པ་དང་། ངེས་པར་འབྱིན་པ་དང་། གཅེས་སྤྲས་བྱེད་པས་ཡང་དག་པར་སྡུག་བསྔལ་ཟད་པར་འགྲོ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་གང་དག་ཆོས་བསྟན་པ་དེ་ཉན་པར་བྱེད་ཅིང་སྡུག་
བསྔལ་ལས་ངེས་པར་འབྱུང་བར་ལྟ་བ་དེ་དག་འབྲས་བུ་དང་པོ་ཐོབ་པར་བྱེད་དོ་ཞེས་བྱ་བ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་བྱེད་དོ། །ཡང་ན་གལ་ཏེ་གང་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་ཡེ་ཤེས་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་འཁོར་བའི་སྡུག་བསྔལ་
འཇིགས་སུ་རུང་བ་རྣམས་ལ་སྤྲོ་བར་བྱེད་པ་དེ་དག་བླ་ན་མེད་པའི་ཡེ་ཤེས་རྗེས་སུ་ཐོབ་ནས་སེམས་ཅན་རྣམས་འདོད་པ་དག་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དེ། དཔེར་ན་ད་ལྟར་ང་བཞིན་ནོ། །ཀཽ་ཌི་ནྱ་དེ་ལ་རེག་པའི་འདོད་ཆགས་གང་ཞེ་ན། སེམས་ཅན་

གང་དག་གཅིག་ལ་གཅིག་ལུས་ཀྱིས་རེག་པས་རེག་པར་གྱུར་པ་དེ་དག་བདེ་བའི་ཚོར་བ་མྱོང་བས་སྡུག་བསྔལ་སྐྱེ་བར་བྱེད་དོ། །སྡུག་བསྔལ་སོ་སོ་ཡང་དག་པར་མྱོང་བར་བྱེད་དོ། །དཔེར་ན་སྦྲུལ་གདུག་པ་གཏུམ་པོ་ཁ་ཅིག་ལྟ་བས་སེམས་
ཅན་རྣམས་གསོད་པར་བྱེད། ཁ་ཅིག་དབུགས་ཙམ་གྱིས་སེམས་ཅན་རྣམས་གསོད་པར་བྱེད་དོ། །ཁ་ཅིག་རེག་པ་ཙམ་གྱིས་སེམས་ཅན་རྣམས་གསོད་པར་བྱེད། ཁ་ཅིག་སྦྱོར་བ་ཙམ་གྱིས་སེམས་ཅན་རྣམས་གསོད་པར་བྱེད་པ་དེ་བཞིན་དུ་སེམས་ཅན་ཁ་ཅིག་
ནི་མཐོང་བ་ཙམ་གྱིས་དགེ་བའི་རྩ་བ་ཐམས་ཅད་ཆུད་གསོན་པར་བྱེད་ཅིང་རབ་ཏུ་སྲེག་པར་བྱེད་དོ། །ཁ་ཅིག་ནི་གཅིག་ལ་གཅིག་ལུས་ཀྱིས་རེག་པས་དགེ་བའི་རྩ་བ་ཐམས་ཅད་ཆུད་གསོན་ཅིང་རབ་ཏུ་སྲེག་པར་བྱེད་དོ། །ཁ་ཅིག་ནི་འཇུག་པ་ཙམ་གྱིས་དགེ་བའི་རྩ་བ་ཐམས་
ཅད་ཆུད་གསོན་ཅིང་རབ་ཏུ་སྲེག་པར་བྱེད་དོ། །ཁ་ཅིག་ནི་འཁྲིག་པ་དང་ལྡན་པའི་ཀུན་ཏུ་སྦྱོར་བའི་རེག་པ་ཙམ་གྱིས་སྡུག་བསྔལ་སྐྱེད་པར་བྱེད་ཅིང་དེ་དག་སྡུག་བསྔལ་སོ་སོ་ཡང་དག་པར་མྱོང་བར་བྱེད་དོ། །ཀཽ་ཌི་ནྱ་དེ་ལ་རེག་པའི་འདོད་ཆགས་ལས་ངེས་པར་
འབྱུང་བ་གང་ཞེ་ན། ཀཽ་ཌི་ནྱ་འདི་ན་རུས་པའི་ཕུང་པོ་གཟུགས་གསལ་བ་ལ་སོ་སོར་བརྟག་པར་བྱའོ། །ཇི་ལྟར་ཞེ་ན། གང་དུ་གཟུགས་འདོད་པ་སྡུག་པ། ཕངས་པ། ཡིད་དུ་འོང་བ། འདོད་པ་དང་ལྡན་པ། ཆགས་པར་འགྱུར་བ་རྣམས་མཐོང་ནས་དེ་ལ་བྱང་གྲོལ་གྱི་བདེ་བ་
འདོད་པ་དེ་འདི་ལྟར་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། གཟུགས་འདི་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། འཇིག་ཅིང་རྣམ་པར་འཇིག་ལ་རྣམ་པར་ཕྱེ་མར་འགྱུར་བའི་ངོ་བོ་ཉིད་དོ། །ཇི་ལྟར་ཞེ་ན། དེ་ན་རུས་པའི་ཕུང་པོ་སྐྲ་མེད་པ་དང་། ཤ་དང་། སེན་མོ་དང་། ཁྲག་
མེད་པ་དང་། སྟོང་པ་དང་། ཤིན་ཏུ་དཀར་ཞིང་དུང་གི་མདོག་ལྟ་བུ་དང་། རྒྱུས་པས་འབྲེལ་བར་ཡིད་ལ་བྱེད། ཡང་དག་པར་ཤེས་པར་བྱེད། རབ་ཏུ་སྦྱོར་བར་བྱེད། བྱིན་གྱིས་རློབ་པར་བྱེད་དེ། དེས་དེ་ཁོ་ན་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ངོ་། །དེ་དེ་

ལ་སྟེན་ཅིང་སྒོམ་ལ་ལན་མང་དུ་བྱེད་པ་ན་མཚན་མོ་ཇི་ལྟ་བར་ཉིན་པར་ཡང་དེ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། དེ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ནི་རྒ་ཤིའི་འཇིགས་པས་གནོད་པར་གྱུར་
པ་ཡིན་པས་གང་བདག་གིས་རྒ་ཤིའི་རྔ་བོ་ཆེ་འདི་མ་ལུས་པར་གཅག་གོར་མ་ཆག་སྙམ་མོ། །ཇི་ལྟར་བདག་གིས་རྒ་ཤིའི་རྔ་བོ་ཆེ་མ་ལུས་པར་གཞིག་པར་ནུས་ཞེ་ན། གང་བདག་གིས་རུས་པའི་ཕུང་པོ་འདི་ལ་ཤིན་ཏུ་སོ་སོར་བརྟག་པར་བྱས་པས་མ་ལུས་པར་གཞིག་པར་བྱ་གོར་
མ་ཆག་སྙམ་ནས་དེ་ཐམས་ཅད་དང་ལྡན་པའི་རུས་པའི་ཕུང་པོ་འདི་ལ་སོ་སོར་རྟོག་པར་བྱེད་དེ། གང་དེ་ཐམས་ཅད་ལ་དཀར་པོའི་འདུ་ཤེས་ཡིད་ལ་བྱེད་པ་འདི་ནི་དེའི་ཞི་གནས་སུ་འགྱུར་རོ། །དེ་འདི་ནི་བདག་གི་མགོའི་རུས་པའོ་ཞེས་བྱ་བ་ནས་དེ་བཞིན་དུ་འདི་ནི་བདག་གི་རྐང་པའི་མཐེ་བོའི་
རུས་པའོ་ཞེས་བྱ་བའི་བར་དུ་དེ་ལྟར་སོ་སོར་རྟོག་པར་བྱེད་ཅིང་རྒ་ཤིའི་རྔ་བོ་ཆེ་འདི་གཞིག་པར་བྱ་བའི་ཕྱིར་བདག་གིས་གནས་གང་དུ་ལྷག་མཐོང་གིས་བརྩམ་པར་བྱ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཁ་དང་སྣ་གཉིས་ཀྱི་རླུང་འདུས་པས་རྒ་ཤིའི་རྔ་བོ་ཆེ་རང་གི་རུས་པའི་ཕུང་པོ་འདི་
མ་ལུས་པར་གཞིག་པར་བྱའོ་སྙམ་ནས་དེ་སྣའི་རྩེ་མོར་རླུང་འདུས་པས་ཡང་དག་པར་རྩོམ་པར་བྱེད་དེ། རྡུལ་ཕྲ་རབ་ཙམ་དུ་རུས་པ་འཇིག་པར་བྱེད་དོ། །རླུང་གིས་འཕྱར་བར་བྱེད་དོ། །སྦྱོར་བ་དེས་རང་གི་རུས་པའི་ཕུང་པོ་ཐམས་ཅད་འཇིག་པར་འགྱུར་རོ། །ཇི་ལྟར་རང་གི་རུས་
པའི་ཕུང་པོ་ཐམས་ཅད་ལྷག་མ་མེད་པར་རླུང་གིས་ཁྱེར་བར་གྱུར་པ་བཞིན་དེའི་རང་གི་ལུས་དེ་ལ་གང་རུས་པའི་འདུ་ཤེས་བྱུང་བ་དེ་སྤངས་ཤིང་དེར་དེ་ལ་སྟོང་པར་སྣང་སྟེ། འདི་སྟོང་པ་ཉིད་ཀྱི་ཡན་ལག་དང་པོའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་
པོ་ཞེས་བྱ་བའི་མདོ། བམ་པོ་བདུན་པ། གཞན་ཡང་དེ་ལ་བདག་ནང་སྟོང་པ་ཉིད་དུ་སྣང་ངོ་། །དེ་ལ་ཕྱི་རོལ་ནི་གཟུགས་ཀྱི་འདུ་ཤེས་སུ་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རླུང་འདུས་པ་དེས་གཟུགས་སྣང་བ་ཐམས་ཅད་རྣམ་པར་གཞིག་པར་བྱའོ་

སྙམ་ནས་དེ་དེ་ལྟར་རླུང་འདུས་པས་ཕྱི་རོལ་གྱིས་གཟུགས་སྣང་བ་གང་ཅི་ཡང་རུང་བ་ཐམས་ཅད་རླུང་གིས་རྣམ་པར་འཇིག་པར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་ནང་ངམ་ཕྱི་རོལ་གྱི་གཟུགས་སྣང་བ་ཐམས་ཅད་སྤངས་ནས་བྱེ་བྲག་ཏུ་ཡིད་ལ་བྱེད་པ་འདི་ནི་
སྟོང་པ་ཉིད་ཀྱི་ཡན་ལག་གཉིས་པའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་གཟུགས་སྣང་བ་གང་སྤངས་པ་ཐམས་ཅད་ནི་བདག་ལ་སྟོང་པར་སྣང་གི་གཞན་ནི་མ་ཡིན་ནོ། །དེས་ན་བདག་གི་རླུང་དུ་ཀུན་ཏུ་རྟོག་པའི་སེམས་འདི་ཡང་ཤིན་ཏུ་རྣམ་པར་གྲོལ་བ་མ་
ཡིན་པས་དེ་བདག་གིས་སྤང་བར་བྱའོ། །ཆོས་ནི་གང་དུ་ཡང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད་དེ། དེ་དེ་ལྟར་འགྲོ་བ་མེད་པའི་ཚུལ་ལམ། བདག་ཉིད་འགྲོ་བའི་ཚུལ་གྱིས་རྟོག་པ་སྤོང་བར་བྱེད་དེ་འདི་ནི་སྟོང་པ་ཉིད་ཀྱི་ཡན་ལག་གསུམ་པའོ། །ཡང་དེ་འདི་སྙམ་དུ་
སེམས་ཏེ། ཅི་འདུས་བྱས་ཐམས་ཅད་ལ་དེ་ཁོ་ན་ཡང་དག་པ་ཅི་ཡང་ཡོད་དམ་སྙམ་ནས་དེ་ཡང་དག་པ་མངོན་སུམ་དུ་གྱུར་པ་དེ་ཤེས་པར་བྱས་ཏེ། ཀུན་འབྱུང་བའི་ཆོས་གང་ཅི་ཡང་རུང་བ་ཐམས་ཅད་འགོག་པའི་ཆོས་སུ་རིག་པར་བྱས་ནས་དེས་ཁམས་གསུམ་པ་ཐམས་
ཅད་མེད་ཅིང་ཡང་དག་པ་མ་ཡིན་པར་ཤེས་ཏེ། དེའི་འདུ་བྱེད་ཤིན་ཏུ་སྦྱངས་ཤིང་ཞི་བར་འགྱུར་བ་འདི་ནི་སྟོང་པ་ཉིད་ཀྱི་ཡན་ལག་བཞི་པའོ། །ཁ་ཅིག་ནི་འདིར་འབྲས་བུ་དང་པོ་ལ་གནས་པར་བྱེད་དོ། །ཁ་ཅིག་ནི་རྗེས་སུ་འཐུན་པའི་བཟོད་པ་སྒོམ་པར་བྱེད་དོ། །ཁ་ཅིག་
ནི་དུས་དང་རྐྱེན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ལ་རེག་པར་བྱེད་དོ། །གང་རྟོག་པ་དང་དཔྱོད་པ་འབའ་ཞིག་རྣམ་པར་ཞི་བར་བྱ་བའི་ཕྱིར་བརྩོན་པ་ནི་རྣམ་པར་ཞི་བར་འགྱུར་རོ། །དེ་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པར་བྱེད་དེ། དེ་བསམ་པ་ཇི་ལྟ་བ་བཞིན་དུ་འགོག་
པས་ཉིན་ཞག་གཅིག་འདའ་བར་བྱེད་དོ་ཞེས་བྱ་བ་ནས་བསྐལ་པ་དཔག་ཏུ་མེད་པའི་བར་དུ་འདའ་བར་བྱེད་དོ། །དང་པོ་དེ་ལངས་མ་ཐག་ཏུ་སྐད་ཅིག་མ་གཉིས་པ་ལ་ཉོན་མོངས་པ་ཟད་པ་ན་ཚེ་ཡང་ཟད་པར་གྱུར་ནས་དེ་མགོ་མཉམ་པར་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་དོ། །འདི་ནི་

སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བརྒྱད་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་བདེན་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་མཐུ་ཆེ་བ། ཕན་ཡོན་ཆེ་བ། འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ། གཟུགས་དང་གཟུགས་
མེད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་ཟད་པར་བྱེད་པ་ཞེས་བྱ་བ་ནས་སྡུག་བསྔལ་གྱི་ཁུར་འདོར་བར་བྱེད་པ་ཞེས་བྱ་བའི་བར་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོས་ང་ལ་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེའི་ལག་ནས་བསྐུར་བ་དང་འདུས་པ་འདི་ལ་ངས་བཤད་པ་ལ་དད་པ་སྦྱིན་པར་མཛད་པ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་དེར་སེམས་ཅན་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་གཉིས་འབྲས་བུ་དང་པོ་ལ་གནས་པར་གྱུར་ཏོ། །འབུམ་ཕྲག་
དྲུག་ཅུ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྔོན་ལས་བྱས་པའི་སེམས་ཅན་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་ནི་སྟོང་པ་ཉིད་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་ནི་རང་བྱུང་ཅན་གྱི་གཟུངས་
སྔགས་ཐོབ་པར་གྱུར་ཏོ། །དེར་སེམས་ཅན་དཀྲིགས་ཕྲག་དྲུག་ཅུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་
སོ་ཞེས་བྱ་བ་གསོལ་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་སྤོས་ཀྱི་ཆར་མངོན་པར་རབ་ཏུ་བབ་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོ་
དེས་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བའི་དཔལ་སྙིང་པོའི་ལག་ནས་བསྐུར་བ་དང་། འདུས་པ་ཆེན་པོ་ལུང་བསྟན་པ་ཆེན་པོ་འདི་ལ་དད་པ་སྦྱིན་པར་མཛད་པ་བཤད་པར་གསོལ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཀཽ་ཌི་ནྱ་དེ་དེ་བཞིན་ནོ། །ཀཽ་ཌི་ནྱ་དེ་དེ་བཞིན་ཏེ། ཀཽ་ཌི་ནྱ་འཁོར་འདི་ལ་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའི་གཟུངས་སྔགས་ངས་བཤད་པར་བྱའོ། །ཀཽ་ཌི་ནྱ་འཁོར་འདི་ན་སེམས་ཅན་གང་དག་སྔོན་ཡོངས་སུ་
སྦྱང་བ་བྱས་པ་དང་ཆོས་འདི་ཀུན་ཏུ་ཤེས་པར་ནུས་པ་དག་ཡོད་དོ། །ཀཽ་ཌི་ནྱ་དེའི་ཕྱིར་ཉོན་ལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུའོ། །ཀཽ་ཌི་ནྱ་འདི་ན་སེམས་ཅན་གང་དག་མ་མོས་ཤིང་འདོད་ཆགས་དང་ཡང་དག་པར་
རྗེས་སུ་འབྲེལ་བ་དག་ཡོད་དེ། དེ་དག་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཤིང་། དེ་དག་ངེས་པར་འབྱུང་བར་མི་ལྟ་བས་ཡུན་རིང་པོར་འཁོར་བར་འཁོར་བར་འགྱུར་རོ་ཞེས་བྱ་བ་ནས་ཡིད་ཀྱིས་ཀུན་ཏུ་རྟོག་པའི་འདོད་ཆགས་ལས་ངེས་པར་འབྱུང་བ་གང་ཞེ་ན་ཞེས་བྱ་བ་དང་། འདི་ལ་
ཇི་ལྟར་ཡང་དག་པར་བསླབ་པར་བྱ་ཞེ་ན་ཞེས་བྱ་བའི་བར་དུའོ། །འདོད་པའི་འདོད་ཆགས་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། དབྱིབས་ཀྱི་འདོད་ཆགས་དང་། རེག་པའི་འདོད་ཆགས་དང་། མོས་པའི་འདོད་ཆགས་དང་།
ཡིད་ཀྱི་ཀུན་ཏུ་རྟོགས་པའི་འདོད་ཆགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འདུ་བྱེད་ཀྱི་འབྱོར་འབྲེལ་གྱི་རྐྱེན་ལས་འབྱུང་ན། སུས་འདུ་བྱེད་དེ་དག་མངོན་པར་འདུས་བྱས་ཤིང་སུ་ཞིག་ནི་མངོན་པར་འདུ་བྱེད་ཅེ་ན། རླུང་གིས་མངོན་པར་འདུས་བྱས་པའོ། །བདག་གི་ལུས་
དང་། ངག་དང་། ཡིད་ཀྱི་འདུ་བྱེད་དེ་དག་དང་རླུང་ཡང་རྣམ་པར་གཞིག་པར་བྱའོ། །རླུང་དེ་དག་ནི་ཁ་དང་སྣ་དག་ནས་འཇུག་ཅིང་འབྱུང་སྟེ། རླུང་དེ་དག་གིས་མངོན་པར་འདུས་བྱས་སོ། །རླུང་དེ་དག་ཉིད་ཀྱིས་ལུས་འདི་རྣམ་པར་གཏོར་ཞིང་རྣམ་པར་གཞིག་པར་
བྱའོ་སྙམ་ནས་དེ་དེ་ལྟར་སེམས་ལ་དབུགས་རྔུབ་པར་བྱེད་དེ། དབུགས་གང་དག་འཇུག་པར་བྱེད་པ་དེ་དག་ནི་ཤ་དང་ཁྲག་སྐེམས་པར་བྱེད་དོ། །མེད་པར་བྱེད་དོ། །གང་དག་འབྱུང་བར་བྱེད་པ་དེ་དག་ནི་ཤ་དང་ཁྲག་དེ་ལུས་ཀྱི་ཕྱི་རོལ་དུ་འདོར་བར་བྱེད་དོ་ཞེས་བྱ་བ་ནས་ལུས་ཐམས་

ཅད་བུ་གར་གྱུར་པར་མཐོང་བའི་བར་དང་། རྨའི་སྒོ་ཐམས་ཅད་ནས་དབུགས་འཇུག་ཅིང་འབྱུང་ལ་སྐྲ་དང་། སེན་མོ་དང་། ཤ་དང་། ཁྲག་གཞི་ནས་འབྱིན་ཅིང་ལུས་ཀྱི་ཕྱི་རོལ་དུ་འདོར་བར་བྱིན་གྱིས་རློབ་པར་བྱེད་པའི་བར་དང་། ཤ་དང་ཁྲག་ཐམས་ཅད་མ་ལུས་པར་ལུས་
ཐམས་ཅད་ལ་མི་མཐོང་བར་བྱེད་པའི་བར་དང་། རུས་གོང་གི་ཕུང་པོ་སྟོང་ཞིང་དཀར་ལ་དུང་གི་མདོག་ལྟ་བུ་དང་། རྒྱུས་པས་འབྲེལ་བར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་ཅིང་ཡིད་ལ་བྱེད། སྒོམ་པར་བྱེད་ལ་དེ་ཉིད་བྱིན་གྱིས་རློབ་པར་བྱེད་པའི་བར་དང་། གང་དེ་ལ་
སྔར་འདོད་པའི་འདོད་ཆགས་ཀྱི་སེམས་དང་རྗེས་སུ་འབྲེལ་བར་བྱུང་བ་དེ་སེམས་མཉམ་པར་གཞག་པ་ལ་ཉམས་དམས་པར་འགྱུར། བསྲབས་པར་འགྱུར་ཞིང་དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། དེ་བཞིན་དུ་དབྱིབས་ཀྱི་འདོད་
ཆགས་དང་། དེ་བཞིན་དུ་རེག་པའི་འདོད་ཆགས་དང་། དེ་བཞིན་དུ་མོས་པའི་འདོད་ཆགས་དང་། ཀུན་ཏུ་རྟོག་པའི་འདོད་ཆགས་འགོང་བར་འགྱུར་ཞིང་བསྲབས་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་ཡང་དེའི་སེམས་མཉམ་པར་མ་བཞག་པ་ན་ཡང་དང་
ཡང་དུ་རྐྱེན་ཇི་ལྟ་བུ་རྙེད་པ་དེ་ལྟ་བུ་དེ་ཆུ་ཚོད་གཅིག་ཙམ་དུ་གཟུགས་ཁ་ཅིག་ལ་ཞེས་བྱ་བ་ནས། རེག་པ་ཁ་ཅིག་ལ་ཞེས་བྱ་བའི་བར་ལ་རྣམ་པར་ཉམས་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་རིས་འཐུན་པས་འདོད་ཆགས་གཞི་དང་བཅས་པ་གང་ཡིན་པ་དེ་བཅད་
ལ་མ་ལུས་པར་བྱ་བ་ཡིན་ནོ། །དཔེར་ན་དྲུངས་ནས་ཕྱུང་བ་མ་ཡིན་པའི་ཤིང་བཅད་པ་ནི་ཕྱིས་ཀྱང་སྐྱེ་བར་འགྱུར། དེ་བཞིན་དུ་སྲེད་པའི་བག་ལ་ཉལ་མ་བཏོན་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཕྱི་ཕྱིར་སྐྱེད་དེ། དེ་ཉིད་ལ་སྒོམ་པར་བྱེད་དེ། ཇི་ལྟར་རང་གི་ལུས་ལ་ཀེང་རུས་དཀར་
ཞིང་དུང་གི་མདོག་ལྟ་བུ་རྒྱུས་པས་འབྲེལ་བ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་པའི་བར་དུའོ། །དེ་བཞིན་དུ་གཟུགས་སྣང་བ་གང་ཅི་ཡང་རུང་། སེམས་ཅན་ནམ། སེམས་ཅན་མ་ཡིན་པ་ཡང་རུང་སྟེ། མིག་སྔར་སྣང་བར་གྱུར་ན་དེས་ཐམས་ཅད་དུ་དེ་ལྟ་བུར་ཐམས་ཅད་ཀེང་རུས་

མདོག་དཀར་པོ་རྒྱུས་པས་འབྲེལ་བར་ལྷག་ཆད་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ལས་དེའི་སེམས་རྣམ་པར་གཡེང་བར་ཡང་མི་བྱེད་དེ། འདི་ནི་དེའི་ཞི་གནས་ཡིན་ནོ། །དེའི་ཚེ་ཡང་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། འདི་
ནི་མགོའི་ཐོད་པའི་རུས་པའོ། །འདི་དག་ནི་སོ་རྣམས་སོ། །འདི་ནི་མགྲིན་པའོ་ཞེས་བྱ་བ་ནས་འདི་དག་ནི་རྐང་པའི་མཐེ་བོའི་རུས་པ་རྣམས་སོ་ཞེས་བྱ་བར་དེའི་ལྷག་མཐོང་དང་མཚུངས་པར་ལྡན་པའི་སེམས་ཀྱི་བསམ་གཏན་སྒྲུབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བསམས་
བཞིན་དུ་བསམ་གཏན་སྒྲུབ་པར་བྱེད་པའི་ཕྱིར་རོ། །གང་དུ་དེའི་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་རབ་ཏུ་དང་བར་གྱུར་ན་དེས་དེ་བསྒོམ་པར་བྱ་སྟེ། ལྷག་མཐོང་གཅིག་པུ་ལ་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་རབ་ཏུ་དང་བར་གྱུར་ན་ཡང་དེས་དེ་བསྒོམ་པར་བྱའོ། །
ལྷག་མཐོང་གཅིག་པུ་ལ་སེམས་ཤིན་ཏུ་ཡང་དག་པར་གནས་ཤིང་རབ་ཏུ་དང་བར་གྱུར་ན་དེས་འདི་ལྟར་བསྒོམ་པར་བྱ་སྟེ། རུས་པའི་ཕུང་པོ་སོ་སོར་ཐ་དད་པར་རུས་པ་རྣམས་ལ་སོ་སོར་བརྟགས་ཤིང་བཤིག་ལ་སོ་སོར་བརྟགས་ནས་རྣམ་པར་ཕྱེ་མར་བྱས་ཏེ་སོ་སོར་བརྟག་གོ། །
དེར་རུས་གོང་གི་ཕྱེ་མ་རྣམས་ལ་སེམས་ཀྱི་འདུ་འཕྲོད་གང་ཡིན་པ་དེ་རྒྱུ་མེད་པ་མ་ཡིན་པ་དང་། ཟད་པ་དང་འཇིག་པའི་མཚན་ཉིད་དུ་སོ་སོར་བརྟག་པར་བྱའོ། །དེ་ལྟར་ལྷག་མཐོང་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །གཟུགས་སྣང་
བ་ཐམས་ཅད་ལ་ཆགས་པ་མེད་པའི་རུས་གོང་གི་ཕྱེ་མ་ཤིན་ཏུ་དཀར་པོ་ལ་འདུ་འཕྲོད་ཀྱི་རྒྱུ་གང་། སེམས་མགྱོགས་པ་དང་ཀུན་ཏུ་མགྱོགས་པ་ལ་སོ་སོར་རྟོག་པ་འབྱུང་བ་འདི་ནི་སྐྱོ་བ་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །གཟུགས་ཐམས་ཅད་ལ་
ཆགས་པ་མེད་པའི་རུས་གོང་གི་ཕྱེ་མ་ཤིན་ཏུ་དཀར་པོ་ངོ་བོ་ཉིད་མེད་པ་ལ་འདུ་འཕྲོད་ཀྱི་རྒྱུ་དང་། སེམས་མགྱོགས་པ་དང་ཀུན་ཏུ་མགྱོགས་པ་ལ་སོ་སོར་རྟོག་པ་བདག་མེད་པ་དེ་ནི་འཇིག་པ་དང་རྗེས་སུ་འཐུན་པའི་བཟོད་པ་མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །གཟུགས་སྣང་བ་

ཐམས་ཅད་ལ་ཆགས་པ་མེད་པའི་རུས་གོང་གི་ཕྱེ་མ་ཤིན་ཏུ་དཀར་པོ་དག་ལ་བརྗོད་དུ་མེད་པ་དང་། སྣུམ་པ་མེད་པ་དང་། གཟུང་བ་མེད་པ་དང་། མཉམ་པར་གནས་པ་མ་ཡིན་པ་དང་། ཅི་ཡང་མེད་པ་འདི་ནི་ཞི་བའི་ཞི་གནས་དང་རྗེས་སུ་འཐུན་པའི་བཟོད་པ་
མངོན་པར་རྟོགས་པར་འགྱུར་བ་ཡིན་ནོ། །དེས་བཟོད་པ་ཐོབ་པར་བྱ་བའི་ཕྱིར་དུས་གསུམ་གྱི་འདོད་ཆགས་དག་འདོད་ཆགས་ལས་ཡང་དག་པར་སྒྲོལ་བ་དང་། ཡང་དག་པར་ལྡང་བར་བྱེད་པ་དང་། རྣམ་པར་རྟོག་པ་མཉམ་པ་དང་། རྟེན་མཉམ་པ་དང་། དུས་
གསུམ་གྱི་མཐའ་སྤོང་བར་འགྱུར་ཞིང་སྲེད་པ་གསུམ་གྱི་མཐའ་སྤོང་བ་དང་། ཁམས་གསུམ་པའི་སྲིད་པ་ལྡོག་ཅིང་ཉེ་བར་ཞི་བ་དང་། དྲི་མ་གསུམ་སྤོང་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པར་འགྱུར་ཞིང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་
ཐོབ་པར་འགྱུར་རོ། །གཞན་ཡང་ཡང་དག་པར་མཚན་གྱི་གཞི་མེད་པའི་ཆོས་རྣམས་བསྒོམ་པ་ལ་བརྩོན་པ་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པར་འགྱུར་རོ། །གཞན་ཡང་སུས་གཟུགས་སྣང་བ་ཐམས་ཅད་དག་ཅིང་དཀར་ལ་དུང་གི་མདོག་ལྟ་བུ་ཆགས་པ་མེད་པ།
རྒྱུས་པ་དང་འབྲེལ་བའི་རུས་གོང་གི་ཕུང་པོ་ཡང་དག་པར་རྗེས་སུ་མཐོང་ན་ནི་དེར་དེའི་སེམས་ཤིན་ཏུ་ཡང་དག་པར་གནས་པར་གྱུར་ཏེ། འགྲོ་བ་དང་། གནས་པ་དང་། འདུག་པ་དང་། ཉལ་བ་ན་དེ་ཉིད་ཡིད་ལ་བྱའོ། །དེས་དེ་ཉིད་ཡིད་ལ་བྱས་ཤིང་དེ་ཉིད་བསྒོམས་ལ་དེ་
ཉིད་བྱིན་གྱིས་བརླབས་ན་དེ་ལྟར་དེའི་ཞི་གནས་ཤིན་ཏུ་བསྒོམས་ཤིང་ཤིན་ཏུ་སྦྱང་བ་བྱས་པའི་བར་དུ་འགྱུར་རོ། །དེའི་ཚེ་རྣལ་འབྱོར་པ་ཕྱི་ནང་བདག་མེད་པ་སྟོང་པ་ཉིད་ལ་འཇུག་སྟེ། གཟུགས་ཐམས་ཅད་ཀྱི་རུས་གོང་གི་ཕུང་པོ་ལ་གལ་ཏེ་སྔོན་པོའི་འདུ་ཤེས་བྱུང་ན་དེར་རུས་གོང་
གི་ཕུང་པོ་སྔོན་པོ་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ནས་གལ་ཏེ་ཤེལ་གྱི་མདོག་ལྟ་བུ་ཡིད་ལ་བྱེད་ན་དེས་གཟུགས་སྣང་བ་ཐམས་ཅད་རུས་གོང་གི་ཕུང་པོ་ཤེལ་གྱི་མདོག་ལྟ་བུའི་བར་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེར་དེའི་རྣམ་པར་རྟོག་པ་འབྱུང་སྟེ། ཅིའི་ཕྱིར་འདི་གཟུགས་

སྣང་བ་ཐམས་ཅད་རུས་གོང་གི་ཕུང་པོ་དཀར་པོར་ཡང་དག་པར་སྣང་། ཅིའི་ཕྱིར་ཤེལ་གྱི་མདོག་ལྟ་བུའི་བར་དུ་ཡང་དག་པར་སྣང་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་དག་ཐམས་ཅད་སེམས་ཀྱི་བྲག་ཅ་ཡིན་པའི་ཕྱིར་གསོབ་ལ་བརྫུན་པ་
སྟེ་ཐམས་ཅད་སེམས་སྣང་བ་ཡིན་ནོ། །སུས་དེ་ལྟར་ཤེས་པ་དེ་འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་ཡིན་ཞིང་མཆོད་པར་འོས་པ་ཡིན་ནོ། །ཀཽ་ཌི་ནྱ་འདི་ནི་མངོན་པར་མི་དགའ་བའི་འདུ་ཤེས་དང་ཟས་ལ་མི་འཐུན་པའི་འདུ་ཤེས་མ་གཏོགས་པར་སྨོན་པ་མེད་པ་དང་རྗེས་སུ་
འཐུན་པའི་བཟོད་པའི་དོན་ཡིན་ནོ། །དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་བརྩེགས་རྒྱལ་པོས་གང་ང་ལ་བསྐུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཀྱི་བློ་གྲོས་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཉན་ཐོས་ཞི་གནས་ཀྱི་
བསམ་པ་ཅན་སུས་དེ་ལྟར་བསྒོམས་ན་མི་སྡུག་པ་སྒོམ་པར་བགྱིད་པ་ལགས། དེར་མཚན་མ་གང་དག་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སུས་འདོད་ཆགས་ཟད་པར་བྱ་བའི་ཕྱིར་གང་མི་སྡུག་པ་སྒོམ་པར་བྱེད་པ་དེའི་འཕྲལ་བར་སེམས་
གཏད་པར་བྱའོ། །དེའི་མཚན་མ་འདི་དག་འབྱུང་སྟེ། ཇི་སྲིད་དུ་མི་སྡུག་པའི་སེམས་ཀྱིས་སོ་སོར་རྟོག་པར་འགྱུར་བ་དེ་སྲིད་དུ་དེའི་ལུས་ཐམས་ཅད་གཡོ་ཞིང་ཀུན་ཏུ་གདུང་བར་འགྱུར་རོ། །འདི་ནི་དེའི་མཚན་མ་ནང་གི་དང་པོ་ཡིན་ནོ། །ཇི་སྲིད་དུ་ཡང་དང་ཡང་དུ་སྒོམ་པར་
བྱེད་པ་དེའི་རང་གི་ལུས་ཀྱི་གནས་སོ་ཅོག་ཏུ་འདི་སྙམ་བྱེད་དེ། ཕྱར་བ་རྩུབ་པོས་རེག་པ་བཞིན་ནོ་སྙམ་པ་འདི་ནི་དེའི་མཚན་མ་གཉིས་པའོ། །ཡང་ཕྱི་ཕྱིར་སེམས་རྣམ་པར་གཡེང་བ་མེད་པར་སྒོམ་པར་བྱེད་པ་དེའི་ལུས་ཐམས་ཅད་རབ་ཏུ་སིམ་པར་འགྱུར་ཏེ། ལུས་ཐམས་ཅད་
ལ་འོ་མས་བཏབ་པ་བཞིན་ནོ་སྙམ་པ་འདི་ནི་དེའི་སེམས་རྩེ་གཅིག་པ་ཉིད་ཀྱི་ཞི་གནས་ཀྱི་མཚན་མ་ཡིན་ཏེ། དེ་དགའ་བ་དང་བདེ་བ་འདི་ཡང་མཚན་མ་མེད་པའི་ཚུལ་གྱིས་སྤོང་བར་བྱེད་དོ། །དེ་ཡང་དེའི་ངེས་པར་འབྱེད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་སེམས་འདོད་ཆགས་ཀྱིས་ཉེ་

བར་ཉོན་མོངས་པ་ཡོངས་སུ་གཏུགས་ཤིང་མ་རིག་པས་ཉེ་བར་ཉོན་མོངས་པའི་ཤེས་རབ་རྣམ་པར་དག་ན་དེ་ལུས་ཐམས་ཅད་རུས་གོང་གི་ཕུང་པོ་ལ་སྡུག་བསྔལ་གྱི་རྣམ་པ་ཤེས་པ་ཞེས་བྱ་བ་ནས་ཞི་བའི་རྣམ་པ་ཞེས་བྱ་བའི་བར་དུ་སོ་སོར་རྟོག་པར་བྱེད་དོ། །དེ་བཞིན་དུ་དེའི་ལུས་ཐམས་ཅད་ལས་
དྲོ་བ་འབྱུང་བར་འགྱུར་ཏེ། འདི་ནི་དེའི་ཞི་གནས་ཡོངས་སུ་རྫོགས་པ་ཡིན་ནོ། །དྲོ་བར་གྱུར་པའི་དགེ་བའི་རྩ་བ་དང་། སྔ་ཕྱི་མེད་པའི་བདེ་བ་འཇུག་པས་སེམས་ཡོངས་སུ་དག་པར་འགྱུར་རོ། །བདག་ཉིད་ལྷར་གྱུར་པ་བཞིན་དུ་ཡང་དག་པར་ཤེས་སོ། །ཡང་རུས་གོང་གི་ཕུང་པོ་དེ་ཉིད་ལ་
རྣམ་པ་བཞིར་སོ་སོར་རྟོག་པས་རང་གི་འཕྲལ་བ་ན་མར་མེའི་མེ་ལྕེ་མཐོང་ངོ་། །དེ་མ་རིག་པ་ལས་ཡང་དག་པར་འདས་པར་བྱ་བའི་ཕྱིར་ཆེས་ལན་མང་དུ་རང་གི་རུས་གོང་གི་ཕུང་པོ་ལ་ཡང་དང་ཡང་དུ་རྣམ་པ་བཞིར་རྟག་ཏུ་སྣང་བ་དེ་ལྟ་བུར་ཡོངས་སུ་རྟོག་པས་སེམས་དང་སེམས་ལས་བྱུང་
བའི་ཆོས་རྣམས་ཀྱི་འཇིག་པ་མི་མཐོང་ངོ་། །དེ་ལྟར་འཁོར་ཞིང་མི་གནས་པ་ཉིད་ནི་དཔེར་ན་ཉི་ཟེར་གྱི་རྡུལ་བཞིན་དུ་འཁོར་བར་བྱེད་དོ། །ཇི་ལྟར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་འདུ་ཤེས་མཆོག་གིས་མཐོང་བ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་བདག་མེད་པ་ཞེས་
བྱ་བ་ནས་འགོག་པའི་ཆོས་ཀྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེ་ནི་དེའི་རྩེ་མོའི་དགེ་བའི་རྩ་བ་ཐོབ་པའོ། །ཡང་རང་གི་ལུས་ལ་མེ་ཤི་བ་དང་ཀུན་ཏུ་རབ་ཏུ་འབར་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །ཕྱོགས་ཐམས་ཅད་དུ་སྣང་བ་ཆེན་པོ་ཡང་དག་པར་རྗེས་སུ་མཐོང་
ངོ་། །དེ་ནི་དེའི་བསམ་གཏན་དང་པོའི་སའི་ལམ་ཡིན་ཏེ། དེ་བཞིན་དུ་གཟུགས་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་དང་། གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ན་སྤྱོད་པའི་བདེ་བ་ཆེན་པོས་ལུས་ཐམས་ཅད་ཁྱབ་པར་འགྱུར་
རོ། །དེ་བཞིན་དུ་དེའི་སྙིང་ག་ནས་ཀྱང་ཉི་མའི་འོད་ཟེར་དག་འབྱུང་ངོ་། །ཕྱོགས་གང་དང་གང་མཐོང་བ་དང་ཡིད་ཀྱིས་བརྟགས་པ་ཐམས་ཅད་དུ་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་རྣམས་ཀྱིས་ཁྱབ་པར་མཐོང་ངོ་། །འོད་ཟེར་དེ་རྣམས་ལ་ཡང་སྨོན་པ་མེད་པའི་ཚུལ་གྱིས་སྒོམ་

པར་བྱེད་དེ། དེ་དེའི་ཚེ་སྲིད་པ་གསུམ་པོ་ཐམས་ཅད་ལ་སྨོན་པ་མེད་པའི་སེམས་ཡིན་ནོ། །དེ་དེའི་ཚེ་ཚུལ་གཅིག་པའི་འཕགས་པའི་བདེན་པ་བཞི་ལ་མི་དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་ལ་བརྩོན་པར་གནས་སོ། །དེའི་ལུས་ཐམས་ཅད་ལས་
ཀྱང་དྲོ་བ་འབྱུང་ངོ་། །སྤྱི་བོ་ནས་ཀྱང་དྲོ་བ་ཁ་དོག་སྣ་ཚོགས་འབྱུང་ངོ་། །སྤྱི་བོའི་སྟེང་དུ་གདུགས་གནས་པར་འགྱུར་བ་འདི་ནི་རྩེ་མོའི་དགེ་བའི་རྩ་བ་ཡིན་ནོ། །ཡང་མི་དམིགས་པའི་ཚུལ་གྱིས་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ལ་ཡོངས་སུ་རྟོག་པར་བྱེད་དེ། དེའི་ཚེ་འཕགས་
པའི་བདེན་པ་བཞི་མངོན་པར་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ་འདི་ནི་ཉན་ཐོས་ཀྱི་མི་སྡུག་པ་སྒོམ་པ་ཡིན་ཏེ། མི་སྡུག་པ་ཤིན་ཏུ་བསྒོམས་པ་དེས་ཞི་གནས་ཐོབ་པར་འགྱུར་རོ། །དེ་ལ་མཚན་མ་འདི་དག་འབྱུང་སྟེ། མཚན་མ་དེ་དག་དང་དད་པ་དེ་ལྟ་བུ་དག་གིས་འཕགས་
པའི་ལམ་ཡན་ལག་བརྒྱད་པའི་བར་ལ་གནས་ཤིང་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་དགྲ་བཅོམ་པ་ཉིད་ལ་རེག་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་འོད་ཟེར་གྱིས་རྒྱལ་བར་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་ལ་ཡིད་ལ་བྱེད་པ་དེ་ལྟ་བུ་
སྟོན་ཅིག །མི་སྡུག་པ་བསྟན་པ་འདི་བཤད་པ་ན་དེར་སེམས་ཅན་དཔག་ཏུ་མེད་པ་བདེན་པ་དང་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པ་ནས་དེར་སེམས་ཅན་དཔག་ཏུ་མེད་པ་བདེན་པ་མཐོང་བའི་བར་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་ཡང་ཀུན་ཤེས་ཀཽ་ཌི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
ཀཽ་ཌི་ནྱ་གལ་ཏེ་ཐམས་ཅད་ཚུལ་གཅིག་ཅིང་བསམ་པ་གཅིག་པར་གྱུར་ན་གང་གིས་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཆོས་གཅིག་ཁོ་ན་སེམས་ཅན་རྣམས་ལ་བསྟན་པར་བྱའོ། །ཇི་སྲིད་དུ་སེམས་རྣམ་པར་མ་ཞི་བ་དེ་སྲིད་དུ་སྲིད་པའི་འབྲས་དང་། ནད་དང་། ཟུག་རྔུ་དང་།
ཡང་སྲིད་པ་སྣ་ཚོགས་ཀུན་ནས་སློང་ཞིང་འགྲོ་བ་སྣ་ཚོགས་བྱེད་པས་གང་བདག་གིས་རང་གི་སེམས་བསྡུ་བར་བྱ་ཞིང་སེམས་ཀྱི་མཚན་མ་གཟུང་བར་བྱ་གོར་མ་ཆག་སྙམ་ཞིང་རུས་གོང་གི་ཕུང་པོ་འདི་ཇི་ལྟར་སེམས་ཀྱི་འདུ་འཕྲོད་སྐྱེད་པར་བྱེད་པའི་རྒྱུ་དེ་ལ་རྣམ་པར་རྟོག་པར་བྱེད་པ་འདི་ནི་ལྷག་པའི་

སེམས་ཀྱི་སྐྱོན་མེད་པ་ཐོབ་པ་དང་པོ་ཡིན་ཏེ། ངན་ངོན་མ་ཡིན་པར་ཐོབ་པ་ཡིན། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་བ་ཡིན་ནོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། རྐྱེན་གང་དག་གིས་སེམས་ཀྱི་འདུ་འཕྲོད་ཀྱི་རྒྱུ་འབྱུང་བའི་རྐྱེན་དེ་དག་
བསྡུས་ནས་འཇིག་པའི་ཚུལ་གྱིས་སྡུད་པར་བྱེད་པ་འདི་ནི་ལྷག་པའི་སེམས་ཀྱིས་མཐོང་བའི་ཆོས་ལ་བདེ་བར་གནས་པ་སྐྱོན་མེད་པ་ཐོབ་པ་གཉིས་པ་ཡིན་ཏེ། ངན་ངོན་མ་ཡིན་པར་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་ཡིན་ནོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་འདི་ཇི་
སྲིད་དུ་རྐྱེན་གྱི་འདུ་འཕྲོད་ཀྱི་རྒྱུ་ལ་རྒྱུག་པར་བྱེད་པ་དེ་སྲིད་དུ་ལུས་དང་སེམས་ཀྱི་བདེ་བས་མྱོས་པས་གནས་པར་འགྱུར་བས་གང་བདག་གིས་ལུས་དང་སེམས་ཀྱི་བདེ་བ་ནུབ་པར་བྱ་གོར་མ་ཆག་གོ་སྙམ་ནས་དེ་འདི་ལྟར་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། བདག་གི་སྐྱོན་གྱི་འདུ་འཕྲོད་ཀྱི་རྒྱུ་
འདི་ནི་རུས་གོང་གི་ཕུང་པོ་དྲན་པས་ལུས་དང་སེམས་ཀྱི་བདེ་བ་ཡང་དག་པར་འབྱུང་བའོ། །གང་བདག་གིས་དེ་མངོན་པར་དོར་བར་བྱ་གོར་མ་ཆག་གོ་སྙམ་ནས་དེ་མིག་གི་རྣམ་པར་ཤེས་པ་བྱུང་བ་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་བྱུང་བ་སྐྱེ་བ་དང་འཇིག་པའི་ཚུལ་གྱིས་ནུབ་པར་
བྱེད་པ་འདི་ནི་ལྷག་པའི་སེམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་གསུམ་པ་ཡིན་ཏེ། སྐྱོན་མེད་པར་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ངན་ངོན་མ་ཡིན་པར་ཐོབ་པ་ཡིན་ནོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་ཆོས་ཀྱི་དབྱིངས་ཐམས་ཅད་ངེས་པར་
འབྱུང་བ་དང་། ཟད་པ་དང་། རང་བཞིན་དག་པ་དང་། ངོ་བོ་ཉིད་མེད་པ་དང་། ཞི་བའི་ཚུལ་གྱིས་གནས་པར་བྱའོ། །ཇི་ལྟར་ཞེ་ན། སེམས་ཀྱི་མཚན་ཉིད་ཐམས་ཅད་རྣམ་པར་ཞི་བའི་ཚུལ་གྱིས་གནས་པར་བྱའོ་སྙམ་ནས། དེ་སེམས་ཀྱི་མཚན་ཉིད་ཐམས་ཅད་པའི་རྒྱུ་བ་རྣམ་པར་ཞི་བ་དང་སེམས་ཞི་
བར་གནས་པ་འདི་ནི་ལྷག་པའི་སེམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་སྐྱོན་མེད་པ་ཐོབ་པ་བཞི་པ་ཡིན་ཏེ། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་ཡིན་ནོ། །ལྷག་པའི་སེམས་ཀྱི་ཆོས་བཞི་པོ་དེ་དག་དང་ལྡན་པ་ནི་ཏིང་ངེ་འཛིན་གྱི་སྒོར་འཇུག་པ་འབུམ་ཕྲག་

བརྒྱད་ཅུ་རྩ་བཞི་མཐོང་ངོ་། །དེ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་བ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པར་འགྱུར་རོ། །དགེ་སློང་དེ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ཞིང་མཐུ་ཆེ་བ་ནུས་པ་ཆེ་བ་ཡིན་ནོ། །ཀཽ་ཌི་ནྱ་གལ་ཏེ