Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
་པ་ཡིན། །དེ་ཡོད་ཐ་སྐར་མཚན་མོ་གང་། །ལྷ་མཚམས་ཉིན་པར་གནས་པ་ན། །ཁྱོད་ཀྱིས་ང་ནི་སྤང་བར་གྱིས། །མཁའ་
ལ་སྤྱོད་ཅིང་ཁྱོད་ཀྱིས་སྟོན། །གླིང་བཞི་པ་ནི་མགུ་བྱའི་ཕྱིར། །འདི་ནི་ཇི་ལྟར་ལྷགས་པ་བཞིན། །ངས་འདིར་གང་ཞིག་ཡང་དག་བརྗོད། །ལྷ་ཡི་དྲང་སྲོང་ཀུན་དགའ་གྱུར། །དེ་བཞིན་ཁྱོད་ནི་ཀུན་དུ་སོང་། །སྨིན་དྲུག་དེ་བཞིན་མེ་ཡི་ལྷ། །བདག་ཉིད་གླིང་བཞི་དེར་

གནས་ཤིང་། །ཁྱོད་ཀྱིས་མེ་བཞིན་མྱུར་བྱ་གྱིས། །ཡུད་ཙམ་སུམ་ཅུར་ཚལ་དུ་སོང་། །དེར་གང་མི་ཡི་ཟས་འབྱུང་བ། །དམ་པའི་གྲགས་དང་ལོངས་སྤྱོད་ཀྱང་། །ཟླ་ཉ་ཁྱོད་འདིར་ཡང་ལེགས་རྫོགས། །དེ་ལྟར་ང་ཡིས་ཐོབ་པ་ཡིན། །ཞག་བཞི་ཐམ་པར་
ནད་པ་ནི། །མྱུར་བ་ཁོ་ནར་ཐར་བར་གྱིས། །མངལ་དུ་འཇུག་པ་མེ་བཞི་བསྲུངས། །ཆུ་སྟོད་འཆི་བར་བྱེད་པ་ཡིན། །སྐག་ཁྲུམས་སྟོད་སྨད་ནབ་སོ་དང་། །མོན་གྲེ་འཕེལ་བར་བྱེད་པ་ཡིན། །ཁྱོད་ཀྱིས་བྱ་བ་འདི་སྤོངས་ཤིག །དམག་དང་རྩོད་པའི་གནས་འགྲོ་
དང་། །སྤུ་གྲི་ཡི་ནི་ལས་རྣམས་སོ། །གྲོ་བཞིན་དང་ནི་ནག་པ་དང་། །མགོ་ནི་རྒུད་པར་བྱེད་པ་ཡིན། །ལག་དང་དབོ་ནི་འདིར་འཇོམས་བྱེད། །བྱེད་པའི་བྱ་བ་འདི་གྱིས་ཤིག །ཆེ་དང་ཆུང་བ་གང་ཅི་ཡང་། །སྣར་མས་ཕུན་སུམ་ཚོགས་པར་བྱེད། །བྱི་བཞིན་
དང་ནི་ནག་པར་བཅས། །དེར་ནི་བྱ་བ་གང་རྩི་དང་། །གོམ་པ་སྦྱིན་པ་གོས་དང་མལ། །དེར་ནི་རྒྱན་གྱིས་བརྒྱན་པར་བྱ། །ལག་ནི་བདེ་བར་བྱེད་པ་སྟེ། །མོན་གྲུ་དང་ནི་ས་རི་ཡང་། །གསུམ་པོ་དག་ནི་དེ་དག་ཡིན། །ལམ་དུ་འཇུག་པའང་དེ་དག་ཡིན། །རྒྱལ་
དང་ལྷ་མཚམས་ཁྲུམས་སྟོད་ནི། །ལས་དག་སྒྲུབ་པར་བྱེད་པ་ཡིན། །མཆུ་སྣྲུབས་སྐག་དང་ཁྲུམས་སྨད་དང་། །དེ་དང་དེ་རྣམས་དྲག་བྱེད་གྲོགས། །སྐལ་བཟང་བག་མ་གཏོང་དང་བཞོན། །མལ་ཡང་དེར་ནི་དེ་བྱ་སྟེ། །ཁྱིམ་དང་དུས་ཞེས་བྱ་བ་དང་། །གཟའ་
རྣམས་བདག་གིས་བརྗོད་པ་ཡིན། །དེ་ལྟར་བདག་གིས་དུས་ཀུན་བརྗོད། །ཁྱོད་ཅི་དྲང་སྲོང་ལྷ་མི་དགའ། །བདག་གིས་བྱེད་དེ་བཤད་པ་བཞིན། །ལྷ་དབང་དྲང་སྲོང་འཁོར་དང་བཅས། །མི་ཡིས་ཐལ་སྦྱར་འདི་སྐད་སྨྲས། །འབྱུང་པོ་ཀུན་ལ་ཕན་པ་ཁྱོད། །འགྲོ་
བ་ལ་ནི་སྐྱོབ་པ་ཁྱོད། །དེ་ལྟར་ཤེས་མཉམ་ཇི་བཞིན་ཁྱོད། །ཡང་སྨྲས་པ། རྔ་བོང་ཅན་གྱི་དྲང་སྲོང་སྟེ། །སྣར་མ་ཆུ་ཡི་རིགས་ཀྱང་ཡིན། །ཆུ་ཡི་ལྷ་མོ་ཁྱོད་ཡིན་ན། །གསུམ་པར་ཡང་ནི་འགྲོ་བར་གྱིས། །བྱེད་པ་ཆུང་དང་འབྲིང་ཡིན་ཞིང་། །བཞི་བཅུ་རྩ་ལྔ་ཐམ་

པ་ཡིན། །ཡུད་ཙམ་དུ་ནི་ཁྱོད་ཀྱིས་འགྲོ། །དུག་དང་ཤ་ནི་ཟས་ཡིན་ནོ། །ཁྱོད་ལ་སྤྱོད་པར་བྱེད་པ་ཡིས། །གང་དག་མི་རྣམས་སྐྱེ་འགྱུར་བ། །དེ་དག་ཕྱུག་ཅིང་ཆོས་དང་ལྡན། །ཞག་ལྔ་ནད་པ་མྱུར་དུ་གསོས། །དེ་འདིར་ཁྱོད་ཀྱིས་བསྟན་པར་གྱིས། །
བྱི་བཞིན་ནམ་གྲུས་མངལ་དུ་འཇུག །འཆི་བ་སྣྲུབས་དང་མཆུ་བཞིན་ཏེ། །རྒྱལ་དང་ལྷ་མཚམས་ཁྲུམས་སྟོད་འཕེལ། །དམག་འགྲོ་བག་མ་གཏོང་བ་ཡི། །གནས་ནས་འགྲོ་བར་བྱེད་པ་དང་། །ཉོ་ཚོང་དང་ནི་བཟོ་བྱེད་པ། །དེ་འདྲ་བ་ཡི་བྱ་བ་སྤོངས། །ས་རི་མོན་
གྲུ་དེ་དག་འདིར། །རྒུད་བྱེད་དགྲ་འདིར་གཞོམ་པར་བྱ། །མེ་བཞི་ལས་ཀྱི་རྒྱུ་སྐར་ཡིན། །ཆེ་ཆུང་ཐམས་ཅད་འདིར་གྱིས་ཤིག །མགོ་དང་ནག་པ་གྲོ་བཞིན་ཏེ། །དེ་དག་ཕུན་སུམ་ཚོགས་པར་བྱེད། །རྩི་བྱེད་ན་ཡང་དེ་དག་སྟེན། །དེར་བྱིན་གོས་རྒྱན་སྣ་ཚོགས་སྒྲོགས། །
ནབ་སོ་དང་ནི་ས་ག་དང་། །མོན་གྲེ་བདེ་བར་བྱེད་པ་སྟེ། །དེ་དག་ལ་ནི་ལམ་དུ་འཇུག །སྣྲོན་ནི་སྒྲུབ་པ་བྱེད་པ་ཡིན། །སྐག་ཅེས་བྱ་བ་ཁྲུམས་སྨད་ནི། །དྲག་པོའི་ལས་དག་བྱེད་པ་ཡིན། །ཆུ་སྟོད་ཆུ་སྨད་ཐ་སྐར་དང་། །བྲ་ཉེ་ཁྲུམས་སྟོད་ཁྲུམས་སྨད་མཛའ། །
དབོས་ནི་སྐལ་བ་བཟང་པོ་སྦྱིན། །བརྩོན་པ་དང་ནི་བཞོན་པ་དང་། །མལ་དང་ཁྲི་ནི་བཤམ་པ་ཡང་། །འདི་ལ་བྱ་བ་དེ་འཇུག་གོ། །ཡང་སྨྲས་པ། འགྲོ་བ་བཞི་དང་ལྡན་པར་ནི། །མགོ་ལ་ཁྱོད་ནི་གནས་པར་འགྱུར། །མི་ཡི་ལས་བྱ་མྱུར་དུ་སྒྲུབས། །ཡུད་ཙམ་
སུམ་ཅུར་འགྲོ་བར་གྱིས། །ཞག་བརྒྱད་ནད་པ་མྱུར་དུ་གསོས། །ཁྱོད་ཟས་ཚོན་ཤ་ཟླ་བའི་ལྷ། །དེར་ནི་སྐྱེས་དགུ་གང་དག་སྐྱེ། །དཔའ་ཞིང་འབྱོར་བར་འགྱུར་བ་ཡིན། །ཁྱབ་འཇུག་བདེན་འདི་ཤིན་ཏུ་བསྲུངས། །དེ་བྱེད་ཇི་བཞིན་ང་ཡིས་བཤད། །གྲོ་བཞིན་ཐ་སྐར་
མངལ་དུ་འཇུག །མཆུ་གཉིས་གྲེ་དབོ་འཆི་བར་བྱེད། །སྣྲོན་གྱི་ཚེ་ནི་བྱ་བ་འཕེལ། །སྐག་དང་གཞན་བཅས་ཐོབ་པར་བྱེད། །ལམ་རིང་རྩོད་དང་གནས་ནས་འགྲོ། །བྱ་བ་དེ་འདྲ་སྤང་བར་གྱིས། །ནབ་སོ་རྒུད་པར་བྱེད་པ་སྟེ། །མོན་གྲེ་ས་ག་བཞིན་དུ་ཤེས། །གསང་

བའི་གནས་བཞིན་བརྩམ་པར་གྱིས། །བརྫུན་གཡོ་དམངས་ཀྱིས་འཇོམས་པར་བྱེད། །ནག་པ་ལས་ཀྱི་རྒྱུ་སྐར་ཏེ། །འདི་ལ་ཆེ་ཆུང་ཐམས་ཅད་རྩོམ། །ལག་ནི་ཕུན་སུམ་ཚོགས་པར་བྱེད། །མོན་གྲུ་ས་རི་གཞན་ཐོབ་བྱེད། །འདིར་ནི་སྨན་དང་སྦྱིན་འདུལ་
བཞོན། །རྒྱན་དང་གོས་ཀྱང་ཐོབ་པར་བྱེད། །རྒྱལ་དང་ལྷ་མཚམས་ཁྲུམས་སྟོད་བདེ། །དེ་དག་ལམ་དུ་ཤིན་ཏུ་འཕྲོད། །སྣྲུབས་དང་ནམ་གྲུ་མཆུ་སྒྲུབ་བྱེད། །འདི་ལ་གཏུམ་པོའི་ལས་ཀྱང་བྱ། །མེ་བཞི་དགྲ་ཟིན་བྲ་ཉེ་དང་། །སྣར་མ་དབྱེར་མེད་ཆུ་གཉིས་
བཞིན། །སྐལ་བཟང་བག་མ་གཏོང་དང་བཞོན། །མལ་ཀུན་འདིར་ནི་བྱེད་དུ་ཆུག །ལག་ལྷ་དྲག་མོས་དེ་ཚེ་སྨྲས། །ཚེས་ལྔ་ལ་ནི་ཁྱོད་གནས་ཏེ། །ཡུད་ཙམ་བཅོ་ལྔ་ཁྱོད་འགྲོ་བྱེད། །ཁྱོད་ཀྱི་ཟས་ནི་མར་སར་ཏེ། །དྲག་ཅིང་མི་བཟད་སྡང་བྱེད་སྒྲུབ། །ནད་
པ་ཡང་ནི་ཞག་བཅུ་ཡིན། །ཁྱོད་ལ་སྤྱད་པས་མི་གང་སྐྱེ། །སྲིད་པ་གསུམ་དུ་མི་ཟད་འགྱུར། །ནོར་ཚོལ་བྱེད་ཅིང་ཆོམ་པོས་འཆི། །ཁྱོད་ཀྱི་སྦྱོར་བས་དེ་ཡིན་ནོ། །མོན་གྲུ་སྣྲུབས་ལ་མངལ་དུ་འཇུག །ཆུ་དང་ནམ་གྲུས་འཕེལ་བར་འགྱུར། །དབོ་ཡི་ཚེ་ན་འཆི་
བར་བྱེད། །ཆུ་གཉིས་བྲ་ཉེ་ཇི་བཞིན་ནོ། །སྐྱེ་དང་འཇིག་དང་འཕེལ་བ་ཡི། །བྱེད་པ་དེ་ནི་སྤོང་བར་གྱིས། །ལྷ་མཚམས་དང་ནི་ཁྲུམས་སྟོད་དེར། །བྱེད་པ་བསྟན་ནས་རྒུད་པར་བྱེད། །ས་རི་ལས་ཀྱི་རྒྱུ་སྐར་ཡིན། །བྱེད་པ་ཆུང་ངུ་ཐམས་ཅད་འཇུག །ས་ག་དང་ནི་
མོན་གྲེ་དང་། །ནབ་སོ་ཕུན་སུམ་ཚོགས་པར་བྱེད། །ཁྲུམས་སྨད་པར་ནི་བདེ་བྱེད་ཡིན། །སྣྲོན་དང་སྐག་ནི་ལམ་ན་མཉམ། །གྲེ་ནི་སྒྲུབ་པར་བྱེད་པ་སྟེ། །ཆུ་སྟོད་ཐ་སྐར་གསུམ་པ་ཡིན། །མེ་བཞིའི་བར་གཞན་གྲོགས་མཆོག་སྟེ། །སྨིན་དྲུག་ནག་པ་གྲོ་བཞིན་
དང་། །བྱི་བཞིན་བག་མ་གཏོང་དང་བཞོན། །མལ་དང་སྐལ་བ་བཟང་པོར་སྒྲུབ། །ཉི་མའི་ལྷ་མོ་ནབ་སོས་སྨྲས། །ཚེས་དྲུག་ལ་ཡང་གནས་པར་འགྱུར། །སྦྲུལ་ཤ་ཁྱོད་ཀྱི་ཟས་སུ་ཤོག །ལས་ཀྱང་དྲག་པོར་བྱ་བར་གྱིས། །ཡུད་ཙམ་བཞི་བཅུ་རྩ་ལྔར་འགྲོ། །

འདིར་ནི་ནད་པ་ཞག་བརྒྱད་ཡིན། །ཁྱོད་སྤྱད་སུ་ཡང་མི་ནང་སྐྱེ། །ཞིང་པ་ལོངས་སྤྱོད་ལྡན་པར་འགྱུར། །རྟ་དང་གླང་ཆེན་ཟད་པར་འགྲོ། །ནབ་སོས་མངལ་དུ་འཇུག་པར་འགྱུར། །འདི་ནི་མོན་གྲེའི་ཟས་ཡིན་ཏེ། །སྨིན་དྲུག་ལ་ནི་འཆི་བར་བྱེད། །
ཁྲུམས་སྨད་རྒུད་པར་བྱེད་པ་ཡིན། །སྐག་སྣྲོན་ལས་ཀྱི་རྒྱུ་སྐར་ཡིན། །ས་ག་བརྟུལ་ཞུགས་བསྟན་པ་ཡིན། །རྒྱལ་ཡང་ཕུན་སུམ་ཚོགས་པར་བྱེད། །ལག་དང་ལྷ་མཚམས་ཞེས་བྱ་དང་། །ཁྲུམས་སྟོད་ཀྱང་ནི་བདེ་བར་བྱེད། །མཆུ་དང་ནམ་གྲུ་བཞིན་དུ་སྟེ། །
དེ་དག་ལམ་དུ་ཞུགས་ན་བཟང་། །བྲ་ཉེ་ཆུ་སྨད་གྲེ་དང་དབོ། །སྒྲུབ་བྱེད་ནག་པ་གྲོ་བཞིན་དང་། །ས་རི་སྣར་མ་མགོ་མོན་གྲུ། །མི་ཡི་ནང་ཁྱོད་གྲོགས་མཆོག་འགྱུར། །རྒྱལ་འདིར་ལྷ་མོ་ཕུར་བུ་ཁྱོད། །ཚེས་བདུན་གནས་ཁྱོད་ཡུད་སུམ་ཅུ། །འགྲོ་བྱེད་བུ་རམ་སྦྲང་རྩི་
ཟས། །ཆོས་ལྡན་བྱེད་ཆུད་མྱུར་དུ་སྒྲུབ། །ནད་ཀྱང་ཞག་ལྔ་ཁོ་ན་སྟེ། །ཁྱོད་སྤྱད་སུ་ཡང་མི་ནང་སྐྱེ། །ཚུལ་དགའ་ཆོས་སྨྲས་མདུན་འདོན་བློན། །ཞིང་རིང་བག་གཏོང་དེ་དག་འཇིག །ཁྲུམས་སྟོད་དང་ནི་ལྷ་མཚམས་ལ། །མངལ་དུ་འཇུག་པར་བྱེད་པ་སྟེ། །
དབོ་དང་ཡང་ནི་ཐ་སྐར་དང་། །ཆུ་སྨད་ལ་ནི་འཕེལ་བར་བྱེད། །སྣར་མ་ནག་པ་གྲོ་བཞིན་འཆི། །གསུམ་པོ་དེ་དག་ཤེས་པར་གྱིས། །མཆུ་སྣྲུབས་ནམ་གྲུ་དེ་དག་གསུམ། །རྒུད་བྱེད་མཁས་པས་ཤེས་པར་གྱིས། །ལྷ་མཚམས་བྱེད་པ་ཐམས་ཅད་ལ། །ལས་
དག་གི་ནི་རྒྱུ་སྐར་ཏེ། །མཁས་པས་ཤེས་པ་ཁོ་ནར་གྱིས། །སྣྲོན་ནི་ཕུན་སུམ་ཚོགས་པར་བྱེད། །ཁྲུམས་སྨད་སྐག་གིས་ཐོབ་བྱེད་གྲེ། །ཆུ་སྟོད་ཐ་སྐར་གསུམ་པོ་བདེ། །མེ་བཞི་སྒྲུབ་མིན་དྲུག་དབྱེར་མེད། །དེ་བཞིན་མཁས་པས་གསུམ་ཤེས་གྱིས། །ས་རི་
གྲོགས་དང་གྲོགས་མཆོག་སྟེ། །མགོ་དང་ལག་དང་མོན་གྲུ་བཞིན། །ས་ག་དང་ནི་མོན་གྲེ་ཡང་། །དོན་ནི་འབྲས་བུར་བཅས་པ་ཡིན། །སྦྲུལ་གྱི་ལྷ་མོ་སྐག་འདིར་སྨྲ། །ཚེས་བརྒྱད་ལ་ནི་ཁྱོད་གནས་ཀྱིས། །ཡུད་ཙམ་བཅོ་ལྔས་ཁྱོད་འགྲོ་བྱེད། །གོད་

པའི་ཤ་ནི་ཟས་ཡིན་ནོ། །འགྲོ་བའི་ནང་དུ་གཤིན་རྗེ་ཡི། །བྱེད་པ་མི་ཟད་ཁྱོད་གནས་ཀྱིས། །ཉིན་དེར་ཁྱོད་སྤྱོད་སུ་མིར་སྐྱེ། །ཁྲོ་ཞིང་སྡིག་པ་ཅན་དུ་འགྱུར། །ཤིན་ཏུ་མི་སྡུག་ཚུལ་ཁྲིམས་ཉམས། །ཆོས་གོས་གདིང་བ་ཟད་འགྱུར་ཞིང་། །ཁྲུམས་སྨད་ཅེས་
བྱ་རབ་མཆོག་ལ། །མངལ་དུ་འཇུག་པ་སྟོན་པར་བྱེད། །མེ་བཞི་སྨིན་དྲུག་འཆི་བར་བྱེད། །མགོ་སྣྲུབས་གྲེ་ནི་རོ་མྱངས་པས། །རྒུད་བྱེད་ཆུ་སྟོད་ཐ་སྐར་དང་། །སྣྲོན་ནི་ལས་ཀྱི་རྒྱུ་སྐར་ཡིན། །སྣྲུབས་དང་ནམ་གྲུ་མཆུ་ཞེས་པ། །གསུམ་པོ་ཕུན་སུམ་ཚོགས་པར་
བྱེད། །བྲ་ཉེ་བདེ་བྱེད་གྲོ་དབོ་དང་། །གྲོ་བཞིན་མཆུ་གཉིས་ཁྱོད་ཐོས་སྒྲུབ། །ནག་པ་སྣར་མ་མཆུ་གཉིས་དང་། །མོན་གྲེ་ལྷ་མཚམས་ས་ག་དང་། །ལག་དང་ནབ་སོ་དེ་དག་གྲོགས། །ཁྲུམས་སྟོད་ཀྱང་ནི་དེ་བཞིན་ནོ། །གཤིན་རྗེའི་ཡི་དགས་ལྷ་མོས་སྨྲས། །
ཚེས་དགུ་ལ་ནི་ཁྱོད་གནས་ཤིང་། །ཡུད་ཙམ་སུམ་ཅུར་ཉིན་མཚན་དུ། །ཏིལ་གྱི་སྦྱར་ཐུག་ཟས་ཡིན་ནོ། །སེམས་ཅན་བྱེད་པ་ཆུང་འབྲིང་སྒྲུབས། །ཞག་བརྒྱད་ཐམ་པར་ནད་པ་སོས། །གང་མའི་བྲ་ཉེ་སུ་མིར་སྐྱེ། །བསོད་ནམས་བྱེད་པར་བཤད་པ་ཡིན། །བརྫུན་
སྲོག་ཤིན་ཏུ་ཡུན་རིངས་བསྲུངས། །སྣྲུབས་ནི་ལས་ཀྱི་རྒྱུ་སྐར་ཡིན། །འདིར་ཡང་ནམ་གྲུས་མངལ་དུ་འཇུག །ས་ག་ལ་ཡང་འཆི་བར་བྱེད། །ལག་ཅེས་བྱ་བ་ཁོ་ན་དང་། །མོན་གྲེ་ཡང་ནི་གསུམ་པ་ཡིན། །སྣར་མ་དང་ནི་ནག་པ་དང་། །གསུམ་པ་གྲོ་བཞིན་འདིར་
དགའ་བྱེད། །དབོ་དང་བྲ་ཉེ་རྒུད་བྱེད་ཡིན། །ཆུ་སྨད་ཕུན་སུམ་ཚོགས་པར་བྱེད། །ཐ་སྐར་དང་ནི་གྲེ་དང་ནི། །མཆུ་གཉིས་འཕེལ་བར་བྱེད་པ་ཡིན། །གསུམ་པོ་དེ་དག་ཤེས་པར་གྱིས། །མེ་བཞི་དང་ནི་བྱི་བཞིན་དང་། །སྨིན་དྲུག་ཀྱང་ནི་བདེ་བར་བྱེད། །ས་རི་དེ་ལ་
སྒྲུབ་པ་ཡིན། །མགོ་གཉིས་དང་ནི་མོན་གྲུ་བཅས། །དེ་གསུམ་རྗེ་གྲོགས་ཤེས་པར་གྱིས། །སྣྲོན་རྒྱལ་ལྷ་མཚམས་ཆུ་སྟོད་དང་། །ནབ་སོ་ལྷག་པར་ཟླ་བའང་ཡིན། །སྐལ་ལྡན་ལྷ་མོ་གྲེ་ཡིས་སྨྲས། །ཚེས་བཅུ་ལ་ནི་ཁྱོད་གནས་ཤིག །བིལ་བ་མར་སར་ཟས་ཡིན་

ཏེ། །ཡུད་ཙམ་སུམ་ཅུར་ཁྱོད་ཀྱིས་འགྲོ། །འགྲོ་འདིར་བྱ་བ་ཆུང་ངུ་སྒྲུབས། །ཞག་བདུན་ནད་པ་ཁྱོད་སྤྱོད་པས། །སུ་ཞིག་མིར་སྐྱེ་དྲི་དགའ་འདོད། །གོས་དང་རྒྱན་དག་འདོད་པ་ཡིན། །བྱེ་བྲག་ཕྱེད་རྣམས་སུ་སྲུང་བ། །ཐ་སྐར་ལ་ནི་མངལ་འཇུག་
འགྱུར། །ནབ་སོས་འཆི་མགོ་ཟིན་རོ་མྱང་། །འཕེལ་བྱེད་སྨིན་དྲུག་རྒུད་པར་བྱེད། །མེ་བཞིའང་མཁས་པས་མངོན་ཤེས་གྱིས། །གྲེ་ཞེས་བྱ་དང་བྲ་ཉེ་དང་། །ཆུ་སྨད་ཅེས་ནི་བྱ་བ་གསུམ། །ཕུན་སུམ་ཚོགས་བྱེད་ཤེས་པར་གྱིས། །འདི་ནི་ས་ག་མོན་གྲེ་ཡང་། །
སྒྲུབ་ཡིན་ལག་ལའང་བདེ་བ་སྟེ། །སྣར་མ་ནག་པ་གྲོ་བཞིན་ཉིན། །མཁས་པས་གྲོགས་གཉིས་ཤེས་པར་གྱིས། །རྣམ་པ་དྲུག་ཏུ་འགྱུར་བ་ནི། །སྐག་དང་ནམ་གྲུ་རྒྱལ་དག་དང་། །སྣྲུབས་དང་སྣྲོན་ཞེས་བྱ་བ་དང་། །ཁྲུམས་གཉིས་གང་ཡིན་འདིར་ཡིན་
ནོ། །ལྷག་པར་ཡང་ནི་དེ་བཞིན་དུ། །ཐམས་ཅད་ཀྱང་ནི་བགྲང་བར་གྱིས། །མཁས་པ་བློ་གྲོས་ལྡན་པ་ཡིས། །རང་གི་ཐམས་ཅད་ཤེས་པར་གྱིས། །གྲེ་དབོ་ཉི་མའི་ལྷ་མོས་སྨྲས། །ཚེས་ནི་བཅུ་གཅིག་ཁྱོད་གནས་ཀྱིས། །ཡུད་ཙམ་བཞི་བཅུ་རྩ་ལྔ་ཡིས། །
ཁྱོད་ནི་རྣམ་པར་གྲོལ་བར་གྱིས། །མགོ་ཡིས་ལས་ནི་ཆུང་ངུས་ཀྱང་། །ས་བོན་ཐོབ་ཅིང་བསྐྱེད་བྱ་སྟེ། །ཞག་བཅུར་ནད་པ་ཞི་བར་གྱིས། །ཁྱོད་སྤྱད་སྐྱེ་དགུ་གང་འབྱུང་བ། །བླུན་ཞིང་བསྙེན་གནས་གནས་པ་དང་། །སྦྱིན་བྲལ་འགྲོ་ལ་སྡང་མི་སྡུག །དུག་གིས་
འཆི་བར་འགྱུར་བ་སྟེ། །དེ་ཡི་མངལ་འཇུག་བྲ་ཉེ་ཤོག །ནམ་གྲུ་མོན་གྲེ་འཕེལ་བར་བྱེད། །ལག་ཅེས་བྱ་དང་ས་ག་དང་། །སྣྲོན་ཞེས་བྱ་བ་གསུམ་པ་སྟེ། །དེ་དག་འཆི་བར་བྱེད་པ་ཡིན། །ཁྲུམས་སྨད་དང་ནི་རྒྱལ་ཡང་འདིར། །རྒུད་བྱེད་ཡིན་པར་ཤེས་པར་གྱིས། །
སྣར་མ་དང་ནི་ཆུ་སྨད་ཀྱང་། །དེའི་ལས་རྒྱུ་སྐར་ཤེས་པར་གྱིས། །མེ་བཞིའང་ཕུན་སུམ་ཚོགས་བྱེད་ཅིང་། །བྱི་བཞིན་དང་ནི་སྨིན་དྲུག་ཀྱང་། །བདེ་བར་བྱེད་པའི་གནས་ཡིན་ཏེ། །མོན་གྲུ་དང་ནི་མགོ་སྒྲུབ་བྱེད། །ནབ་སོ་ཁྲུམས་སྟོད་ལྷ་མཚམས་འདིར། །མཁས་པ་

བཞིན་དུའང་ཤེས་པར་གྱིས། །གྲོགས་དང་གྲོགས་མཆོག་ཐ་སྐར་ཏེ། །མཆུ་དང་ནམ་གྲུ་སྐག་དང་བཅས། །སྣྲུབས་དང་ཁྲུམས་སྟོད་ཅེས་བྱ་བ། །དྲུག་པོ་དེ་དག་ནམ་མཁའ་ལ། །ཉི་མའི་ལྷ་མོ་ལྷན་ཅིག་པར། །མཁས་པ་ཡིས་ནི་ཤེས་པར་གྱིས། །བཅུ་
གཉིས་ཁྲུ་མྱུར་རྒྱལ་བྱེད་མཁའི། །དཔལ་ལས་བྱ་བར་མྱུར་མི་བཟད། །ཡུད་ཙམ་སུམ་ཅུར་འགྲོ་བར་གྱིས། །སེམས་ཅན་རྣམས་ལ་ཕན་པར་བྱིན། །ཨེ་མ་ཁྱོད་ཟས་ལྷམ་མཆུ་གཤེར། །ཞག་ལྔ་ནད་པ་མྱུར་དུ་གསོས། །དེར་གནས་སྐྱེ་དགུ་གང་སྐྱེ་བ། །
དབང་ཕྱུག་གཙོ་བོ་ནོར་ལྡན་ཡིན། །ཆོམ་རྐུན་རྣམས་ནི་འདུལ་བྱེད་མཆོག །སྦྱིན་དང་དུལ་བར་བྱེད་པ་ཡིན། །མཆོག་སྦྱིན་རྣམ་པ་སྣ་ཚོགས་ཀྱི། །མཆོད་སྦྱིན་བྱེད་པར་འགྱུར་བ་ཡིན། །བྱང་ཆུབ་ཀྱི་ནི་ཡན་ལག་བདུན། །གོ་འཕང་སྲུང་བར་བྱེད་པས་ན། །
དེ་ཡི་གྲགས་པ་མངལ་འཇུག་ཀྱང་། །སྐག་ཅེས་བྱ་བ་ཁོ་ན་ཡིན། །ལྷ་མཚམས་འཆི་བར་བྱེད་པ་སྟེ། །དེ་ཡི་འཕེལ་བྱེད་ནབ་སོ་ཡིན། །ཁྲུམས་སྟོད་ཅེས་ནི་བྱ་བ་ཡང་། །ལས་ཀྱི་རྒྱུ་སྐར་དབྱེར་མེད་པའོ། །ས་རི་མོན་གྲུ་འདིར་རྒུད་བྱེད། །འདིར་ནི་
མགོ་ཡང་གསུམ་པ་ཡིན། །ཕུན་སུམ་ཚོགས་བྱེད་འདིར་གྲོ་བཞིན། །ས་རི་སྣར་མའང་གསུམ་པ་ཡིན། །མོན་གྲེ་བདེ་བར་བྱེད་པ་སྟེ། །འདིར་ནི་ས་ག་ལག་གསུམ་པ། །སྣྲོན་དང་རྒྱལ་ཡང་སྒྲུབ་པ་སྟེ། །འདིར་ནི་ཁྲུམས་སྨད་གསུམ་པའང་ཡིན། །གྲོགས་དང་
གྲོགས་མཆོག་འདི་དྲུག་སྟེ། །ཆུ་སྟོད་མཆུ་དང་ཐ་སྐར་དང་། །ཆུ་སྨད་ཅེས་ནི་བྱ་བ་དང་། །གྲེ་དང་བྲ་ཉེ་འཆི་བར་བྱེད། །དགའ་བྱེད་ལྷ་མོ་ནག་པས་སྨྲས། །ཁྱོད་མཁའ་མྱུར་སོང་ཡུད་སུམ་ཅུར། །མི་བཟད་ལས་བྱེད་མྱུར་གནས་ཤིག །ཡན་ལག་རྨས་པའང་ཁྱོད་
ཀྱིས་བཟའ། །ཞག་དྲུག་ནད་པ་མྱུར་དུ་གསོས། །ཁྱོད་ལ་གནས་པས་སྐྱེ་དགུ་སྐྱེ། །གླུ་དང་རོལ་མོའི་སྒྲ་མཁས་འགྱུར། །སྦྱིན་དགའ་འདོད་སྤྱོད་མཁས་ལ་སྡུག །སྣར་མ་དེ་ཡི་མངལ་འཇུག་ཡིན། །ཐ་སྐར་ཞེས་ནི་བྱ་བ་དང་། །མཆུ་ནི་འཆི་བར་བྱེད་པ་སྟེ། །ཆུ་སྟོད་ཅེས་

བྱ་གསུམ་པའང་ཡིན། །ཁྲུམས་སྨད་འཕེལ་བར་བྱེད་པ་སྟེ། །སྣྲོན་དང་རྒྱལ་ནི་གསུམ་པའང་ཡིན། །དེ་ཡི་ལས་ཀྱི་རྒྱུ་སྐར་ནི། །གྲོ་བཞིན་ཡིན་གྱི་བགྲང་བར་གྱིས། །འདིར་ནི་མོན་གྲེ་རྒུད་པར་བྱེད། །ས་ག་འདིར་ལག་གསུམ་པའང་ཡིན། །མགོ་
ནི་ཕུན་སུམ་ཚོགས་བྱེད་འདིར། །ས་རི་མོན་གྲུ་གསུམ་པའང་ཡིན། །འདིར་ཡང་ལྷ་མཚམས་བདེ་བར་བྱེད། །མགོ་ཞེས་ཀྱང་ནི་བྱ་བ་དང་། །ཁྲུམས་སྟོད་ཅེས་ནི་བྱ་བ་དང་། །སྐག་ཀྱང་འདིར་ནི་སྒྲུབ་པ་ཡིན། །གྲོགས་དང་གྲོགས་མཆོག་སྣྲུབས་ནམ་གྲུ། །འདིར་
དྲུག་ཆུ་སྨད་སྨིན་དྲུག་དང་། །བྲ་ཉེ་དང་ནི་དབོ་དང་ཡང་། །ས་བོན་གྲེ་དང་ས་རི་སྟེ། །ཕ་མས་འདིར་སྨྲས་གླིང་བཞི་བར། །མཁའ་ལ་ཁྱོད་སོང་ཚེས་བཅུ་བཞིར། །ཁྱོད་སྤྱོད་འགྲོ་བའི་གླིང་བཞི་བར། །ལྔ་ཡུད་དྲག་བྱོས་ཁྱོད་སོང་ཤིག །མེ་ཏོག་ནས་ཤིན་ཟས་ཡིན་ཏེ། །
ཞག་ལྔར་ནད་པ་མྱུར་དུ་གསོས། །ཁྱོད་སྤྱད་སྐྱེ་དགུ་སུ་སྐྱེ་བ། །རྩིས་པ་འབྱོར་རྙེད་ཁྲོ་བར་འགྱུར། །འདིར་ནི་རྒྱུ་སྐར་ཁྲོ་སྡང་གཡོ། །སྣར་མ་མེ་བཞི་རྒུད་པར་བྱེད། །འདིར་ནི་སྨིན་དྲུག་བྱི་བཞིན་དང་། །གསུམ་པ་དབོ་ནི་ཕུན་སུམ་ཚོགས། །ས་ག་དང་ནི་ནབ་སོ་
དང་། །གསུམ་པ་ཁྲུམས་སྟོད་སྒྲུབ་པ་ཡིན། །འདིར་བདེ་ནག་པ་མགོ་མོན་གྲུ། །རྣམ་པ་དྲུག་ནི་མཛའ་བོ་ཡིན། །ནམ་གྲུ་སྣྲོན་མཛའ་ཐ་སྐར་དང་། །མཆུ་སྣྲུབས་དེ་དག་མཆོག་ཏུ་མཛའ། །བྱི་བཞིན་ཚངས་པའི་ལྷ་མོས་སྨྲས། །ཚེས་དྲུག་མཁའ་ལ་ཁྱོད་ཡུད་
སོང་། །མི་བཟད་བྱ་བ་འབྱུང་བྱའི་ཕྱིར། །མར་སར་ཡང་ནི་ཁྱོད་ཟོ་ཤིག །ཁྱོད་ལ་སེམས་ཅན་སུ་གནས་པ། །དཔའ་ཞིང་སྲན་ཐུབ་འབྱོར་རྒྱལ་གཙོ། །ཡུལ་འཁོར་གྲོང་འཇོམས་དགྲ་ཐུལ་བ། །དབོ་ལ་དེ་ནི་མངལ་དུ་འཇུག །དེ་ལ་འཕེལ་བྱེད་འཆི་བ་མེད། །
དེ་ཡི་རྒྱུ་སྐར་ཀུན་གྲོགས་མཆོག །གྲོ་བཞིན་ཁྱབ་འཇུག་ལྷ་སྲོང་སྨྲས། །ངའི་གཡས་ཚེས་བདུན་འདིར་ཁྱོད་སོང་། །སུམ་ཅུའི་ཡུད་ཤ་བུ་རམ་ཟས། །འཕྲོག་བྱེད་བྱ་བ་ཆུང་ངུ་སྒྲུབས། །ཁྱོད་གནས་སྐྱེ་དགུ་སུ་སྐྱེ་བ། །མཁས་པར་བྱེད་པའི་མཆོག་ཡིན་ཏེ། །

གྲོགས་སྐྱོང་རྣམས་ཀྱིས་མཆོད་པ་ཡིན། །འདིར་དེ་མེ་བཞིས་མངལ་འཇུག་ཡིན། །རྒྱལ་ཞེས་བྱ་དང་ལྷ་མཚམས་དང་། །ཁྲུམས་སྟོད་ལ་ནི་འཕེལ་བར་བྱེད། །མཆུ་སྣྲུབས་གྲོ་བཞིན་འཆི་བར་བྱེད། །སྣར་མ་ལས་ཀྱི་རྒྱུ་སྐར་ཡིན། །ས་རི་མོན་གྲེ་ལག་རྒུད་
བྱེད། །མོན་གྲུ་མགོ་ཞེས་བྱ་བ་དང་། །ནག་པ་ཕུན་སུམ་ཚོགས་པར་བྱེད། །ཁྲུམས་སྟོད་ནབ་སོ་ས་ག་བདེ། །ནམ་གྲུ་ནབ་སོ་སྣྲོན་སྐག་སྒྲུབ། །རྣམ་དྲུག་གྲོགས་དང་གྲོགས་མཆོག་སྟེ། །སྨིན་དྲུག་ཆུ་སྨད་དེ་དག་ཡིན། །དེ་གཉིས་གསུམ་པ་དབོ་ཡང་ཡིན། །
མོན་གྲུ་དྲང་སྲོང་ནོར་ལྷས་སྨྲས། །ཚེས་བརྒྱད་ཡུད་ཙམ་སུམ་ཅུར་ཁྱོད། །བཞིར་སོང་ལས་ཆུང་ཁྱོད་ཁུ་འཐུང་། །དེར་ནི་ནད་བཏབ་ལོ་གཅིག་གསོས། །ཁྱོད་གནས་སྐྱེ་དགུ་སུ་སྐྱེ་བ། །ཁྲོ་ཞིང་རྙེད་གོས་དུས་ཀྱང་སྤངས། །ནང་མིས་ཡོངས་སྐོར་མཆོད་སྦྱིན་བསྲུངས། །
འདིར་དེའི་མངལ་འཇུག་ནག་པ་ཡིན། །གྲེ་དང་བྲ་ཉེ་འཆི་བར་བྱེད། །ཆུ་སྟོད་གསུམ་པར་བགྲང་བར་གྱིས། །སྣྲོན་སྐག་ནམ་གྲུ་འཕེལ་བར་བྱེད། །ས་ག་ནབ་སོ་ཁྲུམས་སྟོད་རྒུད། །ས་རི་དང་ནི་མོན་གྲེ་དང་། །ལག་ནི་ཕུན་སུམ་ཚོགས་པར་བྱེད། །ལས་ཀུན་
གཉེན་གྱིས་ཤིན་ཏུ་བསྲུངས། །དེ་ཡི་མངལ་འཇུག་སྐག་ཡིན་ནོ། །མོན་གྲེ་ཞེས་ནི་བྱ་བ་དང་། །ལག་ནི་འཆི་བར་བྱེད་པ་སྟེ། །མེ་བཞི་དང་ནི་མོན་གྲེ་དང་། །སྣར་མ་འཕེལ་བར་བྱེད་པ་ཡིན། །ནམ་གྲུ་དེ་ལས་རྒྱུ་སྐར་ཡིན། །བྲ་ཉེ་དང་ནི་ཆུ་སྨད་དང་། །གྲེ་ཞེས་
ཀྱང་ནི་བྱ་བ་ཡང་། །གསུམ་པ་ཡིན་ཏེ་རྒུད་པར་བྱེད། །ཆུ་སྟོད་མཆུ་དང་ཐ་སྐར་ནི། །ཕུན་སུམ་ཚོགས་བྱེད་ནག་པ་དང་། །མོན་གྲུ་མགོ་ནི་སྒྲུབ་པར་བྱེད། །བྱི་བཞིན་དབོ་ནི་བདེ་བར་བསྒྲགས། །རྣམ་དྲུག་གྲོགས་དང་གྲོགས་མཆོག་ཡིན། །ཁྲུམས་སྟོད་ཁྲུམས་
སྨད་ནབ་སོ་འདིར། །རྒྱལ་ཞེས་བྱ་དང་ལྷ་མཚམས་དང་། །ས་ག་འདིར་ནི་སྨྲས་པ་ཡིན། །ཆུ་སྟོད་གཞི་ཡི་ལྷ་མོས་སྨྲས། །ཚེས་བཞིའི་མཚམས་ཁྱོད་མཁའ་ལ་སོང་། །ནྱ་གྲོ་དྷ་ནི་ཟས་ཡིན་ཏེ། །ཡུད་ཙམ་སུམ་ཅུར་འགྲོ་བར་བྱེད། །གདབ་མོ་ཆུ་ཡི་ལས་ཕྱིར་ཡིན།

བད་ཀན་གྱུར་ནད་ཆུང་བར་འགྱུར། །ཁྱོད་སྤྱོད་སྐྱེ་དགུ་དེར་སུ་སྐྱེ། །ཆོས་གནས་བརྩོན་ཐོས་ལོངས་སྤྱོད་ལྡན། །མཁས་པ་དག་དང་ཕྲད་པ་ཡིན། །བྱ་བ་ཀུན་ལ་མཁས་པ་ཡིན། །དེར་སྐྱེའི་རྒྱུ་སྐར་འདིར་མཆུ་ཡིན། །འདིར་ལས་རྒྱུ་སྐར་ཐ་
སྐར་ཡིན། །ནག་པ་མགོ་དང་མོན་གྲུ་འཕེལ། །ས་ག་ཁྲུམས་སྟོད་ནབ་སོ་ནི། །འདིར་ཡང་འཆི་བར་བྱེད་པ་ཡིན། །དབོ་ནི་འདིར་ཡང་རྒུད་པར་བྱེད། །སྨིན་དྲུག་བྱི་བཞིན་གསུམ་པའང་ཡིན། །འདི་ནི་ཕུན་སུམ་ཚོགས་བྱེད་གྲེ། །བྲ་ཉེ་ཆུ་སྨད་གསུམ་པའང་
ཡིན། །ཁྲུམས་དང་ས་རི་མོན་གྲེ་བསྒྲུབ། །མེ་བཞི་སྣར་མ་གྲོ་བཞིན་བདེ། །གྲོགས་དང་གྲོགས་འབྲིང་རྣམ་དྲུག་སྟེ། །ནམ་གྲུ་རྒྱལ་དང་ལྷ་མཚམས་སྐག །སྣྲོན་དང་འདིར་ནི་ཁྲུམས་སྨད་ཡིན། །ཆུ་སྨད་དྲང་སྲོང་ཀུན་ལྷས་སྨྲས། །ཚེས་ལྔར་བཞི་བཅུར་ལྔ་
ཡུད་འགྲོ། །ཁྱོད་ཆུང་བསྡུ་བྱར་ཁྱོད་ཟས་མངར། །ཞག་བདུན་ནད་གསོས་སྐྱེ་བ་བསྲུང་། །ཁྱོད་སྤྱོད་སྐྱེ་དགུ་སུ་སྐྱེ་བ། །བུ་ལྡན་ཡིན་ཞིང་ནད་ཀྱང་མེད། །གྲོགས་མང་རབ་ཏུ་འབྱོར་པ་སྟེ། །མངལ་དུ་འཇུག་པའང་ཆུ་སྟོད་ཡིན། །མོན་གྲེ་དང་ནི་ལག་དང་
ནི། །ས་རི་ཁོ་ནས་འཕེལ་བར་བྱེད། །ཁྲུམས་སྨད་དང་ནི་ལྷ་མཚམས་དང་། །རྒྱལ་ཡང་འདིར་ནི་འཆི་བྱེད་ཡིན། །གཤིན་རྗེའི་ལྷ་མོ་ལ་མགོས་སྨྲས། །རྒྱལ་ཞེས་བྱ་དང་ལྷ་མཚམས་དང་། །ཁྲུམས་སྨད་བདེ་བར་བྱེད་པ་སྟེ། །ཐ་སྐར་མཆུ་སྣྲུབས་སྒྲུབ་པ་ཡིན། །
དབོ་ཞེས་ཀྱང་ནི་བྱ་བ་དང་། །ཆུ་སྨད་སྨིན་དྲུག་གྲོགས་ཀྱང་བྱེད། །སྣར་མ་བྱི་བཞིན་རྩིས་ནས་ཀྱང་། །གསུམ་པ་མེ་བཞི་གྲོགས་མཆོག་ཡིན། །མོན་གྲེ་བྲ་ཉེའི་ལྷ་མོས་སྨྲས། །གླིང་བཞིའི་མཁའ་ལ་ཁྱོད་སོང་ཤིག །ཡུད་ཙམ་བཅོ་ལྔར་ཞོ་མར་ཟོ། །ཞག་བདུན་
ནད་གསོས་ལས་ཀྱང་ཆུང་། །འདིར་ཁྱོད་གནས་པས་སྐྱེ་དགུ་སྐྱེ། །ཁྲོ་བར་བྱེད་ཅིང་མེད་པ་ཡིན། །ཆུ་བྲན་ལ་ནི་བསྲུང་བར་གྱིས། །མངལ་འཇུག་འདིར་ནི་ས་རི་ཡིན། །ཐ་སྐར་མཆུ་སྣྲུབས་འཕེལ་བར་བྱེད། །ཆུ་སྨད་ཅེས་ནི་བྱ་བ་དང་། །སྨིན་དྲུག་འཆི་བར་བྱེད་པ་སྟེ། །

དབོ་ཡང་གསུམ་པར་ཤེས་པར་བྱ། །ཁྲུམས་སྨད་རྒྱལ་དང་ལྷ་མཚམས་ནི། །རྒུད་བྱེད་ལག་ལས་རྒྱུ་སྐར་ཡིན། །ཁྲུམས་སྟོད་ནབ་སོ་ས་ག་སྟེ། །དེ་དག་ཕུན་སུམ་ཚོགས་པར་བྱེད། །སྣྲོན་སྐག་ནམ་གྲུ་བདེ་བར་བྱེད། །གྲེ་དང་ཆུ་སྟོད་བྲ་ཉེ་སྒྲུབ། །གྲོ་བཞིན་མགོ་དང་མེ་བཞི་དང་། །སྣར་མ་བྱི་བཞིན་
གྲོགས་མཆོག་གྲོགས། །ཁྲུམས་སྟོད་དྲང་སྲོང་གིས་སྨྲས་ཁྱོད། །ལན་ཆུང་གཡོ་བྱེད་ཡུད་སུམ་ཅུར། །བཅུ་བཞི་ཚེས་གླིང་བཞི་འདིར་སོང་། །ཤ་སྲན་ཁྱོད་ཟོ་མེ་ཏོག་བསྣམས། །དེར་ནི་སེམས་ཅན་གང་དག་སྐྱེས། །གྱ་གྱུ་གཡོ་རྐུན་བླུན་ཞིང་འཐབ། །རི་དགས་སྲོག་གཅོད་ཡུད་སུམ་
ཅུར། །ནད་པ་མྱུར་དུ་ཐར་བྱེད་ཅིང་། །སྐྱེ་དགུ་དེ་དག་དམག་རྐུན་དང་། །རྒྱུད་སྒྲ་རྟག་བསྲུངས་ས་ག་ཡང་། །འདིར་མངལ་འཇུག་ཡིན་བྲ་ཉེ་དང་། །ཆུ་སྟོད་གསུམ་པ་གྲེ་འདིར་འཕེལ། །སྣར་མ་བྱི་བཞིན་ཤི་སོས་བྱེད། །ཐམས་ཅད་བྱ་ཕྱིར་ནབ་སོ་ལག །
རྒུད་བྱེད་ནམ་གྲུ་སྣྲོན་སྐག་བཞིན། །ཕུན་ཚོགས་ཁྲུམས་སྨད་ལྷ་མཚམས་རྒྱལ། །ཐ་སྐར་མཆུ་སྣྲུབས་འདིར་བདེ་བྱེད། །སྨིན་དྲུག་ཆུ་དབོ་གསུམ་པ་སྒྲུབ། །མོན་གྲུ་མགོ་དང་ནག་པ་གྲོགས། །གྲོགས་མཆོག་མོན་གྲུ་ལག་ས་རི། །ཁྲུམས་སྨད་ཉི་མའི་ལྷ་མོ་
ཁྱོད། །བཅུ་གཅིག་ཚེས་ལ་མཁའ་ལ་སོང་། །ཡུད་ཙམ་བཞི་བཅུ་རྩ་ལྔར་སོང་། །རི་དགས་ཤ་གཏོར་ཞག་བདུན་རིམས། །ཁྱོད་སྤྱད་སྐྱེ་དགུ་སུ་སྐྱེ་བ། །གླུ་དང་གར་མཁས་ནོར་འབྲུ་མང་། །རབ་ཏུ་རིག་པའི་ཕ་རོལ་ཕྱིན། །འདིར་ནི་ཆོས་ཀྱི་སྦྱིན་པ་བྱེད། །
ལྷ་མཚམས་འཕེལ་བྱེད་སྨིན་དྲུག་དང་། །ཆུ་སྨད་འཆི་བར་བྱེད་པ་སྟེ། །ནག་པ་མགོ་དང་གྲོ་བཞིན་དང་། །རྒྱལ་དེའི་ལས་ཀྱི་རྒྱུ་སྐར་ཡིན། །སྣྲུབས་དང་ཐ་སྐར་མཆུ་རྒུད་བྱེད། །ནམ་གྲུ་སྐག་འདིར་ཕུན་ཚོགས། །མེ་བཞི་བྱི་བཞིན་སྒྲུབ་པ་སྟེ། །བདེ་བར་
བྱེད་པ་ཆུ་སྟོད་གྲེ། །བྲ་ཉེ་དང་ནི་ནག་པ་དང་། །ས་རི་མོན་གྲུ་ལག་ཡིན་ནོ། །ནབ་སོ་དང་ནི་ས་ག་དང་། །མོན་གྲེ་གསུམ་པ་གྲོགས་མཆོག་ཡིན། །དྲང་སྲོང་ལྷ་མོ་རྒྱལ་སྨྲས་ཁྱོད། །མི་ཡི་འཇམ་ཆུང་བྱ་བའི་ཕྱིར། །བཅུ་བཞིའི་ཚེས་ཡུད་སུམ་ཅུར་སོང་། །

གཏོར་མ་བུ་རམ་མུན་པ་སྲུངས། །ཞག་ནི་ཉི་ཤུར་ཁྱོད་བསྲུང་བས། །སྐྱེ་དགུ་སྐྱེ་མཛངས་ནོར་འབྲུ་ལྡན། །སྦྱོར་དང་རབ་སྦྱོར་བྱ་བ་དང་། །དབྱིག་རྣམས་དཔག་ཏུ་མེད་པའང་ཡིན། །དེ་ཡི་མངལ་འཇུག་སྣྲོན་ཡིན་ཏེ། །མེ་བཞི་སྣར་མ་བྱི་བཞིན་
འཕེལ། །ས་རི་མོན་གྲུ་ལག་འཆི་བྱེད། །ལས་ཀྱི་རྒྱུ་སྐར་འདིར་སྐག་ཡིན། །དབོ་དང་ཆུ་སྨད་སྨིན་དྲུག་བདེ། །གྲོ་བཞིན་ནག་པ་སྣར་མ་སྒྲུབ། །ཆུ་སྟོད་གྲེ་བྲ་ཉེ་རྒུད་བྱེད། །ཐ་སྐར་མཆུ་སྣྲུབས་ཕུན་ཚོགས་བྱེད། །ནབ་སོ་ས་ག་མོན་གྲེ་གྲོགས། །རྒྱལ་
དང་ལྷ་མཚམས་གྲོགས་མཆོག་སྟེ། །ཁྲུམས་སྟོད་དྲང་སྲོང་གིས་སྨྲས་པ། །དྲི་ཟའི་ལྷ་མོ་ཡུད་སུམ་ཅུར། །ཚེས་ནི་བཅུ་བཞིར་ཁྱོད་སོང་ཤིག །མྱུར་བྱའི་གཏོར་མ་ཟན་དྲོན་ཤ། །འདིར་ཞག་ཉི་ཤུ་ལྔ་ནད་ཡིན། །སྲོག་ལྡན་འབྲས་དཀར་བརྒྱ་ཡིས་བསྲུངས། །
ཁྱོད་སྤྱད་སྐྱེ་དགུ་སུ་སྐྱེ་བ། །སྨན་སྦྱོར་བྱེད་པ་སྨན་པ་ཡིན། །གླུ་གར་རོལ་མོའི་སྒྲ་མཁས་འགྱུར། །འདིར་དེའི་མངལ་འཇུག་སྣྲུབས་ཡིན་ནོ། །ནག་པ་མགོ་དང་གྲོ་བཞིན་འཕེལ། །ནབ་སོ་མོན་གྲེ་ལག་འཆི་བྱེད། །སྐྱེ་འཆི་འཕེལ་ཉོ་ཚོང་ལམ་འགྱེད། །ཐལ་
མོ་འདྲེག་མཁན་ལས་རྟག་སྤོངས། །སྨིན་དྲུག་གྲེ་དབོ་ཆུ་སྨད་གཉིས། །རྒུད་བྱེད་འདིར་ནི་དགྲ་ཕམ་བྱེད། །ཁྱོད་ཀྱིས་ལས་དག་ཆེ་ཆུང་བྱས། །མཆུ་དང་གྲེ་འདི་བརྟན་ཕུན་ཚོགས། །ཆུ་སྟོད་དང་ནི་བྲ་ཉེ་དང་། །གསུམ་པ་ཁྲུམས་སྨད་བདེ་བར་བྱེད། །མེ་བཞི་
སྣར་མ་བདེ་བྱའི་ཕྱིར། །གསང་བའི་ལམ་དུ་འགྲོ་བ་ཡིན། །ལག་དང་མོན་གྲུ་ས་རི་སྒྲུབ། །དྲག་པོའི་ལས་རྣམས་ཀུན་གྱིས་ཤིག །རྒྱལ་དང་ལྷ་མཚམས་ཁྲུམས་སྟོད་གྲོགས། །བྱ་བ་སྐལ་བཟང་འདིར་ཆུད་ཟ། །སྐག་སྣྲོན་གྲོགས་མཆོག་བརྟེན་པ་སྟེ། །ཁྲུམས་
སྨད་འདིར་ཡང་གསུམ་པ་ཡིན། །སྐལ་བ་བཟང་དང་བཞོན་པ་དང་། །མལ་དང་ཤིན་ཏུ་བརྟན་པར་གྱིས། །དྲུག་བདུན་དེ་དག་ལས་བཞིན་དང་། །སྣ་ཚོགས་མཁས་པས་ཤེས་ནས་སུ། །སྔོན་གྱི་བྱ་བ་བཞིན་དུ་གྱིས། །གཤིན་རྗེའི་ལྷ་ཚེས་བཅུ་བཞིར་

སོང་། །ཟླ་ཉ་ཟླ་བ་རངས་པའི་ཚེ། །སྨིན་དྲུག་ཀྱང་ནི་འགྲོ་བར་གྱིས། །ལྷ་དང་མི་དང་དྲང་སྲོང་རྣམས། །བྱེད་པ་གང་གིས་སྔར་བསྟན་བཞིན། །ཞག་ནི་སུམ་ཅུ་ཟླ་བ་རངས། །ཉིན་དང་མཚན་ནི་མཉམ་པ་སྟེ། །ཡུད་ཙམ་བཅོ་ལྔ་བཅོ་ལྔ་ཡིན། །གྲིབ་མའི་
གོམ་དྲུག་འདིར་ཀུན་འཁོར། །ཐ་སྐར་གྱི་ནི་མཚན་མོ་ཐོབ། །ཉི་མའི་མདུན་ན་ལྷ་མཚམས་ཏེ། །ལྷོ་ཕྱོགས་སུ་ནི་ཉི་མ་འཁོར། །ཞིང་གི་དཀྱིལ་འཁོར་མིག་དམར་ཡིན། །ཉི་བུ་ལྷ་སྲོང་རབ་སྤྲོ་བྱས། །ཁྱོད་ཀྱིས་ཟླ་བ་འདི་ལ་ནི། །རྩྭ་དང་ལག་འགྲོ་གནོད་སྦྱིན་
དང་། །སྡིག་པ་ལས་སོགས་བསྲུང་བར་གྱིས། །ཆ་དང་ཆར་ནི་དུས་བཞག་པར། །སྡིག་པ་ཞེས་བྱ་ཁྱོད་ཕན་སོང་། །ཕྱོགས་དང་ཕྱོགས་སུ་ལས་བཞག་པར། །ཁྱོད་ནི་ཡང་དག་ཕན་པར་སོང་། །མི་འཐུན་འཐུན་དང་འཕེལ་འདི་ཡིན། །འགྲོ་བ་ལ་ནི་ཕན་
པ་ཡི། །རྗེས་སུ་འཐུན་པ་བདག་གིས་སུ། །དང་པོར་བསྡུ་བ་བྱས་འདི་ཡིན། །དེ་ནས་དྲང་སྲོང་རྔ་བོང་གིས་ཐམས་ཅད་ལ་ཐལ་མོ་རབ་ཏུ་སྦྱར་ཏེ་འཁོར་ལ་གོ་བར་བྱེད་ཅིང་སྨྲས་པ། འདི་ལྟར་བདག་གིས་གོ་རིམས་ཀྱི་དང་པོ་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་
བ་དང་། ཟླ་བ་ཕྱེད་དང་། རྒྱུ་སྐར་དང་། གཟའ་དང་། དུས་དང་། ཁྱིམ་དང་། གནས་དང་། འགྲོ་བར་བྱེད་པ་དང་། འཁོར་བ་དང་། འགྲོ་བ་དང་། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དེ་བཞིན་དུ་ད་ལྟར་ཡང་བསྟན་ཅིང་རྣམ་པར་གཞག་ན། ཅི་
ཁྱེད་ཅག་འདི་ལྟར་རྣམ་པར་གཞག་པ་དང་། གདགས་པར་རྒྱུ་སྐར་དང་། གཟའ་ཡོངས་སུ་མགུ་བ་ལ་རྗེས་སུ་ཡི་རང་བར་བྱེད་དམ། འོན་ཏེ་མ་ཡིན། དེ་ནས་དེ་ཉིད་ཀྱི་ཚེ་ལྷ་མ་ཡིན་དང་། མི་དང་། དྲང་སྲོང་དང་། ལྷ་དང་། ལག་འགྲོ་དང་། མི་འམ་ཅིའི་
ཚོགས་ཐམས་ཅད་ཀྱིས་ཐལ་མོ་རབ་ཏུ་སྦྱར་བ་བཏུད་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་བླ་མ། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འགྲོ་བའི་ནང་ན་གཙོ་བོ། མཚུངས་པ་མེད་པར་མཁས་ལ་མངོན་པར་རྟོགས་པའི་སྙིང་བརྩེ་བས་བསྐལ་པ་ཕ་རོལ་དྲན་

པའོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའོ། །དཔལ་ཐམས་ཅད་ཕུན་སུམ་ཚོགས་པའོ། །ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དུས་གསུམ་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་ཡིན་ཏེ། འདི་ལྟ་བུའི་མཚན་མོ་དང་། ཉིན་མོ་
དང་། སྐད་ཅིག་དང་། རྒྱུ་སྐར་དང་། གཟའ་དང་། ཟླ་བ་དང་། ཟླ་བ་ཕྱེད་འདོགས་པར་བྱེད་པའི་ཡེ་ཤེས་དེ་ལྟ་བུ་སུ་ལ་ཡོད་པའི་སེམས་ཅན་དེ་ལྟ་བུ་སུ་ཡང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འགྲོ་བའི་ནང་ན་མེད་པ་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་ད་ལྟར་བཏགས་
པ་བཞིན་དུ་བདག་ཅག་ཐམས་ཅད་ཀྱིས་དེར་དད་པ་བྱིན་པ་ཡིན། རྗེས་སུ་ཡང་ཡི་རང་ངོ་། །ལེགས་ལྡན་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རྒྱུ་སྐར་དང་། གཟའ་དང་། ཁྱིམ་དང་། དུས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ཟླ་བ་གཉིས་པ་
ལ་ཡང་གདགས་པར་གྱིས་ཤིག །དྲང་སྲོང་རྔ་བོང་གིས་རབ་ཏུ་སྨྲས་པ། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུངས་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །མཚན་མོ་ཡང་ནི་ཡུད་ཙམ་ཅིག །ཡོངས་སུ་བསྐོར་ཏེ་
སླར་ལྡོག་བྱེད། །བྲ་ཉེ་དང་ནི་སྨིན་དྲུག་ཀྱང་། །ལན་གཉིས་ཡོངས་སུ་འཁོར་བར་བྱེད། །དེ་བས་རྒྱུ་སྐར་ཐམས་ཅད་ཀྱང་། །ཕྱིར་ཞིང་འཇུག་པར་བྱེད་པ་སྟེ། །སྣར་མ་གཅིག་པུའང་ཟླ་ངོ་དེར། །ཚེས་གཅིག་ལ་ནི་མཁའ་ལ་འགྲོ། །ཇི་ལྟར་སྔར་བྱ་བཤད་པ་
བཞིན། །དེ་བཞིན་ཁྱོད་ཀྱིས་སྐྱེ་དགུ་སྲུངས། །དེ་ཙམ་མགོ་ཚེས་གཉིས་ལ་འགྲོ། །དེ་ཙམ་ལག་ཚེས་གསུམ་ལ་འགྲོ། །ཚེས་བཞི་ལ་ཡང་ནབ་སོ་སྟེ། །རྒྱལ་ཡང་ཚེས་ནི་ལྔ་ལ་འགྲོ། །ཚེས་དྲུག་ལ་ནི་སྐག་གིས་ཚིགས། །མཆུ་ཡང་ཚེས་ནི་བདུན་ལ་སྲུངས། །
ཚེས་བརྒྱད་ལ་ནི་གྲེ་ཡིན་ཏེ། །ཚེས་དགུ་ལ་ནི་དབོ་འགྲོ་བྱེད། །མེ་བཞིའང་ཚེས་ནི་བཅུ་ལ་འཇུག །ནག་པའང་ཚེས་བཅུ་གཅིག་ལ་འགྲོ། །ས་རིའང་ཚེས་བཅུ་གཉིས་ལ་གནས། །ཚེས་བཅུ་གསུམ་ལའང་ས་ག་སྟེ། །ཚེས་བཅུ་བཞི་ལ་ལྷ་མཚམས་ཡིན། །

ཚེས་བཅོ་ལྔ་ལ་དེ་བཞིན་སྣྲོན། །འདི་ནི་ཟླ་བ་ཕྱེད་དུ་བཤད། །ཡར་གྱི་ངོ་ལ་སྣྲུབས་སྒྲུབ་སྟེ། །ཚེས་གཅིག་ལ་ནི་སྐྱེ་དགུ་སྲུང་། །ཚེས་གཉིས་ལ་ནི་ཆུ་སྟོད་ཡིན། །ཚེས་གསུམ་ལ་ནི་ཆུ་སྨད་ཡིན། །ཚེས་བཞི་ལ་ནི་བྱི་བཞིན་སྲུང་། །ཚེས་ལྔ་ལ་ནི་གྲོ་
བཞིན་ཡིན། །ཚེས་དྲུག་ལ་ནི་མོན་གྲུ་ཚིགས། །ཚེས་བདུན་ལ་ནི་ཆུ་ལྷ་ཡིན། །ཚེས་བརྒྱད་ལ་ནི་ཁྲུམས་སྟོད་ཡིན། །ཚེས་དགུ་ལ་ནི་ཁྲུམས་སྨད་ཡིན། །ཚེས་བཅུ་ལ་ཡང་ནམ་གྲུ་སྲུང་། །དེ་བཞིན་བཅུ་གཅིག་ཚེས་ཐ་སྐར། །གཤིན་རྗེའི་ལྷ་མོ་ཚེས་
བཅུ་གཉིས། །ཚེས་བཅུ་གསུམ་ལ་མེ་ལྷ་མོ། །ཚེས་བཅུ་བཞི་ལའང་སྣར་མ་ཡིན། །ཟླ་བ་རངས་ལ་མགོ་བཤད་དོ། །དགུན་ཟླ་ར་བའི་ཟླ་བ་འདིར། །ལྷ་ཡི་བླ་མ་ཕུར་བུ་སྟེ། །འདི་ནི་ལྷན་ཅིག་བྱེད་པར་གཟུང་། །དེ་བས་གཟའ་ཞེས་བྱ་བར་བཤད། །དེ་
ཕྱིར་ཉིན་མོ་ཚེས་བཅུ་བཞིར། །ཡུད་ཙམ་མཚན་མོ་བཅུ་དྲུག་སྟེ། །སྨིན་དྲུག་གིས་ནི་མཚན་མོ་འཐོབ། །སྣྲུབས་ཀྱང་ཉི་མའི་མདུན་ན་སྟེ། །གྲིབ་ཚོད་གོམ་པ་བརྒྱད་ཡིན་ཞིང་། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ལྷོ་ཕྱོགས་ཉི་མར་ཁ་བལྟས་འཁོར། །དེ་བཞིན་
དགུན་ཟླ་ར་བ་ཡི། །ཟླ་འདིར་ཁྱིམ་གཞུར་ཤེས་པར་བྱ། །མར་གྱི་ངོ་ཡི་ཚེས་གཅིག་ལའང་། །ལག་ནི་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་ནབ་སོ་སྟེ། །ཚེས་གསུམ་རྒྱལ་དུ་ཤེས་པར་གྱིས། །འདིར་ཚེས་བཞི་ལའང་སྐག་ཡིན་ཏེ། །མཆུ་ཡང་
ཚེས་ནི་ལྔ་ལ་འགྲོ། །ཚེས་དྲུག་ལ་ཡང་གྲེ་ཡིན་ཏེ། །ཚེས་བདུན་ལ་ཡང་དབོ་ཡིན་བཤད། །ཚེས་བརྒྱད་ལ་ནི་མེ་བཞི་ཡིན། །ཚེས་དགུ་ལ་ནི་ནག་པ་གནས། །ཚེས་བཅུ་ལ་ནི་ས་རི་འགྲོ། །ཚེས་བཅུ་གཅིག་ལ་ས་ག་འགྲོ། །ཚེས་བཅུ་གཉིས་ལའང་ལྷ་
མཚམས་ཏེ། །ཚེས་བཅུ་གསུམ་ལ་སྣྲོན་ཡིན་ནོ། །ཚེས་བཅུ་བཞི་ལའང་སྣྲུབས་ཡིན་ཏེ། །ཚེས་བཅོ་ལྔ་ལའང་ཆུ་སྟོད་བཤད། །ཡར་གྱི་ངོ་ཡི་ཚེས་གཅིག་ལ། །ཆུ་སྨད་ཀྱང་ནི་རུང་བ་ཡིན། །ཚེས་གཉིས་བྱི་བཞིན་གྲོ་བཞིན་ཏེ། །ཚེས་གསུམ་ལ་ནི་

མོན་གྲུ་འགྲོ། །ཚེས་བཞིར་མོན་གྲེ་འགྲོ་རུང་སྟེ། །ཚེས་ལྔ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་དྲུག་ལ་ཡང་ཁྲུམས་སྨད་ཡིན། །ཚེས་བདུན་ལ་ནི་ནམ་གྲུ་འགྲོ། །ཚེས་བརྒྱད་ལ་ནི་ཐ་སྐར་རུང་། །ཚེས་དགུར་གཤིན་རྗེའི་ལྷ་མོ་ཡིན། །ཚེས་བཅུར་སྨིན་
དྲུག་འགྲོར་རུང་སྟེ། །ཚེས་བཅུ་གཅིག་ལའང་སྣར་མ་ཡིན། །ཚེས་བཅུ་གཉིས་ལའང་མགོ་ཡིན་ཏེ། །ཚེས་བཅུ་གསུམ་ལ་ལག་ཀྱང་འགྲོ། །ཚེས་བཅུ་བཞི་ལ་ནབ་སོ་སྟེ། །ཟླ་བ་ཉ་ལ་རྒྱལ་ཡང་ཡིན། །ཟླ་བ་ཉ་བ་འདི་ལ་ཡང་། །འདིར་ནི་རང་བཞིན་བརྗོད་
པར་བྱ། །ལྷོ་ཡི་ཕྱོགས་སུ་ཕྱིན་ནས་ཀྱང་། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཉིན་པར་བཅུ་གསུམ་ཤེས་པར་གྱིས། །མཚན་མོ་བཅུ་བདུན་འགྲོ་བར་བྱེད། །མཚན་མོ་ཡང་ནི་མགོར་ཤེས་གྱིས། །ཉི་མའི་མདུན་དུའང་གྲོ་བཞིན་ཏེ། །གྲིབ་ཚོད་གོམ་པ་
བཅུ་ཐམ་པ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །འཇིག་རྟེན་མཁས་པ་རྣམས་ཀྱིས་ཀྱང་། །འདིར་ནི་སྤེན་པའི་ཞིང་བསྟན་པ། །འདི་ལ་མགོ་ཡིན་ཤེས་པར་གྱིས། །ཟླ་བ་གསུམ་པ་རྣམ་གཞག་ནས། །ཟླ་བ་མར་གྱི་ཚེས་གཅིག་ལ། །སྐག་ནི་སྒྲུབ་པར་
བྱེད་པ་ཡིན། །ཚེས་གཉིས་ལ་ནི་མཆུར་ཤེས་གྱིས། །ཚེས་གསུམ་ལ་ནི་གྲེ་ཡིན་ནོ། །ཚེས་བཞི་ལ་ནི་དབོ་འགྲོ་སྟེ། །ཚེས་ལྔ་ལ་ནི་མེ་བཞི་འགྲོ། །ཚེས་དྲུག་ལ་ནི་ནག་པ་སྒྲུབ། །ཚེས་བདུན་ལ་ནི་ས་རི་འགྲོ། །ཚེས་བརྒྱད་ལ་ཡང་ས་ག་སྟེ། །ཚེས་དགུ་
ལ་ནི་ལྷ་མཚམས་ཡིན། །ཚེས་བཅུ་ལ་ནི་སྣྲོན་འགྲོ་སྟེ། །ཚེས་བཅུ་གཅིག་ལ་སྣྲུབས་འཇུག་བྱ། །ཚེས་བཅུ་གཉིས་ལ་ཆུ་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཆུ་སྨད་ཡིན། །ཚེས་བཅུ་བཞི་ལ་བྱི་བཞིན་ཏེ། །ཚེས་བཅོ་ལྔ་ལ་གྲོ་བཞིན་འགྲོ། །ཟླ་བ་ཡར་གྱི་
ཚེས་གཅིག་ལ། །མོན་གྲུ་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་མོན་གྲེ་སྟེ། །ཚེས་གསུམ་ལ་ཡང་ཁྲུམས་སྟོད་ཡིན། །ཚེས་བཞི་ལ་ནི་ཁྲུམས་སྨད་ཡིན། །ཚེས་ལྔ་ལ་ནི་ནམ་གྲུ་འགྲོ། །ཚེས་དྲུག་ལ་ནི་ཐ་སྐར་ཚིགས། །ཚེས་བདུན་གཤིན་རྗེའི་

ལྷ་མོ་ཡིན། །དེ་བཞིན་ཚེས་བརྒྱད་སྨིན་དྲུག་སྟེ། །ཚེས་དགུ་ལ་ནི་སྣར་མ་འགྲོ། །ཚེས་བཅུ་ལ་ཡང་མགོ་ཡིན་ཏེ། །ལག་ནི་ཚེས་བཅུ་གཅིག་ལ་འགྲོ། །ཚེས་བཅུ་གཉིས་ལའང་ནབ་སོ་སྟེ། །ཚེས་བཅུ་གསུམ་ལ་རྒྱལ་ཡང་ཡིན། །ཚེས་བཅུ་བཞི་ལའང་
སྐག་ཡིན་ཏེ། །མཆུ་ནི་ཟླ་བ་རབ་རྫོགས་བྱེད། །དགུན་ཟླ་ཐ་ཆུངས་རང་བཞིན་ཡང་། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོ་ཡི་ཕྱོགས་སུ་ཕྱིན་ནས་ཀྱང་། །ཉི་མ་ཡོངས་སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་པར་
ཡང་ནི་བཅུ་གཉིས་ཡིན། །རྒྱལ་ཡང་མཚན་མོ་འཐོབ་པར་བྱེད། །ཉི་མའི་མདུན་ན་མོན་གྲེ་ཡིན། །གྲིབ་ཚོད་ཀྱང་ནི་སོར་བཅུ་བདུན། །ཉི་མ་ཡོངས་སུ་འཁོར་བར་བྱེད། །སྤེན་པ་ལྷ་ཡི་བླ་མ་དག །ཞིང་དེར་རབ་ཏུ་བརྗོད་པ་ཡིན། །འདིར་ཁྱིམ་བུམ་པ་
མཉམ་པ་མེད། །དཔྱིད་ཟླ་ར་བ་མར་གྱི་ངོར། །ཚེས་གཅིག་གྲེ་ནི་བསྒྲུབ་པར་བྱ། །ཚེས་གཉིས་ལ་ནི་དབོ་ཡིན་ནོ། །ཚེས་གསུམ་ལ་ནི་མེ་བཞི་སྟེ། །ཚེས་བཞིའི་བར་དུ་ནག་པ་ཡིན། །ཚེས་ལྔ་ལ་ནི་ས་རི་སྟེ། །ཚེས་དྲུག་ལ་ནི་ས་ག་ཡིན། །
ཚེས་བདུན་ལ་ནི་ལྷ་མཚམས་ཏེ། །ཚེས་བརྒྱད་ལ་ནི་སྣྲོན་ཡིན་ནོ། །ཚེས་དགུ་ལ་ནི་སྣྲུབས་ཡིན་ཏེ། །ཚེས་བཅུ་ལ་ནི་ཆུ་སྟོད་ཡིན། །ཚེས་བཅུ་གཅིག་ལ་ཆུ་སྨད་ཡིན། །ཚེས་བཅུ་གཉིས་ལ་བྱི་བཞིན་ཏེ། །ཚེས་བཅུ་གསུམ་ལ་གྲོ་བཞིན་ཡིན། །ཚེས་བཅུ་
བཞི་ལ་མོན་གྲུ་སྟེ། །ཚེས་བཅོ་ལྔ་ལ་མོན་གྲེ་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ནོ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །ཁྲུམས་སྟོད་ཅེས་ནི་བྱ་བ་ཡིན། །ཚེས་གཉིས་ལ་ནི་ཁྲུམས་སྨད་ཡིན། །ཚེས་གསུམ་ལ་ནི་ནམ་གྲུ་སྟེ། །ཚེས་བཞི་ལ་ནི་ཐ་སྐར་ཡིན། །
ཚེས་ལྔ་ལ་ནི་བྲ་ཉེ་ཡིན། །ཚེས་དྲུག་ལ་ནི་སྨིན་དྲུག་སྟེ། །ཚེས་བདུན་ལ་ནི་སྣར་མ་ཡིན། །ཚེས་བརྒྱད་ལ་ནི་མགོ་ཡིན་ཏེ། །ཚེས་དགུ་ལ་ནི་ལག་ཡིན་ནོ། །ཚེས་བཅུ་ལ་ནི་ནབ་སོ་སྟེ། །ཚེས་བཅུ་གཅིག་ལ་རྒྱལ་ཡིན་ནོ། །ཚེས་བཅུ་གཉིས་ལ་སྐག་

ཡིན་ཏེ། །ཚེས་བཅུ་གསུམ་ལ་མཆུ་ཡིན་ནོ། །ཚེས་བཅུ་བཞི་ལ་གྲེ་ཡིན་ཏེ། །ཟླ་རངས་ཚེས་བཅོ་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡིས། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཉི་མ་ཡོངས་སུ་འཁོར་
བར་བྱེད། །ཉིན་པར་བཅུ་གསུམ་ཤེས་པར་གྱིས། །མཚན་མོ་བཅུ་བདུན་འགྲོ་བར་བྱེད། །མཆུས་ཀྱང་མཚན་མོ་འཐོབ་པར་བྱེད། །ཉིན་པར་ཁྲུམས་སྟོད་འགྲོ་བར་བྱེད། །གྲིབ་ཚོད་སོར་ནི་བཅུ་གཉིས་སུ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཞིང་དེར་ལྷ་
ཡི་བླ་མ་ཡང་། །རྣམ་པར་གནས་པ་ཁོ་ནར་ནི། །བཤད་པ་ཡིན་ཏེ་འདིར་ཡང་ནི། །དེར་ནི་མཚན་མོ་འབྱུང་བ་ཡིན། །དཔྱིད་ཟླ་འབྲིང་པོའི་ཟླ་ངོ་ཡི། །དང་པོར་ཚེས་གཅིག་མེ་བཞི་སྟེ། །ཚེས་གཉིས་ལ་ནི་ནག་པ་ཡིན། །ཚེས་གསུམ་ལ་ནི་ས་རི་ཡིན། །ཚེས་བཞི་
ལ་ནི་ས་ག་སྟེ། །ཚེས་ལྔ་ལ་ནི་ལྷ་མཚམས་ཡིན། །ཚེས་དྲུག་ལ་ནི་སྣྲོན་ཡིན་ནོ། །ཚེས་བདུན་ལ་ནི་སྣྲུབས་ཡིན་ནོ། །ཚེས་བརྒྱད་ལ་ནི་ཆུ་སྟོད་ཡིན། །ཚེས་དགུ་ལ་ནི་ཆུ་སྨད་ཡིན། །ཚེས་བཅུ་ལ་ནི་བྱི་བཞིན་ཏེ། །ཚེས་བཅུ་གཅིག་ལ་གྲོ་བཞིན་ཡིན། །
ཚེས་བཅུ་གཉིས་ལ་མོན་གྲུ་སྟེ། །ཚེས་བཅུ་གསུམ་ལ་མོན་གྲེ་ཡིན། །ཚེས་བཅུ་བཞི་ལ་ཁྲུམས་སྟོད་ཡིན། །ཚེས་བཅོ་ལྔ་ལ་ཁྲུམས་སྨད་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །ནམ་གྲུ་ཚེས་གཉིས་ཐ་སྐར་ཏེ། །ཚེས་གསུམ་ལ་ནི་
བྲ་ཉེ་ཡིན། །ཚེས་བཞི་ལ་ནི་སྨིན་དྲུག་སྟེ། །ཚེས་ལྔ་ལ་ནི་སྣར་མ་ཡིན། །ཚེས་དྲུག་ལ་ནི་མགོ་ཡིན་ཏེ། །ཚེས་བདུན་ལ་ནི་ལག་ཡིན་ནོ། །ཚེས་བརྒྱད་ལ་ནི་ནབ་སོ་སྟེ། །ཚེས་དགུ་ལ་ནི་རྒྱལ་ཡིན་ནོ། །ཚེས་བཅུ་ལ་ནི་སྐག་ཡིན་ཏེ། །ཚེས་བཅུ་གཅིག་ལ་
མཆུ་ཡིན་ནོ། །ཚེས་བཅུ་གཉིས་ལ་གྲེ་ཡིན་ཏེ། །ཚེས་བཅུ་གསུམ་ལ་དབོ་ཡིན་ནོ། །ཚེས་བཅུ་བཞི་ལ་མེ་བཞི་སྟེ། །ཚེས་བཅོ་ལྔ་ལ་ནག་པ་ཡིན། །དཔྱིད་ཟླ་འབྲིང་པོ་ཁོ་ན་ཡི། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །ཉི་མ་ཡོངས་

སུ་འཁོར་བར་བྱེད། །འདིར་ནི་ཕྱིས་ཀྱང་ཡུད་ཙམ་དག །ཡོངས་སུ་འཁོར་བར་ཤེས་པར་བྱེད། །ཡུད་ཙམ་ཡང་ནི་རེ་རེ་ཞིག །ཉིན་མཚན་དག་ལ་འཇུག་པར་བྱེད། །ཉིན་པར་བཅུ་བཞི་ཤེས་པར་གྱིས། །མཚན་མོའང་བཅུ་དྲུག་ཤེས་པར་གྱིས། །གྲེ་དབོ་མཚན་མོ་
འཐོབ་པར་བྱེད། །ཉི་མའི་མདུན་ན་ཐ་སྐར་ཡིན། །གྲིབ་ཚོད་སོར་བརྒྱད་ཉི་མ་འཁོར། །ཉི་མའི་བུ་ནི་མིག་དམར་ཏེ། །གཟའ་རྣོ་ཤིན་ཏུ་མི་བཟད་ཡིན། །ཁྱིམ་ལུག་ལ་ནི་ཡང་དག་གནས། །དཔྱིད་ཟླ་ཐ་ཆུངས་མར་གྱི་ངོ་། །དང་པོ་ཚེས་གཅིག་ས་རི་སྟེ། །ཚེས་
གཉིས་ལ་ནི་ས་ག་ཡིན། །ཚེས་གསུམ་ལ་ནི་ལྷ་མཚམས་ཡིན། །ཚེས་བཞི་ལ་ནི་སྣྲོན་ཡིན་ཏེ། །ཚེས་ལྔ་ལ་ནི་སྣྲུབས་ཡིན་ནོ། །ཚེས་དྲུག་ལ་ནི་ཆུ་སྟོད་ཡིན། །ཚེས་བདུན་ལ་ནི་ཆུ་སྨད་ཡིན། །ཚེས་བརྒྱད་ལ་ནི་བྱི་བཞིན་ཏེ། །ཚེས་དགུ་ལ་ནི་གྲོ་བཞིན་ཡིན། །
ཚེས་བཅུ་ལ་ནི་མོན་གྲུ་སྟེ། །ཚེས་བཅུ་གཅིག་ལ་མོན་གྲེ་ཡིན། །ཚེས་བཅུ་གཉིས་ལ་ཁྲུམས་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཁྲུམས་སྨད་ཡིན། །ཚེས་བཅུ་བཞི་ལ་ནམ་གྲུ་སྟེ། །ཚེས་བཅོ་ལྔ་ལ་ཐ་སྐར་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །ཟླ་བ་ཡར་གྱི་ཚེས་
གཅིག་ལ། །བྲ་ཉེ་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་སྨིན་དྲུག་སྟེ། །ཚེས་གསུམ་ལ་ནི་སྣར་མ་ཡིན། །ཚེས་བཞི་ལ་ནི་མགོ་ཡིན་ཏེ། །ཚེས་ལྔ་ལ་ནི་ལག་ཡིན་ནོ། །ཚེས་དྲུག་ལ་ནི་ནབ་སོ་སྟེ། །ཚེས་བདུན་ལ་ནི་རྒྱལ་ཡིན་ནོ། །ཚེས་བརྒྱད་ལ་ནི་
སྐག་ཡིན་ཏེ། །ཚེས་དགུ་ལ་ནི་མཆུ་ཡིན་ནོ། །ཚེས་བཅུ་ལ་ནི་གྲེ་ཡིན་ཏེ། །ཚེས་བཅུ་གཅིག་ལ་དབོ་ཡིན་ནོ། །ཚེས་བཅུ་གཉིས་ལ་མེ་བཞི་ཡིན། །ཚེས་བཅུ་གསུམ་ལ་ནག་པ་སྟེ། །ཚེས་བཅུ་བཞི་ལ་ས་རི་ཡིན། །ཟླ་རངས་ཚེས་ནི་བཅོ་ལྔ་ལ། །ས་ག་ཡིན་ཏེ་ས་ག་
ཡི། །གོ་རིམས་བརྗོད་བྱ་བྱང་ཕྱོགས་སུ། །ཁ་བལྟས་ཉི་མ་ཡོངས་སུ་འཁོར། །མཚན་མོ་མཉམ་མཚུངས་རྣམ་པ་སྟེ། །བཅོ་ལྔ་བཅོ་ལྔར་བཤད་པ་ཡིན། །ནག་པས་མཚན་མོ་འཐོབ་པར་བྱེད། །ཉིན་པར་ཡང་ནི་སྨིན་དྲུག་ཡིན། །གྲིབ་ཚོད་དག་ཀྱང་གོམ་པ་དྲུག

ཉི་མ་ཡོངས་སུ་འཁོར་བར་བྱེད། །ལྷ་མིན་བླ་མ་པ་བ་སངས། །འདིར་ཡང་ཞིང་ཞེས་གདགས་པ་ཡིན། །ཁྱིམ་གླང་ཡིན་ཏེ་མཁས་རྣམས་ཀྱིས། །ཟླ་བ་བདུན་པོ་བཤད་པ་ཡིན། །དབྱར་ཟླ་ར་བ་མར་གྱི་ངོའི། །དང་པོ་ཚེས་གཅིག་ལྷ་མཚམས་
སྒྲུབ། །ཚེས་གཉིས་ལ་ནི་སྣྲོན་ཡིན་ཏེ། །ཚེས་གསུམ་ལ་ནི་སྣྲུབས་ཡིན་ནོ། །ཚེས་བཞི་ལ་ནི་ཆུ་སྟོད་ཡིན། །ཚེས་ལྔ་ལ་ནི་ཆུ་སྨད་ཡིན། །ཚེས་དྲུག་ལ་ནི་བྱི་བཞིན་ཡིན། །ཚེས་བདུན་ལ་ནི་གྲོ་བཞིན་ཡིན། །ཚེས་བརྒྱད་ལ་ནི་མོན་གྲུ་སྟེ། །ཚེས་དགུ་ལ་ནི་མོན་གྲེ་
ཡིན། །ཚེས་བཅུ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་བཅུ་གཅིག་ལ་ཁྲུམས་སྨད་ཡིན། །ཚེས་བཅུ་གཉིས་ལ་ནམ་གྲུ་སྟེ། །ཚེས་བཅུ་གསུམ་ལ་ཐ་སྐར་ཡིན། །ཚེས་བཅུ་བཞི་ལ་བྲ་ཉེ་ཡིན། །ཚེས་བཅོ་ལྔ་ལ་སྨིན་དྲུག་སྟེ། །དེ་ནི་ཟླ་ཕྱེད་ཟླ་བ་ཡར། །ཚེས་གཅིག་
ལ་ནི་སྣར་མ་སྒྲུབ། །ཚེས་གཉིས་ལ་ནི་མགོ་ཡིན་ཏེ། །ཚེས་གསུམ་ལ་ནི་ལག་ཡིན་ནོ། །ཚེས་བཞི་ལ་ནི་ནབ་སོ་སྟེ། །ཚེས་ལྔ་ལ་ནི་རྒྱལ་ཡིན་ནོ། །ཚེས་དྲུག་ལ་ནི་སྐག་ཡིན་ཏེ། །ཚེས་བདུན་ལ་ནི་མཆུ་ཡིན་ནོ། །ཚེས་བརྒྱད་ལ་ནི་གྲེ་ཡིན་ཏེ། །ཚེས་དགུ་
ལ་ནི་དབོ་ཡིན་ནོ། །ཚེས་བཅུ་ལ་ནི་མེ་བཞི་སྟེ། །ཚེས་བཅུ་གཅིག་ལ་ནག་པ་ཡིན། །ཚེས་བཅུ་གཉིས་ལ་ས་རི་སྟེ། །ཚེས་བཅུ་གསུམ་ལ་ས་ག་ཡིན། །ཚེས་བཅུ་བཞི་ལ་ལྷ་མཚམས་ཏེ། །ཚེས་བཅོ་ལྔ་ལ་སྣྲོན་ཡིན་ནོ། །དབྱར་ཟླ་ར་བའི་རིམ་བརྗོད་བྱ། །བྱང་ཕྱོགས་
ཁ་བལྟས་ཉི་མ་འཁོར། །འཕེལ་བྱེད་ཉིན་པར་བཅུ་དྲུག་ཏུ། །ཤེས་བྱ་མཚན་མོའང་བཅུ་བཞི་ཡིན། །ས་གས་མཚན་མོ་འཐོབ་པར་བྱེད། །ཉི་མའི་མདུན་ན་མགོ་ཡིན་ནོ། །གྲིབ་ཚོད་གོམ་པ་བཞི་ཡིན་ཏེ། །དེ་ནི་ཡོངས་སུ་འཁོར་བར་བྱེད། །དེར་ཞིང་གཟའ་
ལྷག་ཉི་མའི་བུ། །འཇམ་པོར་བྱེད་པའི་གཟའ་ཡིན་ནོ། །སྦྱོར་བའི་ཁྱིམ་ཡིན་ཉིན་པར་འགྲོ། །བརྒྱད་པ་ཡིན་པར་བརྗོད་པ་ཡིན། །དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ། །སྣྲུབས་ནི་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་ཆུ་སྟོད་ཡིན། །ཚེས་གསུམ་ལ་ནི་

ཆུ་སྨད་ཡིན། །ཚེས་བཞི་ལ་ནི་བྱི་བཞིན་ཏེ། །ཚེས་ལྔ་ལ་ནི་གྲོ་བཞིན་ནོ། །ཚེས་དྲུག་ལ་ནི་མོན་གྲུ་སྟེ། །ཚེས་བདུན་ལ་ནི་མོན་གྲེ་ཡིན། །ཚེས་བརྒྱད་ལ་ནི་ཁྲུམས་སྟོད་ཡིན། །ཚེས་དགུ་ལ་ནི་ཁྲུམས་སྨད་ཡིན། །ཚེས་བཅུ་ལ་ནི་ནམ་གྲུ་སྟེ། །ཚེས་བཅུ་གཅིག་ལ་ཐ་
སྐར་ཡིན། །ཚེས་བཅུ་གཉིས་ལ་བྲ་ཉེ་སྟེ། །ཚེས་བཅུ་གསུམ་ལ་སྨིན་དྲུག་ཡིན། །ཚེས་བཅུ་བཞི་ལ་སྣར་མ་སྟེ། །ཚེས་བཅོ་ལྔ་ལ་མགོ་ཡིན་ནོ། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །ལག་ནི་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་
ནབ་སོ་ཡིན། །ཚེས་གསུམ་ལ་ནི་རྒྱལ་ཡིན་ནོ། །ཚེས་བཞི་ལ་ནི་སྐག་ཡིན་ནོ། །ཚེས་ལྔ་ལ་ནི་མཆུ་ཡིན་ནོ། །ཚེས་དྲུག་ལ་ནི་གྲེ་ཡིན་ནོ། །ཚེས་བདུན་ལ་ནི་དབོ་ཡིན་ཏེ། །ཚེས་བརྒྱད་ལ་ནི་མེ་བཞི་ཡིན། །ཚེས་དགུ་ལ་ནི་ནག་པ་སྟེ། །ཚེས་བཅུ་ལ་ནི་
ས་རི་ཡིན། །ཚེས་བཅུ་གཅིག་ལ་ས་ག་སྟེ། །ཚེས་བཅུ་གཉིས་ལ་ལྷ་མཚམས་ཡིན། །ཚེས་བཅུ་གསུམ་ལ་སྣྲོན་ཡིན་ཏེ། །ཚེས་བཅུ་བཞི་ལ་སྣྲུབས་ཡིན་ནོ། །ཟླ་ཉའི་ཟླ་བར་ཆུ་སྟོད་ཡིན། །བདག་གིས་དབྱར་འབྲིང་རིམ་བརྗོད་བྱ། །བྱང་ཕྱོགས་བཞིན་གྱི་དཀྱིལ་འཁོར་
བལྟས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཉིན་པར་ཡུད་ཙམ་བཅུ་བདུན་ཏེ། །མཚན་མོ་ཡང་ནི་བཅུ་གསུམ་ཡིན། །སྣྲོན་གྱིས་ཀྱང་ནི་མཚན་མོ་འཐོབ། །ཉིན་པར་བཅས་ན་ནབ་སོ་ཡིན། །གྲིབ་ཚོད་གོམ་པ་གཉིས་ཡིན་ཏེ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །
ཟླ་བ་ཞེས་བྱ་ཞིང་ཡིན་ཏེ། །ལག་དང་ཡང་དག་ལྡན་པ་ཡིན། །འདི་ཁྱིམ་སྦལ་པ་ཞེས་བྱ་བ། །ཟླ་བ་དགུ་པར་བཤད་པ་ཡིན། །དབྱར་ཟླ་ཐ་ཆུངས་མར་ངོ་ཡི། །ཚེས་གཅིག་ལ་ནི་ཆུ་སྨད་སྒྲུབ། །ཚེས་གཉིས་བྱི་བཞིན་གྲོ་བཞིན་ཏེ། །ཚེས་གསུམ་ལ་ནི་མོན་གྲུ་
ཡིན། །ཚེས་བཞི་ལ་ནི་མོན་གྲེ་སྟེ། །ཚེས་ལྔ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་དྲུག་ལ་ནི་ཁྲུམས་སྨད་ཡིན། །ཚེས་བདུན་ལ་ནི་ནམ་གྲུ་སྟེ། །ཚེས་བརྒྱད་ལ་ནི་ཐ་སྐར་ཡིན། །ཚེས་དགུ་ལ་ནི་བྲ་ཉེ་སྟེ། །ཚེས་བཅུ་ལ་ནི་སྨིན་དྲུག་ཡིན། །ཚེས་བཅུ་གཅིག་ལ་སྣར་མ་

ཡིན། །ཚེས་བཅུ་གཉིས་ལ་མགོ་ཡིན་ནོ། །ཚེས་བཅུ་གསུམ་ལ་ལག་ཡིན་ནོ། །ཚེས་བཅུ་བཞི་ལ་ནབ་སོ་ཡིན། །ཚེས་བཅོ་ལྔ་ལ་རྒྱལ་ཡིན་ཏེ། །དེ་ནི་ཟླ་བ་ཕྱེད་ཡིན་ནོ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །སྐག་ནི་སྒྲུབ་པར་བྱེད་པ་ཡིན། །
ཚེས་གཉིས་ལ་ནི་མཆུ་ཡིན་ནོ། །ཚེས་གསུམ་ལ་ནི་གྲེ་ཡིན་ཏེ། །ཚེས་བཞི་ལ་ནི་དབོ་ཡིན་ནོ། །ཚེས་ལྔ་ལ་ནི་མེ་བཞི་སྟེ། །ཚེས་དྲུག་ལ་ནི་ནག་པ་ཡིན། །ཚེས་བདུན་ལ་ནི་ས་རི་སྟེ། །ཚེས་བརྒྱད་ལ་ནི་ས་ག་ཡིན། །ཚེས་དགུ་ལ་ནི་ལྷ་མཚམས་ཏེ། །
ཚེས་བཅུ་ལ་ནི་སྣྲོན་ཡིན་ནོ། །ཚེས་བཅུ་གཅིག་ལ་སྣྲུབས་ཡིན་ཏེ། །ཚེས་བཅུ་གཉིས་ལ་ཆུ་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཆུ་སྨད་ཡིན། །ཚེས་བཅུ་བཞི་ལ་བྱི་བཞིན་ཏེ། །ཟླ་བ་རངས་ལ་གྲོ་བཞིན་ནོ། །བདག་གིས་དབྱར་ཐའི་རིམ་བརྗོད་བྱ། །
དེ་བཞིན་བྱང་གི་ཕྱོགས་སུ་ནི། །ཉི་མ་གདོང་ཕྱེད་བལྟས་ཏེ་འཁོར། །ཉིན་པར་བཅོ་བརྒྱད་ཐོབ་ནས་ཀྱང་། །མཚན་མོ་ཡང་ནི་བཅུ་གཉིས་ཏེ། །ཆུ་སྟོད་ཀྱིས་ནི་མཚན་མོ་འཐོབ། །ཉི་མའི་མདུན་ན་མཆུ་ཡིན་ནོ། །གྲིབ་ཚོད་གོམ་པ་ཕྱེད་ཡིན་ཏེ། །ཉི་མ་
ཡོངས་སུ་འཁོར་བར་བྱེད། །འདིར་ཞིང་ཉི་མ་ལྡན་པ་ཡིན། །སས་ཀྱང་གཟེར་ནི་གཏོང་བར་བྱེད། །འདིར་ཁྱིམ་སེང་གེར་ཤེས་པར་གྱིས། །ཟླ་བ་བཅུ་པོ་བཤད་པ་ཡིན། །སྟོན་ཟླ་ར་བ་མར་གྱི་ངོའི། །དང་པོར་ཚེས་གཅིག་མོན་གྲུ་སྒྲུབ། །ཚེས་གཉིས་ལ་ནི་
མོན་གྲེ་སྟེ། །ཚེས་གསུམ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་བཞི་ལ་ནི་ཁྲུམས་སྨད་ཡིན། །ཚེས་ལྔ་ལ་ནི་ནམ་གྲུ་སྟེ། །ཚེས་དྲུག་ལ་ནི་ཐ་སྐར་ཡིན། །ཚེས་བདུན་ལ་ནི་བྲ་ཉེ་སྟེ། །ཚེས་བརྒྱད་ལ་ནི་སྨིན་དྲུག་ཡིན། །ཚེས་དགུ་ལ་ནི་སྣར་མ་སྟེ། །ཚེས་
བཅུ་ལ་ནི་མགོ་ཡིན་ནོ། །ཚེས་བཅུ་གཅིག་ལ་ལག་ཡིན་ཏེ། །ཚེས་བཅུ་གཉིས་ལ་ནབ་སོ་ཡིན། །ཚེས་བཅུ་གསུམ་ལ་རྒྱལ་ཡིན་ཏེ། །ཚེས་བཅུ་བཞི་ལ་སྐག་ཡིན་ནོ། །ཚེས་བཅོ་ལྔ་ལ་མཆུ་ཡིན་ཏེ། །དེ་ནི་ཟླ་བ་ཕྱེད་ཡིན་ནོ། །ཟླ་བ་ཡར་གྱི་ཚེས་

གཅིག་ལ། །གྲེ་ནི་སྒྲུབ་པར་བྱེད་པ་སྟེ། །ཚེས་གཉིས་ལ་ནི་དབོ་ཡིན་ནོ། །ཚེས་གསུམ་ལ་ནི་མེ་བཞི་སྟེ། །ཚེས་བཞི་ལ་ནི་ནག་པ་ཡིན། །ཚེས་ལྔ་ལ་ནི་ས་རི་སྟེ། །ཚེས་དྲུག་ལ་ནི་ས་ག་ཡིན། །ཚེས་བདུན་ལ་ནི་ལྷ་མཚམས་ཏེ། །ཚེས་བརྒྱད་ལ་ནི་
སྣྲོན་ཡིན་ནོ། །ཚེས་དགུ་ལ་ནི་སྣྲུབས་ཡིན་ཏེ། །ཚེས་བཅུ་ལ་ནི་ཆུ་སྟོད་ཡིན། །ཚེས་བཅུ་གཅིག་ལ་ཆུ་སྨད་ཡིན། །གྲོ་བཞིན་བྱི་བཞིན་ཚེས་བཅུ་གཉིས། །ཚེས་བཅུ་གསུམ་ལ་མོན་གྲུ་སྟེ། །ཚེས་བཅུ་བཞི་ལ་མོན་གྲེ་ཡིན། །ཟླ་བ་ཉ་བའི་ཟླ་རངས་ལ། །
ཁྲུམས་སྟོད་ཅེས་ནི་བྱ་བ་ཡིན། །བདག་གིས་སྟོན་ཟླ་ར་རིམ་བརྗོད། །ལྷོ་ཕྱོགས་ཉི་མའི་འཁོར་ལོ་ལྡོག །ཉིན་པར་ཡང་ནི་བཅུ་བདུན་ཏེ། །མཚན་མོ་ཡང་ནི་བཅུ་གསུམ་ཡིན། །གྲོ་བཞིན་གྱིས་ཀྱང་མཚན་མོ་འཐོབ། །ཉི་མའི་མདུན་ན་གྲེ་ཡིན་ཏེ། །གྲིབ་
ཚོད་དག་ཀྱང་གོམ་པ་གཉིས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཟླ་བུ་གཟའ་ལྷག་ཅེས་བྱ་བ། །དེར་ནི་ཞིང་ལ་ཡང་དག་གནས། །དེར་ཁྱིམ་བུ་མོ་བཞག་པ་སྟེ། །ཟླ་བ་བཅུ་གཅིག་བདག་གིས་བཤད། །སྟོན་ཟླ་འབྲིང་པོའི་མར་གྱི་ངོའི། །དང་པོར་ཚེས་
གཅིག་ཁྲུམས་སྨད་སྒྲུབ། །ཚེས་གཉིས་ལ་ནི་ནམ་གྲུ་སྟེ། །ཚེས་གསུམ་ལ་ནི་ཐ་སྐར་ཡིན། །ཚེས་བཞི་ལ་ནི་བྲ་ཉེ་སྟེ། །ཚེས་ལྔ་ལ་ནི་སྨིན་དྲུག་ཡིན། །ཚེས་དྲུག་ལ་ནི་སྣར་མ་སྟེ། །ཚེས་བདུན་ལ་ནི་མགོ་ཡིན་ནོ། །ཚེས་བརྒྱད་ལ་ནི་ལག་ཡིན་ཏེ། །ཚེས་
དགུ་ལ་ནི་ནབ་སོ་ཡིན། །ཚེས་བཅུ་ལ་ནི་རྒྱལ་ཡིན་ཏེ། །ཚེས་བཅུ་གཅིག་ལ་སྐག་ཡིན་ནོ། །ཚེས་བཅུ་གཉིས་ལ་མཆུ་ཡིན་ཏེ། །ཚེས་བཅུ་གསུམ་ལ་གྲེ་ཡིན་ནོ། །ཚེས་བཅུ་བཞི་ལ་དབོ་ཡིན་ཏེ། །ཚེས་བཅོ་ལྔ་ལ་མེ་བཞི་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་
ཏེ། །ཟླ་ཡར་ཚེས་གཅིག་ནག་པ་སྒྲུབ། །ཚེས་གཉིས་ལ་ནི་ས་རི་སྟེ། །ཚེས་གསུམ་ལ་ནི་ས་ག་ཡིན། །ཚེས་བཞི་ལ་ནི་ལྷ་མཚམས་ཏེ། །ཚེས་ལྔ་ལ་ནི་སྣྲོན་ཡིན་ནོ། །ཚེས་དྲུག་ལ་ནི་སྣྲུབས་ཡིན་ཏེ། །ཚེས་བདུན་ལ་ནི་ཆུ་སྟོད་ཡིན། །ཚེས་བརྒྱད་

ལ་ནི་ཆུ་སྨད་ཡིན། །ཚེས་དགུར་བྱི་བཞིན་གྲོ་བཞིན་ཏེ། །ཚེས་བཅུ་ལ་ནི་མོན་གྲུ་ཡིན། །ཚེས་བཅུ་གཅིག་ལ་མོན་གྲེ་ཡིན། །ཚེས་བཅུ་གཉིས་ལ་ཁྲུམས་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཁྲུམས་སྨད་ཡིན། །ཚེས་བཅུ་བཞི་ལ་ནམ་གྲུ་
སྟེ། །ཟླ་རངས་ཉ་ཚེ་ཐ་སྐར་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཉིན་པར་བཅུ་དྲུག་འགྲོ་བྱེད་ཅིང་། །མཚན་མོ་ཡང་ནི་
བཅུ་བཞི་ཡིན། །ཁྲུམས་སྟོད་ཀྱིས་ནི་མཚན་མོ་འཐོབ། །ཉི་མའི་མདུན་ན་ནག་པ་ཡིན། །གྲིབ་ཚོད་དག་ནི་གོམ་བཞི་སྟེ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ལྷ་མིན་བླ་མ་པ་བ་སངས། །གཟའ་ནི་ཞིང་ལ་རྣམ་པར་གཞག །འདིར་ཁྱིམ་སྲང་ཞེས་བྱ་བ་
བཞག །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཡོངས་སུ་འཁོར་བ་དེ་ཡིས་ནི། །ལོ་ནི་དེ་ལྟར་འགྲོ་བར་བྱེད། །མིག་སྟོང་ཡང་དང་ཡང་དུ་ནི། །འདུས་ཏེ་ཆོས་ཀྱི་ཕྱོགས་ལ་ལྟོས། །ཁྱོད་ནི་ཤེས་རབ་གཞི་ཡིན་ན། །ཆོས་མ་ཡིན་པའང་བཟློག་པར་གྱིས། །
ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཐོས་ཕྱུག་མཁས་པ་བསམ་གཏན་པ། །དེ་དག་ཁྱོད་ཀྱིས་ཆོས་གོས་དང་། །བཟའ་བཏུང་རྣམས་ཀྱིས་རྗེས་སུ་སྲུངས། །ཡང་དག་གནས་ཏེ་བརྒྱ་བྱིན་གྱིས། །རྔ་བོང་ལ་ནི་ཐལ་སྦྱར་ནས། །རབ་ཏུ་སྨྲས་པ་བདག་
ཅག་གིས། །བྱ་བ་ཡང་ནི་བསྒོ་བར་གྱིས། །སྨྲས་པ། ལྷ་ཡི་བླ་མ་ཁྱོད་ཀྱིས་སུ། །རྟག་པར་ཚངས་པར་སྤྱོད་པ་སྲུངས། །རིག་སྔགས་སྨན་དང་གསང་སྔགས་རྣམས། །ཐམས་ཅད་ལ་ནི་བྱ་བ་སྒྲུབས། །ལས་ཀུན་དྲང་སྲོང་ཟླ་བ་དང་། །ཟླ་བ་ཆུང་དང་ཞག་
དང་བཞི། །བཟོ་ཡི་ལས་ཀྱི་མཐའ་ཀུན་ལ། །གཙོ་བོ་ཡིན་པར་བཀོད་པ་ཡིན། །དྲག་པོ་དུང་གི་སྣ་ཅན་དང་། །དགོན་པ་དང་ནི་ལྕི་བ་སྟེ། །གནོད་སྦྱིན་བཞི་པོ་དེ་དག་ནི། །མཆོད་སྦྱིན་རིབ་མར་གཙོ་བོར་བཀོད། །རྒྱ་མཚོ་ཆུ་ལྷ་འཇོག་པོ་དང་། །རིན་ཆེན་

སྐྱོང་དང་རིང་དུ་འགྲོ། །ས་ཡིད་ཚེས་དང་ཟླ་སྲུངས་དང་། །གནས་ཐར་བྱེད་པ་རྒྱ་མཚོ་ནི། །གཙོ་བོར་གཞག་སྟེ་མ་དྲོས་དང་། །ཁབ་ཀྱིས་ལུས་འབིགས་ཆུ་ལྷས་བྱིན། །རི་དགས་འཁྲུགས་པ་ཀླུ་དེ་བཞི། །ཀླུ་རྣམས་ཀྱི་ནི་གཙོ་བོར་བཀོད། །ཁྱོད་ནི་དགེ་བ་
རབ་སྐྱེད་པ། །ནེ་ཙོ་ཡི་ནི་ཁྱབ་བྱེད་པ། །མཁས་པ་ཞིང་གི་གཙོ་བོ་སྟེ། །དེ་འདྲ་བ་ནི་ཇི་ལྟ་བུ། །ཁྱོད་ནི་སྙིང་པོ་ཁོ་ནས་ཀྱང་། །མེ་ཡི་རྩེ་མོའི་གཙོ་བོ་སྟེ། །ཁྱོད་ནི་རླུང་དམར་འགུལ་གཡོ་བ། །རླུང་ཡང་བ་ཡི་གཙོ་བོ་ཡིན། །རྡོ་རྗེའི་མིག་དང་སེང་གེའི་
མིག །ལེགས་མཐོང་ལག་ན་མདུང་གསུམ་ཐོགས། །ལྷ་མོ་བཞི་པོ་དེ་དག་ནི། །གྲོང་ཁྱེར་གཙོ་བོར་བཀོད་པ་ཡིན། །གོང་མའི་ཆར་སྐྱེས་རྩིབས་མུ་ཁྱུད། །འཁོར་ལོ་སྤེན་པ་གནོད་སྦྱིན་བཞི། །དེ་དག་རིན་ཆེན་བརྟགས་པ་ལ། །ཉོ་ཚོང་བྱེད་པའི་གཙོ་བོར་
བཀོད། །ཕྱོགས་མཚམས་སུ་ནི་བཞི་ཡིན་ཏེ། །བསྲུང་བའི་ཕྱིར་ནི་ཡང་དག་གནས། །ཡུལ་འཁོར་གྲོང་ཁྱེར་ཐམས་ཅད་དུ། །བསྲུང་བའི་ཕྱིར་ནི་འབྱུང་པོ་བཀོད། །དྲང་སྲོང་དག་ནི་ཐམས་ཅད་དང་། །ལྷ་ཡི་ཚོགས་དང་ཀླུ་རྣམས་དང་། །ལྷ་མ་ཡིན་
དང་མི་རྣམས་ཀྱི། །བར་ཡང་རྗེས་སུ་ཡི་རང་བྱེད། །ལུང་བསྟན་རབ་ཏུ་རྒྱལ་བ་མཆོག །ཐུབ་པ་ཡི་ནི་གཙོ་བོ་སྟེ། །ཁྱོད་ནི་སྐྱེ་དང་འགག་པ་དང་། །ཟས་དང་རོ་དང་མེ་ཏོག་མཆོག །ཁྱོད་ནི་དྲི་འཕེལ་བྱེད་པ་སྟེ། །ཤུ་དག་རྫོགས་བྱེད་འབྲས་བུའི་མཆོག །ཁྱོད་
ནི་ལམ་བདེ་སྐྱེད་པ་སྟེ། །རྣམ་པར་འཚེ་ལས་རྒྱལ་བའི་གཙོ། །དགའ་བོ་དང་ནི་ཉེ་དགའ་གཉིས། །རི་བོ་རྣམས་ཀྱི་གཙོ་བོར་བཀོད། །ནོར་རྒྱས་བུ་དང་ཐང་ཤིང་ཞིང་། །ལྕི་མཆོག་མིག་དམར་སྨུགས་བྱེད་སྐེམ། །ཁྱོད་ནི་དབྱངས་ཅན་ཆུ་ཡི་གཙོ། །ཁྱོད་ནི་
གྲུབ་དང་ཡིད་འཕྲོག་པ། །ཟླ་བ་འཕྲོག་པར་བྱེད་པ་སྟེ། །བཅུད་ཀྱི་ལེན་གྱི་གཙོ་བོ་ཡིན། །གཟའ་དང་རྒྱུ་སྐར་དུས་ཀྱང་ཡིན། །ཁྱིམ་རྣམས་ཐམས་ཅད་རྣམ་པར་གཞག །རྒྱལ་པོ་ཆེན་པོ་བཞི་ཡང་ནི། །སྐལ་ལྡན་རྒྱུར་ནི་རྣམ་པར་གཞག །ལུས་ངན་གནོད་སྦྱིན་རྣམས་

ཀྱི་གཙོ། །གྲུལ་བུམ་རྣམས་ཀྱི་འཕགས་སྐྱེས་པོ། །ཀླུ་རྣམས་ཀྱི་ནི་མིག་མི་བཟང་། །དྲི་ཟ་རྣམས་ཀྱི་ཡུལ་འཁོར་སྲུང་། །ཐམས་ཅད་ཀྱི་གླིང་ཆེན་པོ་བཞི། །གླིང་གཞན་བརྒྱད་ཁྲི་ཐམས་ཅད་དུ། །དྲང་སྲོང་རྔ་བོང་གིས་གང་ཡོངས་སུ་སྐྱོང་བ་མ་
བཀོད་པར་བཏང་བའི་གནས་ཅི་ཡང་མེད་དོ། །དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱས་པར་
གྱུར་ཏོ། །དྲང་སྲོང་རྔ་བོང་གི་བྱ་བ་དེ་ལ་ཡང་དག་པར་རྗེས་སུ་ཡི་རང་བར་གྱུར་ཏོ། །བྱ་བ་དེ་ནི་མཆོད་པ་དང་། རིམ་གྲོ་བྱ་བར་སོ་སོར་གནས་པར་གྱུར་ཏོ། །དེའི་རྗེས་ལ་ཤིན་ཏུ་ཡུན་རིང་ཞིག་ན་དྲང་སྲོང་ཐུབ་པ་ལམ་ཞེས་བྱ་བ་བྱུང་སྟེ། དེས་ཀྱང་སྐར་མའི་
དཔྱད་རབ་ཏུ་བྱས་སོ། །ཞག་གིས་མི་ཐུབ་པ་དང་། ཤོལ་ཡོད་པ་ཡང་བཤད་དོ། །ཡང་དེའི་ཚེ་དྲང་སྲོང་ཐུབ་པའི་གནས་རྟེན་ག་ལ་བར་ཀླུ་ཐམས་ཅད་འདུས་ཏེ། དེ་དག་དྲང་སྲོང་སྐར་མ་ལ་དགའ་བ་མཆོག་ཏུ་བླ་མ་ལ་གུས་པ་དང་གཅེས་པར་བྱེད་པ་སྐྱེས་ཏེ།
དེ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཅི་ནུས་སུ་བརྩོན་པར་གྱུར་ཏོ། །འཕགས་པ་འདུས་པ་ཆེན་པོའི་སྡེ་ཐེག་པ་ཆེན་པོའི་མདོ་ལས་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་རྫོགས་ཏེ། རྒྱུ་སྐར་གྱི་སྦྱོར་བ་རྣམ་པར་གཞག་པའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།
འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བཅུ་གཅིག་པ། རྒྱ་མཚོས་སྨྲས་པ། ནམ་མཁའ་ལ་ནི་རྒྱུ་སྐར་ཚོགས། །ཇི་ལྟར་བཞག་པ་བཞིན་དུ་ནི། །ཁྱོད་ཀྱིས་སྔོན་གྱི་ཚེ་རབས་དྲན། །མཁས་ཁྱོད་སྲིད་གསུམ་ཀུན་གྱི་གཙོ། །
ཁྱོད་ཀྱི་སྙིང་རྗེ་བྱམས་པ་དཔེར། །ཤེས་གསལ་འགྲོ་ལ་སྙིང་བརྩེ་བཞིན། །ཀུན་དཔལ་འདི་ནས་ཁྱོད་ཀྱིས་ནི། །ལག་འགྲོ་ཐམས་ཅད་ཐར་བར་གྱིས། །སྲིད་གསུམ་ཚུལ་བརྟུལ་མཚུངས་མེད་ཁྱོད། །ལག་འགྲོ་དེ་ཀུན་ཚིམ་བྱེད་ཁྱོད། །ཁྱོད་ནི་དྲང་སྲོང་ཀུན་གྱི་བླ། །

མི་རྣམས་ཀྱིས་ནི་མཆོད་པར་འོས། །འགྲོ་བ་ཀུན་དཔལ་ཁྱོད་ལ་ནི། །ལྷ་དང་ལག་འགྲོ་གནོད་སྦྱིན་ཚོགས། །རྟེན་གྱི་ཡུལ་རྣམས་ཐམས་ཅད་པ། །ལག་འགྲོ་མྱུར་དུ་ཐར་བར་གྱིས། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བ་དཀོན་མཆོག་གསུམ་ལ་མཆོག་ཏུ་
ཡིད་དང་བ་བསྐྱེད་པར་འདོད་ནས་དེ་ལྟ་བུའི་ཀླུའི་ཚོགས་ཐམས་ཅད་ལ་ཤིན་ཏུ་རིགས་པའི་ཚིག་སྙན་པ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཡོན་ཏན་དེ་འདྲ་བདག་ལ་མེད། །དྲང་སྲོང་རྔ་བོང་བདག་མ་ཡིན། །ཁྱེད་ཅག་འདི་ནས་ཐར་བྱེད་པར། །བདག་གིས་ནུས་པ་
མ་ཡིན་ནོ། །གང་གིས་བསྐལ་པ་དུ་མར་ནི། །དཀའ་ཐུབ་དཀའ་བ་བཟོད་པ་སྤྱད། །ཁྱོད་ཅག་ཐར་བར་བྱེད་པ་ཡི། །དྲང་སྲོང་གཞན་དེ་བལྟ་བར་གྱིས། །རྟག་ཏུ་བརྩོན་ཞིང་སྦྱིན་པ་བྱིན། །མཁས་ཤིང་གླང་ཆེན་རྟ་དང་ནི། །ཤིང་རྟ་བུ་དང་ཆུང་མ་དང་། །ནོར་
གྱིས་སེམས་ཅན་ཕན་པ་བྱས། །རྐང་ལག་མགོ་དང་རྣ་བ་དང་། །མིག་དང་པགས་པ་ཁྲག་དང་ནི། །བུ་བྲན་བྲན་མོ་བཟའ་བཏུང་མང་། །མལ་ཆ་ཁ་ཟས་སྔོན་ཆད་བཏང་། །སྙིང་རྗེ་དང་ནི་བྱམས་པ་ཡིས། །ཁྱེད་ཅག་ཐར་བྱེད་སྲིད་གསུམ་ན། །མཚུངས་མེད་
བསམ་གཏན་དགའ་འབྱུང་བ། །དེ་ནི་དྲང་སྲོང་རྔ་བོང་སྟེ། །ཀུན་ཏུ་བརྩེ་ཞིང་བྱང་ཆུབ་སེམས། །སྔོན་ཆད་རིག་བྱེད་ཕ་རོལ་ཕྱིན། །སེམས་ཅན་མང་པོ་སྡུག་བསྔལ་གྱིས། །ཉམ་ཐག་པ་ནི་ཐར་བར་བྱས། །སེམས་ཅན་གཅིག་གི་ཆེད་དུ་ཡང་། །སྔོན་གྱི་ཚེ་
རབས་དེ་བསྐལ་པར། །དམྱལ་བར་འགྲོ་བཟོད་དེ་ཡི་དགས། །དེ་ནི་འཇིག་རྟེན་སངས་རྒྱས་བྱུང་། །སེམས་ཅན་སྡུག་བསྔལ་ཉམ་ཐག་ཀུན། །སྡུག་བསྔལ་མཐར་མཛད་རྔ་བོང་ཡིན། །སེམས་ཅན་སྨན་ཕྱིར་བརྩོན་འགྲུས་དང་། །སྙིང་རྗེ་བརྟན་པོས་དེ་
སྲིད་འཁོར། །རྔ་བོང་དེ་ནི་སྐྱེས་པ་ན། །རྒྱལ་སྲས་བུ་རམ་ཤིང་བ་ཡི། །རིགས་སུ་ཟས་གཙང་གི་ནི་སྲས། །དེས་ནི་བཙས་མ་ཐག་ཏུ་ཁྱབ། །སྲིད་གསུམ་བདེ་འབྱུང་འཇིག་རྟེན་དཔལ། །ཡིད་བདེ་རྣམ་པ་སྣ་ཚོགས་དང་། །ལྷ་དང་ཀླུ་ཡི་བུ་རྣམས་དང་། །

འབྱུང་པོ་གནོད་སྦྱིན་རྒྱལ་པོས་ཁྱབ། །དེར་ནི་མཆོད་ཕྱིར་ཐམས་ཅད་ལྷགས། །དེ་ཡིས་གོམ་པ་བདུན་བོར་ཏེ། །རི་དང་རྒྱ་མཚོར་བཅས་པ་ཡི། །ས་ནི་ཐམས་ཅད་འཁྲུགས་པར་གྱུར། །འགྲོ་བ་རྒ་ནད་སྡུག་བསྔལ་དང་། །འཆི་བས་གཟིར་ལས་
ངས་བསྒྲལ་ཞིང་། །ཞི་བ་བདེ་བ་མྱ་ངན་མེད། །སྐམ་ལ་དགོད་ཅེས་ཤཱཀ་སྲས་གསུངས། །མེ་ཏོག་དྲི་དང་རིན་ཆེན་དག །ལྷ་ཀླུ་རྣམས་ཀྱིས་གཏོར་གྱུར་ཅིང་། །འབྱུང་པོའི་ཚོགས་རྣམས་སྣ་ཚོགས་ཀྱིས། །སྲས་པོ་ལ་ནི་བསྟོད་གྱུར་པ། །བསྐལ་པ་མང་པོ་དུ་མར་
ཡང་། །སྔོན་ཆད་ཁྱོད་ཀྱིས་དུལ་བ་དང་། །སྦྱིན་དང་བསམ་གཏན་དགྱེས་ལ་བརྟེན། །སེམས་ཅན་ཀུན་ཆེད་སྡུག་བསྔལ་བཟོད། །འདི་ལ་སྐྱེ་བ་འདི་ཡང་ནི། །ཐམས་ཅད་ཀྱི་ནི་ཐ་མ་ལགས། །སྡུག་བསྔལ་ཐམས་ཅད་ཞི་མཛད་པར། །རིང་པོར་མི་ཐོགས་
ཁྱོད་འཚང་རྒྱ། །དེས་ཀྱང་དཔའ་བོ་བརྟན་པར་གྱུར། །མཚུངས་པ་མེད་དེ་བུད་མེད་ཚོགས། །དྲུག་ཁྲི་ཐམ་པ་སྤངས་ནས་སུ། །སྤྱོད་པ་རབ་བསྟན་ལོ་དྲུག་སྤྱད། །གཡོ་སྒྱུ་ཅན་ནི་སྡེར་བཅས་པའི། །བདུད་ནི་གཅིག་པུས་བཅོམ་ནས་ཀྱང་། །བྱང་ཆུབ་ཞི་མཆོག་
གཞལ་མེད་བརྙེས། །མྱ་ངན་མེད་ལམ་དོན་དམ་གཟིགས། །བྱམས་དང་ཡེ་ཤེས་ཐུགས་རྗེ་ཡིས། །སེམས་ཅན་ཀུན་དང་མི་མཉམ་ཞིང་། །འབྱུང་པོ་དག་ནི་ཐམས་ཅད་ལ། །དེ་ནི་བྱམས་པའི་ཐུགས་མཉམ་པ། །སེམས་ཅན་གང་ལའང་མཐོ་མི་འཚམ། །སེམས་
ཅན་ཐམས་ཅད་སྡུག་བསྔལ་ལས། །ཐར་བར་མཛད་ཅིང་དེ་ཡང་ནི། །རྣམ་བཅིངས་བཙོན་ར་ཐར་མཛད་པ། །མ་ག་དྷཱ་ན་དེ་གནས་ཤིང་། །འགྲོ་བའི་ནང་ན་ཆོས་ཀྱང་སྟོན། །དེ་ལ་ཁྱོད་ཀྱིས་གསོལ་བ་ཐོབ། །བྱམས་པའི་ཡིད་ཀྱིས་རྣམ་པར་ལྟོས། །དྲང་སྲོང་མཆོག་གི་
ཐད་དུ་དེང་། །འགྲོ་བའི་སྡུག་བསྔལ་ཐམས་ཅད་ལས། །ཁྱེད་ཅག་ཡོངས་སུ་ཐར་བར་བྱེད། །རང་ཉིད་ཀྱང་ནི་འདོང་བར་གྱིས། །དགའ་མཆོག་བདེ་བ་འདོད་རྣམས་ཀྱིས། །ཕྱིན་ཅད་མཁའ་ལྡིང་ཐམས་ཅད་ལས། །འཇིགས་པ་ཁྱེད་ལ་མི་འབྱུང་ངོ་། །རྟག་བདེ་སྡུག་

བསྔལ་བྲལ་དགར་གྱིས། །བཙོན་ར་འདི་ནི་གཡོ་སྒྱུ་ཅན། །བདུད་ནི་ཁྱེད་ལ་རྣམ་པར་འཚེ། །ཇི་ལྟར་ང་ཡིས་བཤད་པ་བཞིན། །ཐམས་ཅད་ཀྱང་ནི་གཟུང་བར་གྱིས། །ཡང་དེའི་ཚེ་དྲང་སྲོང་ཐུབ་པའི་གནས་རྟེན་དུ་ཀླུ་དང་། ཀླུ་ཆེན་པོ་ཕོ་དང་། མོ་དང་། ཁྱེའུ་དང་།
བུ་མོ་གང་དག་ཐམས་ཅད་འདུས་པ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་རབ་ཏུ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། ཆོས་ཐམས་ཅད་ཀྱི་དབང་གི་ཕ་རོལ་ཏུ་ཕྱིན་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་མཛད་
པ། བདེ་བ་ཐམས་ཅད་སྦྱིན་པར་མཛད་པ། དགའ་བ་ཐམས་ཅད་སྐྱེད་པར་མཛད་པ། ཤེས་རབ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། རྟག་ཏུ་བྱམས་པའི་ཐུགས་དང་ལྡན་པ། ཐུགས་རྗེ་ཐམས་ཅད་ཀྱིས་ཁྱབ་པ། ཕྲིན་ལས་ཐམས་ཅད་སྒྲུབ་པར་མཛད་པ། ལམ་
ཐམས་ཅད་སྟོན་པ། ཡང་དག་པའི་མིག་གསུང་བ། ལྷ་དང་ཀླུ་རྣམས་ཀྱིས་མཆོད་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་དགྲ་བཅོམ་པ། མཆོད་པ་ཐམས་ཅད་འོས་པ། བདག་ཅག་ཐམས་ཅད་སྡུག་བསྔལ་གྱི་བཙོན་ར་འདིར་འཕངས་ལགས་ན་འདི་ནས་བདག་
ཅག་ཐར་བར་མཛད་པར་གསོལ། ཀླུ་དེ་དག་དང་ལྷན་ཅིག་བདག་ཅག་གནས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཀླུ་དེ་དག་ཐམས་ཅད་སྔོན་གྱི་ལུས་ཀྱི་གཟུགས་ཇི་ལྟ་བ་བཞིན་དུ་བཀོད་དེ། གནས་དེ་ནས་འགྲོ་བར་མ་ནུས་སོ། །དེ་དག་ཐམས་ཅད་ཀྱིས་དྲང་སྲོང་སྐར་
མ་ལ་དགའ་བ་ལ་སྨྲས་པ། དེ་བཞིན་གཤེགས་པ་དེ་ནི་བདེན་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བར་བཞེད་པ་རྣམ་པར་མི་འཚེ་བའི་ཆོས་ཉིད་ཡིན་ནོ། །དེ་ལ་བདག་ཅག་སྐྱབས་སུ་ཉེ་བར་གནས་སོ། །འདི་ནས་མྱུར་དུ་བཞུད་ཅིག །བདུད་ཀྱི་འཆིང་བ་འདི་ལས་བདག་
ཅག་ཐར་བར་མཛོད་ཅིག །སྐར་མ་ལ་དགའ་བས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དྲང་སྲོང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སྙིང་རྗེ་ཆེན་པོའི་རྒྱུ་འཐུན་པ་ཐམས་ཅད་མཁྱེན་པ་ཐུབ་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

ལ་འཁོར་བའི་འཁོར་ལོ་རྣམ་པར་ལྡོག་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ལམ་རྣམ་པར་དག་པར་བྱ་བའི་ཕྱིར་དང་། རྒྱུ་དང་འབྲས་བུའི་སེམས་ཅན་ཡང་དག་པར་བསྟན་པའི་ཕྱིར་ཞེས་བྱ་བ་ནས་སངས་རྒྱས་ཀྱི་སྤྱན་གྱི་བར་དུ་ཐོབ་པར་བྱ་བའི་ཕྱིར་མང་པོར་མ་
བྱུང་བ་ལ་དམིགས་པ་དང་། ཉན་ཐོས་དང་ཐུན་མོང་བ་སེམས་ཅན་ལ་དམིགས་པའི་གནས་པ་མཆོག་བསྟན་ཏོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློབ་དཔོན་ལ་རག་ལས་པ་རྣམས་ལ་རྒྱུ་ལས་ཡང་དག་པར་བྱུང་བ་དང་། སོ་སོར་བརྟགས་པ་
ལ་དམིགས་པ་ཚངས་པའི་གནས་པ་བསྟན་ཏོ། །ད་ལྟར་དེ་བཞིན་གཤེགས་པ་དེ་ནི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་དཔག་ཏུ་མེད་པ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ན་ཐེག་པ་བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་དང་། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དང་། བདུད་བཞི་གདུལ་བའི་ཕྱིར་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར་ཆོས་ཀྱི་ཆུས་ཁྲུས་མཛད་དོ། །ད་ལྟར་ཤིན་ཏུ་ཀུན་ཏུ་རྟོག་པའི་
ཉོན་མོངས་པའི་ཚོགས་ཀྱི་སེམས་ཅན་གྱི་ཁམས་ལ་དམིགས་པ་མེད་པ། ཀུན་ནས་ལྡང་བ་མེད་པ། རྒྱུ་བ་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། ཆགས་པ་མེད་པ། རྣམ་པར་གཞག་པ་མེད་པ། རྡུལ་མེད་པ། མུན་པ་མེད་པ། སྣང་
བ་མེད་པ། གཟུང་བ་མེད་པ། གསལ་བྱེད་མེད་པ། སྤྱོད་པ་མེད་པ། ཐ་མི་དད་པ་ཉིད་ཅེས་བྱ་བ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འབྱུང་བ་ཆེན་པོ་ཐམས་ཅད་དང་། མིག་གི་རང་བཞིན་ཚོར་བ་པོ་མེད་པའི་སྲེད་པ་ཞེས་བྱ་བའི་བར་ནས། ཡིད་ཀྱི་
རང་བཞིན་ཚོར་བ་པོ་མེད་པའི་སྲེད་པའི་བར་ལ་སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། འཇུག་པ་མེད་པའི་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། འགག་པ་མེད་པ་དང་། དེ་བཞིན་ཉིད་འདྲེས་པ་མེད་པ་དང་། གང་འཇུག་པ་མེད་པའི་ཆོས་ཀྱི་

དབྱིངས་དོན་དམ་པ་སྟོང་པ་ཉིད་དང་། ཕྱིར་མི་ལྡོག་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་སྒྲོལ་བ། ཕྱད་པའི་ཡེ་ཤེས་ཀྱི་སྤྱོད་པ་དང་ལྡན་པ། ཡང་དག་པར་དམིགས་པའི་དེ་བཞིན་གཤེགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་
ཕྱིན་པ་དྲུག་གི་སྤྱོད་པ་དག་ལ་ཡོངས་སུ་སྦྱང་བ་བྱས་པ། སེམས་ནམ་མཁའ་དང་མཉམ་ཞིང་མཚུངས་པ། མ་ཆགས་པའི་ཡེ་ཤེས་མཉམ་པ་ཉིད་ཐོབ་པ། ལྟ་བ་ཐམས་ཅད་ཀྱི་བག་ཆགས་ཀྱི་ཉོན་མོངས་པ་ཡང་དག་པར་བཅོམ་པ་རྣམས་ལ་ཚངས་པའི་གནས་པ་
དམིགས་པ་མེད་པ་སྟོན་ཏོ། །ཀྱེ་དྲང་སྲོང་སྐར་མ་ལ་དགའ་བས་བསྟན་པ་འདི་བཤད་པ་ན་ཡང་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཟླ་བ་ལ་རྩུབ་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་རིན་ཆེན་སྐྱོང་ཞེས་བྱ་བ་དེ་
དག་བྱང་ཆུབ་ཀྱི་སྤྱོད་པའི་དགེ་བའི་རྩ་བ་སྔོན་བསགས་པའི་སྨོན་ལམ་ཡང་དག་པར་རྗེས་སུ་དྲན་པས་དེ་དག་སྣང་བ་དང་། རྣམ་པར་བསྒྱིངས་པ་དང་ལྡན་པའི་གཟུངས་ཐོབ་པར་གྱུར་ཏོ། །དེའི་ཚེ་ཀླུ་གཞན་བརྒྱད་ཅུ་རྩ་བཞི་ནི་བྱང་ཆུབ་ཀྱི་སྤྱོད་པའི་དགེ་བའི་རྩ་བ་སྔོན་
བསགས་པའི་སྨོན་ལམ་ཡང་དག་པར་རྗེས་སུ་དྲན་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྐར་མ་ལ་དགའ་བ་ལ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་བཞུད་ལ་སྙིང་རྗེ་ཆེན་པོ་ཐོབ་པ་གང་གིས་འདིར་བདག་ཅག་
བདུད་ཀྱི་འཆིང་བ་འདི་ལས་ཡོངས་སུ་ཐར་བར་བགྱིད་པའི་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ཐོབ་པ་དེ་ལ་བདག་ཅག་གི་ཚིག་གིས་གསོལ་བ་ཐོབ་ཤིག །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་དྲང་སྲོང་གི་ཆ་བྱད་
ཀྱིས་འཁོར་དྲང་སྲོང་སྟོང་ཕྲག་མང་པོ་དང་དེ་ནས་རྫུ་འཕྲུལ་གྱིས་སོང་ངོ་། །འཕགས་པ་འདུས་པ་ཆེན་པོའི་སྡེ་ཐེག་པ་ཆེན་པོའི་མདོ་ལས་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་བརྒྱད་པའོ།། །།བཅོམ་ལྡན་འདས་ལ་ཀླུ་ཐམས་ཅད་སྐྱབས་སུ་ཉེ་

བར་གནས་པ་བདུད་སྡིག་ཅན་གྱིས་ཐོས་ཏེ། ཤས་ཆེར་འཁྲུགས་ཤིང་སྐྲག་ལ་རྒྱ་ཤུག་གི་འདབ་མ་བཞིན་དུ་ལུས་རབ་ཏུ་འདར་ཞིང་ལུས་རྔུལ་ནས་ལག་པ་གཉིས་བསྒྲེང་སྟེ་འདི་སྐད་ཅེས་སྨྲས་སོ། །ལག་འགྲོ་རྣམས་ནི་སྐྱབས་སུ་དོང་། །
སྐྱེ་དགུ་ཐམས་ཅད་རྨོངས་གྱུར་ཅིང་། །འཆི་མེད་ལམ་ལ་གཞོག་བྱེད་པ། །མི་ཟད་གཡོ་སྒྱུ་ཅན་ལ་ལྟོས། །དེའི་ཚེ་ན་བདུད་ཀྱི་བུ་མོ་མུན་བྲལ་མ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་གང་དག་ཐོས་ཙམ་གྱིས། །དགེ་སྦྱོང་ལ་ནི་སྐྱབས་སུ་
མཆིས། །གང་དག་དེ་ཡི་ཚིག་ཐོས་ཤིང་། །དེ་མཐོང་བ་ལྟ་སྨོས་ཅི་འཚལ། །བརྩོན་འགྲུས་སྣ་ཚོགས་སྦྱོར་བ་ཡིས། །ཁྱོད་ཀྱིས་ཡུན་ནི་རིང་དུ་གཟིགས། །བཀའ་མཆིད་སྣ་ཚོགས་ལྷན་ཅིག་མཛད། །དེ་ཡི་སྒྱུ་ནི་མ་བསླབས་སམ། །བདུད་ཀྱིས་སླར་
སྨྲས་པ། །དགེ་སྦྱོང་གཽ་ཏམ་བརྟན་པ་ཡིན། །རང་བཞིན་མཁས་པ་ཆེན་པོ་སྟེ། །སྟོང་པའི་ཆོས་ལ་ཡང་དག་ཞུགས། །རྒལ་ནས་སྐྱེ་དགུ་སྒྲལ་བར་བྱེད། །མུན་བྲལ་མས་སྨྲས་པ། སྟོང་པ་ལ་ནི་གང་ཞུགས་པ། །བདུད་རྣམས་བྱེ་བས་མི་བསྐྱོད་དེ། །བྱང་གྲོལ་
བདེ་བ་སྦྱིན་བགྱིད་པ། །དེ་ལ་བདག་ནི་སྐྱབས་སུ་མཆི། །མཚན་ཉིད་མ་མཆིས་ལྡན་པ་ཡི། །དེ་བཞིན་ཉིད་ལ་གང་རྟེན་ཅིང་། །ཡེ་ཤེས་ཀྱི་ནི་ཕ་རོལ་ཕྱིན། །དེ་ལ་བདག་ནི་སྐྱབས་སུ་མཆིས། །སྒྱུ་དེ་བདག་གིས་བསླབ་པར་བགྱི། །སེམས་ཅན་ཐམས་ཅད་
རྣམ་པར་དགྲོལ། །ཆོས་རྣམས་ཀུན་ལ་དབང་སྒྱུར་བའི། །བླ་མེད་སངས་རྒྱས་འགྲུབ་པར་ཤོག །བདུད་ཀྱི་བུ་མོ་ལྔ་བརྒྱ་སྙེད་བདུད་ཀྱི་གནས་དེར་འཁོད་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་པར་གྱུར་ཏེ། བདུད་སྡིག་ཅན་ཤས་ཆེར་འཁྲུགས་ཤིང་དངངས་ཏེ་རྨོངས་ནས་སྟོབས་
ཀྱི་ཤུགས་ཀྱིས་འཆག་སར་ཞུགས་ཏེ། བདུད་ཀྱི་སྟོབས་ཀྱི་ཤུགས་ཀྱི་ཆོ་འཕྲུལ་གྱིས་བྱིན་གྱིས་བརླབ་པ་དེ་ལྟ་བུ་བྱིན་གྱིས་བརླབས་སོ། །གང་གིས་དྲང་སྲོང་སྐར་མ་ལ་དགའ་བ་དེ་ནས་སོང་ནས་རིང་པོ་མ་ལོན་པར་དྲང་སྲོང་ཐུབ་པའི་གནས་རྟེན་དེར་བདུད་ཀྱི་གནས་དེ་

ནས་ནམ་མཁའ་ལས་རྡོའི་ཆར་པ་མེ་རབ་ཏུ་འབར་བའི་ཆར་མངོན་པར་རབ་ཏུ་དབབ་པར་བརྩམས་ཏེ། ཀླུ་ཐམས་ཅད་ཐལ་བར་རླག་པར་འདོད་ན། བཅོམ་ལྡན་འདས་ཀྱི་མཐུས་དེར་མེ་ཏོག་གི་ཆར་རྣམ་པ་སྣ་ཚོགས་རབ་ཏུ་བབ་སྟེ། ཀླུ་ཐམས་ཅད་རབ་ཏུ་དགའ་བར་
གྱུར་ཏོ། །དགའ་ཁྱབ་མས་སྨྲས་པ། ཀྱེ་བདུད་ཀྱི་བུ་མོ་དག་ཁྱེད་ལྟོས་ཤིག །འཛམ་བུའི་གླིང་དེར་དགེ་སྦྱོང་གཽ་ཏ་མ་ལ་ཀླུ་གང་དག་སྐྱབས་སུ་དོང་བ་དེ་དག་ཐམས་ཅད་ཀྱང་འདི་སྡུག་བསྔལ་མང་པོས་གནོད་པར་བྱེད་ན་གང་དག་འདིར་འཁོད་ནས་དགེ་སྦྱོང་གཽ་ཏ་མ་ལ་སྐྱབས་
སུ་དོང་བ་རང་གི་བུ་མོ་ཁྱེད་ལ་ལྟ་སྨོས་ཀྱང་ཅི་དགོས། བདུད་ཀྱི་བུ་མོས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་
བའི་ཕ་རོལ་འགྲོ། །སྟོན་པ་ལ་ནི་མེ་ཏོག་གཅིག་གཏོར་ཞིང་། །བྱང་ཆུབ་སྨོན་ལམ་བརྟན་པོ་བསྐྱེད་པས་ན། །དེ་ནི་བདུད་རྣམས་དུ་མས་གསད་མི་ནུས། །ནེམ་ནུར་མེད་པར་འཇིག་རྟེན་སངས་རྒྱས་འགྱུར། །དེ་ཡིས་བསླབ་པའི་གཞི་ནི་གཅིག་བླངས་ཤིང་། །
ཚིག་གི་དོན་གཅིག་ཙམ་ཡང་ཉན་བྱེད་ལ། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད་པ་དེ། །སེམས་ཅན་ཁ་ལོ་སྒྱུར་འགྱུར་ནེམ་ནུར་མེད། །ཡབ་ཀླུ་ཚོགས་འདི་མཐོང་སྟེ་སངས་རྒྱས་ཀྱིས། །དེར་ནི་མེ་ཏོག་ཆར་པ་སྣ་ཚོགས་འབེབས། །སངས་རྒྱས་ཡུལ་གཅིག་
གིས་ནི་ཁྱོད་ལ་བསྔོས། །དེར་ནི་ཅི་ཡང་ནུས་པར་མ་གྱུར་ཏོ། །གང་གིས་སེམས་ཅན་དེ་དག་སྡིག་ཟད་ཅིང་། །བདག་ཅག་གི་ནི་ལས་ཀྱི་སྒྲིབ་འབྱང་བ། །ཆེད་དུ་ལུང་བསྟན་པ་ནི་དེར་ཉན་པའི། །རིག་པ་གཅིག་ཀྱང་དེར་ནི་སྟོན་པས་གསུངས། །དེ་ནས་བདུད་
སྡིག་ཅན་ཤས་ཆེར་འཁྲུགས་ཤིང་གཤེ་སྟེ། སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ནས་མྱ་ངན་གྱི་ཁང་པར་གཅིག་པུ་འདུག་གོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་བཅོམ་ལྡན་འདས་ཀྱི་ཚངས་པའི་གནས་པ་དམིགས་པ་མེད་

པའི་གཏམ་གྱི་ཐ་མར་མཇུག་ཐོགས་སུ་བཅོམ་ལྡན་འདས་བཞུགས་པ་དེར་ཕྱིན་ཏེ་འདུག་གོ། །བཅོམ་ལྡན་འདས་ག་ལ་བ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བས་འདི་སྐད་ཅེས་གསོལ་ཏོ་ཞེས་
བྱ་བའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བགྱིད་པའི་གཟུངས་སྔགས་བཤད་པར་གསོལ། གཟུངས་སྔགས་ཀྱི་གཞི་དེ་དག་གིས་ནི་སྔོན་བདག་ཅག་གཉིས་བྲམ་ཟེའི་ཁྱེའུ་གཉིས་སུ་གྱུར་པ་ན་ལུས་ཀྱི་སླད་དུ་རྒྱལ་པོ་རྒྱལ་གྱི་ལྷ་
ལ་ནོངས་པ་བགྱིས་པས་འགུམ་པ་ལ་ཐུག་སྟེ་བཙོན་རར་སྩལ་ནས། ཟླ་བ་ཕྱེད་ཟས་དང་བྲལ་ཞིང་བཅིང་བ་ལྔས་བཅིངས་ནས་དེ་བཞིན་གཤེགས་པ་མན་དཱ་ར་བའི་བསུང་ལ་ཡིད་ལ་གཞན་མི་སེམས་པར་གསོལ་བ་བཏབ་པ་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་
མན་དཱ་ར་བའི་བསུང་བདག་ཅག་ལ་ཐུགས་བརྩེ་བས་རང་གི་གནས་ཀྱི་ཤུལ་ཀར་བཞུགས་ནས་སངས་རྒྱས་ཀྱི་ཡུལ་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལུང་བསྟན་པ་དེ་ལྟ་བུས་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བགྱིད་པའི་གཟུངས་སྔགས་བསྟན་ཏེ། སངས་རྒྱས་ཀྱི་མཐུས་
བརྩོན་ར་དེར་བདག་ཅག་གི་རྣ་ལམ་དུ་དོན་དང་བཅས། ཚིག་འབྲུ་དང་བཅས་པར་གྲགས་སོ། །གསང་སྔགས་ཡིད་ལ་བགྱིད་པ་དེ་དག་གིས་བདག་ཅག་དགའ་བ་དང་དད་པ་ཡང་དག་པར་བསྐྱེད་ནས་དེའི་ཚེ་བདག་ཅག་གི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཐམས་
ཅད་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་