Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ

Văn bản gốc(Tây Tạng)

Trang 10 / 17 (50.000 ký tự/trang)
ས་པ་དེ་བས་ཆེས་ཁྱད་པར་དུ་འཕགས་པའམ། ཆེས་
མཆོག་ཏུ་གྱུར་པའི་བྱ་དཀའ་བ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་གང་དག་དེ་དག་གིས་བྱ་བས་ཀུན་ཏུ་བསྟན་པར་མི་ནུས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་ཀུན་ཏུ་བསྟན་ཏེ། །ཞི་བའི་བློ་གྲོས་དེ་ལ་ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྐང་པ་ཡ་གཅིག་བཙུགས་ཏེ།
འདུག་པར་མཐོང་། ཁ་ཅིག་གིས་ནི་ལག་པ་བཏེག་སྟེ་འདུག་པར་མཐོང་། ཁ་ཅིག་གིས་ནི་ཉི་མ་ལ་ལྟ་ཞིང་འདུག་པར་མཐོང་། ཁ་ཅིག་གིས་ནི་གདུང་བ་ལྔས་གདུང་བར་མཐོང་། །ཁ་ཅིག་གིས་ནི་ཙོག་ཙོག་པོར་འདུག་ཅིང་སྤོང་བ་ལ་སྦྱོར་བར་བརྩོན་པར་མཐོང་། ཁ་ཅིག་གིས་ནི་རྐང་

པ་བཙུགས་ཏེ་མི་འགུལ་བར་མཐོང་། ཁ་ཅིག་གིས་ནི་རྐང་པ་གྱེན་དུ་བསྒྲེང་སྟེ་འདུག་པར་མཐོང་། ཁ་ཅིག་གིས་ནི་ཁས་བུབ་ཏུ་འདུག་པར་མཐོང་། ཁ་ཅིག་གིས་ནི་ཚེར་མའི་སྟེང་ན་ཉལ་བར་མཐོང་། ཁ་ཅིག་གིས་ནི་བ་ལང་གི་ལྕི་བའི་ནང་ན་ཉལ་བར་མཐོང་།
ཁ་ཅིག་གིས་ནི་རྡོ་ལེབ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་མཐོང་། ཁ་ཅིག་གིས་ནི་རྩིག་པ་ལ་སྙེས་པ་དང་། ཁ་ཅིག་གིས་ནི་ཤིང་ལེབ་ལ་སྙེས་པ་དང་། ཁ་ཅིག་གིས་ནི་གཏུན་ཤིང་ལ་སྙེས་པ་དང་། ཁ་ཅིག་གིས་ནི་ཕྱག་དར་ཁྲོད་ན་ཉལ་བ་དང་། ཁ་ཅིག་གིས་ནི་ཉི་མ་ཡོངས་
སུ་སྒྱུར་བ་དང་། ཁ་ཅིག་གིས་ནི་ཤིང་ལེབ་གྱོན་པ་དང་། ཁ་ཅིག་གིས་ནི་རྩྭ་མུན་ཛའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་རྩྭ་བལ་པ་ཛའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་རྩྭ་ཀུ་ཤའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་རི་དགས་ཀྱི་པགས་པ་གྱོན་པ་དང་། ཁ་ཅིག་གིས་ནི་རྩྭ་ཙི་
ར་གྱོན་པ་དང་། ཁ་ཅིག་གིས་ནི་སྒྲེན་མོར་འདུག་པ་དང་། ཁ་ཅིག་གིས་ནི་རྩྭ་དར་བྷའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་ཤིང་ཤུན་གྱི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་སྲེད་ཟ་བ་དང་། ཁ་ཅིག་གིས་ནི་ནས་ཟ་བར་མཐོང་ངོ་། །ཁ་ཅིག་གིས་ནི་རྩ་བ་ཟ་བ་དང་། ལོ་མ་ཟ་བ་དང་།
མེ་ཏོག་ཟ་བ་དང་། འབྲས་བུ་ཟ་བ་དང་། སྡོང་བུ་ཟ་བ་དང་། གཟེགས་མ་ཟ་བ་དང་། པདྨའི་རྩ་བ་ཟ་བ་དང་། ཞག་དྲུག་སྨྱུང་བ་དང་། ཤ་མི་ཟ་བ་དང་། རྒྱ་ཤུག་ཟ་བ་དང་། ནས་ཤིན་ཏེ་ཟ་བ་དང་། ཅི་ཙེ་ཟ་བ་དང་། མོན་སྲན་སྡེའུ་ཟ་བ་དང་། མོན་སྲན་གྲེའུ་ཟ་བ་དང་། བྲ་ཡོས་ཟ་བ་དང་།
ཏིལ་ཟ་བ་དང་། འབྲས་སྐམ་ཟ་བ་དང་། ཆུ་འཐུང་བ་ཙམ་གྱིས་འཚོ་བ་དང་། མར་གྱི་ཐིགས་པ་ཙམ་གྱིས་འཚོ་བ་དང་། སྦྲང་རྩིའི་ཐིགས་པ་ཙམ་གྱིས་འཚོ་བ་དང་། འོ་མའི་ཐིགས་པ་ཙམ་གྱིས་འཚོ་བ་དང་། ཁ་ཅིག་གིས་ནི་ཟས་མི་ཟ་བ་དང་། ཁ་ཅིག་གིས་ནི་གཉིད་དང་བྲལ་བར་མཐོང་ངོ་། །
ཁ་ཅིག་གིས་ནི་འདུག་པ་འབའ་ཤིག་ཏུ་མཐོང་ངོ་། །ཁ་ཅིག་གིས་ནི་འགྲེང་བ་འབའ་ཤིག་ཏུ་མཐོང་ངོ་། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱོད་ལམ་དེ་དག་དང་། དཀའ་བ་སྤྱོད་པ་ཚད་མེད་པ་གཞན་དག་ཀྱང་སྟོན་ཏེ། ལོ་དྲུག་ཚང་བར་སྤྱོད་ལམ་གཅིག་ཀྱང་མ་འཁྲུགས་པར་ཐམས་ཅད་

རྫོགས་པར་བསྟན་པར་གྱུར་ཏོ། །བརྟུལ་ཞུགས་ཤིན་ཏུ་ཁྱད་པར་དུ་འཕགས་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། དཀའ་ཐུབ་ཤིན་ཏུ་བརྟན་པོས་ལོ་དྲུག་ཏུ་བརྟུལ་ཞུགས་དང་། དཀའ་ཐུབ་ཐམས་ཅད་སྟོན་ཀྱང་སེམས་ཅན་གཞན་དང་གཞན་ལ་མ་མོས་པ་དག་གིས་བརྟུལ་
ཞུགས་དང་། དཀའ་ཐུབ་གཞན་དང་གཞན་དུ་མི་མཐོང་སྟེ། གཞན་དུ་ན་ཅི་འདྲ་བའི་བརྟུལ་ཞུགས་དང་། དཀའ་ཐུབ་ཅི་འདྲ་བ་དག་གིས་སེམས་ཅན་དེ་དག་འདུལ་བར་འགྱུར་བ་དེ་འདྲ་བའི་བརྟུལ་ཞུགས་དང་། དཀའ་ཐུབ་མཐོང་བ་ནི་མ་གཏོགས་སོ། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་
ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་བཏང་སྙོམས་ཅན་ཡང་ཡིན་ལ་བྱ་བ་དེ་དག་ཀྱང་ཀུན་ཏུ་སྟོན་ཏེ། དཀའ་བ་སྤྱོད་པ་འདིས་ལྷ་དང་མི་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་ཐེག་པ་གསུམ་པོ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། །ཞི་བའི་བློ་གྲོས་ལྷ་དང་། མི་གང་དག་རྒྱ་ཆེན་པོ་ལ་མོས་པ་ཡོངས་སུ་སྦྱོང་བ་
བྱས་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཁང་པ་བརྩེགས་པ་ན་འདུག་ཅིང་མཁའ་ཁྱབ་ཀྱི་བསམ་གཏན་ལ་བསམ་གཏན་བྱེད་པ་དང་། མི་གཡོ་བ་དང་། བདེ་བ་མྱོང་བ་དང་། ལོ་དྲུག་ལོན་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལས་ལངས་པར་མཐོང་ངོ་། །ཞི་བའི་བློ་གྲོས་
དེ་ལ་ལྷ་དང་མི་ཆོས་ཅན་ཆོས་འདོད་པ་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་གང་ཡིན་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་ལས་གཞན་མི་བྱེད་པར་རྒྱུན་མི་འཆད་པར་ཆོས་སྟོན་པར་མཐོང་སྟེ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ལ་སྦྱོར་བ། ཡེ་ཤེས་ཆེན་
པོ་ཡང་དག་པར་འབྱུང་བ་ཞེས་བྱའོ། །ཆོས་ཀྱི་ཚུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་ཞེས་བྱའོ། །བྱ་དཀའ་བའི་ཡེ་ཤེས་ལ་འཇུག་པ། བདུད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་ཞེས་བྱའོ། །ཞི་བའི་བློ་གྲོས་དེ་ལྟར་ལོ་དྲུག་ཚང་ནས་བྱང་ཆུབ་སེམས་དཔའ་ཇི་སྐད་
སྨོས་པའི་བརྟུལ་ཞུགས་དང་། དཀའ་ཐུབ་དེ་དག་ལས་ལངས་ཏེ་ཀླུང་ནེ་རན་ཛ་ནའི་འགྲམ་དུ་སོང་ནས་འཇིག་རྟེན་དང་འཐུན་པར་ཁྲུས་བྱས་ཏེ། ལུས་གཙང་མར་བྱས་ནས་ཀླུང་ནེ་རན་ཛན་ནས་བྱུང་སྟེ་འདུག་པར་གྱུར་ཏོ། །དེ་ན་གྲོང་མིའི་བུ་མོ་ལེགས་སྐྱེས་མ་ཞེས་བྱ་བ་དེས་བ་སྟོང་གི་འོ་མ་བསྐོལ་བ་སྦྲང་

རྩི་དང་བསྲེས་པའི་འོ་ཐུག་ཁྱེར་ཏེ་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ངོ་། །གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུ་ཡང་རང་རང་གི་ཟས་
ཐོགས་ཏེ་འཁོད་ནས་སོ་སོ་ནས་ཚིག་འདི་སྐད་དུ། ཀྱེ་སྐྱེས་བུ་དམ་པ་བདག་གི་བཤོས་གསོལ་ཅིག །ཀྱེ་སྐྱེས་བུ་དམ་པ་བདག་གི་བཤོས་གསོལ་ཅིག་ཅེས་ཟེར་རོ། །ཞི་བའི་བློ་གྲོས་དེ་ན་བྱང་ཆུབ་སེམས་དཔས་གྲོང་མིའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པ་ལྷ་དང་།
ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱི་ཁ་ཟས་དེ་དག་བླངས་ནས་ཐམས་ཅད་ཟོས་ཀྱང་ཕན་ཚུན་མ་མཐོང་ངོ་། །ལྷའི་བུ་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ཏེ། བྱང་ཆུབ་སེམས་དཔའ་བདག་གི་བཤོས་གསོལ་ནས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཤེས་སོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏེ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའ་
ཟས་ལེན་པར་སྦྱོར་བ་དཀའ་བ་སྤྱོད་པ་ཡང་དག་འཕགས་ཞེས་བྱ་བའོ། །ཟས་ལེན་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དཀའ་བ་སྤྱོད་པ་ཡང་དག་འཕགས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ལུས་བཀྲུས་ཏེ་ལུས་
སྟོབས་དང་ལྡན་པར་གྱུར་ནས་ཟས་ཟོས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་ངོ་། །དེ་སོང་བ་དང་ས་ལ་སྤྱོད་པའི་ལྷའི་བུས་བཟངས་ཞེས་བྱ་བས་ས་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ལ་བོས་ཏེ་སྨྲས་པ། ས་འཛིན་གང་ཞིག་མི་གཡོ་མི་བསྐྱོད་པ། །སྲེད་པས་བསལ་ཅིང་
ཁོང་ཁྲོ་རབ་སྤངས་པ། །བྱང་ཆུབ་སེམས་དཔའ་དེ་ནི་ཤིང་དྲུང་བྱོན། །ས་གཞི་དག་ནི་ལེགས་པར་བརྒྱན་པར་བྱ། །ལེགས་སོ་ཞེས་ཏེ་ས་ལ་སྤྱོད་རྣམས་དགའ། །སྟོང་གསུམ་ཐམས་ཅད་ཡོངས་སུ་ཕྱག་དར་བྱེད། །མེ་ཏོག་སིལ་མ་བཀྲམ་ཞིང་སྤོས་མཆོག་བདུགས། །

སྤོས་ཆུ་དག་གིས་ས་གཞི་ཆག་ཆག་བཏབ། །ལག་ན་གཞོང་ཐོགས་དེ་བཞིན་ཕྲེང་བ་ཐོགས། །གཞལ་མེད་ཁང་གནས་དེ་བཞིན་བར་སྣང་བ། །དེ་དག་བྱང་ཆུབ་སེམས་དཔའ་མཐོང་ནས་དགའ། །དེ་ཚེ་མེ་ཏོག་སྣ་ཚོགས་ཆར་དུ་ཕབ། །གླིང་བཞི་པ་དག་རྣམས་ནི་
སྐྱོང་བ་བཞི། །ཇི་སྙེད་པ་དག་ཐམས་ཅད་འཁོར་བཅས་ཏེ། །རྣམ་པར་འདྲེན་ལ་མཆོད་པ་བྱ་བའི་ཕྱིར། །གསེར་གྱི་དྲ་བས་སྟོང་གསུམ་ཐམས་ཅད་བཀབ། །སྟོང་གསུམ་འཇིག་རྟེན་བརྒྱ་བྱིན་རྫུ་འཕྲུལ་ཆེ། །དེ་དག་བྱང་ཆུབ་སེམས་དཔའ་མཆོད་པའི་ཕྱིར། །
སུམ་ཅུ་རྩ་གསུམ་རྣམ་རྒྱལ་ཁང་མཛེས་པ། །དེ་ལྟས་སྟོང་གསུམ་ཐམས་ཅད་མཛེས་པར་བརྒྱན། །འཐབ་བྲལ་ལྷ་རྣམས་ཐམས་ཅད་རབ་དགའ་སྟེ། །སྐྱེས་བུ་མཆོག་ལ་ཡང་དག་མཆོད་པའི་ཕྱིར། །མི་མཇེད་འཇིག་རྟེན་ཁམས་ཀྱི་སྟོང་གསུམ་ཀུན། །
ནམ་མཁའ་བཻ་དཱུརྱ་ཡི་དྲ་བས་བཀབ། །དགའ་ལྡན་རབ་དང་དགའ་ལྡན་ལྷ་རྣམས་ཀྱང་། །དེ་དག་མུ་ཏིག་དྲ་བས་བརྒྱན་པ་བྱས། །རྒྱན་ཕྲེང་དེ་བཞིན་ཟླ་གམ་རྣམས་ཀྱང་ཐོགས། །མུ་ཏིག་སིལ་མའི་ཆར་ཡང་རབ་ཏུ་འབེབས། །ལྷའི་རྒྱལ་པོ་རབ་ཏུ་འཕྲུལ་གྱི་
བར། །རབ་ཏུ་དགའ་ནས་འཛམ་བུའི་ཆུ་གསེར་གྱི། །དྲིལ་བུའི་དྲ་བ་གསེར་གྱི་དྲར་བཅས་དང་། །སྒྲ་སྙན་བཅས་པས་སྟོང་གསུམ་ཐམས་ཅད་བཀབ། །ཐམས་ཅད་དོན་ལ་མི་འཇིགས་མཆོད་པའི་ཕྱིར། །དབང་སྒྱུར་དག་གིས་ལྷ་ཡི་རིན་པོ་ཆེ། །རྣམ་པར་དག་ཅིང་
གཟི་བརྗིད་མཐའ་ཡས་པ། །འོད་གསལ་དྲི་མེད་དྲ་བ་གཅིག་ཀྱང་སྤྲུལ། །ཀླུ་དང་དྲི་ཟ་ལྟོ་འཕྱེ་ཆེན་པོ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི་ཀུན་གྱིས། །རང་རང་གནས་དང་བཀོད་པ་རྣམས་ཀྱིས་ནི། །འདོད་ཁམས་ལེགས་པར་བརྒྱན་ནས་མཛེས་པར་བྱས། །
ཞི་བའི་བློ་གྲོས་དེ་ནས་སྟོང་གསུམ་གྱི་དབང་པོ་ཚངས་པ་ཆེན་པོ་དབང་སྒྱུར་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པར་མཐོང་ནས་ཚངས་རིས་ཀྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་གོ་ཆ་ཆེན་པོ་མནབས་པ། དམ་བཅས་པ་ཆེན་པོ་མ་བོར་བ། གོ་ཆ་སྲ་བ་མནབས་པ། ཐུགས་ཡོངས་སུ་མི་སྐྱོ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ངེས་པར་བྱུང་བ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ། བྱང་ཆུབ་
སེམས་དཔའི་ས་ཐམས་ཅད་ལ་མངའ་དབང་བརྙེས་པ། བྱང་ཆུབ་སེམས་དཔའི་བསམ་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལ་ཤིན་ཏུ་ཞུགས་པ། བདུད་
ཀྱི་ལས་ཀྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། དགེ་བའི་རྩ་བ་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་རབ་ཏུ་ཐར་པའི་ལམ་སྟོན་པ་དེད་དཔོན་ཆེན་པོར་གྱུར་པ།
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་མཛད་པ། སྟོང་གསུམ་ན་དཔའ་བོ་གཅིག་པུར་གྱུར་པ། ཆོས་ཀྱི་སྨན་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྨན་པའི་རྒྱལ་པོ་ཆེན་པོ། རྣམ་པར་གྲོལ་བའི་ཐབས་བརྙེས་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ། ཤེས་
རབ་ཀྱི་འོད་ཆེན་པོ་གཏོང་བ་ཏོག་ཆེན་པོའི་རྒྱལ་པོ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ་པདྨ་ཆེན་པོ་ལྟ་བུ། ཆོས་ཐམས་ཅད་ཀྱི་གཟུངས་མ་བསྙེལ་བ་རྒྱ་མཚོ་ཆེན་པོ་དང་འདྲ་བ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ། མི་གཡོ་བ། མི་བསྐྱོད་
པ། རི་རབ་ཆེན་པོ་ལྟ་བུ། ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དཀར་བའི་བློ་དང་ལྡན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བ། ཆོས་ཐམས་ཅད་ལ་དབང་སྒྱུར་བ། སེམས་ལས་སུ་རུང་བ། ཚངས་པ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བདུད་ཀྱི་
སྡེ་རབ་ཏུ་གདུལ་བ་དང་། བླ་ན་མེད་པ་ཡང་དག་པར་མངོན་པར་རྫོགས་པར་བྱང་ཆུབ་པར་བཞེད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་མཛད་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་།

སེང་གེའི་སྒྲ་ཆེན་པོ་བསྒྲག་པ་དང་། ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྣམ་པར་སྦྱང་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་གཅད་པ་དང་། སྔོན་དམ་བཅས་པ་
ཡོངས་སུ་རྫོགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟན་པར་བཞེད་པ་དང་། ཆོས་ཐམས་ཅད་ལ་དབང་ཕྱུག་གི་མངའ་དབང་བརྙེས་པར་མཛད་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་གྲོགས་པོ་དག་ཁྱེད་བྱང་ཆུབ་སེམས་དཔའ་ལ་མཆོད་པ་
དང་རིམ་གྲོ་བྱ་བ་ལ་སྤྲོ་བར་གྱིས་ཤིག །དེ་ནས་སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་མི་མཇེད་ཀྱི་བདག་པོ་དེ་ཡིད་རབ་ཏུ་དགའ་ནས་ཚངས་རིས་ཀྱི་ལྷ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བསྐལ་པ་བརྒྱ་སྟོང་མང་པོར་བརྟུལ་ཞུགས་དང་དཀའ་ཐུབ་བསགས་པ།
སྐྱེས་བུ་ཆེན་པོ་དམ་པ་དེ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་བཞུད་ཀྱིས། དེ་ལ་ཁྱེད་ཀྱིས་བཀོད་པ་ཆེན་པོ་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་བརྒྱན་པར་གྱིས་ཤིག །དེ་ནས་ཚངས་པ་ཆེན་པོ་མི་མཇེད་ཀྱི་བདག་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་
སོ། །སེམས་ཅན་རྣམ་དག་བརྟུལ་ཞུགས་ཆོས་ངེས་པ། །ལྷར་བཅས་འཇིག་རྟེན་དག་ལ་ཕན་བཞེད་པ། །ལྷ་དང་མི་ཡིས་མཆོད་པ་ལྷ་ཡི་ལྷ། །ཐུབ་པ་ཆེན་པོ་བྱང་ཆུབ་སྙིང་པོར་གཤེགས། །སྡེ་དང་བཅས་པའི་བདུད་ནི་གདུལ་བ་དང་། །ཐམས་ཅད་
མཁྱེན་གྱི་ཡེ་ཤེས་འཚང་རྒྱ་དང་། །རྫོགས་པའི་སངས་རྒྱས་ཆོས་རྣམས་ཡོངས་བཀང་དང་། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མཁས་པ་སེང་གེའི་སྒྲ་ཆེན་བསྒྲག་པ་དང་། །སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་། །དམ་པའི་ཆོས་མིག་ཡོངས་སུ་
སྦྱང་བའི་ཕྱིར། །འདྲེན་པ་བྱང་ཆུབ་སྙིང་པོར་ཉེ་བར་གཤེགས། །ཕས་ཀྱི་རྒོལ་བ་རྣམས་ནི་ཚར་གཅད་དང་། །སྔོན་གྱི་དམ་བཅས་ཡོངས་སུ་བཀང་བ་དང་། །རྫོགས་སངས་རྒྱས་ཀྱི་མཛད་པ་བསྟན་པའི་ཕྱིར། །འདྲེན་པ་བྱང་ཆུབ་སྙིང་པོར་ཉེ་བར་གཤེགས། །

ལེགས་པར་ཐམས་ཅད་ལྷན་ཅིག་འདུས་ནས་ནི། །ས་ཡི་གཞི་ནི་ལེགས་པར་བརྒྱན་པར་བྱ། །སྟོང་གསུམ་བརྒྱན་པར་གྱུར་ལ་ལྟོས་ཤིག་ཀྱེ། །འདོད་པའི་ཁམས་ཀྱང་བརྒྱན་པར་གྱུར་པ་ལྟོས། །འདོད་པའི་ཁམས་ནི་ཇི་ལྟར་བརྒྱན་པ་བཞིན། །དེ་ལྟར་
གཟུགས་ཀྱི་ཁམས་ཀྱང་བརྒྱན་པར་བྱ། །ཚངས་པ་རྣམས་ནི་སེམས་དང་ལེགས་སོ་ཞེས། །རབ་ཏུ་དགའ་ནས་སྟོང་གསུམ་བརྒྱན་པར་གྱུར། །ཇི་ལྟར་འདོད་པའི་ཁམས་ན་བཀོད་སྣང་བ། །དེ་བས་ལྷག་པའི་མཆོད་པ་དེ་དག་བསྟན། །མེ་ཏོག་རྣམས་ཀྱིས་བཀང་ཞིང་
སྤོས་ཀྱིས་བཀང་། །རིན་ཆེན་རྣམས་ཀྱིས་མཆོད་ཅིང་སིལ་སྙན་བསྒྲགས། །ཚངས་པ་ལ་སོགས་འོག་མིན་ལྷ་ཡི་རྣམས། །རབ་ཏུ་དགའ་ནས་སྟོང་གསུམ་ཐམས་ཅད་ཀྱང་། །དགའ་བར་འགྱུར་དང་ཕྱག་བྱའི་འོས་སུ་བྱས། །རང་རང་གནས་ཀྱི་གཞི་ཡང་བཀོད་པ་བྱས། །
ལྷ་རྣམས་ཀྱིས་ནི་གོང་ནས་གོང་དུ་ཡང་། །ལྷག་པ་ལྷག་པའི་རྒྱན་རྣམས་རབ་ཏུ་བསྟན། །ལྷ་ཡི་བུ་མོ་བྱེ་བ་དྲུག་ཅུ་བརྒྱས། །བྱང་ཆུབ་རྡོ་རྗེ་གདན་ནི་རྒྱན་པར་བྱེད། །སྤོས་ཆུ་ཡིས་ནི་ཀུན་ཏུ་ཆག་ཆག་འདེབས། །མེ་ཏོག་སྣ་ཚོགས་དག་ཀྱང་འཐོར་བར་བྱེད། །ས་གཞི་དག་
ལ་རིན་ཆེན་རྣམས་ཀྱང་བཀྲམ། །བྱང་ཆུབ་སྙིང་པོར་རྒྱན་རྣམས་རབ་ཏུ་བསྟན། །ཐམས་ཅད་ཚིག་གིས་བརྗོད་པར་མི་ནུས་པ། །དེ་སྙེད་ཚད་ཀྱི་བཀོད་པ་འདིར་བྱས་གྱུར། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན་སྟོང་གི་དབང་པོ་ཚངས་པ་ཆེན་པོ་
མི་མཇེད་ཀྱི་བདག་པོས་ཚངས་རིས་ཀྱི་ལྷ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་བརྟུལ་ཞུགས་དང་། དཀའ་ཐུབ་རྣམས་ཀྱི་སྤྱོད་པ་སྤྱད་པ་སེམས་ཅན་གྱི་མཆོག་སྐྱེས་བུ་ཆེན་པོ་འདི་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་ཁྱེད་ཀྱིས་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་ཆེན་པོ་རྣམས་ཀྱིས་བརྒྱན་པར་གྱིས་ཤིག །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ཚངས་རིས་ཀྱི་ལྷའི་བུ་རྣམས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་རྣམ་དག་བརྟུལ་ཞུགས་ཆོས་དེས་པ། །ཕན་བཞེད་

འཇིག་རྟེན་དོན་མཛད་བདག་ཉིད་ཆེ། །དེ་ནི་བློ་ངན་སྡེར་བཅས་བདུད་འདུལ་དུ། །ཤིང་གི་དབང་པོ་བྱང་ཆུབ་དྲུང་དུ་བཞུད། །ཐམས་ཅད་འདུས་ཏེ་ལྷན་ཅིག་འདོང་བར་བྱ། །སྟོང་གསུམ་མི་མཇེད་འདི་ནི་བརྒྱན་པར་བྱ། །འདི་ནི་ལྷར་བཅས་འཇིག་རྟེན་ཆོས་ཀྱི་དབང་། །ཡང་དག་
མཆོད་ན་བསོད་ནམས་མཐའ་ཡས་འགྱུར། །ཚངས་པ་དེ་དག་ཚིག་མཆོག་དེ་ཐོས་ནས། །སྟོང་གསུམ་ཐམས་ཅད་མ་ལུས་རྒྱན་བྱེད་ཅིང་། །ལེགས་པར་ཕྱགས་ཏེ་མེ་ཏོག་རྒྱལ་མཚན་བརྒྱན། །འཇིག་རྟེན་ཁམས་ནི་རིན་ཆེན་རང་བཞིན་སྤྲུལ། །ཉི་མ་ཟླ་བའི་འོད་ཀྱི་
བཀོད་པ་དང་། །བྱེ་བའི་གདུགས་རྣམས་ནམ་མཁར་དེ་དག་སྤྲུལ། །སཱ་ལའི་ཤིང་རྣམས་མེ་ཏོག་མཆོག་སྤྲས་པ། །དགའ་ཚལ་ལྟ་བུ་དེ་དག་རྣམས་ཀྱིས་སྤྲུལ། །ལམ་གང་ནས་ནི་དྲང་སྲོང་ཆེ་གཤེགས་པ། །དེ་ནི་ཤིང་རྟ་བདུན་བསྟམས་ཚད་དུ་སྤྲུལ། །རིན་
ཆེན་གཞི་ལ་གསེར་གྱི་པདྨ་བཀྲམ། །ཁ་ཁྱེར་རིམ་པ་བདུན་གྱིས་ཡོངས་སུ་བསྐོར། །བརྒྱ་བྱིན་གྱིས་དེར་བཀོད་པ་གང་བྱས་པ། །དེ་དག་ལྷ་མི་རྣམས་ཀྱིས་སྔོན་མ་མཐོང་། །སུམ་ཅུ་གསུམ་དབང་རྣམ་རྒྱལ་ཁང་འདྲ་བར། །དེ་ལྟར་གླིང་བཞི་དག་ནི་མཛེས་པར་
བརྒྱན། །འཐབ་བྲལ་ལྷ་དང་དགའ་ལྡན་འཕྲུལ་བ་དང་། །གཞན་འཕྲུལ་བ་དང་འོག་མིན་ལྷ་ཡི་རྣམས། །སྟོབས་དང་ཤུགས་འཆང་ཐམས་ཅད་བརྩོན་པར་ནི། །བྱང་ཆུབ་སྙིང་པོ་དམ་པ་རྒྱན་པར་བྱེད། །བྱང་ཆུབ་སྙིང་པོར་གཤེགས་པའི་བར་དེར་ནི། །འདོད་པའི་ཁམས་
འདིར་དཀོན་མཆོག་གང་ཡོད་པ། །ལྷ་འམ་ཀླུ་འམ་མི་འམ་ཅི་རྣམས་ཀྱི། །དེ་དག་ཐམས་ཅད་སྐད་ཅིག་དེ་ལ་བསྟན། །ཕྱོགས་བཞི་དག་ནས་ལྷ་མོ་བྱེ་བ་ལྷགས། །མེ་ཏོག་རྣམས་དང་སྤོས་དང་བྱུག་པ་ཡིས། །བྱང་ཆུབ་ཤིང་ནི་མངོན་དུ་རྒྱན་པར་བྱེད། །སྤོས་ཆུ་ཡིས་
ནི་ཀུན་ཏུ་ཆག་ཆག་འདེབས། །བྱང་ཆུབ་ཤིང་ནི་ལེགས་པར་བརྒྱན་བྱས་ཏེ། །སུམ་ཅུ་རྩ་གསུམ་ལྷ་ཡི་ཡོངས་འདུ་འདྲ། །ལྷ་རྣམས་བྱེ་བ་དག་གིས་མཛེས་སྤྲུལ་པ། །བཀོད་པ་དེ་དག་ཚིག་གིས་བརྗོད་མི་ནུས། །ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་

སྙིང་པོར་འགྲོ་བ་ན་རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་པ་གཉིས་ལས་འདི་འདྲ་བའི་འོད་ཕྱུང་སྟེ་འོད་དེས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚོར་བ་རྣམས་རྒྱུན་
བཅད་དོ། །ཀླུའི་རྒྱལ་པོ་ནག་པོའི་གནས་ཀྱང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་ཀླུའི་བདག་པོ་ནག་པོས་བྱང་ཆུབ་སེམས་དཔའི་འོད་མཐོང་ནས་ཚིམ་ཞིང་མགུལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་ཐམས་ཅད་དང་ལྡན་པའི་རང་གི་
འཁོར་ལ་ཚིགས་སུ་བཅད་པས་སྨྲས་པ། གསེར་གྱི་ཁ་དོག་འདྲ་བའི་འོད། །གནས་འདིར་ལྷང་ངེར་གྱུར་པས་ན། །ཁོ་བོའི་ལུས་ནི་རབ་ཏུ་ཚིམ། །སེམས་ཀྱང་རབ་ཏུ་དགའ་བར་གྱུར། །ཁོ་བོས་སྔོན་གྱི་སངས་རྒྱས་ཀྱི། །ལྟས་བཟང་མཐོང་བ་ལྟར་ན་ནི། །གདོན་
མི་ཟ་བར་དཔའ་ཆེན་པོ། །སངས་རྒྱས་འཇིག་རྟེན་འབྱུང་བར་འགྱུར། །ལེགས་པར་ཕྱེ་མ་ཕྲེང་བ་དང་། །སྤོས་དང་མེ་ཏོག་བྱུག་པ་དང་། །གསེར་དང་ནོར་བུ་མུ་ཏིག་དང་། །དུང་དང་རྒྱན་ཕྲེང་མཆོག་རྣམས་དང་། །རོལ་མོ་སིལ་སྙན་རྣམས་ཐོགས་ལ། །གདུགས་དང་
རྒྱལ་མཚན་ཐོགས་ནས་ནི། །བ་དན་དག་ཀྱང་བསྒྲེང་བྱས་ཏེ། །སྟོན་པ་ལ་ནི་མཆོད་པར་བྱ། །ཀླུ་ཡི་རྒྱལ་པོའི་གནས་འདི་ན། །བཟང་པོའི་རྒྱན་རྣམས་ཇི་སྙེད་པ། །དེ་དག་རབ་ཏུ་དགའ་བ་ཡིས། །སངས་རྒྱས་ལ་ནི་རིམ་གྲོ་བྱ། །དེ་ནས་ཀླུའི་རྒྱལ་པོ་ནག་པོ་ཆུང་མའི་འཁོར་
དང་བཅས། གཉེན་གྱི་འཁོར་དང་བཅས་ཏེ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐོགས་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་འབྱིན་པ་རྣམས་དང་ལྷན་ཅིག་ཏུ་རང་གི་གནས་ནས་
བྱུང་སྟེ་སྤོས་ཆུས་གང་བའི་སྤྲིན་མངོན་པར་སྤྲུལ་ནས་སྤོས་ཆུའི་ཆར་པ་ནི་འབེབས། ཀླུའི་མུ་ཏིག་དང་། ཀླུའི་མེ་ཏོག་གི་ཆར་ནི་འབེབས་ཤིང་། ཀླུའི་མཐུ་ཆེན་པོ་དང་། ཀླུའི་རྫུ་འཕྲུལ་ཆེན་པོས་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཁོར་དང་བཅས་པས་བྱང་ཆུབ་སེམས་དཔའ་ལ་

མཆོད་པ་བྱས་ཏེ་ཞབས་ལ་ཕྱག་འཚལ་ནས། རོལ་མོ་དང་། སིལ་སྙན་ལེན་པ་དང་། བཅས་པས་བྱང་ཆུབ་སེམས་དཔའ་ལ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་མངོན་པར་བསྟོད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེས་བུ་མཆོག་གི་འོད་ནི་རབ་བཀྱེ་བས། །སངས་རྒྱས་
ཞིང་འདི་ཐམས་ཅད་སྣང་བར་གྱུར། །སྐད་ཅིག་དེ་ལ་ངན་སོང་གསུམ་ཡང་ཞི། །ནག་པོའི་གནས་ཀྱང་འོད་ཀྱིས་ཁྱབ་པར་གྱུར། །ཀླུ་ཡི་རྒྱལ་པོ་དེ་ཡིས་འོད་མཐོང་ནས། །རབ་ཏུ་དགའ་སྟེ་དེ་ཚེ་ཚིག་སྨྲས་པ། །གསེར་གྱི་མདོག་གི་འོད་འདི་བྱུང་ལགས་ན། །དེ་རིང་སངས་རྒྱས་
འབྱུང་དུ་གདོན་མི་ཟ། །ཀླུ་མོ་ཁྲག་ཁྲིག་དག་གིས་མདུན་བདར་ཏེ། །གདུགས་དང་མེ་ཏོག་གོས་མཆོག་ཐོགས་ནས་སུ། །བྱང་ཆུབ་སེམས་དཔའ་དེ་ནི་ག་ལར་སོང་། །ཕྱག་བྱས་མཆོད་པ་བྱས་ནས་གུས་བཅས་འདུག །ས་ཀུན་རིན་ཆེན་མེ་ཏོག་རྣམས་ཀྱིས་གང་ཞིང་དེ་ཚེ་མཛེས་
པར་བརྒྱན། །ཤིང་མཆོག་ཀུན་དང་སྨན་དང་རྩྭ་རྣམས་དེ་དག་བྱང་ཆུབ་ཤིང་ལ་འདུད། །འདི་ན་ཡོད་པའི་ཆུ་ཀླུང་ཐམས་ཅད་མི་འབབ་མཁའ་ལ་རླུང་མི་ལྡང་། །དེ་རིང་བདུད་བཏུལ་ནས་ནི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར། །སྲིད་པ་གསུམ་ན་བརྒྱ་བྱིན་ཚངས་པ་
ཉི་མ་ཟླ་བའི་འོད་མི་སྣང་། །མཚུངས་མེད་ཁྱོད་ཀྱི་འོད་ཀྱིས་རེག་ནས་དེ་རིང་ངན་སོང་གསུམ་པོ་ཞི། །བདག་གི་གནས་སུ་འོད་བྱུང་ནས་ནི་སངས་རྒྱས་འབྱུང་བ་སྟོན་པར་བགྱིད། །དེ་རིང་རྒྱལ་བ་བྱོན་པར་འགྱུར་གྱིས་དགྱེས་མཛོད་རངས་ཤིང་ཚིམ་པ་སྐྱེད། །བུམ་པ་གང་བ་འདི་དག་ནམ་
མཁར་སོང་སྟེ་ཁྱོད་ལ་སྐོར་བ་དང་། །ཙ་ཤའི་ཚོགས་རྣམས་འདི་དག་ནམ་མཁར་སོང་སྟེ་ཁྱེད་ལ་སྐོར་བ་དང་། །ལྷར་བཅས་མིར་བཅས་འཇིག་རྟེན་དག་ཀྱང་མཆོད་པར་བརྩོན་པར་གནས་པ་ལས། །དེ་རིང་འགྲོ་བའི་སྦྱིན་གནས་འགྱུར་ཞིང་ཤེས་རབ་འདོད་པའི་ལམ་དུ་འགྱུར། །བདེ་བར་གཤེགས་
པ་བདག་གིས་རྙེད་པ་ལེགས་རྙེད་གཟི་བརྗིད་ཆེ་ལྡན་པ། །མི་མཆོག་འཁོར་བ་འཇིག་དང་དེ་བཞིན་གསེར་ཐུབ་ཅེས་ནི་བྱ་བ་མཆོད། །མི་མཆོག་འོད་སྲུང་དང་ནི་ཤཱཀྱ་མཆོག་ཁྱོད་དེ་རིང་བདག་གིས་མཆོད། །བདག་ནི་སངས་རྒྱས་དཔའ་མཐོང་མ་བྲལ་བྱང་ཆུབ་དམ་པ་དོན་དུ་གཉེར། །ས་ནི་གྲུམ་ཞིང་

རི་རྣམས་གཡོས་ལ་འགྲོ་བ་ཐམས་ཅད་མེད་འགྱུར་སྲིད། །སུ་ཞིག་བྱང་ཆུབ་ཏུ་ནི་སེམས་ངེས་ལྷག་པའི་བསམ་པས་འཕགས་གྱུར་པ། །དེ་ནི་དེ་རིང་སྟོབས་བཅུ་ལྡན་པར་མི་འགྱུར་གནས་ནི་མཆིས་མ་ལགས། །སེང་གེའི་སྒྲ་བསྒྲགས་
ཚངས་པའི་དབྱངས་ཅན་བཅོམ་ལྡན་འདྲེན་པ་གསུང་ཕྱུང་ཤིག །ཞི་བའི་བློ་གྲོས་དེ་ནས་ཀླུའི་རྒྱལ་པོ་ནག་པོའི་ཆུང་མ་དམ་པ་གསེར་འོད་ཅེས་བྱ་བ་དེ་ཀླུའི་བུ་མོ་རབ་ཏུ་མང་པོས་བསྐོར་ཅིང་མདུན་དུ་བདར་ནས་གདུགས་སྣ་ཚོགས་ཐོགས་པ་དང་། རས་བཅོས་བུ་སྣ་ཚོགས་
ཐོགས་པ་དང་། མུ་ཏིག་གི་རྒྱན་ཕྲེང་སྣ་ཚོགས་ཐོགས་པ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ་དང་། ལྷའི་དང་མིའི་ཕྲེང་བ་བརྒྱུས་པ་ཐོགས་པ་དང་། པོག་པོར་སྣ་ཚོགས་ཐོགས་པ་དང་། སིལ་སྙན་དང་། རོལ་མོའི་སྒྲ་སྣ་ཚོགས་ལེན་པ་རྣམས་དང་ལྷན་ཅིག་ཏུ་རིན་
པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་འོང་བ་ལ་འཐོར་ཞིང་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འཁྲུལ་པ་མི་མངའ་མི་དངང་མི་བསྙེངས་བག་མི་ཚ། །མ་ཞུམ་མི་དམན་རབ་དགྱེས་མི་ཐུབ་ཆགས་མི་མངའ། །སྡང་དང་རྨོངས་དང་བརྐམ་པ་མི་
མངའ་ཆགས་བྲལ་བ། །རྣམ་གྲོལ་དྲང་སྲོང་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །དོགས་བྲལ་ཟུག་རྔུ་བྲལ་ཞིང་དུལ་ལ་མ་རིག་སེལ། །འགྲོ་བ་ཐམས་ཅད་སྡུག་བསྔལ་རྣམས་ལས་རབ་ཏུ་འགྲེལ། །གནས་དང་སྐྱབས་དང་གླིང་མ་མཆིས་པ་མཁྱེན་ནས་ནི། །གནས་ཁྱོད་སྐྱབས་ཁྱོད་
འཇིག་རྟེན་གསུམ་པོ་དག་ཏུ་བྱུང་། །ཇི་ལྟར་ལྷ་ཡི་ཚོགས་རྣམས་དད་ཅིང་རབ་དགའ་སྟེ། །མཁའ་ལས་མེ་ཏོག་ཆར་ཆེན་རབ་ཏུ་འབེབས་པ་དང་། །ཇི་ལྟར་གོས་ཆེན་དག་ཀྱང་འདོར་བར་བགྱིད་ལགས་ན། །དྲང་སྲོང་ཆེན་པོ་མགོན་པོ་རྒྱལ་བར་དེར་འགྱུར་སྙམ། །དགྱེས་སྐྱེད་ཤིང་དབང་དྲུང་གཤེགས་
མི་བསྙེངས་བཞུགས་མཛོད་ལ། །བདུད་སྡེ་ཕམ་པར་མཛོད་དེ་ཉོན་མོངས་དྲ་བ་དྲོལ། །ཇི་ལྟར་སྔོན་གྱི་རྒྱལ་དབང་དེ་དག་སངས་རྒྱས་པ། །དེ་ལྟར་བྱང་ཆུབ་རབ་མཆོག་ཞི་བ་འཚང་རྒྱར་མཛོད། །གང་གི་དོན་དུ་ཁྱོད་ཀྱིས་བསྐལ་པ་བྱེ་མང་དུ། །འགྲོ་བ་དག་ནི་དགྲོལ་ཕྱིར་དཀའ་བ་རྣམས་ཀྱང་སྤྱད། །

ཁྱོད་ཀྱི་དགོངས་པ་དེ་རྫོགས་ཤིང་དབང་དྲུང་གཤེགས་ཏེ། །བྱང་ཆུབ་མཆོག་ལ་རེག་པར་མཛད་པའི་དུས་འདི་ལགས།། །།བམ་པོ་དྲུག་པ། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་ནག་པོའི་གནས་ནས་བྱུང་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་
འགྲོ་བ་ན་ལམ་གྱི་གཡས་རོལ་ན་རྩྭ་འཚོང་བཀྲ་ཤིས་པ་ཞེས་བྱ་བ་རྩྭ་བརྔ་ཞིང་འདུག་པ་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པ་མཐོང་སྟེ། ལྷ་རྣམས་ཀྱིས་བསྐུལ་ནས་རྩྭ་འཇམ་པ། ཤིན་ཏུ་གཞོན་པ། ཉམས་དགའ་བ། ཡིད་དགའ་བར་བྱེད་པ།
རྨ་བྱའི་མགྲིན་པ་ལྟ་བུ་དགའ་བ་འཁྱིལ་པ། གཡས་སུ་འཁྱིལ་པ། ཁ་དོག་དང་ལྡན་པ། དྲི་དང་ལྡན་པ། ཀཙ་ལིན་དི་ཀ་ལྟར་རེག་ན་བདེ་བ་སྤར་གང་བླངས་ཏེ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྩྭ་སྤར་གང་བྱང་ཆུབ་སེམས་དཔའ་ལ་བྱིན་ཏེ། བསམ་པ་ཐག་པ་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞི་བའི་བློ་གྲོས་ཁྱོད་རྩྭ་འཚོང་བཀྲ་ཤིས་པ་མི་སྔ་མི་འཕྱི་བར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རྩྭ་ཡང་བྱིན་ནོ་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྩྭ་འཚོང་བཀྲ་ཤིས་པའི་སྔོན་གྱི་སྨོན་ལམ་
ཡིན་ཏེ། ཇི་ལྟར་ཁོ་བོ་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོར་ཁྲི་ཤོམ་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་བོས་མངོན་པར་ཤེས་ཏེ། འདས་པའི་དུས་ན་བསྐལ་པ་བཟང་པོ་འདིའི་སྔ་རོལ་བསྐལ་པ་དགུ་བཅུ་རྩ་གཅིག་ན་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་
བྱུང་སྟེ། དེའི་གསུང་རབ་ལ་དགེ་སློང་སྟོང་ཐམ་པ་ཚངས་པར་སྤྱོད་པ་སྤྱད་ནས་བཅོམ་ལྡན་འདས་དེས་ཁྱེད་ཅག་བསྐལ་པ་བཟང་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དེ་དག་ལུང་བསྟན་ཏོ། །དེའི་ཚེ་ན་ཁྱིམ་བདག་བློ་གྲོས་

ལྡན་ཞེས་བྱ་བ་ཞིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བྱང་ཆུབ་སེམས་དཔའ་དེ་དག་ལུང་བསྟན་པ་དེ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་ཀྱི་
སྙིང་པོར་འགྲོ་བ་ན་སེང་གེའི་ཁྲི་བྱི་དོར་བྱའོ། །ཞེས་སྨོན་ལམ་བཏབ་བོ། །ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་ཁྱིམ་བདག་བློ་གྲོས་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟ་བའམ། ཡིད་གཉིས་སུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན།
རྩྭ་འཚོང་བཀྲ་ཤིས་པ་འདི་དེའི་ཚེ་དེའི་དུས་ན་ཁྱིམ་བདག་བློ་གྲོས་ལྡན་ཞེས་བྱ་བར་གྱུར་ཏོ། །ཞི་བའི་བློ་གྲོས་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་རྩྭ་འཚོང་བཀྲ་ཤིས་པའི་སྔོན་གྱི་སྨོན་ལམ་འདི་ལྟར་རིག་པར་བྱ་སྟེ། སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་དང་། དབང་པོ་ཡོངས་སུ་སྨིན་པ་ཇི་ལྟ་བུ་བཞིན་
དུ་དེ་ཁ་ཅིག་ལ་ནི་རྩྭ་སྤར་གང་འབུལ་བར་འགྱུར། ཁ་ཅིག་ལ་ནི་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་འབུལ་བར་འགྱུར་རོ། །ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་དུ་སོང་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་ལྷ་རྣམས་ལྷའི་བུ་མོ་མེ་ཏོག་གི་སྐོན་བུ་ཐོགས་པ་དང་།
སྤོས་དང་། ཕྱེ་མའི་ཕུར་མ་ཐོགས་པ་ཁྲི་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཇི་ལྟར་ཐོགས་པའི་མེ་ཏོག་དང་། ཕྱེ་མ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་
ལ་གཏོར་ཏེ། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །བདག་ཉིད་ཆེན་པོ་མི་བསྙེངས་དཔའ་ཞིང་དུལ་ཞི་བ། །དགྱེས་ཤིང་ཚིམ་པ་བརྟན་པ་ཁྱོད་ལ་ཕྱག་འཚལ་ལོ། །འབར་བ་ཉམས་དགྱེས་ཁ་ན་མ་ཐོ་མི་མངའ་བ། །སྐྱོན་ལས་གྲོལ་བའི་སྟོན་པ་ཁྱོད་ལ་ཕྱག་འཚལ་
ལོ། །སྡུག་བསྔལ་ཆེན་པོར་བྱིང་བ་མགོན་མེད་འགྲོ་འདི་ལ། །ཁྱོད་ནི་བདེ་བ་རབ་ཏུ་སྩོལ་བའི་མགོན་པོ་གཅིག །འགྲོ་བའི་ཉོན་མོངས་ནད་རྣམས་སྤང་བའི་ཕྱིར་བྱུང་བ། །སྨན་པའི་རྒྱལ་ཆེན་གྲགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ལྷ་ཚོགས་དད་ཅིང་རབ་ཏུ་དགའ་བ་ཡིས། །

ལྷ་ཡི་མེ་ཏོག་ཆར་པ་རབ་ཏུ་འབེབས་པ་ལས། །བདུད་དག་སྡེ་དང་བཅས་པ་བྱམས་པས་བཅོམ་ནས་ནི། །ཁྱོད་ཀྱིས་བྱང་ཆུབ་དམ་པ་དེ་རིང་བརྙེས་སུ་ངེས། །ཤིང་དབང་དྲུང་དུ་གཤེགས་ཏེ་ཁྲི་དེར་བཞུགས་ནས་སུ། །བདུད་བཏུལ་ནས་ནི་མུན་པ་ཐམས་ཅད་གཞོམ་པར་མཛོད། །ཇི་ལྟར་སྔོན་གྱི་
ཐུབ་དབང་དེ་དག་སངས་རྒྱས་པ། །དེ་ལྟར་བྱང་ཆུབ་ཞི་བ་མཆོག་རབ་འཚང་རྒྱར་མཛོད། །ཇི་ལྟར་ཁྱོད་ཀྱིས་འགྲོ་བ་དགྲོལ་བའི་དོན་དུ་ནི། །བསྐལ་པ་བྱེ་བར་དཀའ་མཛད་རྣམ་པར་དག་འགྱུར་བ། །དྲང་སྲོང་ཆེན་པོ་ཁྱོད་ཀྱི་དགོངས་མཆོག་དེང་རྫོགས་ཀྱིས། །ཤིང་དབང་དྲུང་དུ་བཞུགས་ཏེ་བྱང་ཆུབ་
འཚང་རྒྱར་མཛོད། །ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔས་རྩྭ་སྤར་གང་ཁྱེར་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདག་ཉིད་ཀྱིས་རྩྭའི་གདིང་བ་བཏིང་ནས་བྱང་ཆུབ་ཀྱི་ཤིང་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་
རྩྭའི་གདིང་བ་བཏིང་མ་ཐག་ཏུ་དེ་ནས་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་སེང་གེའི་ཁྲི་སྣ་ཚོགས་བལྟ་ན་སྡུག་པ། མཐོ་བ། ཡངས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། རིན་པོ་ཆེའི་ཁ་ཁྱེར་ཅན། རིན་པོ་ཆེའི་དྲ་བས་གཡོགས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་བྲེས་པ། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་སྦྱངས་
པ་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་བརྒྱད་ཁྲི་བཞི་སྟོང་བྱང་ཆུབ་སེམས་དཔའི་ཆེད་དུ་བཤམས་སོ། །ཞི་བའི་བློ་གྲོས་དེ་ན་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་ལ་བདག་ཉིད་འདུག་པར་ཀུན་ཏུ་བསྟན་པར་གྱུར་ཏོ། །ལྷའི་བུ་དེ་དག་གིས་ཀྱང་གཞན་དང་གཞན་དུ་
མི་མཐོང་མི་ཤེས་ཏེ། ལྷའི་བུ་རེ་རེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བདག་གི་སེང་གེའི་ཁྲི་ལ་བཞུགས་སོ། །བདག་གི་སེང་གེའི་ཁྲི་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཤེས་ཏེ། དེ་དག་དགའ་བ་དང་། མཆོག་ཏུ་དགའ་བ་
དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བྱང་ཆུབ་ཀྱི་སྙིང་པོར་བཞུད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཉིས་པའོ།། །།ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་དེ་ལ་འདུག་མ་ཐག་ཏུ་དེ་ནས་སྨིན་མཚམས་ཀྱི་མཛོད་སྤུའི་བར་ནས་བདུད་བསྐུལ་བ་

ཞེས་བྱ་བའི་འོད་ཕྱུང་སྟེ་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འཁོད་པའི་བདུད་བྱེ་བ་ཕྲག་བཞི་བརྒྱ་ལ་རེག་གོ། །འོད་དེས་དེ་དག་ལ་རེག་མ་ཐག་ཏུ་རང་རང་གི་གནས་ན་འཁོད་བཞིན་དུ་སྤུ་ཟིང་ཞེས་བྱེད་དེ། རང་གི་བདུད་ཀྱི་གནས་ཚིག་ཅིང་མོག་
མོག་པོར་གྱུར་པར་ཤེས་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་གནས་འདི་དག་མོག་མོག་པོར་གྱུར་པར་སྣང་བ་འདི་ལ་རྒྱུ་ནི་ཅི་ཞིག་ཡོད་རྐྱེན་ནི་ཅི་ཞིག་ཡོད། བྱང་ཆུབ་སེམས་དཔའ་འམ་ཅིག་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་གྲང་སྙམ་སྟེ། རྣམ་པར་བལྟས་པ་དང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མཐོང་ངོ་། །དེ་ནས་བདུད་སྡིག་ཅན་དེ་དག་རང་རང་གི་གནས་ནས་མི་སྣང་བར་གྱུར་ནས་བདུད་རེ་རེ་ཡང་གནོད་སྦྱིན་ཁ་དོག་རྣམ་པ་མང་པོ་དང་།
ཆ་བྱད་རྣམ་པ་མང་པོ་དང་། དབྱིབས་རྣམ་པ་མང་པོ་དང་། ཆུ་ཞེང་རྣམ་པ་མང་པོ་དང་། གཡོ་བ་རྣམ་པ་མང་པོ་དང་། མགོ་རྣམ་པ་མང་པོ་དང་། མཚོན་ཆ་རྣམ་པ་མང་པོ་དང་། རྒྱལ་མཚན་རྣམ་པ་མང་པོ་ཐོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་བསྐོར་ཏེ། སྨྲ་བ་རྣམ་པ་མང་པོ་
སྨྲ་ཞིང་བདུད་ཀྱི་མཐུ་ཆེན་པོ་དང་། བདུད་ཀྱི་རྫུ་འཕྲུལ་ཆེན་པོས་བདུད་རེ་རེས་ཀྱང་བདུད་ཀྱི་འཁོར་གྱིས་རྒྱར་དཔག་ཚད་ཉི་ཁྲི་ཉི་ཁྲི་སྟེ། ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་བཀང་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་དོང་ངོ་། །ཞི་བའི་བློ་གྲོས་འཁོར་ཆེན་པོ་དེ་དག་དོང་མ་ཐག་ཏུ་དེ་ནས་
དེའི་ཚེ་ཡིད་དུ་མི་འོང་བ། མཉན་པར་མི་འོས་པ། མི་སྙན་པ། ཨུ་དུག་ཅེས་བྱ་བ་དང་། པི་ཙིག་ཅེས་བྱ་བ་དང་། ཧུ་ལུ་ཧུ་ལུ་ཞེས་བྱ་བ་དང་། རྒྱོབ་ཤིག །ཟུང་ཤིག །སོད་ཅིག །ཆིངས་ཤིག་ཅེས་བྱ་བའི་སྒྲ་ཆེན་པོ་དེ་ལྟ་བུ་ཕྱུང་བར་གྱུར་ཏོ། །གལ་ཏེ་འདོད་ཆགས་དང་མ་བྲལ་
བའི་སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ལ། ཞི་བའི་བློ་གྲོས་གལ་ཏེ་བྱང་ཆུབ་སེམས་དཔས་སྒྲ་དེ་མི་གྲག་པར་མ་བྱས་ན་ནི་དེ་དག་ཁ་ནས་ཁྲག་དྲོན་པོ་སྐྱུག་ཅིང་འཆི་བ་འམ། ཤི་ལ་ཐུག་པའི་སྡུག་བསྔལ་ཆེན་པོ་རྙེད་པར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་

ནོན་པས་སེམས་ཅན་ལ་རྣམ་པར་འཚེ་བར་འགྱུར་དུ་འོང་ངོ་ཞེས་སྒྲ་དེ་མི་གྲག་པར་བྱས་པར་གྱུར་ཏོ། །ཞི་བའི་བློ་གྲོས་འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ཡུལ་ཡིན་ནོ། །ཞི་བའི་བློ་གྲོས་སྒྲ་དེ་ལྟ་བུ་དེ་ཐོས་ཀྱང་བྱང་ཆུབ་སེམས་དཔའ་ནི་ཐ་ན་སྤུ་གཡོས་པར་ཡང་མ་གྱུར་ཏོ། །
དེ་ཅིའི་ཕྱིར་ཞེ་ན། སྒྲ་འདི་ཐམས་ཅད་བྲག་ཆ་དང་མཚུངས་པར་ལེགས་པར་རྟོགས་པའི་ཕྱིར་རོ། །ཞི་བའི་བློ་གྲོས་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་བདུད་ལྷགས་པར་རིག་ནས་བདུད་སྡིག་ཅན་དེ་དག་ལ་བཟློག་པ་རྣམ་པ་བཅུ་དྲུག་གིས་ཟློག་པར་བྱེད་དེ། སྡིག་ཅན་དག་ཕོངས་པར་འགྱུར་
བ་གདོན་པར་དཀའ་བ་རྣམ་པ་འདི་ལྟ་བུ་འདི་དག་གིས་ཅི་ཞིག་བྱས་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། སྡིག་ཅན་ཁྱེད་ནི་གྱད་སྟོབས་ཆུང་ངུ་ལ་གྱད་སྟོབས་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བརྡབས་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་དཔའ་བོ་ཆེན་པོས་ཕ་རོལ་གྱི་སྡེ་བཅོམ་པ་ལྟར་དོ་
མོད་བྱང་ཆུབ་སེམས་དཔས་ཕམ་པར་བྱས་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་སྲིན་བུ་མེ་ཁྱེར་ལ་ཟླ་བའི་དཀྱིལ་འཁོར་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཟིལ་གྱིས་ནོན་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་ཕུབ་མ་སྤར་གང་ལ་རླུང་མར་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་གཏོར་
བར་འགྱུར་རོ། །སྡིག་ཅན་ཁྱེད་ནི་ཤིང་སཱ་ལ་ཆེན་པོ་རྩ་བ་ནས་ཆད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྒྱེལ་བར་འགྱུར་རོ། །སྡིག་ཅན་ཁྱེད་ནི་རི་དགས་ཀྱི་ཚོགས་ལ་སེང་གེ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་དངངས་པར་བྱས་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་བརྗེས་ཀྱི་ཆུ་
ལ་ཉི་ཚན་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཡོངས་སུ་ཟད་པར་བྱས་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་མི་མཛའ་བའི་གྲོང་ཁྱེར་ལ་རྒྱལ་པོ་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་རླག་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་མི་གཡོ་ཅན་གསད་པར་བྱ་བ་ཤོར་བ་ལྟར་དོ་མོད་བྱང་
ཆུབ་སེམས་དཔས་འབྲོས་པར་བྱེད་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་ཚོང་པ་ལམ་རྒྱགས་མང་པོ་མེས་ཚིག་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མགོ་འཁོར་བར་བྱེད་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མྱ་ངན་བྱེད་དུ་

བཅུག་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་ཁྲུང་ཁྲུང་རྒན་པོ་འདབ་མ་བྲེགས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སེམས་ཁོངས་སུ་བཅུག་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་འབྲོག་དགོན་པར་ལམ་རྒྱགས་ཆད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཕོངས་པར་
བྱས་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཞིག་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྨྲེ་སྔགས་འདོན་དུ་བཅུག་པར་འགྱུར་རོ། །སྡིག་ཅན་ཁྱེད་ནི་བསྲེག་པའི་བསྐལ་པས་རྩྭ་དང་ནགས་ཚལ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་རྙིས་པར་བྱས་པར་
འགྱུར་རོ། །སྡིག་ཅན་ཁྱེད་ནི་རྡོ་བ་ལ་རྡོ་རྗེ་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་རྣམ་པར་གཏོར་བར་འགྱུར་རོ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་བཟློག་པ་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་རྣམས་ཟློག་པར་བྱེད་ཀྱང་བདུད་སྡིག་ཅན་དེ་
དག་ཕྱིར་མ་ལོག་གོ །དེ་ནས་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། བྱམས་པ་དང་། སྙིང་རྗེ་
དང་། དགའ་བ་དང་། བཏང་སྙོམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་དང་། རིག་པ་དང་། རྣམ་པར་གྲོལ་བ་ཡོངས་སུ་སྦྱང་བ་
བྱས་པས་ལག་པ་གཡས་པ་འཇམ་ཞིང་གཞོན་ལ་ཤིན་ཏུ་གཞོན་པ་གསེར་གྱི་ཁ་དོག་ལྟར་འདུག་པ་བརྐྱང་སྟེ། སྙིང་རྗེ་ཆེན་པོས་བསྐྱོད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ལྷག་པའི་བསམ་པས་སྤྱི་བོ་ནས་བཟུང་སྟེ། ལུས་ཐམས་ཅད་ལ་བྱུགས་ནས་འཇིག་རྟེན་གྱི་
ཁམས་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་དུ་བྱས་ཏེ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུས་ཆེན་པོ་ལ་བརྡབས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་ས་ཆེན་པོ་ལ་བརྡབས་མ་ཐག་ཏུ་དེ་ནས་དེའི་ཚེ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །རབ་ཏུ་གཡོས་སོ།།

ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་རབ་ཏུ་འགུལ་ཏོ། །ལྡེག་གོ། །རབ་ཏུ་ལྡེག་གོ། །ཀུན་ཏུ་རབ་ཏུ་ལྡེག་གོ། །འཁྲུགས་སོ། །རབ་ཏུ་འཁྲུགས་སོ། །ཀུན་ཏུ་རབ་ཏུ་འཁྲུགས་སོ། །འུར་འུར་རོ། །རབ་ཏུ་འུར་འུར་རོ། །ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་
ཆེམ་མོ། །རབ་ཏུ་ཆེམ་ཆེམ་མོ། །ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོའོ། །ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོའོ། །ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོའོ། །བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོའོ། །མཐའ་མཐོ་ན་དབུས་དམའོ། །དབུས་མཐོ་ན་
མཐའ་དམའོ། །ཞི་བའི་བློ་གྲོས་དེ་ལྟར་རྣམ་པ་དྲུག་དང་། ལྟས་ཆེན་པོ་བཅྭ་བརྒྱད་དུ་ས་གཡོས་པ་ཆེན་པོ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །བདུད་སྡིག་ཅན་རྣམས་ཀྱིས་ཀྱང་འུར་སྒྲ་དང་། ཏུག་ཆེམ་གྱི་སྒྲ་ཆེན་པོ་དང་། ཟུང་ཤིག་དང་། རྒྱོབ་ཅིག་པ་དང་། ཆིངས་ཤིག་པ་དང་། སོད་ཅིག་པའི་སྒྲ་
ཐོས་སོ། །བདུད་ཀྱི་འཁོར་གྱིས་ནི་བྱང་ཆུབ་སེམས་དཔའི་མཐུས་སྟེང་གི་བར་སྣང་ལ་འདི་ལྟ་བུའི་སྒྲ་འདི་ཐོས་སོ། །དྲང་སྲོང་ནང་ན་དྲང་སྲོང་མཆོག །འདི་ནི་མི་འཇིགས་སྦྱིན་པ་སྟེ། །སྲོག་ཆགས་ཀུན་གྱི་སྐྱབས་ཡིན་གྱིས། །འདི་ལ་སྐྱབས་སུ་འགྲོ་བར་གྱིས། །ཞི་བའི་བློ་གྲོས་
བདུད་ཀྱི་འཁོར་གྱིས་སྒྲ་དེ་ཐོས་པ་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཁས་བུབ་ཏུ་ས་ལ་སྒྱེལ་ནས་སྐྱེས་བུ་ཆེན་པོ་ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། ཞེས་ཚིག་དེ་སྐད་སྨྲས་སོ། །བདུད་སྡིག་ཅན་ལྷག་མ་རྣམས་ནི་དཔུང་གི་ཚོགས་དང་
ལྷན་ཅིག་ཏུ་འབྲོས་པར་འདོད་ན་འབྲོས་མ་ནུས་ནས་དེ་དག་ལ་སྙིང་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་ལས་འོད་ཕྱུང་བ་དང་། འོད་དེས་དེ་དག་འཇིགས་པ་ཐམས་ཅད་དང་བྲལ་ཏེ། རང་རང་གི་གནས་སུ་དོང་ངོ་། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་བདུད་འདུལ་བའི་རྣམ་པར་སྤྲུལ་པ་འདི་
བསྟན་པ་ན་བདུད་ཀྱི་འཁོར་དེ་ལས་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།

ལྷའི་བུ་སྔོན་སྦྱང་བ་བྱས་པ་བརྒྱད་ཁྲི་བཞི་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བདུད་བཏུལ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།ཞི་བའི་བློ་གྲོས་དེ་ལྟར་ལྷ་དང་མི་ཁ་ཅིག་གིས་ནི་དེ་ལྟར་བདུད་འདུལ་བ་ཚད་མེད་པ་
དང་ལྡན་པར་ཤེས་སོ། །ཁ་ཅིག་གིས་ནི་བདུད་ཡོང་ཐམས་ཅད་དུ་མ་འོངས་པར་ཤེས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྩྭ་བཏིང་བ་ལ་འདུག་པར་ཤེས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་པད་མ་བཀོད་པའི་སེང་གེའི་ཁྲི་ལ་འདུག་པར་མཐོང་ངོ་། །
ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ས་ལ་འདུག་པར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་དཀྱིལ་ན་གནས་པའི་སེང་གེའི་ཁྲི་ལ་འདུག་པར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ཤིང་གི་རྒྱལ་པོ་ཨ་ཤྭད་ཐར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་
ཀྱི་ཤིང་ཡོངས་འདུས་བརྟོལ་དུ་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཅན་དུ་མཐོང་ངོ་། །ལྷ་དང་མི་ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ཤིང་ཏ་ལ་སྲིད་ཙམ་དུ་མཐོང་ཞིང་སེང་གེའི་ཁྲི་ཤིང་ཏ་ལ་ཕྱེད་ཙམ་དུ་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་
ཀྱི་ཤིང་ཤིང་ཏ་ལ་བདུན་སྲིད་ཙམ་དུ་མཐོང་ཞིང་སེང་གེའི་ཁྲི་ཤིང་ཏ་ལ་ཕྱེད་དང་གཉིས་ཀྱི་སྲིད་ཙམ་དུ་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པའི་བར་དུ་མཐོང་ཞིང་སེང་གེའི་ཁྲི་དཔག་ཚད་བཞི་ཁྲི་ཉིས་སྟོང་བར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་གིས་ནི་
བྱང་ཆུབ་སེམས་དཔའ་བདུད་འདུལ་བར་མཐོང་ངོ་། །ཁ་ཅིག་གིས་ནི་བདུད་གཅིག་མཐོང་ངོ་། །ཁ་ཅིག་གིས་ནི་བདུད་རྒྱ་ཆེན་པོར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་བདུད་འཇོམས་པ་ལ་རྩེ་བར་མཐོང་ངོ་། །ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་དཀྱིལ་ན་
གནས་ཤིང་ནམ་མཁའ་ལ་འདུག་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་འདུག་ཅིང་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མཐོང་སྟེ། ཞི་བའི་བློ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནི་ཡུལ་མཐའ་མེད་པ་ཡིན་ཏེ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་

འཁོད་པ་དེ་དག་གི་ཡོན་ཏན་གྱི་རྒྱུའི་ཁྱད་པར་ནི་ཚད་མེད་པར་སྣང་ངོ་། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་པ་དང་། སྔོན་འཐུན་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་
གྲངས་མེད་པ་དག་ནས་ལྷགས་ཏེ། མི་འཇིགས་པའི་སྒྲ་རྗོད་ཅིང་ཤིས་པའི་སྒྲ་དང་། བདེ་བའི་སྒྲ་དང་། ཀུན་དགའ་བའི་སྒྲ་དང་། མགྱོགས་པའི་སྒྲ་དང་། མྱུར་བའི་སྒྲ་དང་། ལེགས་པའི་སྒྲ་དང་། དོན་ཡོད་པའི་སྒྲ་དང་། དཔའ་བའི་སྒྲ་དང་། སྐྱེས་བུ་དམ་བའི་སྒྲ་དང་།
ཕྱིར་མི་ལྡོག་པའི་སྒྲ་དང་། རྒྱས་པའི་སྒྲ་དང་། བཀྲ་ཤིས་པའི་སྒྲ་དང་། མི་གདུང་བའི་སྒྲ་དང་། མ་ཞུམ་པའི་སྒྲ་དང་། སྔོན་གྱི་བསམ་པའི་སྒྲ་དང་། སྤོང་བ་དོན་ཡོད་པའི་སྒྲ་དང་། ཡིད་བདེ་བའི་སྒྲ་དང་། རྡོ་རྗེ་ལྟར་མཁྲེགས་པའི་སྒྲ་དང་། སྐྱེས་བུ་དམ་པ་རྩེན་པའི་སྒྲ་དང་། ཕན་
པའི་སྒྲ་དང་། སྐད་ཅིག་གཅིག་དང་ལྡན་པའི་སྒྲ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲ་རྗོད་དེ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུགས་འབྱིན་པ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དག་གིས་དབུགས་འབྱིན་ཏོ། །མཆོད་པ་རྣམ་པ་སྣ་ཚོགས་བྱེད་དོ། །བསྟོད་པ་རྣམ་པ་སྣ་ཚོགས་བྱེད་དོ། །འདི་ནི་བྱང་ཆུབ་སེམས་དཔའི་སྔོན་ལེགས་པར་སྤྱད་པ་སྟེ། དེས་ན་ཕྱོགས་
བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པ་ལ་དབུགས་འབྱིན་ཅིང་མཆོད་པ་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་ཡང་རྗེས་སུ་ཆགས་པ་མེད་ལ་བདུད་ཀྱི་སྡེ་ལ་ཡང་ཁོང་ཁྲོ་བ་མེད་དོ། །
ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཤེས་པར་བྱ་བ་དང་། བལྟ་བར་བྱ་བ་དང་། ཐོབ་པར་བྱ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་མངོན་པར་

རྫོགས་པར་སངས་རྒྱས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་བརྙེས་པའི་དེ་བཞིན་གཤེགས་པ་ལ་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་གིས་ཕྱག་གཡས་པ་བརྐྱང་སྟེ། སྐུ་མ་མཉེལ་ཏམ་ཞེས་སྙུན་གསོལ་ལོ། །མཉེལ་བ་མི་
མངའ་བར་བྱང་ཆུབ་བམ། རང་བྱུང་དུ་མངོན་པར་རྫོགས་པར་བྱང་ཆུབ་བམ། སྒྲིབ་པ་མི་མངའ་བར་མངོན་པར་རྫོགས་པར་བྱང་ཆུབ་བམ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བམ། ཀུན་ཏུ་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བམ། སྤྱོད་
ཡུལ་མ་འདྲེས་པ་དང་ལྡན་ནམ། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་སམ། དཀོན་མཆོག་གསུམ་གྱི་རིགས་བསབས་སམ། ཆོས་ཐམས་ཅད་ལ་དབང་སྒྱུར་རམ་ཞེས་ཡོངས་སུ་འདྲིའོ། །དེ་ལ་སེམས་ཅན་གང་དག་དབང་པོ་ཡོངས་སུ་སྨིན་པ་དེ་དག་གིས་ནི་བྱ་བ་དེ་ཤེས་སོ། །སེམས་
ཅན་གང་དག་དབང་པོ་ཡོངས་སུ་མ་སྨིན་པ་དེ་དག་གིས་ནི་བྱ་བ་དེ་མི་ཤེས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་བརྙེས་པའི་དེ་བཞིན་གཤེགས་པ་ཞག་བདུན་གྱི་བར་དུ་སྤྱན་མི་འཛུམས་པར་ཆོས་ཀྱི་དགའ་བའི་བདེ་བ་ཉམས་སུ་བསྟར་རོ། །སྤྱན་མི་འཛུམས་པར་བྱང་ཆུབ་ཀྱི་ཤིང་ལ་
ཡང་གཟིགས་སོ། །ལྷའི་བུ་སྟོང་ཡང་དེ་ལ་མཆོད་དོ། །བསྟོད་དོ། །ཕྱག་འཚལ་ལོ། །ལྷའི་བུ་མོ་བརྒྱ་སྟོང་དག་ཀྱང་དེ་ལ་མཆོད་པ་བྱེད་དོ། །བསྟོད་དོ། །ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་ཀྱང་བསྐྱེད་དོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལྷུང་བཟེད་རྣམས་ཐོགས་ཏེ་དེ་བཞིན་གཤེགས་པའི་གན་དུ་དོང་བར་གྱུར་ཏོ། །བཞི་གང་ཞེ་ན། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྒྱལ་པོ་
ཆེན་པོ་རྣམ་ཐོས་ཀྱི་བུ་སྟེ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གོ། །གླིང་བཞི་པ་འདི་ནས་ཇི་ལྟར་དོང་བ་དེ་བཞིན་དུ་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ནས་རྒྱལ་པོ་ཆེན་པོ་བྱེ་བ་ཕྲག་བཞི་བརྒྱ་ལྷུང་བཟེད་རྣམས་ཐོགས་ཏེ་དེ་བཞིན་གཤེགས་པའི་གན་དུ་དོང་ངོ་། །ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པས་ལྷུང་

བཟེད་བྱེ་བ་ཕྲག་བཞི་བརྒྱ་རྣམས་བཞེས་ཏེ། བཞེས་ནས་ཀྱང་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ནས་རྒྱལ་པོ་ཆེན་པོ་རེ་རེ་ཡང་འདི་སྙམ་དུ་དེ་བཞིན་གཤེགས་པས་བདག་གི་ལྷུང་བཟེད་བཞེས་སོ། །དེ་བཞིན་གཤེགས་པས་བདག་གི་ལྷུང་བཟེད་དུ་གསོལ་ལོ་སྙམ་དུ་སེམས་ཏེ། དེ་དག་དགའ་
བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཚོང་པ་ག་གོན་དང་བཟང་པོ་དང་། གཞན་ཡང་ལྷའི་བུ་དྲུག་ཁྲི་དེ་བཞིན་གཤེགས་པའི་ཐོག་མའི་ཞལ་ཟས་
ཐོགས་ནས་དོང་བར་གྱུར་ཏེ། དེ་དག་ནི་སྔོན་འདི་སྐད་དུ་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་ཐོག་མར་ཞལ་ཟས་དབུལ་ལོ་ཞེས་སྨོན་ལམ་བཏབ་པར་གྱུར་པ་དག་གོ། །དེ་དག་གིས་དེ་བཞིན་གཤེགས་པ་ལ་ཐོག་མར་ཞལ་ཟས་ཕུལ་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་སྟེ་ཐམས་ཅད་མཁྱེན་པ་མ་ཐོབ་པ་ལས་བྱང་ཆུབ་བརྙེས་པ་དང་། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་བར་
དུ་སེམས་ཅན་གྱི་དོན་མཛད་པ་དེ་ནི་རབ་ཏུ་མང་གི། །སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོར་སོང་བའི་བར་དུ་ནི་དེ་ལྟ་མ་ཡིན་ནོ། །ཞི་བའི་བློ་གྲོས་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་ཚད་མེད་
པའི་དོན་བྱེད་པ་དེ་ལྟར་ཤེས་པར་བྱའོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཚངས་པ་གཙུག་ཕུད་ཅན་ཞེས་བྱ་བ་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ།
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སེམས་ཅན་ཆོས་ཀྱི་སྣོད་དུ་གྱུར་པ་དག་མཆིས་ཏེ། དེ་དག་དེ་བཞིན་གཤེགས་པའི་ཆོས་བསྟན་པ་འཚལ་བར་འགྱུར་གྱིས། བཅོམ་ལྡན་འདས་ཀྱིས་

ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པས་ཆོས་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་བོ། །དེ་ནི་སྔོན་གྱི་སྨོན་ལམ་གྱིས་གྱུར་པ་སྟེ། གང་གིས་རྒྱལ་པོ་ཡུལ་འཁོར་སྲུང་གི་བུར་ཁས་བླངས་ནས་བདག་གིས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་
པ་བྱང་ཆུབ་བརྙེས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་ལོ་ཞེས་སྨོན་ལམ་བཏབ་པ་ཡིན་ནོ། །ཞི་བའི་བློ་གྲོས་ཚངས་པ་གཙུག་པུད་ཅན་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་བ་བཏབ་ཀྱིས་གཞན་དག་གིས་ནི་མ་ཡིན་ནོ་སྙམ་དུ་
ཁྱོད་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཚངས་པ་གཙུག་ཕུད་ཅན་གྱིས་གསོལ་བ་བཏབ་པ་དེ་བཞིན་དུ་ཚངས་པ་བྱེ་བ་ཕྲག་བཅུས་ཀྱང་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པར་གྱུར་ཏོ། །བརྒྱ་བྱིན་བྱེ་བ་ཕྲག་བཅུ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་
བཅུས་ཀྱང་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་བ་བཏབ་པར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བར་གནང་བ་དེའི་ཚེ་ཚངས་པ་གཙུག་པུད་ཅན་གྱིས་གྲོང་ཁྱེར་བཱ་ར་ཎཱ་སཱི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་
འཕང་དུ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཡོད་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བཀྲ་བ། བལྟ་ན་སྡུག་པ། །སའི་སྟེང་ན་འདུག་པ་བཤམས་པར་གྱུར་ཏོ། །ཇི་ལྟར་ཚངས་པ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པའི་སེང་གེའི་ཁྲི་བཤམས་པར་གྱུར་པ་དེ་བཞིན་དུ་ཚངས་པ་བྱེ་
བ་ཕྲག་བཅུ་དང་། བརྒྱ་བྱིན་བྱེ་བ་ཕྲག་བཅུ་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བྱེ་བ་ཕྲག་བཅུས་ཀྱང་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བཀྲ་བ། བལྟ་ན་སྡུག་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བཤམས་པར་གྱུར་ཏོ། །ཞི་བའི་བློ་གྲོས་དེ་ནས་བཅོམ་ལྡན་
འདས་གྲོང་ཁྱེར་ཆེན་པོ་བ་ར་ཎཱ་སཱི་ག་ལ་བ་དང་། དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། སེང་གེའི་ཁྲི་དེ་དག་ཐམས་ཅད་ལ་བདག་ཉིད་བཞུགས་པར་ཀུན་ཏུ་བསྟན་ཏོ། །དེ་ན་རེ་རེས་ཀྱང་དེ་བཞིན་གཤེགས་པ་བདག་གི་སེང་གེའི་ཁྲི་ལ་བཞུགས་སོ།

བདག་གི་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་བར་ཤེས་ཏེ། དེ་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བཅོམ་ལྡན་འདས་སེང་གེའི་ཁྲི་དེ་ལ་བཞུགས་མ་ཐག་ཏུ་དེ་ནས་དེའི་
ཚེ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་ཏེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། །བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་ཡས་པའི་ཏིང་ངེ་འཛིན་
དེ་ལ་མཉམ་པར་བཞག་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཉམ་པར་གྱུར་པར་གནས་ཏེ་ལག་མཐིལ་ལྟར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམྱལ་བ་པ་འམ། དུད་འགྲོའི་སྐྱེ་གནས་པ་འམ། གཤིན་རྗེའི་
འཇིག་རྟེན་པའམ། མིའམ། ལྷའམ། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དེའི་ཚེ་བདེ་བ་དང་ལྡན་པར་གྱུར་ཏེ། སེམས་ཅན་གང་ལ་ཡང་འདོད་ཆགས་ཀྱིས་གནོད་པ་མེད་ཅིང་ཞེ་སྡང་གིས་མ་ཡིན། གཏི་མུག་གིས་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པ་མེད་
ཅིང་གཅིག་ལ་གཅིག་ཕ་མ་ཙམ་དུ་འདུ་ཤེས་ཏེ་བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཡུལ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་མ་ཐག་ཏུ་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་ཆོས་མ་ཉན་པའི་ཕྱིར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་
དཔའ་གྲངས་མེད་དཔག་ཏུ་མེད་པ་དག་ལྷགས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དབང་ཆེ་བ་དབང་ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་
མ་ཡིན་པ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །ཞི་བའི་བློ་གྲོས་དེ་ལྟར་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་ལ་ཆོས་ཉན་པ་དབང་ཆེ་བ་དབང་ཆེ་བར་གྲགས་པ་དག་གིས་ས་ཕྱོགས་

གང་ཁྱབ་པར་མ་གྱུར་པ་དེ་ནི་ཐ་ན་སྐྲའི་རྩེ་མོའི་ཆ་གཞག་པ་ཙམ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཆེན་པོ་དེ་འདུས་པར་མཁྱེན་ནས། དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པའི་སྤྱན་ཐུགས་རྗེ་ཆེན་པོས་
བསྐྱོད་པས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ནས་དགེ་སྦྱོང་ངམ། བྲམ་ཟེ་འམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་དེ་ནི་ཅི་ནས་ཀྱང་འཁོར་འདུས་པའི་སེམས་
ཅན་རྣམས་རང་རང་གི་རྣམ་པར་རིག་པ་བཞིན་དུ་ཀུན་ཏུ་ཤེས་ཏེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར་བསྐོར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ཆོས་མཉན་པའི་ཕྱིར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་
མེད་པ་དག་འདུས་པར་གྱུར་ཏོ། །འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་འདུས་པར་གྱུར་ཏོ། །ཞི་བའི་བློ་གྲོས་དེ་ལ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གསུང་འདི་སྐད་དུ་ཀཽ་དི་ནྱ་མིག་མི་རྟག་གོ། །ཞེས་བཀའ་སྩལ་པ་དེ་ལ་སྡུག་བསྔལ་གྱི་སྒྲས་འདུལ་བ་
རྣམས་ཀྱིས་ནི་མིག་སྡུག་བསྔལ་ལོ་ཞེས་ཐོས་སོ། །བདག་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་བདག་མེད་པའོ་ཞེས་ཐོས་སོ། །སྟོང་པ་ཉིད་ཀྱིས་འདུལ་བ་རྣམས་ཀྱིས་ནི་མིག་སྟོང་ངོ་ཞེས་ཐོས་སོ། །ཞི་བས་འདུལ་བ་རྣམས་ཀྱིས་ནི་མིག་ཞི་བའོ་ཞེས་ཐོས་སོ། །དབེན་པས་འདུལ་བ་
རྣམས་ཀྱིས་ནི་མིག་དབེན་པའོ་ཞེས་ཐོས་སོ། །མི་རྟག་པས་འདུལ་བ་རྣམས་ཀྱིས་ནི་མིག་མི་རྟག་པའོ་ཞེས་ཐོས་སོ། །གནས་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་གནས་མེད་པའོ་ཞེས་ཐོས་སོ། །སྒྱུ་མ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་སྒྱུ་མ་ལྟ་བུའོ་ཞེས་ཐོས་སོ། །རྨི་ལམ་ལྟ་
བུས་འདུལ་བ་རྣམས་ཀྱིས་ནི་མིག་རྨི་ལམ་ལྟ་བུའོ་ཞེས་ཐོས་སོ། །ཆུ་ཟླ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་ཆུ་ཟླ་ལྟ་བུའོ་ཞེས་ཐོས་སོ། །མིག་ཡོར་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་མིག་ཡོར་ལྟ་བུའོ་ཞེས་ཐོས་སོ། །བྲག་ཅ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་བྲག་ཅ་ལྟ་བུའོ་ཞེས་

ཐོས་སོ། །དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། སྐྱེ་བ་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་
པ་དང་། མ་སྐྱེས་པ་དང་། མ་བྱུང་བར་ཐོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བས་འདུལ་བ་རྣམས་ཀྱིས་ནི་མིག་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་ཐོས་སོ། །མིག་ལ་ཇི་ལྟ་བ་དེ་བཞིན་དུ་ཡིད་ཀྱི་བར་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་ཐོས་སོ། །དེ་བཞིན་དུ་གཟུགས་
རྣམས་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་སྟོང་ངོ་ཞེས་ཐོས་སོ། །ཁ་ཅིག་གིས་ནི་ཕུང་པོ་མི་རྟག་པ་དང་། ཁ་ཅིག་གིས་ནི་ཁམས་མི་རྟག་པར་ཐོས་སོ། །ཁ་ཅིག་གིས་ནི་སྐྱེ་མཆེད་བདག་མེད་པའོ་ཞེས་ཐོས་སོ། །ཁ་ཅིག་
གིས་ནི་ཕུང་པོ་མི་རྟག་པ་ཉིད་དུ་ཐོས་ལ་ཁམས་ལ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །ཁ་ཅིག་གིས་ནི་ཁམས་ལ་མི་རྟག་པ་ཉིད་དུ་ཐོས་ལ་ཕུང་པོ་མི་རྟག་པ་ཉིད་དུ་མ་ཡིན་ནོ། །ཁ་ཅིག་ནི་སྡུག་བསྔལ་གྱི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་ནི་ཀུན་འབྱུང་བའི་སྒྲས་རྣམ་པར་གྲོལ་ལོ། །ཁ་
ཅིག་ནི་འགོག་པའི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་ནི་ལམ་གྱི་སྒྲས་རྣམ་པར་གྲོལ་ལོ། །ཁ་ཅིག་གིས་ནི་དྲན་པ་ཉེ་བར་གཞག་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཡང་དག་པར་སྤོང་བའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་རྫུ་འཕྲུལ་གྱི་རྐང་པའི་གཏམ་དུ་ཐོས་སོ། །ཁ་
ཅིག་གིས་ནི་དབང་པོའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་སྟོབས་ཀྱི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ལམ་གྱི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཞི་གནས་ཀྱི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ལྷག་མཐོང་
གི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་བརྟེན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཉན་ཐོས་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་རང་སངས་རྒྱས་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་སོ། །ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་ཏེ། །ཞི་

བའི་བློ་གྲོས་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ་ནི།
དགེ་སློང་ཤཱ་རིའི་བུས་ཀྱང་སེམས་ཅན་དེ་དག་བགྲང་བའི་རྟོགས་པས། ལོ་བརྒྱ་ཡང་རྟོགས་པར་མི་ནུས་ན་སེམས་ཅན་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དཀའ་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བཀོད་པ་དང་། སེང་
གེའི་སྒྲ་དང་། རྣམ་པར་རོལ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཚད་མེད་པ་དག་ནི་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་སོ། །ཆོས་ཀྱི་
འཁོར་ལོ་བསྐོར་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་སྐད་བསྟན་པས་དེ་བཞིན་གཤེགས་པ་ལ་སྐྲུར་པའམ། གཅིག་ཏུ་མ་གྱུར་ལགས་སམ།
འོན་ཏེ་དེ་བཞིན་གཤེགས་པ་བསྟན་པ་དང་རྗེས་སུ་འཐུན་པ་འམ། གཅིག་ཏུ་ལྟའང་ལགས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་ནི་ཟབ་པ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསང་བ་ནི་ཟབ་སྟེ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ལགས། བཅོམ་ལྡན་འདས་དེ་བཞིན་
གཤེགས་པའི་ཐུགས་ངེས་པར་དགོངས་པ་ནི་ཟབ་པ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་གང་བསྟན་པ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་བདག་གི་ལུས་ལ་གནས་པས་ལགས་ཀྱི། འདི་བདག་གི་རྩལ་གྱིས་ནི་མ་ལགས་པར་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་
པའི་བདག་པོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གསང་བ་པའི་བདག་པོ་གང་སུ་དག་དེ་བཞིན་གཤེགས་པའི་རྗེས་སུ་འགྲོ་བའི་ཕྱིར་ཆོས་སྨྲ་བ་དེ་དག་ཐམས་ཅད་ཀྱི་ལུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་

དེ་བཞིན་གཤེགས་པས་བྱིན་གྱིས་མ་བརླབས་པར་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་གསང་བ་སྨྲ་བ་འམ། །དེ་བཞིན་གཤེགས་པའི་ཆོས་ཉིད་དང་འཐུན་པ་དེ་ནི་གནས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་བྱིན་གྱིས་མ་བརླབས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་
གསང་བ་ཤེས་པར་རམ། མཉན་པར་རམ། བཤད་པར་ནུས་པ་སུ་ཞིག་ཡོད། གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་ཆོས་ཉིད་ནི་མཆོག་ཏུ་ཡང་དག་པའོ། །དེ་བཞིན་གཤེགས་པའི་ཆོས་ཉིད་ནི་དེ་ཁོ་ནའོ། །དེ་བཞིན་གཤེགས་པའི་བཞུགས་པ་ནི་ཡང་དག་པའོ་ཞེས་ཡང་དག་པར་
སྨྲ་བས་སྨྲ་བ་ནི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཡང་དག་པར་སྨྲ་བས་སྨྲ་བའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་གང་ཡིན་པ་དེ་ནི་ཆོས་
ཀྱི་རྣམ་གྲངས་འདིར་བསྟན་ཏོ། །བསྙད་དོ། །རབ་ཏུ་བཤད་དོ། །གསང་བ་པའི་བདག་པོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པ་དང་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ཀྱང་འཇིག་རྟེན་ཐམས་ཅད་དང་མི་འཐུན་པར་འགྱུར་རོ། །གསང་བ་པའི་བདག་པོ་རིའི་རྒྱལ་པོ་རི་རབ་ནི་མགོ་བོས་བསྒྱེལ་བ་འམ་
ཕྲག་པ་ལ་ཐོགས་པར་ནུས་ཀྱི། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་རམ། དད་པར་རམ། ཡིད་ཆེས་པར་ཡང་མི་ནུས་ན། བླང་བར་རམ། ཀུན་ཆུབ་པར་རམ། ཀུན་ཆུབ་པར་བྱ་བར་རམ། གཟུང་བར་རམ། སྦྱོར་བར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མ་
ཡིན་ནོ། །གསང་བ་པའི་བདག་པོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པའི་སེམས་ཅན་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་པ་ནས་སངས་རྒྱས་བཅུ་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི། གསང་བ་པའི་བདག་པོ་སྐྱེས་བུ་དམ་པ་དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
མང་པོ་ལ་བསྙེན་བཀུར་བྱས་པ་དང་། བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པ་དང་། ཐེག་པ་ཆེན་པོ་འདི་ལ་ངེས་པར་བྱས་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་སེམས་ཅན་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། གཉིས་ལ་མ་ཡིན། གསུམ་ལ་མ་ཡིན། བཞི་

ལ་མ་ཡིན། ལྔ་ལ་མ་ཡིན། སངས་རྒྱས་བཅུ་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི། གསང་བ་པའི་བདག་པོ་སེམས་ཅན་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཐེག་པ་ཆེན་པོ་འདི་ལ་དགེ་བའི་རྩ་བའི་ས་བོན་
བཏབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉེ་བར་ཞི་བ་ཉེ་བར་ཞི་བ་ཞེས་བགྱི་བ་ལ་ཉེ་བར་ཞི་བ་ཞེས་བགྱི་བ་འདི་ནི་གང་ལགས། གང་ཉེ་བར་ཞི་བས་ཉེ་བར་ཞི་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་བ། རིགས་ཀྱི་བུ་ཉེ་བར་ཞི་བ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ཉོན་མོངས་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཉོན་མོངས་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་
པ་དང་། ཡོངས་སུ་རྟོག་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་འདུ་ཤེས་ཡིད་ལ་བྱེད་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །འདུ་ཤེས་ཡིད་ལ་བྱེད་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ཕྱིན་ཅི་ལོག་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཕྱིན་ཅི་ལོག་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་རྒྱུ་དང་དམིགས་པ་ཉེ་བར་ཞི་བའི་ཚིག་
བླ་དགས་སོ། །རྒྱུ་དང་དམིགས་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་མ་རིག་པ་དང་སྲིད་པའི་སྲེད་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །མ་རིག་པ་དང་། སྲིད་པའི་སྲེད་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་
ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་མིང་དང་གཟུགས་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །མིང་དང་གཟུགས་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ཆད་པ་དང་། །རྟག་པར་ལྟ་བ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཆད་པ་དང་རྟག་པར་ལྟ་བ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཞི་བའི་
བློ་གྲོས་དེ་ལྟར་ན་དམིགས་པ་དང་། རྒྱུ་དང་ལྟ་བ་དང་ལྡན་པའི་ཀུན་ནས་ཉོན་མོངས་པ་འབྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བ་ལས་འབྱུང་ངོ་། །འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ལྟ་བ་ཐམས་ཅད་ཉེ་བར་ཞིའོ། །འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་སྨོན་པ་ཐམས་ཅད་ཉེ་བར་

ཞིའོ། །འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་ཐམས་ཅད་ཉེ་བར་ཞིའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། ཤིང་གི་རྩ་བ་བཅད་ན། ཡལ་ག་དང་ལོ་མ་དང་། ཡལ་ག་ཕྲའུ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་
མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་མི་ཤེས་ན་ཉེ་བར་ལེན་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་ངོ་། །འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པར་གྱུར་ན་ཉེ་བར་ལེན་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འབྱུང་སྟེ། གནོད་པར་
མི་འགྱུར་རོ། །ཞི་བའི་བློ་གྲོས་ཀྱིས་གསོལ་བ། །བཅོམ་ལྡན་འདས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་འཚལ་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་བདག་ཀུན་ནས་མི་སློང་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། །སེམས་ཅན་ཀུན་ནས་མི་སློང་བ་དང་།
སྲོག་དང་གང་ཟག་ཏུ་ལྟ་བ་ཀུན་ནས་མི་སློང་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། །ཞི་བའི་བློ་གྲོས་ལྟ་བ་དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས་སོ། །ལྟ་བ་གནས་པ་མེད་པ་དེ་ལ་མི་གནས་པར་ཤེས་པ་གང་ཡིན་པ་འདི་ནི། ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། །
ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ། སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་བཟོད་པས་ལྟ་བ་དེ་མི་འཛིན་པ་གང་ཡིན་པ་འདི་ཡང་ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། །ཞི་བའི་བློ་གྲོས་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་།
མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། སྐྱེ་བ་མེད་པའི་ལྟ་བས་འཇིག་ཚོགས་ཞེས་བྱ་བའི་ལྟ་བ་དེ་མི་འཛིན་པ་འདི་ཡང་ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། །ཞི་བའི་བློ་གྲོས་འཇིག་ཚོགས་ཞེས་བྱ་བ་དེ་ནི་ཚོགས་མ་ཡིན་པ། འབྱུང་བ་མ་ཡིན་པ། རྣམ་པར་འབྱུང་བ་མ་ཡིན་པ་
སྟེ། དེ་ནི་གཟོད་མ་ཉིད་ནས་བྱུང་བ་མ་ཡིན་པ། ཀུན་བརྟགས་པའོ། །བྱུང་བ་མ་ཡིན་ཞིང་ཀུན་བརྟགས་པ་གང་ཡིན་པ་དེ་ནི་ཡོངས་སུ་བརྟག་པ་མ་ཡིན། རྣམ་པར་བརྟག་པ་མ་ཡིན་ནོ། །ཡོངས་སུ་བརྟག་པ་མ་ཡིན། རྣམ་པར་བརྟག་པ་མ་ཡིན་པ་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པ། རྣམ་པར་བསྒྲུབ་པ་མ་ཡིན་པ།

བསླང་བ་མ་ཡིན་པ། ཤེས་པར་བྱ་བ་མ་ཡིན་པའོ། །བྱ་བ་མ་ཡིན་པ་དང་། རྣམ་པར་བསྒྲུབ་པ་མ་ཡིན་པ་དང་། བསླང་བ་མ་ཡིན་པ་དང་། ཤེས་པར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ནི་ཞི་བ་ཞེས་བྱའོ། །གསོལ་པ། ཉེ་བར་ཞི་བ་དང་ལྡན་པ། ཉེ་བར་ཞི་བ་དང་
ལྡན་པ་ཞེས་བགྱི་བ། གང་ཉེ་བར་ཞི་བས་ཉེ་བར་ཞི་བ་དང་ལྡན་པ་ཞེས་བགྱི། བཀའ་སྩལ་པ། དམིགས་པས་སེམས་འབར་བར་བྱེད་དེ། གང་ཕྱིས་དམིགས་པར་མི་བྱེད་པ་དེ་མི་འབར་རོ། །མི་འབར་ན་ཉེ་བར་ཞི་བ་དང་ལྡན་པ་ཞེས་བྱའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་ལས་
འབར་གྱི། རྒྱུ་མེད་ན་འཆི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི། དམིགས་པ་མེད་ན་ཞི་བར་འགྱུར་རོ།། །།བམ་པོ་བདུན་པ། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
དག་པ་ནི་དམིགས་པ་ཞི་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད་དོ། །ཉོན་མོངས་པ་ལ་དམིགས་པ་ཡང་མི་སྐྱེད་ལ་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་ཡང་སྐྱེད་དོ། །བདུད་དང་ཉེ་བའི་ཉོན་མོངས་པའི་དམིགས་པ་ཡང་སྤོང་ལ་བྱང་ཆུབ་ཀྱི་ཕྱོགས་དང་
འཐུན་པའི་ཆོས་ལ་དམིགས་པ་ཡང་མི་སྤོང་ངོ་། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་འདོད་པ་ལ་དམིགས་པ་ཡང་མི་ལེན་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་དམིགས་པ་ཡང་མི་འདོར་རོ། །སྟོང་པ་ཉིད་དུ་དམིགས་པ་ལ་ཡང་རབ་ཏུ་རྟོག་ལ་སེམས་ཅན་ཐམས་ཅད་སྙིང་རྗེ་
ཆེན་པོའི་དམིགས་པར་ཡང་བལྟའོ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནི་