Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ

Văn bản gốc(Tây Tạng)

Trang 9 / 17 (50.000 ký tự/trang)
ིས་
ཇི་སྙེད་ཁྱབ་གྱུར་པ། །བྱམས་པས་ཀྱང་ནི་དེ་སྙེད་ཁྱབ། །བྱམས་པས་ཇི་སྙེད་ཁྱབ་གྱུར་པ། །ཡེ་ཤེས་ཀྱིས་ནི་དེ་སྙེད་ཁྱབ། །ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །གང་གིས་བྱང་ཆུབ་བློ་བསྐྱེད་པ། །དེ་སྙེད་བསོད་ནམས་ཁྱབ་པར་བགྱིད། །བྱང་ཆུབ་སེམས་
ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་རབ་ཏུ་བྱུང་། །
བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི། ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་ཆོས་ནི་ཡོངས་འཛིན་ན། །དེ་བས་བསོད་ནམས་ཆེས་མང་ངོ་། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །

མཐའ་མར་ཕྱིན་པར་འགྱུར་མ་ལགས། །དམ་པའི་ཆོས་ནི་འཛིན་པ་དང་། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེ། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆ་ཡང་མི་རི་ལགས། །སྟོང་པ་ཉིད་ལ་འདིར་མོས་ནས། །བྱང་ཆུབ་སེམས་ཀྱང་མི་གཏོང་དང་། །
དམ་པའི་ཆོས་ནི་འཛིན་བགྱིད་པ། །དེ་ནི་བསོད་ནམས་སྡུད་པ་ལགས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །ཆོས་ཀྱི་རྟོགས་པ་འདི་ཐོས་ནས། །དེ་ཡིས་བྱང་ཆུབ་སྤྱད་སྤྱོད་ཅིང་། །སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། །ཚིགས་སུ་བཅད་པ་བརྗོད་པ་ན། །
ཞིང་རྣམས་བྱེ་བ་རབ་ཏུ་གཡོས། །ལྷ་ནི་བྱེ་བ་ཕྲག་སྟོང་གིས། །རོལ་མོ་སིལ་སྙན་བྱེ་བ་བླངས། །སངས་རྒྱས་ཀྱི་ནི་ཆེ་བ་ཉིད། །ཤུགས་འཆང་གིས་ནི་བཤད་ཐོས་ནས། །སྲོག་ཆགས་བྱེ་བ་ཕྲག་སྟོང་དག །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སངས་རྒྱས་ཐམས་ཅད་
གཟིགས་པ་པོ། །རང་བྱུང་རྣམས་ཀྱི་གསང་བའི་གནས། །གནས་འདི་བསམ་གྱིས་མི་ཁྱབ་སྟེ། །དཔག་ཡས་བླ་ན་མ་མཆིས་ལགས། །ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ།། །།བམ་པོ་བཞི་པ། ཞི་བའི་བློ་གྲོས་དེ་ན་སེམས་
ཅན་དུ་མ་འཁོར་གཅིག་ཏུ་འདུས་པ་དག་ལས་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་། །ཁ་ཅིག་གིས་ནི་མ་མཐོང་ངོ་། །དེ་ལ་གང་དག་གིས་མཐོང་བ་དེ་དག་ནི་དགའ་བ་སྐྱེས་ནས་ལྟའོ། །གང་དག་གིས་མ་མཐོང་བ་དེ་དག་ནི་ཅང་མི་སྨྲ་བར་གྱུར་ཅིང་སྡོད་དོ། །ཞི་བའི་
བློ་གྲོས་དེ་བཞིན་གཤེགས་པ་ནི་ཞལ་ཟས་མི་གསོལ་མོད་ཀྱི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཞལ་ཟས་གསོལ་བར་མཐོང་ངོ་། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་ཀྱི་རིམ་གྲོ་བའི་ལྷ་གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བ་དག་རྟག་ཏུ་དེ་བཞིན་གཤེགས་པའི་ཞབས་འབྲིང་དུ་འབྲང་
ཞིང་དེ་དག་དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་ཟེད་ན་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་ཁམ་ཚད་དུ་བླངས་ཏེ་གསོལ་བར་མཐོང་ངོ་། །དེ་བཞིན་གཤེགས་པས་ཁམ་ཚད་དུ་བླངས་པ་དེ་ཡང་སྣོད་དེ་ཉིད་ན་འདུག་པ་དེ་ལྷ་དེ་དག་གིས་ཁྱེར་ནས་དེ་བཞིན་གཤེགས་པས་

འདུལ་བའི་སེམས་ཅན་སྔོན་དགེ་བའི་རྩ་བ་བསྐྱེད་པ། ལས་ཀྱི་སྒྲིབ་པའི་དབང་གིས་སྐྱེ་གནས་དེ་དང་དེ་དག་ཏུ་འཕངས་པ། བཟའ་བ་དང་། བཏུང་བ་དང་། ཟས་མི་རྙེད་པ། བཀྲེས་པས་ཉམ་ཆུང་བར་གྱུར་པ་ཇི་སྙེད་པ་དེ་དག་ལ་དེ་བཞིན་གཤེགས་པའི་བཤོས་ཀྱི་ཕམ་བབས་
དེ་བྱིན་ནས་སེམས་ཅན་དེ་དག་གིས་ཀྱང་ཟས་དེ་ཟོས་པ་དང་། བཀྲེས་སྐོམ་དང་བྲལ་ཏེ། བདེ་ཞིང་ལུས་ཚིམ་ནས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གང་དག་ལོག་པར་ལྟུང་བ་ཡི་དགས་སམ་གཤིན་རྗེའི་འཇིག་རྟེན་ན་གནས་
པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་ནུས་པ་དེ་དག་ལ་ཡང་དེ་ཉིད་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་ན་ཡང་ཁྱོད་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པ་ཞལ་ཟས་མི་གསོལ་ཞིང་དེ་བཞིན་གཤེགས་པ་ཆོས་ཀྱི་ཞལ་ཟས་ཅན་དུ་དེ་ལྟར་རིག་པར་བྱ་
སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ། སྲ་བ་སྙིང་པོ་ཅན། མི་ཤིགས་པ། རྡོ་རྗེའི་རང་བཞིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ལ་ནི་ཕོ་བ་དང་ལོང་ཀ་མེད་དོ། །རྣག་གམ། ཁྲག་གམ། མཆི་མ་འམ། ངར་སྣབས་སམ།
ངན་སྐྱུགས་སམ། མི་གཙང་བ་མེད་ཀྱི་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་འཛམ་བུའི་ཆུ་བོའི་གསེར་གྱི་གར་བུ་ལྟ་བུ་སྟེ། ཁོང་སྟོང་མ་ཡིན་པ། བུ་ག་མེད་པ། ཁ་ན་མ་ཐོ་བ་མེད་པའོ། །ཞི་བའི་བློ་གྲོས་འདི་ལྟར་ལྕི་ཁྱད་རྡོ་རྗེ་དང་འདྲ་ཡང་འཇམ་ཁྱད་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་
འགྱུར་བས་དེ་བཞིན་གཤེགས་པའི་སྐུའི་ཆེ་བ་ཉིད་ལ་ལྟོས། ཞི་བའི་བློ་གྲོས་གང་གི་ཚེ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། ལྷའི་བུ་མོ་རྣམས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་བ་ན། སྔོན་མ་རེག་པའི་རེག་པ་རེག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་སེམས་བསྐྱེད་དེ། །དེ་དག་ཉོན་མོངས་པ་སྐྱེད་པར་མི་འགྱུར་བའི་དུས་དེ་དང་ཚོད་དེ་ཡོད་དོ། །ཞི་བའི་བློ་གྲོས་སེམས་ཅན་འདོད་ཆགས་ལ་སྤྱོད་པ་གང་དག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དེ་དག་དེ་བཞིན་གཤེགས་པའི་སྐུ་མཐོང་མ་ཐག་ཏུ་བདག་ཉིད་འདོད་ཆགས་དང་བྲལ་

བར་ཤེས་སོ། །ཞེ་སྡང་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་བྱམས་པ་འཐོབ་བོ། །གཏི་མུག་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་ཡེ་ཤེས་ཀྱི་སྣང་བ་འཐོབ་བོ། །ཆ་མཉམ་པ་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་ཉོན་མོངས་པ་དང་བྲལ་བར་ཤེས་སོ། །
སེར་སྣ་ཅན་གང་དག་གིས་མཐོང་ན་དེ་དག་གཏོང་བ་ལ་མོས་པར་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་གང་དག་གིས་མཐོང་ན་དེ་དག་ཚུལ་ཁྲིམས་ལ་མོས་པར་འགྱུར་རོ། །གནོད་སེམས་ཅན་གང་དག་གིས་མཐོང་ན་དེ་དག་བཟོད་པ་འཐོབ་བོ། །ལེ་ལོ་ཅན་གང་དག་གིས་མཐོང་ན་དེ་
དག་བརྩོན་འགྲུས་ལ་མོས་པར་འགྱུར་རོ། །སེམས་གཡེང་བ་གང་དག་གིས་མཐོང་ན་དེ་དག་ཏིང་ངེ་འཛིན་འཐོབ་བོ། །ཤེས་རབ་འཆལ་པ་གང་དག་གིས་མཐོང་ན་དེ་དག་ཤེས་རབ་ལ་མོས་པར་འགྱུར་རོ། །རིགས་ཀྱི་བུ་མདོར་ན་སེམས་ཅན་དཀར་པོའི་ཆོས་གང་དང་གང་དག་
དང་བྲལ་བ་དག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དེ་དང་དེ་དག་དེ་བཞིན་གཤེགས་པའི་སྐུ་མཐོང་མ་ཐག་ཏུ་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་ནས་དགེ་བའི་སེམས་ལ་རབ་ཏུ་གནས་པར་འགྱུར་ཏེ་དེ་ལ་ཡང་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་མི་མངའ་ཞིང་
བཏང་སྙོམས་པ་སྟེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །ཞི་བའི་བློ་གྲོས། དེ་བཞིན་གཤེགས་པས་སྤྲུལ་པ་གང་སྤྲུལ་པ་དེ་ཡང་ལྷུན་གྱིས་འགྲུབ་ཅིང་སྒྲིམ་པ་མི་མངའ་བ་དང་། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དེ་དེ་བཞིན་
གཤེགས་པ་འདི་སྙམ་དུ་ངས་སྤྲུལ་པ་དག་སྤྲུལ་ཏོ། །སྤྲུལ་ལོ། །སྤྲུལ་པར་བྱའོ་སྙམ་དུ་མི་དགོངས་མོད་ཀྱི་འོན་ཀྱང་སྤྲུལ་པས་འདུལ་བའི་སེམས་ཅན་ཇི་སྙེད་པར་འཇིག་རྟེན་གྱི་ཁམས་འདི་འམ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་དེ་དང་དེ་དག་ཏུ་སེམས་ཅན་ཡོངས་
སུ་སྨིན་པར་མཛད་པའི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་སྙེད་དུ་བཞུད་དེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དོན་དུ་སྐུ་ལས་འོད་ཁ་དོག་དུ་མ། ཁ་དོག་ཐ་དད་པ།

ཁ་དོག་བརྒྱ་སྟོང་པ་གང་ཕྱུང་སྟེ། འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱེད་པ་དེ་ཡང་ལྷུན་གྱིས་གྲུབ་ཅིང་སྒྲིམ་པ་མི་མངའ་བ་དང་། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བ་དང་།
སྐུའི་ཕྲིན་ལས་ཏེ། སྐུའི་ཕྲིན་ལས་ཡོངས་སུ་དག་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་དུ་ཟད་ཀྱི་བསྐལ་པ་འམ། དེ་བས་ལྷག་པར་བརྗོད་ཀྱང་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཡོངས་སུ་དག་པའི་ཡོན་ཏན་བསྔགས་པའི་མཐར་ཕྱིན་པར་མི་ནུས་སོ། །དེ་བཞིན་གཤེགས་པའི་གསང་
བ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་དེ་བཞིན་གཤེགས་
པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལྷ་དང་མིའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྤྱི་བོ་ལ་བཞག་ནས་གསང་བ་པའི་བདག་པོ་ལག་ན་
རྡོ་རྗེ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་ཀྱང་གནང་ཞིང་རྗེས་སུ་དགྱེས་སོ། །ལེགས་སོ་ཞེས་བྱ་བ་གནང་ངོ་། །དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ་སྟེ་བདུན་པའོ།། །།
གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་གསུང་གི་གསང་བ་དང་། གསུང་གི་ཕྲིན་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་གང་གི་
ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེའི་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་

བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་སྟེ། དེ་བཞིན་གཤེགས་པ་ལ་དབུགས་འབྱུང་བ་འམ་རྔུབ་པ་མི་མངའོ། །རྣམ་པར་མི་རྟོག་གོ །རྣམ་པར་མི་དཔྱོད་དོ། །རྣམ་པར་རྟོག་པ་དང་རྣམ་
པར་དཔྱོད་པ་མེད་པ་ན་ངག་མི་འབྱུང་སྟེ། དེ་བཞིན་གཤེགས་པ་དེ་ཡང་རྣམ་པར་མི་རྟོག །རྣམ་པར་མི་དཔྱོད། རྟོག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད། མི་གསུང་། མི་རྗོད། གསུང་བར་མི་མཛད་ཀྱང་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་
པ་ནི་གསུང་ངོ་སྙམ་མོ། །དེ་བཞིན་གཤེགས་པ་ནི་ཤིན་ཏུ་མཉམ་པར་བཞག་པ་སྟེ། ཡི་གེའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་སེམས་ཅན་ཡི་གེ་ལྷུར་ལེན་པ་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་
ཅག་ལ་ཆོས་སྟོན་ཏོ། །བདག་ཅག་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཀུན་ཤེས་སོ་སྙམ་མོ། །དེ་ལ་ཡང་དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་ཅིང་བཏང་སྙོམས་སུ་མཛད་དོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཚེམས་དང་། སྒྲོས་དང་། ཞལ་གྱི་རྐན་དང་།
ལྗགས་དང་། ཞལ་གྱི་སྒོ་ནས་སྒྲ་འབྱུང་བ་ཡང་མེད་ལ་འབྱུང་བར་ཡང་གྲག་གོ །དེ་བཞིན་གཤེགས་པའི་གསུང་གི་སྒྲ་འབྱུང་བ་དེ་ནི་ནམ་མཁའ་ལས་འབྱུང་ན་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། སྒྲ་འདི་ནི་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་ངོ་སྙམ་མོ། །
ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ་མཉེན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་།
འོད་གསལ་བ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་སིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་།

སྙིང་དགའ་བར་བྱེད་པ་དང་། དགའ་བདེ་སྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་དུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་།
རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་འབྲེལ་པ་དང་། ཟློས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། ཚངས་
པའི་སྒྲ་དབྱངས་བསྒྲགས་པ་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲག་པ་དང་། ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་པ་མེད་པ་དང་། མ་ཚང་བ་མེད་པ་དང་།
མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟབས་པ་དང་། འཁོར་
ཀུན་དུ་གྲག་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འབྱུང་བ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཡན་ལག་དྲུག་ཅུ་རྩ་བཞི་པོ་དེ་དག་དང་
ལྡན་པར་འབྱུང་ངོ་། །ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་མཛད་ཀྱང་། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་འདི་སྙམ་དུ་ང་མདོའི་
སྡེའམ། དབྱངས་ཀྱིས་བསྙད་པའི་སྡེའམ། ལུང་བསྟན་པའི་སྡེའམ། ཚིགས་སུ་བཅད་པའི་སྡེའམ། ཆེད་དུ་བརྗོད་པའི་སྡེ་འམ། གླེང་གཞིའི་སྡེ་འམ། དེ་ལྟ་བུ་བྱུང་བའི་སྡེ་འམ། སྐྱེས་པ་རབས་ཀྱི་སྡེ་འམ། ཤིན་ཏུ་རྒྱས་པའི་སྡེ་འམ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་འམ། གཏན་ལ་

དབབ་པར་བསྟན་པའི་སྡེའམ། དཔེ་འམ། སྔོན་གྱི་ཚུལ་ལམ། རྟོགས་པ་བརྗོད་པའི་སྡེ་འམ། ཀུན་ཏུ་བསྙད་པ་འདི་སྟོན་ཏོ་ཞེ་འམ། རབ་ཏུ་གསལ་བར་མཛད་དོ་ཞེ་འམ། རབ་ཏུ་ཤེས་པར་མཛད་དོ་ཞེ་འམ། རབ་ཏུ་འཇོག་གོ་ཞེ་འམ། རྣམ་
པར་འབྱེད་དོ་ཞེ་འམ། རྣམ་པར་འགྲེལ་ཏོ་ཞེ་འམ། རྗོད་དོ་ཞེ་འམ། ཡང་དག་པར་བསྒྲགས་པར་མཛད་དོ་སྙམ་དུ་མི་དགོངས་སོ། །དེ་ལྟ་མོད་ཀྱི། དེ་བཞིན་གཤེགས་པའི་འཁོར་འདུས་པ་ཅི་འདྲ་བ་དགེ་སློང་གི་འཁོར་རམ། དགེ་སློང་མའི་འཁོར་རམ། དགེ་བསྙེན་གྱི་འཁོར་རམ།
དགེ་བསྙེན་མའི་འཁོར་རམ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་ཀྱང་རུང་སྟེ། དེར་དེ་དག་གི་དབང་པོའི་རིམ་པ་དང་། དེ་དག་ཅི་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོས་པས་དགོས་པར་འགྱུར་
བ་དེ་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོས་པ་དེ་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་བར་ཤེས་ཀྱང་ཆོས་བསྟན་པ་དེ་ནི་ཕན་ཚུན་གྱི་ངེས་པའི་ཚིག་ཐ་དད་པ་ལ་གནོད་པ་མེད་པར་ཐམས་ཅད་ཀྱང་རང་རང་གི་ཆོས་རྣམ་པར་རིག་པ་ཀུན་ཏུ་ཤེས་ཏེ། ཞི་བའི་བློ་གྲོས། འདི་ནི་དེ་བཞིན་གཤེགས་པའི་
གསུང་གི་གསང་བའོ། །ཞི་བའི་བློ་གྲོས། གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་ཚད་མེད་པ་དག་གི་སྤྱོད་པ་ཚད་མེད་པ་གསུང་ན། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞེས་འབྱུང་བ་ནི། སེམས་ཅན་དབང་པོ་མཐུ་ཆུང་བ་རྣམས་གཟུད་པའི་ཕྱིར་བསྟན་པ་འདི་དེ་བཞིན་
གཤེགས་པས་བསྟན་གྱི། ཞི་བའི་བློ་གྲོས། སེམས་ཅན་གྱི་སྤྱོད་པ་ནི་ཚད་མེད་དེ་སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་བསྐལ་པ་ཙམ་དུ་བཤད་ཀྱང་དེ་བས་ལྷག་པར་འགྱུར་རོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་གང་ཡིན་པ་དང་། གཏི་མུག་ལ་སྤྱོད་པ་
རྣམས་ཀྱི་གང་ཡིན་པ་དང་། སེམས་ཅན་ཆ་མཉམ་པ་ལ་སྤྱོད་པ་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་དག་བསྐལ་པ་ཙམ་དུ་བསྟན་ཀྱང་དེ་དག་རེ་རེ་ཡང་དེ་བས་ལྷག་པར་འགྱུར་རོ། །ཞི་བའི་བློ་གྲོས། གལ་ཏེ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྐལ་པ་བརྒྱ་སྟོང་དུ་

བཞུགས་པས། སེམས་ཅན་རྣམས་ལ་ཆོས་བསྟན་པ་གཞན་གྱི་སྐབས་མི་དབྱེ་བར་སེམས་ཅན་གྱི་སྤྱོད་པ་ཉིད་བསྟན་ཀྱང་དེ་བཞིན་གཤེགས་པའི་སྐུ་ཚེ་མཐར་ཐུག་པར་འགྱུར་གྱི། སེམས་ཅན་གྱི་སྤྱོད་པ་ལ་མཐར་ཐུག་པ་གང་ཡང་མེད་དོ། །སེམས་ཅན་
རྣམས་མགོ་རྨོངས་སུ་འོང་ཞེས་སེམས་ཅན་གྱི་སྤྱོད་པ་དེ་ཙམ་དུ་ཚད་མེད་པ་དེ་ཡང་དེ་བཞིན་གཤེགས་པས་ཚད་དང་ལྡན་པར་སྟོན་ཏོ། །ཞི་བའི་བློ་གྲོས། དེ་ལ་དེ་བཞིན་གཤེགས་པའི་གསུང་ནི་ཇི་ལྟར་སྤྱོད་པ་ཁོང་དུ་ཆུད་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་གྱི་སྤྱོད་པ་
ཐམས་ཅད་ལ་འབྱུང་སྟེ། ཞི་བའི་བློ་གྲོས། འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །ཞི་བའི་བློ་གྲོས། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་གསུང་གི་གསང་བའི་ཡེ་ཤེས་ཀྱི་རྗེས་སུ་ཞུགས་པ་དེ་དག་ནི་དེ་བཞིན་གཤེགས་པའི་གསུང་
ཞལ་གྱི་སྒོ་ནས་འབྱུང་བར་མི་ཤེས་ཀྱི་ནམ་མཁའ་ལས་འབྱུང་བར་ཤེས་སོ། །ཞི་བའི་བློ་གྲོས། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཞལ་གྱི་སྒོ་ནས་འབྱུང་བར་ཤེས་སོ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན།
ཞི་བའི་བློ་གྲོས། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་གསུང་གཙུག་ཏོར་ནས་བྱུང་བར་ཤེས་པ་དང་། སྤྱི་གཙུག་ནས་བྱུང་བར་ཤེས་པ་དང་། དབུ་སྐྲ་རྣམས་ལས་བྱུང་བར་ཤེས་པ་དང་། ཕྲག་པ་ནས་བྱུང་བར་ཤེས་པ་དང་། འཕྲལ་བ་དང་།
སྨིན་མཚམས་དང་། མཛོད་སྤུ་དང་། སྤྱན་དང་། སྙན་དང་། ཤངས་དང་། འགྲམ་པ་དང་། ཞལ་དང་། མགུར་ནས་བྱུང་བར་ཤེས་པ་དང་། དེ་བཞིན་དུ་དཔུང་པ་དང་། ཕྱག་དང་། སོར་མོ་དང་། རྩིབ་ལོགས་དང་། བྲང་དང་། རྒྱབ་དང་། ལྟེ་བ་དང་། གསང་བའི་
གནས་དང་། བརླ་དང་། པུས་མོའི་ལྷ་ང་དང་། བྱིན་པ་དང་། ལོང་བུ་དང་། ཞབས་ཀྱི་མཐིལ་དང་། མཚན་རྣམས་དང་། དཔེ་བྱད་བཟང་པོ་རྣམས་དང་། སྤུའི་ཁུང་བུ་ཐམས་ཅད་ནས་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་པའི་སེམས་ཅན་ཁ་ཅིག་ཡོད་དེ། ཞི་བའི་

བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །ཞི་བའི་བློ་གྲོས་མོས་པ་ཇི་ལྟ་བ་དང་། ཡོངས་སུ་སྨིན་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་ཀྱང་ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་
པ་ནི་རྣམ་པར་རྟོག་པ་མི་མངའ་སྟེ་བཏང་སྙོམས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་རོལ་མོ་སིལ་སྙན་གྱི་འཁྲུལ་འཁོར་དེ་ཙམ་དུ་ལེགས་པར་སྦྱར་བ་བྱས་པ་གང་དག་ལ་ལག་གིས་མ་རེག་པར་རླུང་གིས་བསྐྱོད་པས་སྒྲ་སྙན་པ་འབྱུང་བ་དག་ཀྱང་ཡོད་དོ། །འོན་ཀྱང་དེ་ལ་སྒྲ་འབྱིན་
པར་སྤྲོ་བ་ནི་གང་ཡང་མེད་མོད་ཀྱི་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་སྒྲ་སྙན་པ་ཡང་འབྱུང་ངོ་། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་བསམ་པའི་ཤེས་པས་བསྐྱོད་ན་འབྱུང་སྟེ། འོན་ཀྱང་དེ་ལ་དེ་བཞིན་གཤེགས་པའི་གསུང་འབྱིན་པར་
སྤྲོ་བ་ཡང་མི་མངའ་མོད་ཀྱི་སྔོན་ཡོངས་སུ་སྦྱང་བ་མཛད་པའི་ཁྱད་པར་གྱིས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཀྱི་ཡུལ་གྱི་རྗེས་སུ་འཇུག་པར་ཡང་འགྱུར་རོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་བྲག་ཆའི་སྒྲ་ནི་གཞན་རྣམ་པར་རིག་པར་བྱེད་པར་ཡང་འབྱུང་ལ་དེ་ནི་ནང་ན་
ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉི་ག་མེད་པ་ལས་ཀྱང་མི་དམིགས་སོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་བསམ་པ་རྣམ་པར་རིག་པར་བྱེད་པར་ཡང་འབྱུང་ལ་དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན་ལ་གཉི་ག་མེད་
པར་ཡང་མི་དམིགས་སོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བ་ཡོད་དེ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་སེམས་ཅན་གང་གི་བསམ་པ་ཅི་འདྲ་བར་གྱུར་པ་དེ་འདྲ་བའི་སྒྲ་དེ་
ལས་འབྱུང་ཡང་ནོར་བུ་རིན་པོ་ཆེ་དེ་ནི་རྣམ་པར་མི་རྟོག་གོ །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རིན་པོ་ཆེ་ལྷག་པའི་བསམ་པས་ཡོངས་སུ་དག་པ་ཡང་སྙིང་རྗེ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་སེམས་ཅན་གང་གི་བསམ་པ་ཅི་འདྲ་བར་གྱུར་པ་དེ་འདྲ་བར་

དེ་བཞིན་གཤེགས་པའི་གསུང་འབྱུང་བར་དེས་ཤེས་ཀྱང་དེ་ལ་དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པ་མི་མངའ་ཞིང་བཏང་སྙོམས་པ་སྟེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །ཞི་བའི་བློ་གྲོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསུང་
དབྱངས་ཚད་མེད་པ་སྟེ། ཞི་བའི་བློ་གྲོས་གང་ཞིག་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཚད་དམ་མཐའ་གཟུང་བར་ནུས་པ་དེ་ནི་ཁོ་བོས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་
མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་བོས་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་ལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང་བཞུགས་ཏེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བརྟེན་ནས་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་རབ་ཏུ་སྟོན་པ་དེ་མཇུག་ཏུ་ཕྱིན་པའི་དུས་ཀྱི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་གསུང་
གི་དཀྱིལ་འཁོར་ཇི་སྲིད་ཅིག་ཏུ་རིང་དུ་འགྲོ་བ་ཞིག་བདག་གིས་དེ་བཞིན་གཤེགས་པའི་གསུང་གི་དཀྱིལ་འཁོར་དཔག་པར་བྱའོ་སྙམ་མོ། །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་རང་གི་སྟན་གྱི་སྟེང་ནས་མི་སྣང་བར་གྱུར་ཏེ། རི་རབ་ཀྱི་རྩེ་མོར་ཕྱིན་ནས་དེ་དེ་ན་འདུག་ན་ཡང་དེ་
བཞིན་གཤེགས་པའི་གསུང་དེ་འདྲ་བ་ཁོ་ནར་ཐོས་སོ། །རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་ནུབ་ཕྱོགས་ཀྱི་རི་རབ་ལས་འདས་ཤིང་གླིང་བཞི་པ་ལས་ཀྱང་འདས་ཁོར་ཡུག་ལས་ཀྱང་འདས་ཏེ། འཇིག་རྟེན་གྱི་བར་གྱི་ཁོར་ཡུག་གི་ཟོམ་ལ་འདུག་ན་
ཡང་བཅོམ་ལྡན་འདས་ཀྱི་གསུང་ལྷག་ཆད་མེད་ཅིང་མཉམ་པར་དེ་འདྲ་བ་ཁོ་ནར་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་མཽད་གལ་གྱི་བུ་འདི་ངའི་སྒྲ་སྐད་དཔོག་པར་འདོད་ཀྱིས་ངས་འདི་ལ་རྫུ་འཕྲུལ་གྱིས་བསྟང་ངོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་རྫུ་འཕྲུལ་

གྱིས་བསྟངས་པ་དང་། དེ་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བ་
དེ་ན་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟ་ན་བཞུགས་ཤིང་འཚོལ་གཞེས་ཏེ་ཆོས་ཀྱང་སྟོན་པ་དེར་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་ཕྱིན་ཏེ། དེ་ན་འདུག་ཀྱང་བཅོམ་ལྡན་འདས་ཀྱི་སྒྲ་སྐད་དེ་འདྲ་བ་ཁོ་ནར་ཐོས་ཏེ། འདི་ལྟ་སྟེ་དཔེར་ན་འདོམ་གང་ཙམ་གྱི་ཕྱོགས་ན་
འདུག་པའི་མིས་མི་ཅིག་ཤོས་ཀྱི་སྒྲ་ཐོས་པ་དེ་བཞིན་དུ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འཇིག་རྟེན་གྱི་ཁམས་དེ་ན་གནས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་སྒྲ་ཐོས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེའི་སྐུའི་ཁྲུན་ནི་དཔག་ཚད་ཙམ་མོ། །བྱང་ཆུབ་སེམས་
དཔའ་དེ་དག་གི་ལུས་ཀྱི་ཁྲུན་ནི་དཔག་ཚད་ཕྱེད་དོ། །དེ་ན་བྱང་ཆུབ་སེམས་དཔའ་དེ་དག་གི་སྤྱད་པར་བྱ་བའི་ལྷུང་བཟེད་ཀྱི་རྟེན་མ་གདུ་བུ་དེ་ལ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འཆག་ཅིང་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་དགའ་ནས་བཅོམ་ལྡན་འདས་དེ་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སྦྱོང་གི་ཁ་དོག་འདྲ་བའི་སྲོག་ཆགས་ལྷུང་བཟེད་ཀྱི་རྟེན་མའི་གདུ་བུ་ལ་འཆག་ཅིང་མཆིས་པ་འདི་ག་ལས་མཆིས་པ་ཞིག་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་འདི་ལ་བརྙས་པའི་སེམས་མ་སྐྱེད་ཅིག །དེ་ཅིའི་
ཕྱིར་ཞེ་ན། འདི་ནི་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་ཀྱི་མཆོག་གོ །ཉན་ཐོས་ཆེན་པོ་རྣམས་ཀྱི་ནང་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་གོ །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོས་མཽད་གལ་
གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཁྱོད་ལ་བྱང་ཆུབ་སེམས་དཔའ་འདི་དག་ཁྱད་དུ་གསོད་ཀྱིས། ཁྱོད་ཀྱིས་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་བྱིན་གྱི་

རླབས་ཀྱིས་རང་གི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཅིག །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིན་
པོ་ཆེའི་གླིང་འདི་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བགྱིའོ། །བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་གྱིས་ཤིག །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་བདུན་ཙམ་གྱི་གོང་དུ་མངོན་པར་འཕགས་ཏེ། རིན་
པོ་ཆེའི་གླིང་དེ་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བྱས་སོ། །སྐྱིལ་མོ་ཀྲུང་དེ་ལས་ཀྱང་མུ་ཏིག་གི་རྒྱན་ཕྲེང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་འཕྱང་ངོ་། །མུ་ཏིག་གི་རྒྱན་ཕྲེང་གི་འབྲུ་ཐམས་ཅད་ལས་ཀྱང་འོད་ཟེར་བརྒྱ་སྟོང་བྱུང་ངོ་། །འོད་ཟེར་དེ་དག་ཐམས་ཅད་ཀྱི་རྩེ་མོ་
དག་ལས་ཀྱང་པད་མ་རྣམས་བྱུང་ངོ་། །པད་མ་ཐམས་ཅད་ཀྱི་སྙིང་པོ་རྣམས་ལ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཅི་འདྲ་བ་དེ་འདྲ་བའི་དེ་བཞིན་གཤེགས་པའི་གཟུགས་བཞུགས་པར་སྣང་ངོ་། །དེ་བཞིན་གཤེགས་པའི་གཟུགས་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཤཱཀྱ་
ཐུབ་པའི་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཆོས་ཀྱི་རྣམ་གྲངས་ལས་བརྩམས་ཏེ་བསྔགས་པ་གསུང་ངོ་། །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་
སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བགྱིའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་སྟོང་དང་སྟོང་གཉིས་པ་ཁྱབ་པར་བགྱིའོ། །བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བགྱིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ།
མཽད་གལ་གྱི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་གྱིས་ཤིག །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་རྫུ་འཕྲུལ་དེ་བསྡུས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འདི་ཅི་ཞིག་གི་སླད་དུ་འཇིག་རྟེན་གྱི་ཁམས་འདིར་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་བ། རིགས་ཀྱི་བུ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་དབྱངས་ཀྱི་དཀྱིལ་
འཁོར་ཤེས་པར་འདོད་ནས་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །དེ་ནས་བཅོམ་ལྡན་འདས་དེས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཁྱོད་དེ་བཞིན་གཤེགས་པ་གསུང་དབྱངས་ཚད་མེད་པའི་གསུང་གི་དཀྱིལ་འཁོར་ཤེས་
པར་འདོད་པས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་གྱི། ཁྱོད་ཀྱིས་ལན་གཉིས་སུ་དེ་ལྟ་བུའི་སེམས་མ་སྐྱེད་ཅིག །གལ་ཏེ་མཽད་གལ་གྱི་བུ་ཁྱོད་ཤུགས་འདི་ཉིད་དང་། རྫུ་འཕྲུལ་གྱི་སྟོབས་འདི་ཉིད་ཀྱིས་ནུབ་ཕྱོགས་ལོགས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སོང་ཡང་ཁྱོད་
ཀྱིས་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་གསུང་གི་དཀྱིལ་འཁོར་གྱི་མཐའ་རྟོགས་པར་མི་ནུས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ལྟར་གསུང་དབྱངས་ཚད་མེད་པ་དང་ལྡན་ནོ། །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་ཕྱག་
འཚལ་ཏེ། ཉེས་པ་བཤགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསུང་དབྱངས་ཚད་མ་མཆིས་པའི་གསུང་གི་དཀྱིལ་འཁོར་རྟོགས་པར་འཚལ་བས་བདག་ནི་ནོངས་པ་ཅན་ཏེ་ནོངས་པ་འཆགས་སོ། །བཅོམ་ལྡན་འདས་བདག་ཇི་སྲིད་ཅིག་གནས་མཆིས། བཅོམ་ལྡན་འདས་
དེས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ནས་ཁྱོད་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །མཽད་གལ་གྱི་བུས་གསོལ་བ། བཅོམ་ལྡན་འདས་བདག་ནི་རིང་མོ་ཞིག་ནས་མཆིས་པས་ལུས་དུབ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་དེར་
མཆི་བའི་རྔོ་མི་ཐོག་གོ །བཅོམ་ལྡན་འདས་དེས་བཀའ་སྩལ་པ། མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནི་བཅོམ་ལྡན་འདས་

ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་གྱིས། ཁྱོད་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚོལ་ཅིག་དང་། དེ་ཉིད་ཀྱིས་ཁྱོད་སླར་ཁྲིད་པར་འགྱུར་རོ། །མཽད་གལ་གྱི་བུ་གལ་ཏེ་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་
ནི་བསྐལ་པ་སྲིད་ཀྱིས་ཀྱང་ཕྱིན་པར་མི་ནུས་ཏེ། འཇིག་རྟེན་གྱི་ཁམས་དེར་མ་ཕྱིན་པར་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། ཤར་རམ། ལྷོ་འམ། ནུབ་བམ། བྱང་ངམ། ཕྱོགས་གང་ཞིག་ཏུ་ཕྱིན། གསོལ་པ། བཅོམ་
ལྡན་འདས་བདག་ཕྱོགས་བསླད་དེ་གང་ནས་འདིར་མཆིས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་
ནི་བསྐལ་པས་ཀྱང་ཕྱིན་པར་མི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་ཕྱོགས་གང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞུགས། བཀའ་སྩལ་པ། མཽད་གལ་གྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་ཤར་ཕྱོགས་ལོགས་ན་བཞུགས་སོ། །དེ་ནས་
གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་དེའི་ཚེ་ཡན་ལག་ལྔ་ས་ལ་གཏུགས་ཏེ། ཤར་ཕྱོགས་སུ་ཕྱག་འཚལ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །མཐུ་ཆེན་མངའ་བ་ལྷ་དང་མིས་མཆོད་པ། །ཡེ་ཤེས་མཐའ་ཡས་མཐའ་ཡས་གསུང་ལྡན་པ། །རྐང་གཉིས་རྣམས་ཀྱི་དམ་
པ་དགོངས་སུ་གསོལ། །སླར་ཡང་ཞིང་དེར་རབ་ཏུ་མཆི་བར་བགྱི། །ཞི་བའི་བློ་གྲོས་དེ་ལྟར་སངས་རྒྱས་ཀྱི་མཐུས། བཅོམ་ལྡན་འདས་ཀྱི་ཐམས་ཅད་དང་ལྡན་པའི་འཁོར་བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནས་པ་དེས་གནས་བརྟན་མཽད་གལ་གྱི་བུས་གསོལ་བ་བཏབ་པའི་སྒྲ་དེ་ཐོས་
སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་གསོལ་བ་འདེབས་པ་འདི་སུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་མཽད་གལ་གྱི་བུ་སྟེ།

སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པར་སོང་སྟེ། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བར་བཅོམ་ལྡན་འདས་འོད་ཟེར་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ན་
གནས་ཏེ་དེ་འཇིག་རྟེན་གྱི་ཁམས་འདིར་འོང་བར་འདོད་ནས་གསོལ་བ་འདེབས་པའི་སྒྲ་དེ་ལྟ་བུ་ཕྱུང་ངོ་། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མཽད་གལ་གྱི་བུ་ཆེན་པོ་ཅིའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆིས། བཀའ་སྩལ་པ། ཀུན་དགའ་བོ་མཽད་གལ་གྱི་
བུ་འདིར་སླར་འོངས་པ་དང་འདི་ཉིད་དུ་ཐོས་པར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་དེ་དང་། དེ་བཞིན་གཤེགས་པ་འོད་
ཟེར་གྱི་རྒྱལ་པོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་བལྟ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་དེས་གསོལ་བ་བཏབ་པ་མཁྱེན་ནས་མཛོད་སྤུ་ནས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་འོད་ཟེར་
ཕྱུང་སྟེ་འོད་ཟེར་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་པོ་དེ་དག་ལས་ཐལ་ཏེ་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་དེ་དང་།
དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ཡན་ལག་ལྔ་ས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་
མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་འོད་ཀྱི་དཀྱིལ་འཁོར་འདིའི་རྗེས་སུ་འབྲངས་ཏེ་ཤོག་ཤིག །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་འོད་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ། སེམས་ཀྱི་རྣམ་པར་རྟོག་པ་ཙམ་གྱིས་

འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ནས་དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སྤྱན་སྔར་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ནས་ཉེས་པ་བཤགས་པ། བཅོམ་ལྡན་འདས་
བདག་དེ་བཞིན་གཤེགས་པའི་གསུང་དབྱངས་ཚད་མ་མཆིས་པའི་གསུང་དབྱངས་ཀྱི་དཀྱིལ་འཁོར་རྟོགས་པར་འཚལ་ནས་དེ་སྲིད་དུ་རིང་དུ་མཆིས་པས་བདག་ནོངས་པ་ཅན་ཏེ་ནོངས་པ་འཆགས་སོ། །བཅོམ་ལྡན་འདས་དེ་སྲིད་དུ་རིང་དུ་མཆིས་ཀྱང་དེ་བཞིན་གཤེགས་པའི་གསུང་ནི་འདི་
ན་ཇི་ཙམ་པ་དེ་ཙམ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཆེན་པོ་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་གསུང་ལ་ནི་ཚད་གང་ཡང་མེད་དེ། མཽད་གལ་གྱི་བུ་གང་དེ་བཞིན་གཤེགས་པའི་གསུང་གི་ཚད་དམ་མཐའ་ཡོངས་སུ་
ཚོལ་བར་སེམས་པ་དེ་ནི་ནམ་མཁའི་ཚད་དམ། མཐའ་ཡོངས་སུ་ཚོལ་བར་སེམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། །གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འགྲོ་བ་དང་། འོང་བའི་ལེའུ་འདི་
བཤད་པ་ན་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །ཞི་བའི་བློ་གྲོས་འདི་ཇི་སྙམ་དུ་སེམས། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་
འཇུག་པ་གང་དག་ཡིན་པ་དེ་དག་ཅི་མང་བ་ཡིན་ནམ། ཞི་བའི་བློ་གྲོས་ཀྱིས་སྨྲས་པ། གསང་བ་པའི་བདག་པོ་སེམས་ཅན་གཅིག་གི་སེམས་དང་སེམས་ལས་བྱུང་བའི་འཇུག་པ་གང་དག་ཡིན་པ་དེ་དག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོར་གཏོགས་པའི་སེམས་ཅན་ཐམས་ཅད་རང་སངས་རྒྱས་
སུ་གྱུར་པ་རྣམས་ཀྱིས་བསྐལ་པར་ཡང་བསམ་པའམ། གཞལ་བ་འམ། བརྩི་བའམ། བརྟག་པར་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་ལྟ་སྨོས་ཀྱང་ཅི་དགོས། ལག་ན་རྡོ་རྗེས་སྨྲས་པ། ཞི་བའི་བློ་གྲོས་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །སེམས་

ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཇི་སྙེད་པར་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་པའི་གསུང་གི་ཡན་ལག་གི་རྣམ་པ་ཡང་དེ་སྙེད་དུ་འབྱུང་སྟེ། དེ་ལ་ཡང་དེ་བཞིན་གཤེགས་པ་ནི་
རྣམ་པར་མི་རྟོག་ཅིང་། བཏང་སྙོམས་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྟོང་གསུམ་སེམས་ཅན་གང་ཡིན་པ། །དེ་དག་རང་རྒྱལ་འདྲེན་གྱུར་པས། །བསྐལ་པར་སེམས་ཅན་གཅིག་ཅིག་གི །སེམས་ཀྱི་ཁམས་ཀྱང་མི་ཤེས་སོ། །སེམས་ཅན་གཅིག་ཡིད་ཇི་སྙེད་པ། །
སངས་རྒྱས་ཀྱིས་ནི་རབ་མཁྱེན་ཀྱང་། །ང་ཡིས་ཡིད་འདི་ཤེས་སོ་ཞེས། །དེ་ནི་རྟོག་པར་མི་འགྱུར་རོ། །དུས་གསུམ་སེམས་ཅན་ཐམས་ཅད་ཀྱི། སེམས་པ་དག་ནི་ཇི་སྙེད་པ། །འཇིག་རྟེན་མགོན་པོ་ཆོས་སྟོན་ཚེ། །དབྱངས་ཀྱི་ཡན་ལག་དེ་སྙེད་དོ། །ཆོས་ཀྱི་བདག་པོ་གསུང་
བ་ན། །དབྱངས་ཀྱི་ཡན་ལག་ཇི་སྙེད་པ། །ཆོས་ཀྱི་མིང་གིས་བཤད་པ་ཡི། །ཆོས་བསྟན་པ་ཡང་དེ་ཙམ་མོ། །སེམས་ཅན་ཀུན་གྱི་གཟུགས་དང་ནི། །མིང་དང་སེམས་པ་ཇི་སྙེད་པ། །སེམས་ཅན་སྙིང་པོའི་སྤུ་གཅིག་ནས། །འོད་ཟེར་འབྱུང་བ་དེ་སྙེད་དོ། །འཇིག་རྟེན་
མགོན་པོའི་སྤུ་ཀུན་གྱི། །འོད་ཟེར་དག་ནི་ཇི་སྙེད་པ། །མི་ཡི་དབང་པོ་ཆོས་སྟོན་ཚེ། །གསུང་གི་ཡན་ལག་དེ་བས་མང་། །དཔེ་བཀོད་ནས་ནི་སངས་རྒྱས་ཀྱིས། །བསྐལ་པར་རབ་ཏུ་བསྟན་མཛད་ཀྱང་། །སངས་རྒྱས་ཀྱི་ནི་གསུང་དབྱངས་ཀྱི། མཐའ་མ་རྙེད་པར་མི་འགྱུར་རོ། །
ཉོན་མོངས་གཟུགས་ཅན་མ་ཡིན་རྣམས། །གཟུགས་ཅན་མིན་པའི་ཚིག་གིས་བརྗོད། གཟུགས་ཅན་མིན་པའི་ཚིག་གིས་ནི། །ཉོན་མོངས་གཟུགས་མེད་ཞི་བར་བྱེད། །ཇི་ལྟར་ཚིག་ནི་གཟུགས་མེད་པ། །ཐམས་ཅད་དུ་ནི་མི་དམིགས་ཏེ། །དེ་ལྟར་ཉོན་མོངས་གཟུགས་མེད་པ། །
ཤིན་ཏུ་དམིགས་པར་མི་འགྱུར་རོ། །ཇི་ལྟར་ཚིག་ནི་ཡོད་མིན་ཏེ། །ནང་དང་ཕྱི་རོལ་མི་གནས་པ། །དེ་ལྟར་ཉོན་མོངས་རྣམས་མེད་ཅིང་། །ནང་དང་ཕྱི་རོལ་མི་གནས་སོ། །ཇི་ལྟར་ཕྱོགས་བཅུར་སངས་རྒྱས་གསུངས། །གང་ཡང་རྙེད་པར་མི་འགྱུར་བ། །དེ་ལྟར་ཉོན་མོངས་མི་དམིགས་

ཀྱང་། །དེ་ནི་ཚིག་གིས་བརྗོད་པ་ཡིན། །སེམས་ཅན་དག་ནི་ཀུན་གྱི་ཚིག །རབ་འབྲིང་ཐ་མ་གང་ཡིན་པ། །དེ་དག་ལུས་དང་སེམས་མི་གནས། །གནས་པ་མེད་པའང་མ་ཡིན་ནོ། །ཇི་ལྟར་སིལ་སྙན་འཁྲུལ་འཁོར་བྱས། །རླུང་གིས་བསྐྱོད་ནས་སྒྲ་འབྱུང་བ། །སྒྲ་
འབྱིན་བྱེད་པ་གང་ཡང་མེད། །འོན་ཀྱང་སྒྲ་རྣམས་དེ་དག་འབྱུང་། །དེ་ལྟར་སྔོན་ཆད་རྣམ་དག་ཕྱིར། །སེམས་ཅན་ཀུན་གྱི་བསམ་པས་བསྐྱོད། །སངས་རྒྱས་ཀྱི་ནི་གསུང་འབྱུང་ཡང་། །འདི་ལ་དེ་ནི་རྟོག་མི་མངའ། །ཇི་ལྟར་བྲག་ཆ་རྣམས་ཀྱི་སྒྲ། །ནང་དང་ཕྱི་རོལ་མི་
གནས་པ། །དེ་ལྟར་མི་ཡི་དབང་པོའི་གསུང་། །ནང་དང་ཕྱི་རོལ་མི་གནས་སོ། །ཇི་ལྟར་རིན་ཆེན་མི་རྟོག་པར། །སྣང་བས་སེམས་ཅན་ཚིམ་བྱེད་པ། །དེ་ལྟར་རྒྱལ་བ་མི་རྟོག་གསུང་། །སྒྲ་ཀུན་རབ་ཏུ་རྫོགས་པར་བྱེད། །ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་
པའི་གསུང་གི་གསང་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་ཁོང་དུ་ཆུད་པར་བྱའོ། །ཞི་བའི་བློ་གྲོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སྐྱེ་བའི་གནས་ཐ་དད་པ་དག་ཡོད་པ་རྣམས་སུ་དེ་བཞིན་གཤེགས་པས་
སེམས་ཅན་རྣམས་ཀྱི་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་བདེན་པ་རྣམས་ཀྱི་མིང་ཐ་དད་པ་དག་གིས་རྣམ་པར་གཞག་གོ །ཞི་བའི་བློ་གྲོས་འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་
གང་ཡིན་པ་དེ་ས་བླ་པའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཟ་བ་དང་། ཟ་བའི་རྩ་བ་དང་། ཟ་བ་སེལ་དང་། ཟ་བ་འགོག་བྱེད་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
ཞེས་བྱ་བ་གང་ཡིན་པ་དེ། བར་སྣང་གི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། འཇུག་པ་དང་། ཀུན་ཏུ་འཇུག་བྱེད་པ་དང་། ཀུན་ཏུ་འཇུག་བྲལ་དང་། ཀུན་ཏུ་འཇུག་སྒྲོལ་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་།

སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། འབྱུང་བ་དང་། དཔོག་པ་དང་། སྲེག་པ་དང་། འཇིག་བྱེད་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་།
སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། འཁོར་བ་དང་། ཀུན་སྙེན་དང་། ཟད་པ་དང་། ཟད་པ་ལྡོག་བྱེད་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་
ཀུན་འབྱུང་བ་དང་། །སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། གནོད་པ་དང་། གནོད་པ་སྙེན་དང་། གནོད་པ་ཟད་དང་། གནོད་པ་ཟད་པར་སྒོམ་པ་ཞེས་བྱའོ། །འདིར་སྡུག་
བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཤིན་ཏུ་མི་སྲུན་དང་། མི་སྲུན་རྩ་བ་དང་། ལྡོག་པ་དང་། ཡང་དག་པར་ལྡོག་བྱེད་ཅེས་བྱའོ། །
འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་འཕྲུལ་དགའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། རྐྱལ་པ་དང་། ཀུན་ཏུ་རྒྱལ་བྱེད་དང་། རྐྱལ་ཟད་དང་། རྐྱལ་ཟད་སྒོ་ཞེས་
བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཧ་ཧ་ཧོ་དང་། ཧ་ཧ་ཐོབ་བྱེད་དང་། ཧ་ཧ་བྲལ་དང་།
ཧ་ཧ་བྲལ་བྱེད་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། མེ་མུར་དང་། མེ་མུར་གནོད་དང་། མེ་མུར་

འདོར་འདོད་དང་། མེ་མུར་སྒྲོལ་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་ཚངས་པའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། སྡུག་པ་དང་། སྡུག་བྱེད་དང་།
སྡུག་པ་ཉལ་དང་། སྡུག་པར་འཁོར་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་ཚངས་རིས་ཀྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། འཛག་པ་དང་།
ཀུན་ཏུ་འཛག་བྱེད་དང་། རྒྱུན་གཅོད་དང་། ཤིན་ཏུ་འབྱུང་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་འདི་
སྐད་ཅེས་བྱ་སྟེ། རྨ་དང་། རྨའི་མཚམས་སྦྱོར་བ་དང་། རྨ་རུབ་དང་། རྨ་ཉེ་བར་ཞི་བྱེད་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
ཞེས་བྱ་བ་གང་ཡིན་པ་དེ་ཚངས་ཆེན་གྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། རྐྱལ་བྱེད་དང་། རྣམ་པར་རྐྱལ་བྱེད་དང་། རྐྱལ་པ་མཐར་བྱེད་དང་། བྱེད་པ་ཐོབ་བྱེད་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
ཞེས་བྱ་བ་གང་ཡིན་པ་དེ་འོད་ཆུང་གི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཧ་ཧི་དང་། ཧེ་ཧི་དང་། ཧུ་ཧུ་དང་། ཧ་ར་ནུ་སན་དྷི་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་
ཡིན་པ་དེ་དགེ་ཆུང་གི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཨོ་ཧི་ཏ་དང་། ནི་བ་ཧི་ཏ་དང་། ནི་ག་ཀྵི་ཏ་དང་། ནི་ག་མ་ནི་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་

པ་དེ་ཚད་མེད་དགེ་བའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། སྟེན་པ་དང་། ཡང་དག་པར་སྟེན་པ་དང་། ཟད་པ་སྟེན་པ་དང་། ཀུན་ཏུ་སྟེན་པ་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་
འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཡོངས་གཅོད་དང་། ཡོངས་གཅོད་འབྱུང་དང་། ཁྱིམ་མཐའ་དང་། རྟག་ཏུ་རྣམ་དག་ཅེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་
བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་མི་ཆེ་བའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། རྗེས་སུ་འགྲོ་བ་དང་། མི་འོང་མ་ཡིན་པ་དང་། རྗེས་ཀྱི་མཚམས་དང་། རྗེས་ཀྱི་མཚམས་འགྲོ་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་
དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་མི་གདུང་བའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། དག་པ་དང་། དག་པ་ཅན་དང་། དག་པ་ཡོངས་དག་དང་། དག་པ་འགྲོ་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་
བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། མ་མ་མ་མ་དང་། མ་མ་མ་མེ་དང་། མ་ན་ནུ་ན་ཡ་དང་། མ་ན་ནུ་ག་མ་ཞེས་བྱའོ། །འདིར་སྡུག་བསྔལ་དང་། སྡུག་
བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། གྲོལ་བ་དང་། གྲོལ་བ་ཅན་དང་། གྲོལ་བའི་རྩ་བ་དང་། གྲོལ་བའི་བྱེ་བྲག་ཕྱེད་པར་མཚམས་སྦྱོར་བ་ཞེས་བྱའོ། །འདིར་སྡུག་
བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། མི་བྱ་བ་དང་། མི་བྱེད་པ་དང་། བྱེད་བྲལ་དང་། བྱེད་པ་མཐར་ཐུག་ཅེས་བྱའོ། །འདིར་སྡུག་

བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་གནས་གཙང་མའི་རིས་འོག་མིན་གྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། མཐར་ཐུག་དང་། ཤིན་ཏུ་མཐར་ཐུག་དང་། མི་རྟོག་པ་དང་། ཉིང་
མཚམས་སྦྱོར་བ་མེད་པ་ཞེས་བྱའོ། །ཞི་བའི་བློ་གྲོས་དེ་ལྟར་ཇི་ལྟར་ལྷ་རྣམས་ཀྱི་བདེན་པ་རྣམ་པར་གཞག་པ་དེ་བཞིན་དུ་ཀླུ་རྣམས་ཀྱི་ཡང་གཞན་ནོ། །གནོད་སྦྱིན་རྣམས་ཀྱི་ཡང་གཞན་ནོ། །དྲི་ཟ་རྣམས་ཀྱི་ཡང་གཞན་ནོ། །ལྷ་མ་ཡིན་རྣམས་ཀྱི་ཡང་གཞན་ནོ། །ནམ་མཁའ་ལྡིང་
རྣམས་ཀྱི་ཡང་གཞན་ནོ། །མི་འམ་ཅི་རྣམས་ཀྱི་ཡང་གཞན་ནོ། །ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་ཡང་གཞན་ནོ། །གནོད་སྦྱིན་ལག་ན་གཞོང་ཐོགས་རྣམས་ཀྱི་ཡང་གཞན་ནོ། །ཕྲེང་ཐོགས་རྣམས་ཀྱི་བདེན་པ་རྣམ་པར་གཞག་པ་ཡང་གཞན་ཡིན་ནོ། །ཞི་བའི་བློ་གྲོས་གང་ཡུལ་ཆེན་པོ་བཅུ་
དྲུག་ཏུ་བསྡུ་བས་བསྡུས་པའི་ཡུལ་སྟོང་གིས་འཛམ་བུའི་གླིང་འདི་ཡོངས་སུ་གང་སྟེ། གང་ན་མི་རྣམས་ཀྱི་ཚིག་ཀྱང་གཞན། ངེས་པའི་ཚིག་ཀྱང་གཞན། བརྡ་ཡང་ཐ་དད་པ་དེར་ཡང་དེ་བཞིན་གཤེགས་པས་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མིང་ཐ་དད་པ་རྣམས་ཀྱིས་བདེན་པ་དག་རྣམ་
པར་བཀོད་དེ། འདི་ལྟ་སྟེ། ཡུལ་ཀ་ཤ་དང་། པ་ཧུ་པ་དང་། ཐོ་གར་ཡུལ་དང་། ཡ་བ་ན་དང་། ཀམ་པོ་ཛ་དང་། ཁ་ཤ་དང་། ཧུ་ན་དང་། རྒྱ་ཡུལ་དང་། ད་ར་ཏ་དང་། ཨུ་ར་ཤ་དང་། པི་ལིན་དང་། པོ་མ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་།
ད་ཙི་པ་དང་། ཀི་ར་ཏ་དང་། པུ་ལིན་ཏ་དང་། པུན་དྲ་དང་། ཀུ་རུ་ན་དང་། ལྔ་ལེན་དང་། ཤར་ཕྱོགས་དང་། ཕུ་རུ་ར་བ་དང་། ལྷོ་ཕྱོགས་དང་། ཀ་ལིང་ཀ་དང་། གཅེར་བུ་དང་། བ་ན་ས་ཀ་དང་། བ་ན་ཏ་དང་། སྦལ་ཀ་དང་། ཁྱི་གདོང་དང་། ཝ་གདོང་དང་། ཀྲི་བ་ཤའི་གདོང་དང་། སྤྱིའུ་ཚུགས་
པ་དང་། གནམ་གདོང་པོ་དང་། ཕྱི་ཕྱོགས་གདོང་དང་། བྱང་མཚམས་གདོང་དང་། རྗེས་སུ་རྒྱུག་དང་། རྒྱ་མཚོ་ཁོལ་བ་དང་། ཡུལ་མཐས་གཏུགས་པ་དང་། ཨང་ཀུ་ར་དང་། མང་གུར་དང་། སྣ་མེད་དང་། གློ་བཀྲ་དང་། ཕྱོགས་ཀྱི་གཅེར་བུ་དང་། གཤོག་ཐོགས་གཅེར་བུ་དང་།

དགུས་ཏེ་འགྲོ་དང་། རྫོགས་བྱེད་རྣམ་པ་དང་། འཇིག་རྟེན་གྱི་བར་ན་གནས་པའི་ཡུལ་ལ་སོགས་པ་ཡུལ་སྟོང་གིས་འཛམ་བུའི་གླིང་ཡོངས་སུ་གང་སྟེ། ཞི་བའི་བློ་གྲོས་གང་ན་མི་རྣམས་ཀྱི་ཚིག་དང་། ངེས་པའི་ཚིག་དང་། བརྡ་ཐ་དད་པ་དེར་ཡང་དེ་བཞིན་
གཤེགས་པས་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མིང་ཐ་དད་པ་རྣམས་ཀྱིས་བདེན་པ་དག་བསྟན་ཀྱང་དེ་བཞིན་གཤེགས་པའི་གསུང་སེམས་ཀྱི་རྗེས་སུ་འབྲང་བ་མ་ཡིན་ཞིང་། རྣམ་པར་ཤེས་པའི་རྗེས་སུ་འབྲང་བ་མ་ཡིན་པ་འབྱུང་ངོ་། །ཞི་བའི་བློ་གྲོས་སྟོང་གི་འཇིག་རྟེན་གྱི་
ཁམས་འདི་ན་བདེན་པ་མིང་ཐ་དད་པས་བསྟན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡོད་དེ་བདེན་པ་བསྟན་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། དོན་དམ་པའི་བདེན་པ་དང་། སྐྱེ་བ་མེད་པའི་བདེན་པ་དང་། ཇི་ལྟ་བ་བཞིན་གྱི་བདེན་པ་དང་། མི་འཁྲུགས་པའི་བདེན་པར་དོན་
གཅིག་ཏུ་ཡང་དག་པར་འདུས་ཏེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། །།བམ་པོ་ལྔ་པ། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་སེམས་ཅན་ཐམས་ཅད་ཀྱི་དོགས་པ་གཅོད་པ། སེམས་ཅན་ཐམས་ཅད་
ཀྱི་སོམ་ཉི་སེལ་བའོ། །ཞི་བའི་བློ་གྲོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་ཇི་སྙེད་ཡོད་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི །སའི་ཁམས་ནི་དེ་ལྟ་མ་ཡིན་ནོ་
ཞེས་བྱ་སྟེ། ཞི་བའི་བློ་གྲོས་ཡོངས་སུ་བརྟག་པ་ཉེ་བར་བཟུང་ནས་སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་ཐམས་ཅད་འདི་ལྟ་སྟེ། གནས་བརྟན་ཤྭ་ར་དྭ་ཏིའི་བུའི་ཤེས་རབ་དང་། ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཤཱ་
རིའི་བུ་ལྟ་བུའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཤེས་རབ་དང་། ཡེ་ཤེས་གང་ཡིན་པའི་ཤེས་རབ་དང་། ཡེ་ཤེས་དེ་སེམས་ཅན་གཅིག་དང་ལྡན་པར་གྱུར་ཅིང་རྣམ་གྲངས་འདིས་སེམས་ཅན་ཐམས་ཅད་ཤེས་རབ་དང་། ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་

ཅན་དེ་དག་ཐམས་ཅད་ཀྱིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཐེ་ཙོམ་གྱི་དྲི་བ་བསམས་ཤིང་གཞལ་ཏེ། ཡོངས་སུ་བཅལ་ལ། སེམས་ཅན་གཅིག་གི་ཐེ་ཚོམ་དྲི་བ་གང་ཡིན་པ་དེ་གཉིས་པའི་མ་ཡིན་ཞིང་། ཞི་བའི་བློ་གྲོས་རྣམ་གྲངས་འདིས་སེམས་ཅན་ཐམས་ཅད་ཀྱིས་ཐེ་ཙོམ་གྱི་
དྲི་བ་ཐ་དད་པ་བསམས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་དོང་ནས་སེ་གོལ་གཏོགས་པ་སྲིད་ལ་ཐེ་ཚོམ་གྱི་དྲི་བ་དེ་དག་གསོལ་ཀྱང་དེས་སེམས་ཅན་གཅིག་གི་རྗེས་སུ་ཞུགས་པའི་དྲན་པས་ཐམས་ཅད་བཟུང་ནས་གསུང་བརྗོད་པ་གཅིག་གིས་དེ་དག་གི་ཐེ་ཙོམ་གྱི་དྲི་བ་ཐམས་ཅད་གཅོད་དེ། དེ་དག་
ཐམས་ཅད་ཀྱང་རང་རང་གི་ཐེ་ཙོམ་གྱི་དྲི་བ་ཁྱད་པར་ཤེས་ཤིང་བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པས་ཐམས་ཅད་ཀྱང་སེམས་རངས་པར་འགྱུར་ཏེ། ཞི་བའི་བློ་གྲོས་དེ་ལྟར་ན་དེ་བཞིན་གཤེགས་པའི་གསུང་ནི་སེམས་ཅན་ཐམས་ཅད་ཀྱི་དོགས་པ་གཅོད་ཅིང་སེམས་ཅན་ཐམས་ཅད་ཀྱི་
སོམ་ཉི་སེལ་ཀྱང་དེ་བཞིན་གཤེགས་པ་ནི་དེ་ལ་ཐུགས་ཀྱིས་མཛད་པའམ། གསུང་དུ་བརྗོད་པ་ཡང་མི་མངའ་ལ་མཛད་པ་དེ་ཡང་མཛད་དེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །འདི་ནི་གསུང་རྨད་དུ་བྱུང་བའོ། །འདི་ནི་གསུང་ཡོངས་སུ་དག་པའོ། །དེ་བཞིན་
གཤེགས་པའི་གསུང་ངོ་མཚར་ཅན་དང་གསུང་གི་གསང་བ་འདི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཤད་པའི་ཚེ་སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་
ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐད་ན་ཚངས་པར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མཆོད་པའི་ལས་ཀྱི་ཕྱིར་མེ་ཏོག་རྣམས་ཀྱིས་ཀྱང་གཏོར། རིན་པོ་ཆེའི་གདུགས་རྣམས་ཀྱང་གཏོང་ངོ་། །དེ་ནས་མེ་ཏོག་
དེ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་ཡང་ཕོག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ལུས་ལ་ཡང་ཕོག་ཅིང་འཁོར་ཐམས་ཅད་ལ་ཡང་འཐོར་རོ། །རིན་པོ་ཆེའི་གདུགས་དེ་དག་ཀྱང་བར་སྣང་ལ་གནས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་ན་འདུག་གོ །རིན་པོ་ཆེའི་གདུགས་དེ་དག་

ལས་ཀྱང་བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ལ་མཆོད་པ་བགྱི་བ་དང་། དེས་དེ་བཞིན་གཤེགས་པའི་ཆོས་ཉིད་རྨད་དུ་བྱུང་བ་འདི་བསྟན་པས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྗེས་སུ་གཟུང་བའི་སླད་དུ་བསྐལ་པ་བཟང་པོ་བའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱིས་བཏང་བ་ལགས་སོ་ཞེས་སྒྲ་བྱུང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་གུས་པ་ཆེར་བསྐྱེད་དེ། །ཚིག་འདི་སྐད་ཅེས་བདག་ཅག་གིས་གསང་བ་པའི་བདག་པོ་ལག་ན་རྡོ་
རྗེ་མཐོང་བ་དང་། དེ་བཞིན་གཤེགས་པའི་གསུང་བསམ་གྱིས་མི་ཁྱབ་པ་འདི་ཐོས་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །གང་དག་བསྟན་པ་འདི་ཐོས་ནས་མོས་ཤིང་སོམ་ཉི་ཟ་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི་དོན་ཡོད་པའི་མི་ཉིད་རྙེད་པར་འགྱུར་རོ། །དེ་དག་ནི་དེ་
བཞིན་གཤེགས་པས་འདུལ་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་
གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཡང་དག་པ། དེ་བཞིན་གཤེགས་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། དེ་བཞིན་གཤེགས་པའི་གནས་པ་གང་ཡིན་པ་དེ་དག་ནི་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་
བསྟན་ཏོ། བསྙད་དོ། །ཡང་དག་པར་བཤད་དོ། །གང་དག་ཆོས་བསྟན་པ་འདི་ལ་མོས་པའི་སེམས་ཅན་དེ་དག་ནི་རིང་པོ་མི་ཐོགས་པར་ཆོས་ཉིད་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པ་དང་། འཆང་བ་དང་། མི་དངང་མི་སྐྲག་སྐྲག་པར་མི་འགྱུར་བ་དང་། དོན་རྟོགས་
པའི་རྗེས་སུ་རྟོག་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པ་དེ་ཉིད་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བསྟན་པ་འདི་བཤད་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་རྣམ་པ་དྲུག་ཏུ་རབ་ཏུ་

གཡོས་ཏེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་ཡང་བབ་པོ། །སིལ་སྙན་དང་རོལ་མོའི་སྒྲ་ཡང་བྱུང་ངོ་། །སེམས་ཅན་གྲངས་མེད་པ་དག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་ནི་རྗེས་སུ་འཐུན་པའི་ཆོས་ལ་བཟོད་
པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་ནི་སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་བའི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་འཁོར་གྱི་ཁྱམས་
དེའི་དབུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱིས་ས་ཆེན་པོ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་པ་བརྟོལ་ཏེ་མངོན་དུ་བྱུང་བར་སྣང་ངོ་། །དེ་དག་སྟེང་གི་བར་སྣང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྤོས་ཆུས་ཆག་ཆག་བཏབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་ཁྱོད་ཀྱིས་ཆུའི་རྒྱུན་མངོན་པར་འཕགས་པ་འདི་དག་མཐོང་ངམ། གསོལ་བ། བཅོམ་ལྡན་
འདས་མཐོང་ལགས་ཏེ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ཆུའི་རྒྱུན་འདི་དག་སེམས་མེད་ཀྱང་ཇི་ལྟར་འདི་དག་གིས་ས་ཆེན་པོ་བརྟོལ་ཏེ་མངོན་པར་འཕགས་པ་དེ་བཞིན་དུ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། དེ་
བཞིན་ཉིད་དུ་སྒྲུབ་པར་བྱེད་པའི་སེམས་ཅན་དེ་དག་ཀྱང་མངོན་པར་འཕགས་པར་འགྱུར་ཏེ། དེ་དག་ནི་མ་རིག་པ་དང་། ལྟ་བར་གྱུར་པའི་སྒོ་གླེགས་བཅག་ནས་ཆོས་ཀྱི་སྣང་བ་མི་ཟད་པ་དང་། ཤེས་རབ་དང་། སྤོབས་པ་འབྱུང་བར་འགྱུར་རོ། །དེས་སྐྱེས་བུ་དེ་དག་གིས་ལེགས་པར་བཤད་
པས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་ཚིམ་པར་བྱེད་པར་འགྱུར་ཏེ། འདི་ནི་ཆོས་ཀྱི་རྣམ་གྲངས་འདིའི་མ་འདྲེས་པའི་མཚན་ཉིད་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།

གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་། ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་
གང་ཞེ་ན། ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་གཟུགས་མེད་པ་ན་སྤྱོད་པའི་ལྷའི་རིས་སུ་སེམས་ཅན་གང་དག་སྐྱེས་པ་དེ་དག་རྣམ་པར་ཤེས་པའི་དམིགས་པ་གཅིག་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་གནས་ཀྱང་ཏིང་ངེ་འཛིན་གྱི་ཚེའི་མཐར་མ་ཐུག་གི་བར་དུ་དེ་དག་གི་རྣམ་པར་
ཤེས་པ་དེ་རྣམ་པར་ཤེས་པ་གཞན་གྱི་རྗེས་སུ་མི་འབྲང་སྟེ། དེ་ནས་ཤི་འཕོས་ནས་ལས་ཇི་ལྟར་བསགས་པ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་ཏོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་ཤེས་པ་ཡང་མི་གནས་པ་སྟེ་གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པའི་ཐུགས་ལ་ལྡོག་པ་མི་
མངའ། ཐུགས་ལ་རྟོག་པ་མི་མངའ། ཐུགས་ལ་རྣམ་པར་དཔྱོད་པ་མི་མངའ། ཐུགས་ལ་འགྱུར་བ་མི་མངའ། ཐུགས་ཀྱི་ཚད་མི་མངའ། ཐུགས་ལ་འཁྲུག་པ་མི་མངའ། ཐུགས་ལ་སེལ་བ་མི་མངའ། ཐུགས་ལ་གཡེང་བ་མི་མངའ། ཐུགས་ལ་ཁེངས་པ་མི་མངའ། ཐུགས་
ལ་དམའ་བ་མི་མངའ། ཐུགས་ལ་ཀུན་དུ་སྲུང་བ་མི་མངའ། ཐུགས་ལ་རྒྱུ་བ་མི་མངའ། ཐུགས་ལ་ཤིན་ཏུ་རངས་པ་མི་མངའ། ཐུགས་ལ་རྣམ་པར་འཁྲུག་པ་མི་མངའ། ཐུགས་ལ་འཁོན་དུ་འཛིན་པ་མི་མངའ། ཐུགས་ལ་གཡོ་བ་མི་མངའ། ཐུགས་ལ་ངེས་པར་སེམས་པ་མི་མངའ།
ཐུགས་ལ་དགྱེས་པ་མི་མངའ། ཐུགས་ལ་གནོད་པ་མི་མངའ། ཐུགས་ལ་འཇུག་པ་མི་མངའ། ཐུགས་ལ་རབ་ཏུ་རྒྱུ་བ་མི་མངའ། ཐུགས་ལ་རྟོག་པ་མི་མངའ། ཐུགས་ལ་རྣམ་པར་རྟོག་པ་མི་མངའ། ཐུགས་ལ་ཡོངས་སུ་རྟོག་པ་མི་མངའ། ཐུགས་ལ་ཞི་གནས་མི་མངའ། ཐུགས་

ལ་ལྷག་མཐོང་མི་མངའ། ཐུགས་རྣམ་པར་ཤེས་པའི་རྗེས་སུ་འབྲང་བ་མི་མངའ། རང་གི་ཐུགས་ལ་གནས་པ་མི་མངའ། གཞན་གྱི་སེམས་ལ་ལྟ་བ་མི་མངའ། ཐུགས་མིག་ལ་གནས་པ་མི་མངའ། ཐུགས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པ་མི་མངའ།
ཐུགས་གཟུགས་ལ་གནས་པ་མི་མངའ། ཐུགས་སྒྲ་དང་། དྲི་དང་། རོ་དང་། རེག་ལ་གནས་པ་མི་མངའ། ཐུགས་ཆོས་ལ་གནས་པ་མི་མངའ། ཐུགས་དམིགས་པ་ལ་གནས་པ་མི་མངའ། ཐུགས་ཡིད་ལ་གནས་པ་མི་མངའ། ཐུགས་ནང་ན་གནས་པ་མི་མངའ། ཐུགས་ཕྱི་རོལ་ན་
གནས་པ་མི་མངའོ། །ཐུགས་དེ་ཆོས་རྣམས་ལ་མི་འཇུག་གོ །ཐུགས་དེ་ཡེ་ཤེས་ལ་མི་འཇུག་གོ །ཐུགས་དེ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་ལ་མི་རྟོག་གོ །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་དེ་ལྟར་ཐུགས་ཡོངས་སུ་དག་པ་སྟེ།
ཐུགས་ཀྱིས་ཆོས་གང་ཡང་མངོན་པར་མི་སྒྲུབ་ལ་ཆོས་ཐམས་ཅད་ལ་ཡང་དེའི་ཡེ་ཤེས་མ་ཆགས་མ་ཐོགས་པ་འཇུག་གོ །རང་གི་ཐུགས་ཡོངས་སུ་དག་པས་སེམས་ཅན་གང་གི་སེམས་ཀྱང་ཡོངས་སུ་མ་དག་པར་མི་གཟིགས་ཏེ། དེ་གཟིགས་ཀྱང་གཟིགས་པ་མ་ཡིན་ཞིང་རྣམ་པར་
མི་རྟོག་གོ །གཟིགས་ཀྱང་སྤྲོས་པར་མི་མཛད་དོ། །གཟིགས་པས་ཀུན་གཟིགས་པ་དང་རྣམ་པར་གཟིགས་པ་མི་གཟིགས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་ཤའི་མིག་གི་མཐོང་བ་དང་ལྡན་པ་མ་ཡིན། ལྷའི་མིག་གི་མཐོང་བ་དང་ལྡན་པ་མ་ཡིན། ཤེས་རབ་ཀྱི་མིག་
གི་མཐོང་བ་དང་ལྡན་པ་མ་ཡིན། ཆོས་ཀྱི་མིག་གི་མཐོང་བ་དང་ལྡན་པ་མ་ཡིན། སངས་རྒྱས་ཀྱི་སྤྱན་གྱི་གཟིགས་པ་དང་ལྡན་པ་མ་ཡིན། ལྷའི་རྣ་བའི་ཐོས་པ་དང་ལྡན་པ་མ་ཡིན། གཞན་གྱི་སེམས་ལ་ལྟ་བ་དང་ལྡན་པ་མ་ཡིན། སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྡན་པ་མ་ཡིན།
རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང་ལྡན་པ་མ་ཡིན། ཟག་པ་ཟད་པ་ཤེས་པ་དང་ལྡན་པ་ཡང་མ་ཡིན་ལ། དེ་ཆོས་ཐམས་ཅད་དང་མི་ལྡན་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་ལྡན་པ་ཡིན་ནོ། །དེའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུན་རྣམས་ནི་བསྒྲིམ་པ་མི་མངའ་

ཞིང་ལྷུན་གྱིས་གྲུབ་ལ་མངོན་པར་འདུ་མཛད་པ་མི་མངའ་བར་གནས་སོ། །སེམས་ཅན་གྱི་སྤྱོད་པ་ཐམས་ཅད་ལ་ཡང་གཟིགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏོ། །དེའི་སྟོབས་བཅུ་དང་། མི་འཇིགས་པ་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མཁྱེན་པ་ཡང་བསྙེལ་བ་མི་མངའ་སྟེ། དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་ལྷུན་གྱིས་གྲུབ་ཅིང་བསྒྲིམ་པ་མི་མངའ་ལ་མངོན་པར་འདུ་མཛད་པ་མི་མངའ་བར་འཇུག་གོ །དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་
ཡང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་རོ། །སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་ལ་དེའི་ཆོས་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱང་གང་དུ་ཡང་མི་ཆགས་སོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་དེ་བཞིན་གཤེགས་པ་གཉིས་པ་
གང་ཡིན་པ་དེ་ལ་ནི་སེམས་ཀྱང་མི་མངའ། ཡིད་ཀྱང་མི་མངའ། རྣམ་པར་ཤེས་པ་ཡང་མི་མངའ། སྐུའི་འདུ་བྱེད་ཀྱང་མི་མངའ། གསུང་གི་འདུ་བྱེད་ཀྱང་མི་མངའ། ཐུགས་ཀྱི་འདུ་བྱེད་ཀྱང་མི་མངའ་མོད་ཀྱི། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་
མཛད་དོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྤྲུལ་པ་དང་མཚུངས་པས་མཉམ་མོ། །སྤྲུལ་པའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་གོ །དེ་ལ་སྐུའི་རྩོམ་པ་དང་། གསུང་གི་རྩོམ་པ་དང་། ཐུགས་ཀྱི་རྩོམ་པ་ཡང་མི་སྣང་ལ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དེ།
དེ་ཡང་ལྷུན་གྱིས་གྲུབ་ཅིང་བསྒྲིམ་པ་མི་མངའ་ལ་མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་གྱི་མཚན་ཉིད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་
ནས་ཀྱང་སེམས་ཅན་ལ་ཐུགས་བརྩེ་བས་དེ་བཞིན་དུ་བསྟན་ཏོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདུས་བྱས་ལ་གནས་པ་མ་ཡིན། འདུས་མ་བྱས་ལ་གནས་པ་མ་ཡིན། ཕུང་པོ་ལ་གནས་པ་མ་ཡིན། ཁམས་ལ་གནས་པ་མ་ཡིན། སྐྱེ་མཆེད་ལ་གནས་པ་མ་ཡིན།

ནང་ལ་གནས་པ་མ་ཡིན། ཕྱི་རོལ་ལ་གནས་པ་མ་ཡིན། དགེ་བ་ལ་གནས་པ་མ་ཡིན། མི་དགེ་བ་ལ་གནས་པ་མ་ཡིན། འཇིག་རྟེན་པ་ལ་གནས་པ་མ་ཡིན། འཇིག་རྟེན་ལས་འདས་པ་ལ་གནས་པ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ལ་གནས་པ་མ་ཡིན། ཁ་ན་མ་ཐོ་བ་མེད་
པ་ལ་གནས་པ་མ་ཡིན། ཟག་པ་དང་བཅས་པ་ལ་གནས་པ་མ་ཡིན། ཟག་པ་མེད་པ་ལ་གནས་པ་མ་ཡིན། འདས་པ་ལ་གནས་པ་མ་ཡིན། མ་འོངས་པ་ལ་གནས་པ་མ་ཡིན། ད་ལྟར་བྱུང་བ་ལ་གནས་པ་མ་ཡིན། སོ་སོར་བརྟགས་པ་ལ་གནས་པ་མ་ཡིན། སོ་སོར་
བརྟགས་པ་མ་ཡིན་པ་ལ་གནས་པ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་གནས་པ་མི་མངའོ། །དེ་ཆོས་གང་ཡང་མངོན་པར་མི་སྒྲུབ་ལ་སེམས་ཅན་ལ་ཐུགས་བརྩེ་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་།
བསམ་པ་རྣམས་ལ་ཡང་དེའི་ཡེ་ཤེས་མཐོང་བ་ཆགས་པ་མི་མངའ་ཞིང་ཐོགས་པ་མི་མངའ་བ་འཇུག་སྟེ། དེ་ཡང་ལྷུན་གྱིས་གྲུབ་ཅིང་བསྒྲིམ་པ་མི་མངའ་ལ་མངོན་པར་འདུ་བྱ་བ་མི་མངའ་བས་འཇུག་གོ །ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་སྟེ། མཉམ་
པར་བཞག་པའི་གནས་ཀྱང་མི་འདོར་ལ་སེམས་ཅན་ཐམས་ཅད་ལ་སེམས་རྣམ་པར་རིག་པར་ཡང་མཛད་པས་ཐུགས་བསམ་གྱིས་མི་ཁྱབ་པ་ཉིད་དོ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བའི་ལེའུ་ཞེས་བྱ་བ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱོགས་བཅུ་དག་ན་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐད་ན་ད་ལྟར་ཚངས་པར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་སླད་
ན་ཡང་གསང་བ་པའི་བདག་པོ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱ་བ་འདི་བསམ་གྱིས་མི་ཁྱབ་ཀྱིས་ཞོག་ཤིག །ལྷ་དང་བཅས་པའི་འཇིག་རྟེན་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལ་མགོ་རྨོངས་པར་འགྱུར་རོ། །དེ་ལྟ་མོད་ཀྱི་ཤཱ་རིའི་བུ་གང་དག་དད་ཅིང་

དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་གནས་འདི་ལ་སྐྲག་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདག་དེ་བཞིན་གཤེགས་པ་ལ་ཡིད་ཆེས་པར་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྟག་ཏུ་ངའི་ཕྱི་བཞིན་འབྲང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་སངས་རྒྱས་ཀྱི་མཐུས་མཐོང་ལགས་ཏེ། འདི་བདག་གིས་སྔོན་ནི་ནམ་ཡང་མ་མཐོང་ངོ་། །བཀའ་སྩལ་པ། ཤཱ་རིའི་བུ་དེ་
བཞིན་དུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱབ་རྒྱབ་ན་ཡང་གནས་ཏེ་སྔོན་གྱི་སྨོན་ལམ་གྱི་སྟོབས་དང་། མངོན་པར་ཤེས་པའི་སྟོབས་ཀྱིས་ཐམས་ཅད་དུ་ཡང་ལག་ན་རྡོ་རྗེའི་གཟུགས་སུ་ཀུན་དུ་སྟོན་ཏོ། །ཤཱ་རིའི་བུ་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་འཁོད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་རྒྱབ་རྒྱབ་ཏུ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ལག་ན་རྡོ་རྗེའི་གཟུགས་ཀུན་དུ་བསྟན་ཀྱང་དེས་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཡོངས་སུ་རྫོགས་པར་བསྟན་པར་མི་འགྱུར་རོ། །
ཤཱ་རིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པའི་རྒྱབ་ན་ལག་ན་རྡོ་རྗེ་འདུག་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་ད་གདོད་མཐོང་ལགས་ཏེ། སྔོན་ནི་མ་མཐོང་ངོ་། །བཀའ་སྩལ་པ། འདི་ནི་དེའི་རྒྱབ་ན་རྟག་ཏུ་གནས་ན་ཁྱོད་ཀྱིས་དེ་མ་མཐོང་བ་མ་གཏོགས་པར་བྱང་
ཆུབ་སེམས་དཔའ་འམ། བརྒྱ་བྱིན་ནམ། ཚངས་པ་འམ། འཇིག་རྟེན་སྐྱོང་བ་གང་དག་འཇིག་རྟེན་གྱི་ཁམས་གཞན་ནས་ལྷགས་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་བྱམས་པའི་རྒྱབ་ན་ལག་ན་རྡོ་རྗེ་རྡོ་རྗེ་ཐོགས་ཤིང་རྟག་ཏུ་འདུག་པར་མཐོང་ངོ་། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་
དང་། བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་སྤྲུལ་ཀྱང་དེ་དག་ཐམས་ཅད་ཀྱི་རྒྱབ་ན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གནས་པར་སྣང་སྟེ་བྱིན་གྱི་རླབས་དེ་དག་ཐམས་ཅད་ནི་གསང་བ་པའི་བདག་པོའི་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་

གཤེགས་པས་སྤྲུལ་པ་གང་ཡིན་པ་དེ་དག་གི་རྒྱབ་ན་ཡང་འདིའི་བྱིན་གྱི་རླབས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གནས་ཏེ། ཤཱ་རིའི་བུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ནི་དེ་ལྟར་ཡེ་ཤེས་དང་མངོན་པར་ཤེས་པའི་བྱིན་གྱི་རླབས་ཀྱི་སྟོབས་དང་ལྡན་ནོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་
ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་དཀའ་བ་སྤྱོད་པ་དང་། བྱང་ཆུབ་
ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བཀོད་པ་བསྟན་པ་ལས་བརྩམས་ཏེ། དེ་ན་རྨད་དུ་བྱུང་བའི་རྒྱུ་གང་དག་བྱུང་བ་གང་དུ་ཁྱོད་ལ་མངོན་སུམ་དུ་གྱུར་པ་ལ་ཁྱོད་སྤོབས་པར་གྱིས་ཤིག །གསང་བ་པའི་བདག་པོས་སྨྲས་པ། ཞི་བའི་བློ་གྲོས་
བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་བྱུང་བ་ནི་ཚད་མེད་དེ། དེ་དག་ནི་ཚེའི་ཚད་བསྐལ་པར་གནས་པས་ཀྱང་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་པར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་དཀའ་བ་སྤྱོད་པ་ནི་རྣམ་
པ་གཅིག་མ་ཡིན་ཏེ། མུ་སྟེགས་ཅན་གཞོམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྤྱད་དོ། །དཀའ་ཐུབ་དང་། ལུས་ལ་ཡོངས་སུ་གདུང་བ་ཇི་སྙེད་དང་། ལུས་ཀྱི་སྤྱོད་ལམ་ཇི་སྙེད་ཀྱིས་ཕ་རོལ་མུ་སྟེགས་ཅན་དག་མངོན་པར་སྙེམ