Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ

Văn bản gốc(Tây Tạng)

Trang 7 / 17 (50.000 ký tự/trang)
་རྣམས་ཀྱི་རང་བཞིན་ཟབ་མོ་མཚན་མ་
མེད་པ་དག །མིང་དང་མཚན་མར་བརྗོད་པས་སྟོན་པར་མཛད་པ་ལ་ལྟོས། ཆོས་ཀྱི་རང་བཞིན་རྗོད་ཅིང་ལྟ་བ་རྣམ་པར་དག་པར་སྦྱོང་བར་མཛད་ཀྱང་འདི་ལ་ཅུང་ཟད་ཀྱང་སྟོན་པ་མེད་དེ་སྟོན་པར་བྱེད་པ་ཡང་འགའ་ཡང་མེད་དོ། །ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་ནི་ཡེ་ཤེས་ཚད་མེད་པ་
ཡང་དག་པར་བརྩོན་པ་ཡིན་ཏེ། ཆོས་ཀྱི་སྒོ་འདི་བསྟན་པས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཀྱང་མི་སྐྱེ་བའི་ཆོས་རབ་ཏུ་རྟོགས་པའི་བཟོད་པ་སྐྱེས་ལ། སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། །ཀུན་དགའ་བོ་གང་
དག་འདི་ལ་སེམས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ། ཡང་དག་པར་ཞུགས་པ་དེ་དག་ཐམས་ཅད་ནི་བསྐལ་པ་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་
སྤོབས་པ་མཐའ་ཡས་པ་ཉིད་ལ་ཡང་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་ཕྱག་རྒྱ་བསྟན་པའི་ཆོས་ཀྱི་སྒོ་འདི་བྱིན་གྱིས་བརླབ་པའི་ཕྱིར་འོད་ཟེར་དག་བཀྱེ་སྟེ། འོད་ཟེར་དེས་ཀྱང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་
དག་སྣང་བས་ཁྱབ་པར་བྱས་ནས་འཇིག་རྟེན་གྱི་ཁམས་དེ་དག་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་གཟུངས་ཀྱི་ཕྱག་རྒྱ་བསྟན་པའི་ཆོས་ཀྱི་ལེའུ་འདི་ཐོས་པར་གྱུར་ཏོ། །ཐོས་ནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་གྱུར་ཏོ། །འཇིག་རྟེན་

གྱི་ཁམས་ཚད་མེད་གྲངས་མེད་པ་དག་གི་སེམས་ཅན་རྣམས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ཡང་དག་པར་ལྡན་པར་གྱུར་ཏོ། །ལྷའི་མེ་ཏོག་གི་ཆར་ཡང་བབ་པར་གྱུར་ཏོ། །འཁོར་དེར་
འདུས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་འདི་སྐད་དུ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་ཚིག་ཏུ་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པ་མཐའ་ཡས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཀའ་སྩལ་པ། སྤོབས་པ་མཐའ་ཡས་གཟུངས་ཀྱི་རྒྱལ་པོ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །སྤོབས་པ་ཚད་མེད་པ་ཞེས་བྱ་བར་ཡང་ཟུང་ཤིག །གཟུངས་ཀྱི་ཕྱག་རྒྱ་སྦྱོང་བ་ཞེས་བྱ་
བར་ཡང་ཟུང་ཤིག །སྡེ་སྣོད་གསུམ་ཡང་དག་པར་སྡུད་པ་ལ་མཁས་པ་ཞེས་བྱ་བར་ཡང་ཟུང་ཤིག །སྤོབས་པ་མཐའ་ཡས་འདི་ནི་དོན་ཐམས་ཅད་ཡང་དག་པར་སྡུད་པ་ལ་མཁས་པའི་ཆོས་ཀྱི་སྒོ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་སྣང་བར་འགྱུར་རོ། །ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཐེ་ཙོམ་ཐམས་ཅད་གཅོད་པར་འགྱུར་བ་ཡིན། འདི་ནི་ངའི་རྗེས་སུ་སྟོན་པ་ཡིན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ལ་མེ་ཏོག་ཁ་དོག་ལྔ་པས་མངོན་པར་གཏོར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་
ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། དྲི་ཟ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་
པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པ་ཞེས་བྱ་བ་ལེའུ་གཉིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། ལེའུ་གསུམ་པ་སྟེ། ལག་ན་རྡོ་རྗེས་ཞུས་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ། བམ་པོ་དང་པོ། །
རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་ཨ་ཙིན་ཏྱ་གུ་ཧྱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་བཞི་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་
ཤེས་པ་མངོན་པར་ཤེས་པ་ཕལ་ཆེར་སངས་རྒྱས་ཀྱི་ཞིང་གཞན་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པ། གཟུངས་ཐོབ་པ། ཏིང་ངེ་འཛིན་
ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་མཁས་པ། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེན་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། སེམས་ཅན་ཐམས་ཅད་
ཀྱི་སེམས་དང་བསམ་པ་དང་སྤྱོད་པའི་བསྒྲུབ་པ་ཤེས་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚུལ་ལ་འཇུག་པར་རབ་ཏུ་ཞུགས་པ། ཐབས་ལ་མཁས་པའི་དམ་པའི་ཕ་རོལ་ཏུ་སོན་པ། སངས་རྒྱས་ཐམས་ཅད་ཀྱིས་
བསྟོད་ཅིང་བསྔགས་ཏེ། བཀུར་ལ་རབ་ཏུ་བསྔགས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བྱང་ཆུབ་ཀྱི་ལམ་མཐའ་ཡས་པ་མཐར་གཏུགས་པ། སེམས་ས་དང་། ཆུ་དང་། མེ་དང་། རླུང་དང་མཚུངས་པ། ནམ་མཁའ་ལྟར་མཐའ་ཡས་པའི་

བྱམས་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པ། ཆགས་པའི་གནས་སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་ཐམས་ཅད་ལས་ཡང་དག་པར་འདས་པ། མཐུ་བོ་ཆེའི་ལུས་ཐོབ་པ། རྡོ་རྗེ་ལྟར་སྲ་ཞིང་མི་ཚུགས་པའི་ལུས་དང་ལྡན་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་
པ། འཁོར་ཐམས་ཅད་ཟིལ་གྱིས་གནོན་པ་ལ་འཇིགས་པ་མེད་པར་མཁས་པ། ཟླ་བ་དང་ཉི་མ་མོག་མོག་པོར་བྱེད་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་དུས་གསུམ་མཉམ་པ་ཉིད་ཐོབ་པ། ཆོས་ཟབ་མོ་རྣམ་པར་ངེས་པ། ཡེ་ཤེས་ཀྱིས་སྟོན་པ་ལ་མཁས་པ། རྟེན་ཅིང་
འབྲེལ་པར་འབྱུང་བ་ལ་ཞུགས་པས་རྟག་པ་དང་ཆད་པར་ལྟ་བའི་མཐའ་གཉིས་ཡོངས་སུ་སྤངས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མཉམ་པར་གཞག་པ་དང་། ལྡང་བ་ཤེས་པ་ལ་མཁས་པ། ཕྱོགས་བཅུར་
སྒྲ་གྲགས་པ། དམ་པའི་ཆོས་དཀོན་མཆོག་གི་མཛོད་ཡང་དག་པར་འཛིན་པ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱེད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མ་ཞེས་བྱ་བ་དང་།
ཟླ་བའི་ཏོག་དང་། རི་བོང་ཅན་གྱི་ཏོག་དང་། འོད་ཀྱི་ཏོག་དང་། འོད་དཔལ་དང་། དཔལ་བརྩེགས་དང་། དཔལ་སྦས་དང་། མཐུ་བོ་ཆེ་དང་། ཀླུ་དགའ་དང་། ཀླུའི་བླ་མ་དང་། ཀླུས་བྱིན་དང་། གཟུགས་འཛིན་དང་། མྱ་ངམ་གྱི་ལྷ་དང་། ཡོན་ཏན་སྒྲོན་མའི་རྒྱལ་པོ་དང་། ལག་ན་
སྒྲོན་མ་དང་། རྟག་ཏུ་ལག་བཏེག་དང་། རྟག་ཏུ་ལག་བརྐྱང་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། ལག་ན་རིན་པོ་ཆེ་དང་། ཀུན་དུ་སྣང་དང་། སྐར་མའི་རྒྱལ་པོ་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེའི་བློ་གྲོས་དང་། རྡོ་རྗེའི་བློ་གྲོས་ཆེན་པོ་དང་། རྡོ་རྗེས་རྣམ་པར་གནོན་དང་། མི་གཡོ་བའི་གོམ་པར་
འགྲོ་བ་དང་། འཇིག་རྟེན་གསུམ་རྣམ་པར་གནོན་དང་། མཐའ་ཡས་བློ་གྲོས་དང་། བློ་གྲོས་མཐའ་ཡས་དང་། བློ་གྲོས་རྒྱ་མཚོ་དང་། བརྟན་པའི་བློ་གྲོས་དང་། ནོར་གྱི་བློ་གྲོས་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། རྟག་ཏུ་མོས་དང་། རྟག་ཏུ་དགོད་

ཅིང་རབ་ཏུ་དགའ་བའི་དབང་པོ་དང་། །ངན་སོང་སྤོང་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཤིན་ཏུ་རྣམ་པར་སྦྱངས་པ་དྲི་མ་མེད་པའི་གཟི་བརྗིད་འཆང་བ་དང་། བརྩོན་འགྲུས་འབར་དང་། ཤེས་རབ་བརྩེགས་དང་། རྟག་པར་ལྟ་དང་། སྤྱན་
རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། ལྷུན་པོ་བརྩེགས་དང་། ནམ་མཁའི་མཛོད་དང་། མི་འཛུམས་པ་དང་། བརྗོད་མེད་དང་། རིན་ཆེན་དམ་པ་དང་། རིན་ཆེན་སེམས་པ་དང་། ལེགས་པར་རྣམ་པར་སེམས་པ་དང་། དོན་ལེགས་པར་རྣམ་པར་བསམས་པ་
དང་། ཤིན་དུ་ངེས་པའི་བློ་གྲོས་དང་། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། ས་འཛིན་དང་། བཀོད་པའི་རྒྱལ་པོ་དང་། ཞིང་ཡང་དག་པར་བརྒྱན་པ་དང་། རིན་ཆེན་འབྱུང་གནས་དང་། ཕུག་སྦས་དང་། དབང་པོའི་ལྷ་དང་། ཆུ་ལྷ་དང་། ཚངས་པ་དྲ་བ་ཅན་དང་། བྱང་ཆུབ་
སེམས་དཔའི་འདྲ་བ་ཅན་གྱི་འོད་ཅེས་བྱ་བ་དང་། ལྷའི་ཅོད་པན་དང་། ལག་བཟངས་དང་། མིག་བཟངས་དང་། སྤོས་ཀྱི་གླང་པོ་དང་། བལ་གླང་སྤོས་ཀྱི་གླང་པོ་ཆེ་དང་། སེང་གེའི་ཏོག་དང་། དོན་གྲུབ་བློ་གྲོས་དང་། ཁ་ལོ་སྒྱུར་དང་། ཞི་བའི་བློ་གྲོས་དང་། བྱམས་པ་དང་།
འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་། གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དེ་མ་ཡིན་པའི་ལྷའི་དབང་པོ་འམ། ཀླུའི་དབང་པོ་འམ།
གནོད་སྦྱིན་གྱི་དབང་པོ་འམ། དྲི་ཟའི་དབང་པོ་འམ། ལྷ་མ་ཡིན་གྱི་དབང་པོའམ། ནམ་མཁའ་ལྡིང་གི་དབང་པོ་འམ། མི་འམ་ཅིའི་དབང་པོ་འམ། ལྟོ་འཕྱེ་ཆེན་པོའི་དབང་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་ལ་
འདི་ལྟ་སྟེ། ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཆུ་ལྷ་དང་། གཟི་ཅན་དང་། འཇོག་པོ་དང་། གསེར་མདོག་དང་། ཁ་དོག་མཐའ་ཡས་དང་། ཀླུའི་རྒྱལ་པོ་མཚམས་བཟངས་དང་། དེ་དག་དང་གཞན་ཡང་ཀླུའི་རྒྱལ་པོ་འཁོར་དང་

བཅས་པ་བརྒྱ་སྟོང་ཕྲག་མང་པོ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ཐགས་ཟངས་རིས་དང་། ལག་བཟངས་དང་། ས་ལ་
དང་། ཏ་ལ་དང་། བདེ་མཆོག་དང་། རབ་སིམ་དང་། ཆེ་རབ་དང་། ལྷ་མ་ཡིན་གྱི་དབང་པོ་གནོད་སྦྱིན་གཞན་དང་། དེ་དག་དང་། གཞན་ཡང་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་བརྒྱ་སྟོང་མང་པོ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་།
བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །རྒྱལ་པོ་མ་སྐྱེས་དགྲ་ཡང་བཙུན་མོའི་འཁོར་དང་བཅས། རང་གི་གཉེན་དང་། འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་
དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །དེ་མ་ཡིན་པའི་གཞན་ཡང་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་
བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །ས་བླ་ན་སྤྱོད་པའི་ལྷའི་བུ་རྣམས་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་།
མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་
སྒོ་བསྡུ་བ་ཡོངས་སུ་བཀང་བའི་ཕྱིར་ཆོས་སྟོན་ཏོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཚོགས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །

བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཚོགས་ནི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་
སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་ནི་ཅང་ཤེས་ཀྱི་སེམས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བསྟན་པའི་ཚོགས་ནི་སྤོབས་པ་ཐོགས་པ་མེད་པར་
འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཐོགས་པ་མེད་པའི་ཡེ་ཤེས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ཚོགས་
ནི་སེམས་ལས་སུ་རུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གི་ཚོགས་ནི་ཐེ་ཙོམ་དང་བྲལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པའི་ཚོགས་ནི་ཞེ་འགྲས་པ་མེད་པའི་སེམས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ཚོགས་
ནི་ཡོངས་སུ་མི་སྐྱོ་བའི་སེམས་སུ་འགྱུར་རོ། །དགའ་བའི་ཚོགས་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་འགྱུར་རོ། །བཏང་སྙོམས་ཀྱི་ཚོགས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མཉན་པའི་ཚོགས་ནི་སྒྲིབ་པ་
སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའི་ཚོགས་ནི་ཡོངས་སུ་འཛིན་པ་ཐམས་ཅད་འདོར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོན་པ་ལ་གནས་པའི་ཚོགས་ནི་བྱས་པའི་ལས་ཆུད་མི་ཟ་བར་འགྱུར་རོ། །དྲན་པའི་ཚོགས་ནི་གཟུངས་
ཐོབ་པར་འགྱུར་རོ། །བློ་གྲོས་ཀྱི་ཚོགས་ནི་བློ་རབ་ཏུ་འབྱེད་པར་འགྱུར་རོ། །རྟོགས་པའི་ཚོགས་ནི་དོན་རྟོགས་པའི་རྗེས་སུ་འགྲོ་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པའི་ཚོགས་ནི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་སོ་སོར་རྟོག་པར་འགྱུར་རོ། །

ཡང་དག་པའི་སྤོང་བའི་ཚོགས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པའི་ཚོགས་ནི་ལུས་དང་སེམས་ཡང་བར་འགྱུར་རོ། །དབང་པོ་ལྔའི་ཚོགས་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་
པར་འགྱུར་རོ། །སྟོབས་ལྔའི་ཚོགས་ནི་ཉོན་མོངས་པ་ཅན་ཐམས་ཅད་ཀྱིས་མི་རྫི་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ། །ལམ་གྱི་ཚོགས་ནི་ལམ་ངན་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །
བདེན་པའི་ཚོགས་ནི་མི་འཁྲུགས་པའི་ཆོས་ཉིད་དུ་འགྱུར་རོ། །སོ་སོ་ཡང་དག་པར་རིག་པའི་ཚོགས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པར་འགྱུར་རོ། །རྟོན་པའི་ཚོགས་ནི་གཞན་ལ་རག་མ་ལས་པའི་ཡེ་ཤེས་སུ་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚོགས་ནི་
ཡོན་ཏན་ཐམས་ཅད་སྐྱེ་བའི་སྒོར་འགྱུར་རོ། །བསམ་པའི་ཚོགས་ནི་འཇིག་རྟེན་ཐམས་ཅད་ལ་མི་སླུ་བར་འགྱུར་རོ། །ལྷག་པའི་བསམ་པའི་ཚོགས་ནི་ཁྱད་པར་དུ་འགྲོ་བར་འགྱུར་རོ། །སྦྱོར་བའི་ཚོགས་ནི་རྩོམ་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་འགྱུར་རོ། །ནང་དུ་
ཡང་དག་འཇོག་གི་ཚོགས་ནི་ཇི་སྐད་ཐོས་པའི་ཆོས་ཆུད་མི་གཟོན་པར་འགྱུར་རོ། །བསྡུ་བའི་དངོས་པོའི་ཚོགས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚོགས་ནི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པར་འགྱུར་རོ། །
བསྔོ་བ་ལ་མཁས་པའི་ཚོགས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཚོགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ལ་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱས་པར་བཤད་དོ། །ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་བསྟན་པ་འདི་བཤད་པའི་ཚེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེ་ཐོགས་ནས་འདུག་པར་གྱུར་ཏོ།

དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་
ལེགས་པར་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན། བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་དེ་དག་ཐམས་ཅད་
ནི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་ནང་དུ་འདུས་ཤིང་རྗེས་སུ་ཞུགས་པར་འཚལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི་རྣམ་པར་བསྒྲུབ་པ་ཐམས་ཅད་རྣམ་པར་
སྒྲུབ་པོ། ཡེ་ཤེས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ལེགས་པར་བཤད་པས་ཚིམ་པར་བགྱིད་དོ། །བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ། །དེ་ཅིའི་
སླད་དུ་ཞེ་ན། བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་དོ། །ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་དེ། བྱང་ཆུབ་སེམས་
དཔའི་ལམ་འདི་གཉིས་ནི་ལམ་ཐམས་ཅད་སྡུད་པར་འགྱུར་བ་ལགས་སོ། །བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ནི་བདུད་སྡིག་ཅན་གྱིས་ཐུལ་བར་དཀའོ། །བདུད་ཀྱི་ལམ་ལས་ཡང་དག་པར་འདས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་སྟོན་ཏེ་མི་འཆབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་

འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་ཁྱོད་ནི་དེ་བཞིན་གཤེགས་པའི་ཞབས་འབྲིང་བ་ཉེ་བ་ན་འདུག་པ་ཡིན་ན་གསང་བའི་བདག་པོ་དེ་བཞིན་གཤེགས་པའི་གསང་བའི་གནས་གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཡང་མ་ཡིན་ན། དེ་མ་ཡིན་པའི་སེམས་ཅན་
ཐ་མལ་ལྟ་སྨོས་ཀྱང་ཅི་དགོས་པ་ལས་བརྩམས་ཏེ། ཁྱོད་སྤོབས་པར་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཅང་མི་སྨྲ་
བས་ཁས་བླངས་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ཐོས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་བར་གྱུར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པ་དང་། དེ་བཞིན་གཤེགས་པའི་
གསང་བ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བརྩོན་པར་བགྱིད་པར་དེ་བཞིན་གཤེགས་པའི་གསང་བ་འཁོར་འདི་ལ་འཆད་པར་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྤྲོ་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་གསང་བ་དང་། དེ་བཞིན་གཤེགས་པའི་གསང་བ་འཁོར་འདི། ཉན་པར་འདོད་དེ་ཁྱོད་ལ་ངས་བསྐུལ་གྱིས། དེ་བཞིན་གཤེགས་པའི་གསང་བ་ལས་བརྩམས་ཏེ་འཁོར་འདིར་སྤོབས་པར་གྱིས་ཤིག །
དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་། དེ་བཞིན་གཤེགས་
པའི་གསང་བ་རྣམས་ལ་གང་ཅུང་ཟད་འཇུག་པར་བགྱི་བ་ཙམ་ཞིག་བསྟན་པ་བདག་གིས་བསྟན་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་མཚན་མོ་མུན་པ་མུན་གནག་གི་ནང་ན་མར་མེའི་མཐུས་གཟུགས་སུ་གྱུར་པའི་རྣམ་པ་ཐམས་ཅད་གདའ་བ་དེ་བཞིན་དུ། བཅོམ་ལྡན་

འདས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་། དེ་བཞིན་གཤེགས་པའི་གསང་བ་རྣམས་ལ་གང་ཅུང་ཟད་འཇུག་པར་བགྱི་བ་ཙམ་བསྟན་པར་བགྱིའོ། །དེ་ནས་གསང་བ་པའི་བདག་པོ་ལག་
ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེའི་ཕྱིར་ཅི་ནས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་། དེ་བཞིན་གཤེགས་པའི་གསང་བ་རྣམས་ཐོས་ནས་མི་དངང་། མི་སྐྲག །སྐྲག་པར་མི་འགྱུར་བར་འཁོར་དེར་
ལེགས་པར་འཁོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པས་བསམ་གྱིས་མི་ཁྱབ་པ་འདི་བཞི་གསུངས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལས་བསམ་
གྱིས་མི་ཁྱབ་པ་དང་། གླུ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་བསམ་གྱིས་མི་ཁྱབ་པའོ། །ཡང་གྲོགས་པོ་དག་གང་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བསམ་གྱིས་མི་
ཁྱབ་པ་འདི་བཞི་རྣམ་པར་བཀོད་དེ་བསམ་གྱིས་མི་ཁྱབ་པ་འདི་བཞིའི་ནང་ན་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་གསུངས་སོ། །གྲོགས་པོ་དག་དེ་ལ་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་
ཐོས་ནས་མི་དངང་། མི་སྐྲག །སྐྲག་པར་མི་འགྱུར་བར་བྱའོ། །ཐོས་ནས་ལྷག་པར་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་རྒྱ་ཆེར་བསྐྱེད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་ཇི་ལྟར་ཐམས་ཅད་དང་ལྡན་པའི་འཁོར་
དེ་བཞིན་གཤེགས་པའི་གསང་བ་ཉན་པ་ལ་མོས་པར་གྱུར་ཅིང་། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དུ་ལྷའི་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་བཀྲམ་པར་གྱུར་པ་དེ་ལྟ་བུའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའི་གསང་བའི་གནས་རྣམས་བཤད་པར་བྱའོ། །ཞི་བའི་བློ་གྲོས་གང་ཚུན་ཅད་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ཚུན་ཅད་ཁོ་བོ་བྱང་ཆུབ་སེམས་དཔའི་ཞབས་འབྲིང་ན་འདུག་འདུག་ན་བྱང་ཆུབ་སེམས་དཔའི་ལུས་འགྱུར་བའམ།
ལུས་ཚུལ་འཆོས་པ་ཁོ་བོས་ནམ་ཡང་མ་མཐོང་ངོ་། །ངག་འགྱུར་བ་འམ། ངག་གི་ཁ་གསག་ཀྱང་མ་ཐོས་སོ། །སེམས་འགྱུར་བ་འམ། སེམས་གཡོ་བ་ཡང་མ་མཐོང་ངོ་། །དེ་ལུས་དང་ལུས་ཀྱི་སྤྱོད་ལམ་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ་ཚིག་ཏུ་
ནི་མི་སྨྲའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེའི་ལུས་ཀྱི་སྤྱོད་ལམ་མཐའ་ཡས་མུ་མེད་པར་སྣང་སྟེ། ཞི་བའི་བློ་གྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྤྱོད་ལམ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྱོད་ལམ་ཡང་དེ་སྙེད་དུ་ལྷུན་གྱིས་གྲུབ་ཅིང་སྒྲིམ་པ་མེད་པར་
གནས་སོ། །འདི་ལྟ་སྟེ། བསམ་གཏན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་བསམ་གཏན་གྱི་སྤྱོད་ལམ་སྟོན་ཏོ། །རྒྱུད་ཀྱི་སྒྲ་དང་། གླུའི་དབྱངས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རྒྱུད་ཀྱི་སྒྲ་དང་། གླུའི་དབྱངས་ཀྱི་སྤྱོད་ལམ་དང་། ཁྱེའུས་འདུལ་བའི་
སེམས་ཅན་རྣམས་ལ་ཁྱེའུའི་སྤྱོད་ལམ་དང་། བུ་མོས་འདུལ་བའི་སེམས་ཅན་རྣམས་ལ་བུ་མོའི་སྤྱོད་ལམ་དང་། བུད་མེད་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་བུད་མེད་ཀྱི་སྤྱོད་ལམ་དང་། སྐྱེས་པས་འདུལ་བའི་སེམས་ཅན་རྣམས་ལ་སྐྱེས་པའི་སྤྱོད་ལམ་དང་། གཞོན་
ནུས་འདུལ་བའི་སེམས་ཅན་རྣམས་ལ་གཞོན་ནུའི་སྤྱོད་ལམ་དང་། བར་མས་འདུལ་བའི་སེམས་ཅན་རྣམས་ལ་བར་མའི་སྤྱོད་ལམ་དང་། རྒན་པོས་འདུལ་བའི་སེམས་ཅན་རྣམས་ལ་རྒན་པོའི་སྤྱོད་ལམ་དང་། ཡན་ལག་མ་ཚང་བས་འདུལ་བའི་སེམས་ཅན་རྣམས་ལ་ཡན་ལག་མ་ཚང་བའི་སྤྱོད་

ལམ་དང་། གདོལ་པ་རྐང་ལག་ཆད་པས་འདུལ་བའི་སེམས་ཅན་རྣམས་ལ་གདོལ་པ་རྐང་ལག་ཆད་པའི་སྤྱོད་ལམ་དང་། ལྐུགས་པ་དང་། འཕྱེ་བོས་འདུལ་བའི་སེམས་ཅན་རྣམས་ལ་ལྐུགས་པ་དང་འཕྱེ་བོའི་སྤྱོད་ལམ་དང་། ལོང་བ་དང་། འོན་པས་འདུལ་
བའི་སེམས་ཅན་རྣམས་ལ་ལོང་བ་དང་། འོན་པའི་སྤྱོད་ལམ་དང་། སེམས་ཅན་དམྱལ་བ་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་སེམས་ཅན་དམྱལ་བ་པའི་གཟུགས་ཀྱི་སྤྱོད་ལམ་དང་། དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་མིས་འདུལ་བའི་སེམས་
ཅན་རྣམས་ལ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་མིའི་སྤྱོད་ལམ་དང་། ལྷས་འདུལ་བའི་སེམས་ཅན་རྣམས་ལ་ལྷའི་སྤྱོད་ལམ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོས་
འདུལ་བའི་སེམས་ཅན་རྣམས་ལ་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྤྱོད་ལམ་དང་། བརྒྱ་བྱིན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་བརྒྱ་བྱིན་གྱི་སྤྱོད་ལམ་དང་། ཚངས་པས་འདུལ་བའི་
སེམས་ཅན་རྣམས་ལ་ཚངས་པའི་སྤྱོད་ལམ་དང་། འཇིག་རྟེན་སྐྱོང་བས་འདུལ་བའི་སེམས་ཅན་རྣམས་ལ་འཇིག་རྟེན་སྐྱོང་བའི་སྤྱོད་ལམ་དང་། འཁོར་ལོས་སྒྱུར་བས་འདུལ་བའི་སེམས་ཅན་རྣམས་ལ་འཁོར་ལོས་སྒྱུར་བའི་སྤྱོད་ལམ་དང་། དགེ་སློང་གིས་འདུལ་བའི་སེམས་ཅན་
རྣམས་ལ་དགེ་སློང་གི་སྤྱོད་ལམ་དང་། དགེ་སློང་མས་འདུལ་བའི་སེམས་ཅན་རྣམས་ལ་དགེ་སློང་མའི་སྤྱོད་ལམ་དང་། དགེ་བསྙེན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་དགེ་བསྙེན་གྱི་སྤྱོད་ལམ་དང་། དགེ་བསྙེན་མས་འདུལ་བའི་སེམས་ཅན་རྣམས་ལ་དགེ་བསྙེན་མའི་སྤྱོད་
ལམ་དང་། ཉན་ཐོས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་སྤྱོད་ལམ་དང་། རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རང་སངས་རྒྱས་ཀྱི་སྤྱོད་ལམ་དང་། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་ལམ་

དང་། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་ཏེ་གཟུགས་མེད་པ་ནི་མ་གཏོགས་སོ། །ཞི་བའི་བློ་གྲོས་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་གཟུགས་དང་། ཁ་དོག་དང་། སྤྱོད་ལམ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་གཟུགས་
དང་། ཁ་དོག་དང་། སྤྱོད་ལམ་ཡང་དེ་སྙེད་དུ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་མི་རྟོག་པར་ཀུན་དུ་གནས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་ཅིང་བཏང་སྙོམས་པ་དེ་ལུས་ཀྱིས་ལུས་ཀྱི་སྤྱོད་ལམ་སྟོན་མོད་ཀྱི་ལུས་ཀྱི་ཆོས་ཉིད་ལས་ཀྱང་མི་གཡོའོ། །ལུས་
ཀྱིས་ལུས་ཀྱི་ལས་བྱེད་མོད་ཀྱི་ལུས་ཀྱི་དབེན་པ་ཡང་མི་འདོར་རོ། །དེ་ལུས་ཡོངས་སུ་དག་པས་ལུས་ཀྱི་འོད་ཀྱིས་སེམས་ཅན་དམྱལ་བ་པའི་སེམས་ཅན་ཐམས་ཅད་བདེ་བར་བྱེད་དོ། །ལུས་ལ་མི་ལྟ་བས་ཤ་ཟ་བའི་སེམས་ཅན་ཇི་སྙེད་ཡོད་པ་ཤའི་ལོངས་སྤྱོད་གང་དང་གང་འདོད་པ་དེ་ལྟ་བུའི་ཤ་
རྣམས་བདག་གི་ལུས་ལས་དེ་དག་ལ་བསྟབས་ནས་བདག་སྲོག་དང་ཕྲལ་ཏེ་སེམས་ཅན་དེ་དག་ལ་སྦྱིན་པར་བྱེད་དོ། །ཁྲག་འཐུང་བ་རྣམས་ལ་ཁྲག་སྦྱིན་པར་བྱེད་དོ། །རྐང་ཟ་བ་རྣམས་ལ་རྐང་སྦྱིན་པར་བྱེད་དོ། །གཟི་བྱིན་ཟ་བ་རྣམས་ལ་གཟི་བྱིན་སྦྱིན་པར་བྱེད་དོ། །ཞི་བའི་བློ་གྲོས་
དེ་ལྟར་ཤའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གི་ལུས་ལས་བསྟབས་ཏེ་སྲོག་དང་ཕྲལ་ནས་སེམས་ཅན་དེ་དག་ལ་སྦྱིན་པར་བྱེད་དོ། །དེའི་ལུས་ཚད་མེད་པ་ནི་ཆོས་ཀྱི་དབྱིངས་ཚོད་མེད་པའི་རྗེས་སུ་འགྲོ་བས་མི་ཟད་དོ། །དེའི་ལུས་མི་ཟད་པ་མངོན་པར་སྒྲུབ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་
བ་མི་ཟད་པ་མངོན་པར་སྒྲུབ་པས་རབ་ཏུ་རིག་པར་འགྱུར་རོ། །དེ་ལུས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། གང་དག་འདོད་ཆགས་ལ་སྤྱོད་པའི་སྡུག་པའི་རྣམ་པ་དང་། མཚན་མར་འཛིན་པའི་སེམས་ཅན་དེ་དག་གི་མདུན་དུ་བུད་མེད་གཟུགས་བཟང་ཞིང་མཛེས་པ་བལྟ་ན་
སྡུག་པ་སྟོན་ཏེ། དེ་ལ་སེམས་ཅན་དེ་དག་ཆགས་པ་སྐྱེས་ནས་བྱུགས་ཤིང་ཀུན་ཏུ་བྱུགས་ཏེ་དེ་དག་པང་དུ་འཇོག་གོ །དེ་དག་སྐྱེས་བུ་དེ་དག་གི་པང་དུ་སོང་བ་དང་རྙིས་ཤིང་སྐམས་ནས་འཆི་བའི་དུས་བྱེད་དོ། །མི་གཙང་ཞིང་དྲི་མི་ཞིམ་པར་གྱུར་པས་སྐྱེས་བུ་དེ་དག་དེས་ཡིད་བྱུང་ནས་བོར་ཏེ་སོང་

བ་དང་། ཤི་བའི་རོ་དེ་དག་ཉིད་ལས་སྐྱེས་བུ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཆོས་བསྟན་པ་དེ་ལྟ་བུ་ཡང་འབྱུང་ངོ་། །ཡང་ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་ལུས་ཀྱིས་ཁྱབ་པར་བྱས་ཏེ་སོར་མོའི་རྩེ་མོས་ཡུངས་འབྲུ་ལ་བྱ་བ་བཞིན་དུ་རིན་པོ་ཆེའི་གདུགས་ཀྱིས་ཁེབས་པར་བྱེད་དོ། །སྲེག་པའི་བསྐལ་པའི་མེ་ལག་པའི་སོར་མོས་གཡོགས་ཀྱང་དེའི་ལུས་ཉམས་པར་མི་འགྱུར་རོ། །དེ་ལུས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་
རིམ་གྲོ་བྱེད་དེ། མེ་ཏོག་གི་གདུགས་རི་རབ་ཙམ་དག་ཀྱང་འབུལ་ལོ། །དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་གི་སྐོན་བུ་དག་ཀྱང་འཐོར་རོ། །དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
སྤོས་ཀྱི་འབྲུ་མར་གྱིས་གང་བའི་སྣོད་གཅིག་ཏུ་མོས་ཏེ། རི་རབ་ཙམ་གྱི་སྙིང་པོ་འབར་བར་བྱས་པའི་མར་མེ་འབར་བར་བྱེད་དོ། །དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མར་མེ་འབར་བར་བྱེད་དོ། །དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་རང་
གི་ལུས་ཀྱང་རས་བཅོས་བུས་དཀྲིས་ནས་མར་དང་འབྲུ་མར་གྱིས་བསྐུས་ཏེ་མར་མེ་འབུད་དོ། །དེ་འབར་བར་གྱུར་པའི་ཚེ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། སེམས་ཅན་དག་གིས་ཀྱང་མཐོང་ཞིང་ཤེས་ཏེ། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་
ཏུ་གྱུར་པ་དེ་མཐོང་ནས་ཀྱང་སེམས་ཅན་ཚད་མེད་གྲངས་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་རློམ་པའི་སེམས་ཅན་རྣམས་ལ་ཡང་བདག་གི་གཟུགས་ཚན་པོ་ཆེ་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་།
ལག་ན་རྡོ་རྗེའི་གཟུགས་སུ་སྟོན་ཏེ། དེར་སེམས་ཅན་དེ་དག་སྤྲུལ་པས་འཇིགས་སྐྲག་ནས་བྱང་ཆུབ་སེམས་དཔའ་དེ་ལ་མངོན་པར་འདུད་ཅིང་ཕྱག་འཚལ་ལོ། །དེ་ལ་ཆོས་ཀྱང་ཉན་པར་འདོད་དོ། །གང་ཡང་གྲོང་ཁྱེར་ཆེན་པོ་དག་གི་དུར་ཁྲོད་ཆེན་པོ་སྲོག་ཆགས་བརྒྱ་སྟོང་དུ་མས་གང་བར་གྱུར་

པ་དེར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང་དུས་ལས་འདས་པར་སྟོན་ཏེ། དེར་ཡང་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་གིས་ཅི་ཙམ་འདོད་པར་ཤ་ལ་ཟོས་ནས་ཚེའི་མཐར་ཕྱིན་ཏེ་འཆི་བའི་དུས་སུ་གྱུར་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་
འཇིག་རྟེན་དུ་ལྷའི་ནང་དུ་སྐྱེའོ། །དེ་ཡང་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་དེ་ཉིད་སྔོན་གྱི་སྨོན་ལམ་ཡོངས་སུ་དག་པའི་ཕྱིར་ཏེ་བདག་འཆི་བའི་དུས་སུ་གྱུར་ནས། ཤི་བའི་ལུས་ལ་སེམས་ཅན་གང་དག་གིས་ཟོས་པ་དེ་དག་ལ་དེ་ཉིད་
མཐོ་རིས་སུ་སྐྱེ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་གྱུར་ཅིག་ཅེས་ཡུན་རིང་པོ་ནས་སྨོན་ལམ་བཏབ་སྟེ། ཚུལ་ཁྲིམས་དང་ལྡན་པ་དེ་བསམ་པ་འགྲུབ། འདོད་པ་འགྲུབ། སྨོན་པ་འགྲུབ་བོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་ཇི་ལྟར་བྱང་ཆུབ་སེམས་དཔའི་ལུས་ཚད་མེད་
ཅིང་མཐའ་ཡས་པར་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན་འཛམ་བུའི་གླིང་དུ་གཏོགས་པ་ནམ་མཁས་བསྐོར་བ་འདི་ཉིད་དུ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་པ་ཕྲག་བཞི་བྱུང་སྟེ། དེ་ན་གྲོང་དང་། ཚོང་དུས་དང་། རི་ཁྲོད་སྟོང་ཕྲག་མང་པོ་སྲོག་ཆགས་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་མང་པོ་གནས་པ་ཡོད་དེ། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན། ནད་ཆེན་པོའི་བསྐལ་པ་བར་མ་བྱུང་སྟེ། དེར་སེམས་ཅན་དག་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་ནས་ཕལ་ཆེར་ལུས་ཤུ་བ་ཅན་དང་། ལུས་རྣགས་པ་དང་། འབྲས་དང་། ཕོལ་མིག་དང་། མེ་དབལ་
དང་། ཐོར་བུ་དང་། རླུང་དང་། མཁྲིས་པ་དང་། བད་ཀན་གྱི་ནད་རྣམས་ཀྱིས་རྒྱས་པར་གྱུར་ཏོ། །དེའི་ཚེ་སྨན་པ་སྟོང་ཕྲག་དུ་མ་སེམས་ཅན་དེ་དག་གི་ནད་དེ་ཞི་བར་བྱ་བའི་ཕྱིར་བརྩོན་པར་གྱུར་ཀྱང་སེམས་ཅན་དེ་དག་གི་ནད་དེ་བསལ་བར་མ་ནུས་སོ། །དེར་སེམས་ཅན་དེ་དག་གིས་གསོ་
བའི་དཔྱད་མ་རྙེད་དེ། སྐྱབས་མེད་རྟེན་མེད་ནས་འདི་སྐད་དུ། ནད་འདི་ལས་ནི་ཐར་བྱེད་པ། །ལྷ་འམ་ཀླུ་འམ་དྲི་ཟ་འམ། །གནོད་སྦྱིན་དང་ནི་མི་ཡང་རུང་། །མི་མ་ཡིན་པ་སུ་ཞིག་ཡོད། །སྡུག་བསྔལ་འདི་ལས་ཐར་བྱེད་པ། །དེ་ལ་ནོར་རྣམས་ཐམས་ཅད་གཏང་། །རྗེས་སུ་

བསྟན་པ་བཞིན་དུ་བྱ། །བྱས་པ་དག་ཀྱང་གཟོ་བར་བྱ། །ཞེས་ཀུ་ཆོ་ཆེར་བཏོན་ཏོ། །ཞི་བའི་བློ་གྲོས་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་མིག་བཟངས་ཞེས་བྱ་བར་གྱུར་ཏེ། དེས་ལྷའི་མིག་རྣམ་པར་དག་པ་མིའི་
ལས་འདས་པས་སེམས་ཅན་དེ་དག་ནད་སྣ་ཚོགས་མང་པོས་བཏབ་པ་ཡང་མཐོང་། ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་པས་ཀུ་ཆོ་ཆེན་པོ་འདོན་པའི་སྒྲ་ཡང་ཐོས་སོ། །དེས་དེ་དག་མཐོང་ཞིང་ཐོས་ནས་ཀྱང་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་འདི་སྙམ་དུ་བདག་ཅི་ནས་སེམས་ཅན་གནས་
མེད་པ་འདི་དག་གི་གནས་སུ་འགྱུར་བར་བྱའོ། །སྐྱབས་མེད་པ་དང་། རྟེན་མེད་པ་རྣམས་ཀྱི་སྐྱབས་དང་རྟེན་དུ་འགྱུར་བར་བྱའོ་སྙམ་དུ་བསམས་ནས་དེས་དེ་མ་ཐག་ཏུ་འཛམ་བུའི་གླིང་གི་དབུས་ན་གྲོང་ཁྱེར་ཆེན་པོ་ཀུ་རུ་ཞེས་བྱ་བ་ཞིག་ཡོད་པ་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་སྲོག་ཆགས་དེས་པ་
ཞེས་བྱ་བར་རྫུས་ཏེ་སྐྱེས་ནས་སྟེང་གི་བར་སྣང་ལ་འདུག་སྟེ་འཛམ་བུའི་གླིང་གི་མི་ཐམས་ཅད་ལ་ཚིགས་སུ་བཅད་པས་བསྐུལ་པ། ཀུ་རུའི་གྲོང་ཁྱེར་ཉེ་བ་ན། །སྲོག་ཆགས་དེས་བ་ཞེས་བྱ་ཡོད། །དེ་ཡི་ཤལ་སུས་ཟོས་པ། །དེ་ནི་ནད་ལས་ཐར་བར་འགྱུར། །འཇིགས་པར་མ་བྱེད་སྐྲག་
པར་མ་བྱེད་པར། །ཇི་ལྟར་འདོད་པ་དེའི་ཤ་ལོང་ཤིག །དེ་ལ་ཁྲོ་མེད་གཤེ་མེད་གནོད་སེམས་མེད། །འཛམ་བུའི་གླིང་འདིར་དེ་ནི་སྨན་ཡིན་ནོ། །ཞི་བའི་བློ་གྲོས་དེ་ལྟར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཚོང་དུས་དང་། རི་ཁྲོད་དེ་དག་ན་སེམས་ཅན་ནད་པ་ཇི་སྙེད་ཡོད་
པ་དེ་དག་གིས་སྒྲ་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་ཀུ་རུ་ག་ལ་བ་དང་། སྲོག་ཆགས་ཀྱི་རྣམ་པ་དེས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྲོག་ཆགས་དེས་པའི་ལུས་ལས་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་དེའི་ལུས་ལ་ཤ་ཟད་པར་མ་གྱུར་ནས་དེས་པས་ཚིགས་སུ་བཅད་པ་འདི་སྨྲས་སོ། །བདེན་པ་གང་གིས་བྱང་ཆུབ་
ཐོབ་འགྱུར་ཞིང་། །བདག་གི་ཡེ་ཤེས་ཟད་པར་མི་འགྱུར་བ། །བདེན་པ་དེས་ནི་བདག་གི་ལུས་ལས་ཤ། །འདིར་ནི་ནམས་ཀྱང་ཟད་པར་མ་གྱུར་ཅིག །ཞི་བའི་བློ་གྲོས་དེ་ལྟར་ན་ཕྱོགས་བཞིའི་སེམས་ཅན་ནད་པ་ཇི་སྙེད་ཡོད་པ་དེ་དག་གིས་སྲོག་ཆགས་ཀྱི་རྣམ་པ་དེས་པའི་ལུས་ལས་

ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་། དེའི་ལུས་ལས་བྲི་བའམ། གང་བར་ཡང་མི་མངོན་ཏེ་ཡང་བཅད་ཡང་བཅད་ཀྱང་ཕྱིར་སྐྱེ་བར་གྱུར་ཏོ། །ཞི་བའི་བློ་གྲོས་དེ་ལྟར་སེམས་ཅན་ཇི་སྙེད་ཀྱིས་སྲོག་ཆགས་ཀྱི་རྣམ་པ་དེས་པའི་ཤ་ཟོས་པ་དེ་དག་ཟོས་མ་ཐག་ཏུ་ནད་ཐམས་ཅད་ཞི་བར་གྱུར་ཏེ། ནད་
མེད་ཅིང་བདེ་བ་དང་། ཉམས་པ་མེད་པར་གྱུར་ཏོ། །དེ་ནས་མཐར་གྱིས་འཛམ་བུའི་གླིང་གི་སེམས་ཅན་གྱི་ནད་ཐམས་ཅད་བསལ་བར་གྱུར་ཏོ། །ཞི་བའི་བློ་གྲོས་དེ་ནས་འཛམ་བུའི་གླིང་གི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་འདི་སྙམ་དུ་སེམས་ཏེ་སྲོག་ཆགས་ཀྱི་
རྣམ་པ་དེས་པ་དེས་བདག་ཅག་ནད་ལས་ཡོངས་སུ་ཐར་ཅིང་ནད་མེད་པར་བྱས་ཏེ་བདེ་ཞིང་ཉམས་པ་མེད་པར་བྱས་ཀྱིས་བདག་ཅག་གིས་དེ་ལ་མཆོད་པའི་གནས་ཤིག་བྱའོ་སྙམ་ནས་དེ་དག་ཐམས་ཅད་གཅིག་ཏུ་འདུས་ཏེ་སྲོག་ཆགས་ཀྱི་རྣམ་པ་དེས་པ་ག་ལ་བ་དེར་སོང་ནས་ཐལ་མོ་སྦྱར་ཏེ་སྲོག་
ཆགས་ཀྱི་རྣམ་པ་དེས་པ་ལ་ཚིགས་སུ་བཅད་པས་སྨྲས་པ། ཁྱོད་ནི་བདག་ཅག་གནས་དང་སྐྱབས། །ཁྱོད་ནི་བདག་ཅག་སྨན་པ་སྨན། །ཁྱོད་ལ་མཆོད་པ་གང་བགྱི་བ། །ཁྱོད་ཀྱིས་བདག་ཅག་བཀའ་སྩོལ་ཅིག །དེ་ནས་སྲོག་ཆགས་ཀྱི་རྣམ་པ་དེས་པས་ལུས་དེ་མི་སྣང་བར་བྱས་ཏེ་བདག་
གིས་བརྒྱ་བྱིན་གྱི་ལུས་སུ་འདུག་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ང་ལ་ནོར་དང་ཟས་སྐོམ་དང་། །གསེར་དང་འབྲུ་རྣམས་དགོས་པ་མེད། །ཐམས་ཅད་ལྷན་ཅིག་འཐུན་པར་ནི། །དགེ་བ་བཅུ་ཡི་ལས་ལམ་སྲུངས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །
བྱང་ཆུབ་སྨོན་ལམ་བརྟན་པ་ཐོབ། །ཕན་པའི་དངོས་པོ་ཉིད་ཀྱི་སེམས། །གཅིག་ལ་གཅིག་ཀྱང་བྱམས་པ་བསྐྱེད། །བརྒྱ་བྱིན་ལས་ནི་ཚིག་འདི་ཐོས། །སེམས་ཅན་དེ་དག་རབ་དགའ་སྟེ། །ཤིན་ཏུ་ཡོངས་སུ་དག་པ་ཡི། །དགེ་བ་བཅུ་ཡི་ལས་ལམ་བླངས། །ཞི་བའི་བློ་གྲོས་དེ་
ལྟར་དེ་ཚུན་ཆད་འཛམ་བུའི་གླིང་ཐམས་ཅད་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་སྙེད་ལས་ཐ་ན། །སེམས་ཅན་གཅིག་ཀྱང་ལོག་པར་ལྟུང་བར་སོང་བ་མི་དྲན་ནོ། །དེ་ཚུན་ཆད་དེ་དག་ཐམས་ཅད་ཤི་འཕོས་ཏེ་ཤི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་

འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། དེ་དག་ཡང་ལྷའི་དབང་པོ་བརྒྱ་བྱིན་དེས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད་ནས། དེ་ལ་ཁ་ཅིག་
གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་དང་། ལུས་ཀྱི་ལས་ཡོངས་སུ་དག་པ་སྟེ། དེ་ལྟར་
ལུས་གཅིག་ཡོངས་སུ་བཏང་བས་ན་སེམས་ཅན་ཚད་མེད་གྲངས་མེད་པ་དག་ཡོངས་སུ་སྨིན་པར་བྱས་སོ། །གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ལུས་ནི་
མི་ཤིགས་པ། སྲ་བ། བརྟན་པ། འཆི་འཕོ་མེད་པ། རྫུས་ཏེ་སྐྱེ་བ་སྟེ། ལུས་དེ་ནི་འཇིག་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་དབང་གི་ཕྱིར་འཇིག་གོ །ལུས་མི་འཇིག་པས་འདུལ་བའི་སེམས་ཅན་རྣམས། འདུལ་བའི་དབང་གི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འཇིག་སྟེ།
མེས་མི་ཚིག །མཚོན་གྱིས་མི་ཚུགས་ཤིང་། དངོས་རྡོ་རྗེ་ལྟར་སྲ་ཞིང་བརྟན་ཏེ། མི་ཤིགས་པའོ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་ནི་ལུས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་མི་སེམས་མི་རྟོག་སྟེ། ལུས་ལ་ལུས་ཀྱི་དབེན་པའི་མཚན་
ཉིད་ཀྱང་རབ་ཏུ་ཤེས་སོ། །ལུས་ཀྱི་དབེན་པའི་མཚན་ཉིད་ཀྱིས་ཀྱང་ཆོས་ཀྱི་དབེན་པའི་མཚན་ཉིད་ཤེས་སོ། །ལུས་ཀྱི་དབེན་པའི་མཚན་ཉིད་དང་ཆོས་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་ཀྱང་གཉིས་སུ་མི་འབྱེད་དེ། ལུས་ཀྱི་དབེན་པའི་མཚན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་
དབེན་པའི་མཚན་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་ན་དབེན་པའི་མཚན་ཉིད་ཀྱི་རྗེས་སུ་འཇུག་གོ །དེ་རང་གི་ལུས་ཀྱི་དབེན་པའི་མཚན་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབེན་པའི་མཚན་ཉིད་མཉམ་པར་བྱེད་དོ། །དེ་རང་གི་ལུས་ཀྱི་དབེན་པའི་མཚན་ཉིད་དང་། སེམས་ཅན་

ཐམས་ཅད་ཀྱི་ལུས་ཀྱི་དབེན་པའི་མཚན་ཉིད་ཀྱང་ཆོས་ཀྱི་དབྱིངས་ཀྱི་དབེན་པའི་མཚན་ཉིད་དུ་ཤེས་སོ། །ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས་ཆོས་ཀྱི་དབྱིངས་ཀྱི་དབེན་པའི་མཚན་ཉིད་དང་། ཆོས་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་ཀྱང་རྗེས་སུ་འཐོབ་བོ། །དེ་རང་གི་ལུས་ཀྱི་དེ་
བཞིན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དེ་བཞིན་ཉིད་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་ཤེས་སོ། །དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་སོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་སངས་
རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་སོ། །དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་འདས་པ་དང་། །མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཤེས་ཏེ། འདས་པའི་དེ་བཞིན་ཉིད་ཀྱང་མ་འོངས་པའི་དེ་བཞིན་ཉིད་དང་འགལ་བར་མི་བྱེད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་
བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དེ་བཞིན་ཉིད་དོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་
དེ་བཞིན་ཉིད་གང་ཡིན་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དོ། །འཁོར་བ་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་མངོན་པར་འདུ་མི་བྱེད་པའི་དེ་བཞིན་ཉིད་དོ། །མངོན་པར་འདུ་མི་བྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱི་དེ་
བཞིན་ཉིད་ཀྱང་དེ་ཉིད་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དང་། དེ་ལྟ་བུ་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། མི་འགྱུར་བ་ཉིད་དང་། མི་འབྱུང་བ་ཉིད་དང་། རྩོད་པ་མེད་པ་ཉིད་དང་། གཟུགས་མེད་པ་ཉིད་དོ། །དེ་བཞིན་ཉིད་ལ་གཟུགས་གང་ཡང་མེད་དེ།
གཟུགས་མེད་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཇི་ལྟར་དེ་བཞིན་ཉིད་གཟུགས་མེད་པ་དེ་བཞིན་དུ་གཟུགས་ཐམས་ཅད་ཀྱང་གཟུགས་མེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་གཟུགས་དེ་སྟོན་ཀྱང་དེ་བཞིན་ཉིད་གཟུགས་སུ་མི་བྱེད་དོ། །དེ་གཟུགས་མེད་ཅིང་རྩོད་པ་མེད་ཀྱང་

ལུས་དང་གཟུགས་ཐམས་ཅད་ཀྱང་སྟོན་ཏེ་དེ་བཞིན་ཉིད་ཀྱང་འཁྲུགས་པར་མི་བྱེད་དོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་རྟོག་གོ །དེ་བཞིན་གཤེགས་པའི་སྐུ་མཉམ་པ་ཉིད་ཀྱིས་བདག་གི་ལུས་མཉམ་པ་ཉིད་ལ་རྟོག་གོ །ལུས་ནི་ཤིན་ཏུ་མ་སྐྱེས་
པ་ཉིད་ཡིན་པས་ན་ལུས་ཐམས་ཅད་ནི་ལུས་མེད་པར་ཡང་དག་པར་མཐོང་ངོ་། །ལུས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་རབ་ཏུ་ཤེས་སོ། །ཤེས་ནས་ཆོས་ཀྱི་སྐུ་མངོན་པར་སྒྲུབ་བོ། །དེ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་པས་ཆོས་ཀྱི་སྐུ་ཉིད་དུ་འགྱུར་ཏེ། ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་ཀྱི་ལུས་ནི་མ་ཡིན་ནོ། །དེ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐོས་པ་དང་། རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རྩི་ཐམས་
ཅད་བསྡུས་ཏེ། རྩིའི་ཤིང་མང་པོ་ལས་བུ་མོའི་གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ་ལེགས་པར་བྱས་ཏེ། ལེགས་པར་ཟིན་ཅིང་ལེགས་པར་བྱི་དོར་བྱས་པ་དེ་འོང་བ་འམ། འགྲོ་བ་འམ། འགྲེང་ངམ། འདུག་གམ། ཉལ་ཡང་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །
དེར་ནད་པ་གང་བཙུན་པ་འམ་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོའམ། རྒྱལ་པོའི་བུ་འམ། ཚོང་དཔོན་ནམ། ཁྱིམ་བདག་གམ། བློན་པོའམ། རྒྱལ་ཕྲན་གང་དག་འོང་བ་དེ་དག་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་སྨན་གྱི་བུ་མོ་དེ་དང་ཕྲད་ནས་དེ་དག་ཕྲད་མ་ཐག་ཏུ་ནད་ཐམས་ཅད་བྱང་
སྟེ། ནད་མེད་ཅིང་བདེ་ལ་ཉམས་པ་མེད་པར་འགྱུར་རོ། །ཞི་བའི་བློ་གྲོས་གང་སྨན་པ་གཞན་ལ་མེད་པ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་འཇིག་རྟེན་གྱི་ནད་གསོ་བའི་ཤེས་པ་ལ་ལྟོས། ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡང་སེམས་ཅན་བུད་མེད་
དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཡོངས་སུ་གདུངས་པ་ཇི་སྙེད་པ་དག་གིས་ལུས་ལ་རེག་ན་རེག་མ་ཐག་ཏུ་དེ་དག་གི་ཉོན་མོངས་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལུས་ཡོངས་སུ་གདུང་བ་དང་བྲལ་བར་ཡང་

ཤེས་སོ། །དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཤིན་ཏུ་དག་པའི་ཕྱིར་རོ། །ཞི་བའི་བློ་གྲོས་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་འདི་ཡང་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བའོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་དང་ལྡན་པ་རྣམས་ཀྱི་
ལུས་ནི་ཟས་སྐོམ་གྱིས་བསྐྱེད་པ་མ་ཡིན། ཁམ་གྱིས་ཟ་བའི་ཟས་ཀྱིས་ཀྱང་ལུས་འཚོ་བ་མ་ཡིན་ཏེ། དེ་ཟས་ཐམས་ཅད་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའོ། །དེ་ཟས་ཟ་ཡང་མིད་པ་མ་ཡིན། ཟ་ཡང་ཁོང་དུ་འཇུག་པར་མི་བྱེད་དོ། །ཆོས་ཀྱི་སྐུའི་སྟོབས་
ཀྱིས་མི་ཉམས་ཡོངས་སུ་མི་ཉམས་སོ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་དང་ལྡན་པ་ལ་སྐྱེ་བ་དང་། འཆི་འཕོ་དང་། འབྱུང་བ་མེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བ་དང་། འཆི་འཕོ་དང་། འབྱུང་བ་ཡང་སྟོན་ཏོ། །དེ་འཆི་འཕོ་ཡང་ཆོས་ཐམས་ཅད་
ལ་འཆི་འཕོ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པར་རབ་ཏུ་ཤེས་སོ། །འབྱུང་ཡང་ཆོས་ཐམས་ཅད་ལ་འཕོ་བ་མེད་པར་རབ་ཏུ་ཤེས་སོ། །སྐྱེ་ཡང་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པར་རབ་ཏུ་ཤེས་སོ། །དེ་ཆོས་ཀྱི་སྐུ་དང་ལྡན། ཆོས་ཀྱི་ཟས་དང་ལྡན། ཆོས་ཀྱི་སྟོབས་དང་ལྡན་ཞིང་ཆོས་ལ་
རྟོན་པས་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཤེས་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་ནམ་མཁའི་སྐུ། མི་མཉམ་པ་དང་མཉམ་པའི་སྐུ། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ལྡན་པའི་སྐུ། དཔེ་མེད་པ།
འདྲ་བ་མེད་པ། དག་པ། དྲི་མ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པའི་སྐུ། རང་བཞིན་གྱིས་འོད་གསལ་བའི་སྐུ། རང་བཞིན་གྱིས་མ་སྐྱེས་པའི་སྐུ། རང་བཞིན་གྱིས་མ་བྱུང་བའི་སྐུ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་མ་འབྲེལ་བའི་སྐུ། སྒྱུ་མ་དང་། སྨིག་རྒྱུ་དང་།
ཆུ་ཟླའི་ངོ་བོ་ཉིད་ཀྱི་སྐུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ངེས་པར་བརྟགས་པའི་སྐུ། ཕྱོགས་བཅུ་མ་ལུས་པའི་ནམ་མཁའ་ཁྱབ་པའི་སྐུ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སྐུ། མཐའ་ཡས་མུ་མེད་པའི་སྐུ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་སྐུ།

མི་གཡོ་ཞིང་རློམ་སེམས་མེད་པའི་སྐུ། གནས་པ་དང་། མི་གནས་པ་དང་། མི་གཡོ་བ་ཐོབ་པའི་སྐུ། གཟུགས་ཀྱི་རང་བཞིན་མ་ཡིན་པའི་སྐུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་སྐུ་སྟེ། སའི་ཁམས་ཀྱིས་
རབ་ཏུ་ཕྱེ་བ་མ་ཡིན། ཆུའི་ཁམས་ཀྱིས་མ་ཡིན། མེའི་ཁམས་ཀྱིས་མ་ཡིན། རླུང་གི་ཁམས་ཀྱིས་ཀྱང་རབ་ཏུ་ཕྱེ་བ་མ་ཡིན་ཏེ། མ་བྱུང་བ་ཀུན་ནས་མ་བྱུང་བའོ། །འབྱུང་བ་ཆེན་པོ་རྣམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པའོ། །འབྱུང་བ་མ་ཡིན། འབྱུང་བའི་ཆོས་མ་ཡིན་པའོ། །འཇིག་
རྟེན་ཐམས་ཅད་དང་མི་འཐུན་པའོ། །མིག་ལས་མ་བྱུང་བའོ། །རྣ་བ་ལས་མི་གནས་པའོ། །སྣས་ཤེས་པར་བྱ་བ་མ་ཡིན་པའོ། །ལྕེས་རབ་ཏུ་ཕྱེ་བ་མ་ཡིན་པའོ། །ལུས་དང་ལྡན་པ་མ་ཡིན་པའོ། །ཡིད་ཀྱིས་ཉེ་བར་སྤྲད་པ་མ་ཡིན་པའོ། །སེམས་དང་མི། འཇུག་པའོ། །ཡིད་ཀྱི་རྣམ་པར་
ཤེས་པ་དང་མི་འཇུག་མི་ལྡོག་རྗེས་སུ་མི་འཇུག་པ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་དེ་འདྲའོ། །དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་མཉམ་པ་ཉིད་ཐོབ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་ལ་སྤྱོད་ཅིང་། སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་པའང་རུང་འཛམ་བུའི་གླིང་ཡང་རུང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་ཇི་སྙེད་ཡོད་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་མཐོང་བར་ཡང་བྱེད་ལ་བདུད་ཐམས་ཅད་ཀྱིས་མི་མཐོང་བར་ཡང་སྣང་
བར་འགྱུར་རོ། །དེ་མཐོང་བར་ཡང་བྱེད་ལ་མཐོང་བར་སྣང་བའང་མི་བྱེད་དོ། །མཐོང་བར་མི་བྱེད་པས་ཀྱང་མཐོང་བར་སྣང་ངོ་། །མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་རིག་པས་རབ་ཏུ་ཕྱེ་བ་ཡང་མ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱས་པས་རབ་ཏུ་ཕྱེ་བ་
ཡིན་ཡང་ལུས་སུ་གཏོགས་པའི་དྲན་པ་ཉེ་བར་གཞག་པ་ལས་ཀྱང་མི་ཉམས་ཡོངས་སུ་མི་ཉམས་སོ། །དེ་ལུས་མི་རྟག་པ་དང་། ལུས་སྡུག་བསྔལ་བ་དང་། ལུས་བདག་མེད་པར་ཡང་སེམས་ཅན་རྣམས་ལ་སྟོན་ལ། ལུས་ཀྱི་ཞི་བའི་ཆོས་ཉིད་ཀྱང་རབ་ཏུ་ཤེས་སོ། །དེ་ལུས་རབ་ཏུ་

དབྱེ་བ་ཡང་སེམས་ཅན་རྣམས་ལ་སྟོན་ལ། རྒྱུ་གང་དང་། དམིགས་པ་གང་དག་གིས་ལུས་མངོན་པར་འགྲུབ་པའི་རྒྱུ་དེ་དག་དང་། དམིགས་པ་དེ་དག་ཀྱང་། བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །ལུས་རྩྭ་དང་། ཤིང་དང་།
རྩིག་པ་དང་། ལམ་དང་། མིག་ཡོར་ལྟ་བུར་ཡང་རབ་ཏུ་ཤེས་ཤིང་དེ་ལུས་ཀྱི་ལས་ཡོངས་སུ་དག་པར་ཡང་སེམས་ཅན་རྣམས་ལ་སྟོན་ཏེ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པ་མར་མེ་མཛད་ཚུན་ཅད། བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་དང་། ལུས་ཀྱི་ལས་ཡོངས་སུ་
དག་པའོ། །དེ་བས་ལྷག་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཡོངས་སུ་དག་པ་བསྐལ་པ་བརྒྱ་སྟོང་ངམ། དེ་བས་ཀྱང་ལྷག་པར་བསྟན་ཏོ། །ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་གང་གཱའི་ཀླུང་གི་བྱེ་
མ་སྙེད་ཀྱི་བསྐལ་པར་བསྟན་ཀྱང་ཟད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་བསྟན་པ་དེ་ནི་དེ་ཙམ་དུ་ཚད་མེད་པ་བསམ་གྱིས་མི་ཁྱབ་བོ། །དེས་པའི་ལེའུ་སྟེ་དང་པོའོ།། །།བམ་པོ་གཉིས་པ། གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་
བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་ངག་གི་གསང་བ་དང་། དག་གིས་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་སེམས་ཅན་རྣམས་ཀྱི་སྐྱེ་བའི་གནས་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱང་དེ་སྙེད་དོ། །
བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཇི་སྙེད་པར་སྒྲ་ལ་འཇུག་པའང་དེ་སྙེད་དོ། །སེམས་ཅན་དེ་དག་གི་སྒྲ་བརྗོད་པ་དང་། ཚིག་གི་ལམ་བརྗོད་པ་དང་། ངེས་པའི་ཚིག་དང་། བརྡ་དང་། སྨྲ་བ་དང་། ཡང་དག་པར་སྨྲ་བ་དང་། མཚན་མ་དང་། སྤྱོད་པ་དང་། བདེ་བ་དང་། སྡུག་བསྔལ་བརྗོད་
པ་ཇི་སྙེད་པའི་སྒྲ་ལ་འཇུག་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་སྟེ། ཐ་ན་སྲིན་བུ་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྦྲང་མ་དང་། ཕྱེ་མ་ལེབ་ཀྱི་སྒྲ་དག་ལ་ཡང་ཡེ་ཤེས་མཐོང་བ་འཇུག་གོ །སྒྲའི་རྣམ་པར་རིག་པ་བསྒྲག་པ་ཇི་ལྟ་བུས་

སེམས་ཅན་དེ་དག་གི་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་སྒྲའི་རྣམ་པར་རིག་པ་བསྒྲག་པ་བྱང་ཆུབ་སེམས་དཔའ་དེའི་ཁའི་སྒོ་ནས་འབྱུང་ངོ་། །དེ་ལ་འདི་ནི་ཆོས་ཉིད་ཡིན་ཏེ་དེ་ལ་འདི་སྐད་ཅེས་བྱའོ། །ཇི་ལྟར་སེམས་ཅན་མཐའ་མ་
གང་ཡང་མེད། །དེ་ལྟར་སྐྱེས་པའི་རབས་ཏེ་དཔག་ཏུ་མེད། །བསྐལ་པ་བརྒྱ་སྙེད་བཤད་ཀྱང་མཐའ་མ་མེད། །བསམ་ཡས་དེ་དག་ཇི་ལྟར་བཤད་པར་བྱ། །སྐྱོན་རྣམས་མེད་པ་བདག་ཉིད་ཆེ་བའི་ཚིག །སེམས་དང་བསམ་པ་རྒྱ་ཆེན་རབ་སྟོན་པ། །ནམ་མཁའ་ལྟ་བུའི་གང་མེད་བྲི་མེད་
པ། །འོན་ཀྱང་དཔེ་དོན་ལྡན་པ་བཤད་པར་བྱ། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ཚིག་ནི་ཚངས་པའི་སྒྲ་སྐད་དུ་འབྱིན་པ་དང་། བརྒྱ་བྱིན་གྱི་སྒྲ་སྐད་དུ་འབྱིན་པ་དང་། འཇིག་རྟེན་སྐྱོང་བའི་སྒྲ་སྐད་དུ་འབྱིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་སྒྲ་སྐད་དུ་འབྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་དུ་འབྱིན་པ་དང་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་མ་སྨད་ཚིག །
གང་བ་མེད་ཅིང་བྲི་མེད་ནམ་མཁའ་བཞིན། །སེམས་དང་བསམ་པ་རྒྱ་ཆེན་བསྟན་པ་དག །དེ་དག་བརྗོད་པ་རྣམས་ལ་ནན་ཏན་ཉོན། །བྱམས་ལ་སྦྱོར་དང་སྙིང་རྗེར་འཇུག་པ་དང་། །དགའ་བ་དང་ནི་བཏང་སྙོམས་རབ་བཤད་དེ། །ཚངས་པ་ལས་ཀྱང་འདས་པའི་སྒྲ་ཕྱུང་བས། །ལེགས་
བཤད་དེས་ནི་ཚངས་པ་ཚིམ་པར་བྱེད། །གང་དག་བརྒྱ་བྱིན་རོལ་མོ་ཡིད་འོང་སྒྲ། །དེ་དག་དེ་ཡི་སྒྲ་བརྗོད་ཟིལ་གྱིས་ནོན། །རོལ་མོ་སྒྲ་དབྱངས་བྱུང་བ་དེ་ལས་ནི། །ཆོས་རྣམས་རབ་ཏུ་དབྱེ་བ་དཔག་མེད་འབྱུང་། །མིའམ་ཅི་ཡི་སྒྲ་དག་གང་ཡོད་པ། །དེ་བས་དེ་ཡི་སྒྲ་མཆོག་ཕུན་སུམ་
ཚོགས། །དེ་ནི་འདོད་ཆགས་འབར་བར་མི་བྱེད་དེ། །དེ་ཡི་ཚིག་གིས་མི་ཅི་དགའ་བར་འགྱུར། །འདོད་པའི་ཁམས་ན་ཡིད་འོང་སྒྲ་ཡོད་པ། །རོལ་མོའི་སྒྲ་དང་ལྷ་ཡི་སྒྲ་མང་པོ། །ཆོས་ཀྱི་དོན་འབྱོར་དགེ་བར་ལྡན་པ་ཡི། །དེ་ཡི་ཚིག་གིས་ཀུན་ཏུ་ཚིམ་པར་བྱེད། །མི་ཡི་འདྲེན་པ་ཡི་ནི་

ཚིག་ཐོས་ནས། །འདོད་ཆགས་ཞི་ཞིང་ཞེ་སྡང་རབ་ཏུ་ཞི། །གཏི་མུག་གཡོ་དང་ང་རྒྱལ་དྲེགས་པ་ཞི། །དོན་རྣམས་གཏན་ལ་ཕེབས་ཤིང་ཐེ་ཙོམ་མེད། །གཟུགས་ཀྱི་ཁམས་ན་ལྷ་རྣམས་གང་གནས་པ། །དེ་དག་ཡིད་ནི་དེ་ཡིས་ཚིམ་པར་བྱེད། །མི་ཡི་གཙོ་བོའི་ཚིག་རྣམས་ཐོས་ནས་ནི། །
འཇིག་རྟེན་སངས་རྒྱས་གྱུར་ཅེས་བྱང་ཆུབ་ཚོལ། །ཀླུ་དབང་དྲི་ཟ་ལྟོ་འཕྱེ་ཆེ་རྣམས་ཀྱི། རོལ་མོ་སྣ་ཚོགས་སྒྲ་ཡོད་དེ་དག་པས། །ཡོན་ཏན་རྒྱ་མཚོ་ལྡན་པའི་སྒྲ་བསྒྲགས་པ། །ཐམས་ཅད་རབ་ཏུ་དགའ་བ་རྒྱ་ཆེན་བྱེད། །འཛམ་གླིང་འདི་ན་ཐ་དད་ཕྱོགས་རྣམས་སུ། །ཀུན་ན་སྒྲ་སྐད་
མཐའ་ཡས་གྱུར་མོད་ཀྱི། དེ་ཡི་སྐད་ཀྱི་རྣམ་པ་བསྒྲགས་གྱུར་ན། །དེ་ཐོས་མི་རྣམས་ཐར་པ་རྗེས་སུ་འཐོབ། །ས་བླའི་ལྷ་དང་དེ་བཞིན་བར་སྣང་ལྷ། །དེ་དག་སྒྲ་སྐད་འཇུག་པ་ཅི་འདྲ་བ། །དེ་ལྟར་དེ་ལ་དེ་ཡི་སྒྲ་ཡང་འཇུག །རྣམ་པར་ངེས་བདེན་གཏམ་ཡང་དེ་འདྲའོ། །ངང་པ་ཁྲུང་ཁྲུང་
ཀ་ལ་པིང་ཀ་དང་། །རྨ་བྱ་ནེ་ཙོ་ཁུ་བྱུག་ཤང་ཤང་ཏེའུ། །རི་སྐེགས་དང་ནི་ངུར་པ་ཀུན་ལ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་ནི་ཚིམ་པར་བྱེད། །སྟག་དང་སེང་གེ་དེ་བཞིན་དོམ་དང་སྤྲེའུ། །གཟིག་དང་བྱི་ལ་རི་དགས་གླང་ཆེན་བསེ། །རྟ་དང་ཁྱི་དང་ཕག་དང་འུག་པ་ཀུན། །ཇི་ལྟའི་སྐད་ཀྱིས་དེས་
ནི་ཚིམ་པར་བྱེད། །གང་དག་རྐང་བཞི་པ་དང་རྐང་གཉིས་པ། །རྐང་མངས་དང་ནི་དེ་བཞིན་རྐང་མེད་རྣམས། །བསྐུལ་དང་ཆད་པས་བཅད་དང་ཕན་གདགས་ཕྱིར། །ཀུན་ལ་དེ་ཡི་སྒྲ་སྐད་ཤེས་པ་འཇུག །སེམས་ཅན་གང་དག་སྟོང་གསུམ་འཇིག་རྟེན་ན། །རབ་བམ་འབྲིང་ངམ་འོན་ཏེ་
ཐ་མའམ། །དམྱལ་བ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང་། །ལྷ་མི་རྣམས་དང་དེ་ནི་སྐད་ཀྱང་འཐུན། །ཇི་ལྟར་རིགས་པར་བྱེད་པ་སྟོན་ཀྱང་ནི། །མི་སེམས་འདུ་ཤེས་མེད་ཅིང་རྟོག་པ་མེད། །མཚན་མ་མེད་ཅིང་འཛིན་མེད་འཆིང་བ་མེད། །མཉམ་པར་བཞག་པས་སེམས་ནི་འཁྲུལ་
པ་མེད། །དག་པའི་སེམས་ཅན་གལ་ཏེ་འདོད་ན་ཡང་། །དེ་ལ་འབད་དང་སེམས་འཛིན་མེད་པར་ནི། །བྱེ་བའི་ཞིང་དང་དེ་ཡི་གོང་དུ་ཡང་། །གང་གཱའི་བྱེ་སྙེད་དབྱངས་ཀྱིས་གོ་བར་བྱེད། །སྟོང་གསུམ་འཇིག་རྟེན་བདུད་གང་ཅི་ཡོད་པ། །དེ་དག་དེ་ཡི་འཇིགས་ཆེན་སྒྲ་ཐོས་ནས། །ཆུང་

མར་བཅས་ཏེ་འཇིགས་སྐྲག་ལ་གོར་དུ། །ཐལ་མོ་སྦྱར་ཏེ་གུས་པར་འདུད་པར་བྱེད། །སེམས་ཅན་གང་དག་རབ་ཏུ་སྨྲ་འདོད་དང་། །ང་རྒྱལ་ཟིལ་ནོན་སུ་ལའང་མི་འདུད་པ། །དེ་དག་དེ་ཡི་གསལ་བའི་ཚིག་ཐོས་ནས། །ཐལ་མོ་སྦྱར་ཏེ་གུས་པར་འདུད་པར་བྱེད། །
འོན་པ་གླེན་པ་དག་དང་ལྕེ་མེད་དང་། །དིག་པ་རྣམས་དང་གང་དག་སྐད་འཛེར་བ། །དེ་དག་དེ་ཡི་ལེགས་སྨྲས་སྙན་ཐོས་ནས། །སྒྲ་སྐད་ཡིད་དུ་འོང་བ་འབྱིན་པར་བྱེད། །ཉོན་མོངས་གདུངས་ཤིང་ཉོན་མོངས་གཟིར་བ་དང་། །ཉེས་པའི་འགྱོད་པ་བརྒྱ་ཡིས་དཀྲིས་པ་རྣམས། །དེ་དག་དེ་
ཡི་དགེ་ཚིག་དག་ཐོས་ནས། །འགྱོད་པ་བཏུལ་བར་གྱུར་ཅིང་བསིལ་བར་གྱུར། །སངས་རྒྱས་དང་ནི་ཆོས་དང་དགེ་འདུན་སྒྲ། །མི་རྟག་སྒྲ་ཐོས་ནས་ནི་སེམས་ཅན་རྣམས། །སྦྱིན་དང་ཐོས་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་བློ་གྲོས་རྩོམ་པར་བྱེད། །སངས་རྒྱས་
དབྱངས་དང་བར་མེད་གང་གནས་པ། །མཐའ་ཡས་དབྱངས་ལྡན་མཐའ་ཡས་ཡེ་ཤེས་ཅན། །དེ་དག་རྣམས་ཀྱི་ཡོན་ཏན་ཐམས་ཅད་ནི། །བསྐལ་པ་བྱེ་མང་བརྗོད་ཀྱང་ཟད་མི་ནུས། །ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ངག་ནི་ཆགས་པའམ། སྡང་བ་འམ། རྨོངས་པ་འམ། ཉོན་མོངས་པ་འམ།
ཐོགས་པ་འམ། ཉེ་བར་ཐོགས་པ་འམ། དམན་པ་འམ། རབ་ཏུ་དམན་པ་འམ། བརླང་བ་འམ། ཞེར་འདེབས་པ་འམ། མི་རྫོགས་པའམ། རྩུབ་པའམ། རྗེས་སུ་ཆགས་པའམ། ཁོང་ཁྲོ་བའམ། བྱུང་རྒྱལ་ལམ། བག་ལ་ཉལ་བའམ། འགལ་བར་འགྱུར་བའི་ཚིག་གམ། ཉོན་མོངས་
པ་སྣ་ཚོགས་བག་ལ་ཉལ་བ་འམ། མི་བརྟན་པ་འམ། གཅམ་པའམ། ཁེངས་པ་འམ། འགྱིང་བའམ། མྱུར་བ་འམ། དུས་མ་ཡིན་པར་སྨྲ་བ་འམ། འདོད་པ་དང་ལྡན་པ་འམ། སྡུག་པ་ལ་མངོན་པར་དགའ་བར་འགྱུར་བ་འམ། མངོན་པར་ཆེ་བ་འམ། ཤིན་ཏུ་ཆགས་པ་འམ། །རབ་ཏུ་ལྷོད་
པ་འམ། རབ་ཏུ་དངངས་པ་འམ། རབ་ཏུ་ངལ་བའམ། དབང་པོ་ཉམས་པ་འམ། མདངས་ཉམས་པའམ། །སེམས་ཉམས་པ་འམ། ཡོ་བ་འམ། དམན་པ་འམ། མི་གསལ་བ་འམ། སྐད་སུབ་སུབ་པོ་འམ། ངོར་བྱས་ཏེ་སྨྲ་འམ། འགལ་བར་སྨྲ་བ་འམ། གླགས་པ་འམ།

འབྱུང་བ་མ་ཡིན་པའམ། གཤེ་བར་བྱེད་པའམ། གཞན་ལ་གནོད་པར་འགྱུར་བའམ། བདག་དང་ཕ་རོལ་གདུང་བར་བྱེད་པའམ། ཚིག་བླང་བར་འོས་པ་མ་ཡིན་པའམ། ཚིག་གཟུང་བར་འོས་པ་མ་ཡིན་པ་འམ། ཚིག་དང་བ་མ་ཡིན་པ་འམ། །རིགས་པའི་ཚིག་མ་ཡིན་པའམ།
འབྱོར་བའི་ཚིག་མ་ཡིན་པ་འམ། མི་དགེ་བའི་ཚིག་གམ། ཡང་དག་པ་མ་ཡིན་པའི་ཚིག་གམ། གཞོགས་འདྲིད་ཟེར་བའམ། ཆོས་དང་མི་ལྡན་པའམ། འགལ་བའམ། གནོད་པའམ། དུས་ལས་ཡོལ་བའམ། ཚོད་ལས་འདའ་བའམ། ལུང་བསྟན་པ་ལ་ཐོགས་པའམ། ཚུལ་
འཆོས་པའམ། ཁ་གསག་དང་ལྡན་པ་འམ། །རྙེད་པས་རྙེད་པ་འདོད་པའི་ཚིག་གམ། འབྱུང་བ་མ་ཡིན་པས་སྟོན་པའམ། མིག་འཁྲུལ་པར་གྱུར་པ་འམ། རྨོངས་པར་འགྱུར་བ་འམ། སོམ་ཉིའི་ཚིག་གམ། སྡུད་པར་བྱེད་པའི་ཚིག་གམ། མི་སྡུག་ཅིང་གནད་དུ་འབེབས་པའི་ཚིག་གམ།
ཁྱད་དུ་གསོད་པའི་ཚིག་གམ། རང་གི་ཕྱོགས་བསྟོད་པའི་ཚིག་གམ། གཞན་གྱི་ཕྱོགས་ཚར་གཅད་པའི་ཚིག་གམ། བདག་བསྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ། གཞན་གྱི་བསྟོད་པ་ལ་བར་དུ་གཅོད་པ་སྨྲ་བ་འམ། ཐིང་སླད་དང་། གཞོགས་འདྲིད་ཀྱི་ཚིག་གམ། གཞན་ལ་རབ་
ཏུ་རློམ་པའི་ཚིག་གམ། བྱ་བ་མ་ཡིན་པའི་ཚིག་གམ། བྱ་བ་དང་འགལ་བའི་ཚིག་གམ། གསང་བརྟོལ་བའི་ཚིག་གམ། ངག་བསྲུངས་པ་མ་ཡིན་པའི་ཚིག་གམ། མཁས་པས་སྨད་པའི་ཚིག་གམ། འཕགས་པ་ལ་སྐུར་པ་འདེབས་པའི་ཚིག་གམ། ཀླང་འདེབས་པའི་ཚིག་གམ།
ངོར་མངོན་དུ་སྟོད་པའི་ཚིག་གམ། གཞན་གྱི་ཉེས་པ་དུས་མ་ཡིན་པར་གླེང་བའི་ཚིག་གམ། ཟུག་རྔུས་གནད་དུ་འདེབས་པའི་ཚིག་གམ། གཞན་གྱི་ཉེས་པ་ཀུན་རྗོད་པའི་ཚིག་གམ། ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་པའི་ཚིག་གམ། མངོན་པའི་ང་རྒྱལ་གྱི་བརྡ་སྤྲོད་པའི་ཚིག་གམ།
ལས་དང་འགལ་བའི་ཚིག་གམ། རྗེས་སུ་འཐུན་པ་མ་ཡིན་པའི་ཚིག་མི་འབྱིན་ཏོ། །ཞི་བའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའི་ངག་ནི་སྒྲའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་དང་། བསོད་ནམས་རྣམ་པར་སྨིན་པའི་འབྲས་བུ་གྲུབ་པས་བདེན་པའི་རྗེས་སུ་འབྲང་བ་དང་ལྡན་པ་ཡིན་ཏེ།

དེ་གང་སྨྲ་བ་དེ་དེ་ལྟ་བུ་ཉིད་ཡིན་ནོ། །གལ་ཏེ་དེ་ཤིང་དྲུང་ན་འདུག་གམ། འཆག་གམ། འདུག་གམ། ཉལ་ཡང་རུང་། ལ་ལ་ཞིག་འོངས་ནས་ཀྱེ་སྐྱེས་བུ་ཤིང་ལྗོན་པ་འདི་དག་ལ་འདབ་མ་ཇི་སྙེད་ཅིག་ཡོད་ཅེས་ཟེར་ན་དེ་ཤིང་ལྗོན་པ་དེ་ལ་ཡང་མི་ལྟ། འདབ་མ་ལ་ཡང་མི་བགྲང་བར་
ཤིང་ལྗོན་པ་དེ་ལ་འདབ་མ་ཇི་སྙེད་ཡོད་པ་བཞིན་དུ་མི་ཉུང་མི་མང་བར་འདི་སྙེད་ཅིག་གོ་ཞེས་བྱང་ཆུབ་སེམས་དཔའ་དེའི་ངག་འབྱུང་ངོ་། །ཡང་གང་གཱའི་བྱེ་མའི་འབྲུ་དེ་བརྒྱ་ཕྲག་ཇི་སྙེད་ཅིག་ཡོད། སྟོང་ཕྲག་ཇི་སྙེད་ཅིག་ཡོད། འབུམ་ཕྲག་ཇི་སྙེད་ཅིག་ཡོད། བྱེ་བ་ཕྲག་ཇི་སྙེད་ཅིག་ཡོད།
ཐེར་འབུམ་ཕྲག་ཇི་སྙེད་ཅིག་ཡོད། ཁྲག་ཁྲིག་ཕྲག་ཇི་སྙེད་ཅིག་ཡོད། དཀྲིགས་ཕྲག་ཇི་སྙེད་ཅིག་ཡོད། གཏམས་ཕྲག་ཇི་སྙེད་ཅིག་ཡོད། ཁྱད་ཕྱིན་ཇི་སྙེད་ཅིག་ཡོད། མི་འཁྲུགས་པ་ཇི་སྙེད་ཅིག་ཡོད། དཔག་ཏུ་མེད་པ་ཇི་སྙེད་ཅིག་ཡོད། གྲངས་མེད་པ་ཇི་སྙེད་ཅིག་ཡོད།
གཏན་པ་ཇི་སྙེད་ཅིག་ཡོད། ཕྱིན་བྱེད་ཕྲག་ཇི་སྙེད་ཅིག་ཡོད། སྟོབས་ཕྲག་ཇི་སྙེད་ཅིག་ཡོད། གླང་པོ་ཆེའི་སྟོབས་ཕྲག་ཇི་སྙེད་ཅིག་ཡོད། བགྲང་བ་ཕྲག་ཇི་སྙེད་ཅིག་ཡོད་ཅེས་འདྲི་ན་དེ་བྱེ་མ་དེ་དག་ལ་ཡང་མི་ལྟ་མི་བགྲང་བར་བྱེ་མའི་འབྲུ་དེ་དག་ཇི་སྙེད་ཡོད་པ་བཞིན་དུ་འདི་སྙེད་ཅིག་གོ །
ཞེས་བྱང་ཆུབ་སེམས་དཔའ་དེའི་ངག་འབྱུང་སྟེ། བྱེ་མ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་འདི་སྙེད་ཅིག་ཡོད་དོ་ཞེས་མཁྱེན་པ་ཡིན་ནོ། །ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པ་ཉིད་མངོན་སུམ་དུ་གྱུར་པ་མ་གཏོགས་པར་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་
ཡིན་ནམ། རླུང་ལྷའམ། ནམ་མཁའ་ལྡིང་ངམ། མིའམ་ཅི་འམ། ལྟོ་འཕྱེ་ཆེན་པོ་འམ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་མངོན་སུམ་ནི་མ་ཡིན་ནོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན། དྲང་སྲོང་སྣང་བ་ཞེས་བྱ་
བ་ཞིག་བྱུང་སྟེ། དེའི་དུས་ན་བྲམ་ཟ་སྔོ་སངས་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ་། །ཡང་དེའི་དུས་ན་ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་པོ་ཞེས་བྱ་བ་ཡལ་ག་དང་འདབ་མ་མང་པོས་ཡོག་པ། ཁོར་ཡུག་ཏུ་ཚད་རྒྱང་གྲགས་གཅིག་ཡོད་པ་ཞིག་བྱུང་སྟེ་དེར་དྲང་སྲོང་སྣང་བ་དེ་གནས་སོ། །དེ་ན་གནས་པའི་ཚེ་དེས་

མངོན་པར་ཤེས་པའི་སྟོབས་ཀྱིས་ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་པོ་དེའི་ཡལ་ག་གྲངས་དུ་ཡོད་པ། ལོ་བཅུ་གཉིས་དང་ཞག་བདུན་གྱི་བར་དུ་བགྲངས་ཏེ་རྟོགས་པར་བྱས་ཤེས་པར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་སྔོ་སངས་ཞེས་བྱ་བ་གྲོང་ཁྱེར་ནས་ཁ་ཟས་བསླངས་ཏེ། ཉིན་མོ་གནས་པའི་ཕྱིར་
ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་པོ་ཞེས་བྱ་བ་ག་ལ་བ་དེར་སོང་ནས་ཟས་ཀྱི་བྱ་བ་བྱས་ཏེ། དྲང་སྲོང་སྣང་བ་ཞེས་བྱ་བ་ག་ལ་བ་དེར་སོང་ནས་མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང་། ཡང་དག་པར་ཆགས་པར་འགྱུར་བའི་གཏམ་མང་པོ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དྲང་སྲོང་
སྣང་བ་ཞེས་བྱ་བས་བྲམ་ཟེ་སྔོ་སངས་ཞེས་བྱ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེ་མིའི་འཇིག་རྟེན་སེམས་ཅན་གྱི་རིས་ན་གང་ཤིང་ནྱ་གྲོ་དྷའི་རྒྱལ་པོ་འདིའི་འདབ་མའི་གྲངས་དུ་ཡོད་པ་རྩི་བ་འམ། རྟོགས་པར་བྱེད་པ་འམ། ཤེས་པར་བྱེད་ནུས་པའི་སེམས་ཅན་འགའ་ཡོད་དམ། སྨྲས་
པ་བཙུན་པ་མཆིས་སོ། །དྲང་སྲོང་གིས་སྨྲས་པ། བྲམ་ཟེ་དེ་གང་ཡིན། བྲམ་ཟེས་སྨྲས་པ། བཙུན་པ་བདག་གིས་བགྲང་བར་བགྱིའོ། །དྲང་སྲོང་གིས་སྨྲས་པ། ཀྱེ་བྲམ་ཟེ་དེའི་ཕྱིར་གྲོངས་ཤིག །དེ་ནས་བྲམ་ཟེ་སྔོ་སངས་དེ་ཤིང་ལྗོན་པ་དེ་ལ་ཡང་མི་ལྟ། འདབ་མ་རྣམས་ལ་ཡང་
མི་བགྲང་བར་སྐད་ཅིག་ལ་འདབ་མ་རྟོགས་པ་ལ་ཞུགས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་འཁྲུགས་དྲུག་ཅུ་པང་སྟེང་ཕྲག །བཅུ་དྲུག་དང་ནི་ཁྱད་ཕྱིན་ཕྲག། བཅུ་གསུམ་དང་ནི་དཀྲིགས་པ་ཕྲག །དགུ་བཅུ་རྩ་དྲུག་ཁྲག་ཁྲིག་ཕྲག །སུམ་ཅུ་རྩ་དགུ་ཁྲག་ཁྲིག་ཕྲག།
སུམ་ཅུ་དང་ནི་ཐེར་འབུམ་ཕྲག །བརྒྱད་སྟོང་དང་ཡང་བྱེ་བ་ཕྲག །དགུ་བཅུ་རྩ་གཉིས་འདབ་འདི་མཆིས། །བྲམ་ཟེ་དམ་པ་བདག་གིས་འཚལ། །དེ་སྐད་ཐོས་ནས་སྔོ་སངས་ལ། །སྣང་བས་སྨྲས་པ་བྲམ་ཟེའི་མཆོག །ཁྱོད་ནི་བདེན་པའི་ཚིག་སྨྲ་བ། །ལེགས་སོ་ལེགས་སོ་འདི་བདེན་ནོ། །ལོ་
ནི་ཁྱུད་ཀོར་བཅུ་གཉིས་དང་། །ཉི་མ་བདུན་དུ་མངོན་ཤེས་ཀྱིས། །འདབ་མ་རྣམས་ནི་བདག་གིས་བགྲངས། །གཙོ་བོ་ཁྱོད་ཀྱིས་སྐད་ཅིག་མཁྱེན། །ཁྱེད་ནི་གཟིགས་པ་མི་མཛད་ཅིང་། །བགྲང་བ་མི་མཛད་སྐད་ཅིག་ཏུ། །འདབ་རྟོགས་པ་ཡི་རྗེས་སུ་ཞུགས། །མཁྱེན་འདི་ཉིད་ཀྱི་འམ་ལྷ་ཡིས་བསྟན། །

བྲམ་ཟེ་བདག་ལ་དོན་འདི་གསུངས། །སྔོ་སངས་ཀྱིས་སྨྲས་པ། ཀྱེ་བཙུན་པ་གསོན་ཅིག །འདི་ནི་ལྷ་ཡིས་སྨྲས་མིན་མི་ཡི་སྟེ། །བདག་ཚིག་བདེན་པའི་རྗེས་འབྲང་དོན་བཞིན་འཇུག །ནམ་མཁའ་ཟད་པར་གྲུམ་པར་འགྱུར་སྲིད་ཀྱི། ཁོ་བོ་བརྫུན་དུ་སྨྲ་བ་མི་
སྲིད་དོ། །སྣང་བར་གྱུར་པ་བདག་ཉིད་ཆེན་པོ་ཤཱ་རིའི་བུ། །བྲམ་ཟེ་སྔོ་སངས་གྱུར་པ་ཤཱཀྱ་སེང་གེ་སྟེ། །ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས་ཀྱི་ངག་འདི་འདྲ། །བདེན་ལ་གནས་ཤིང་དོན་དང་ཆོས་དང་ལྡན་པ་ཡིན། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངག་ཡོངས་སུ་
དག་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་གསང་བ་དང་། ངག་ཡོངས་སུ་དག་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་ཀྱི། དེ་བས་གོང་དུ་བསྟན་ན་བྱང་ཆུབ་སེམས་དཔའི་ངག་ཡོངས་སུ་དག་པ་ཚད་ཟིན་པ་འམ་མཐར་ཕྱིན་པར་མི་འགྱུར་རོ། །བྱང་ཆུབ་སེམས་
དཔའི་ངག་གི་གསང་བའི་ལེའུ་ཞེས་བྱ་བ་སྟེ། གཉིས་པའོ།། །།གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བ་དང་།
སེམས་ཀྱི་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་བྱེད་ཀྱི་ང་རྒྱལ་གྱིས་བྱས་པ་རྣམས་མི་བྱེད་དོ། །མངོན་པར་ཤེས་པ་ལས་ཀྱང་མ་ཉམས་ལ་ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་ཀྱང་བྱེད་དོ། །
མངོན་པར་ཤེས་པ་ཀྱང་རྣམ་པར་རྩེན་ལ་བྱ་བ་ཐམས་ཅད་ཀྱང་སྟོན་ཏོ། །མངོན་པར་ཤེས་པ་ལ་ཡང་གནས་ལ་འཇུག་པ་ཆེན་པོ་ལ་ཡང་གནས་སོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་ཡེ་ཤེས་ཀྱི་རྣམ་པ་སྟེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་དག་གི་མངོན་པར་ཤེས་པ་དེ་
ནི་ཤེས་རབ་ཀྱི་རྣམ་པ་སྟེ་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་བའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་མི་ཟད་པའི་རྣམ་པ་སྟེ་ཐམས་ཅད་ཀྱི་རྗེས་སུ་འབྲང་བའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་གཟུགས་ཐམས་ཅད་གཟུགས་མ་ཡིན་པའི་ཕྱིར་གཟུགས་ཐམས་ཅད་མཐོང་བའོ། །དེ་དག་

གི་མངོན་པར་ཤེས་པ་དེ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་སྒྲ་མཉམ་པ་ཉིད་ཀྱི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་བ་དང་། སེམས་ཀྱི་རང་བཞིན་ལ་སོ་སོར་རྟོག་ཅིང་ལྟ་བའོ། །དེ་དག་གི་མངོན་པར་
ཤེས་པ་དེ་ནི་བསྐལ་པ་མཐའ་ཡས་པ་རྗེས་སུ་དྲན་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་མ་ཆད་པའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་མངོན་དུ་གྱུར་ཅིང་མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་དོ། །དེ་དག་གི་མངོན་
པར་ཤེས་པ་དེ་ནི་ཟག་པ་ཟད་པའི་རྗེས་སུ་འཐུན་པ་དང་། དུས་ལ་ལྟ་ཞིང་དུས་ལས་མི་ཡོལ་བའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་འཇིག་རྟེན་ལས་འདས་པ་འཕགས་པ་ལ་མངོན་པར་ཕྱོགས་པའི་ངེས་པར་འབྱེད་པའི་ཆ་དང་འཐུན་པའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་ཉན་ཐོས་
དང་། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་དོན་ཟབ་ཅིང་བདུད་ཕྱིར་རྒོལ་བ་བཅོམ་པའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་
མཆོག་གོ །དེ་དག་གི་མངོན་པར་ཤེས་པ་དེ་ནི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་འཐུན་པའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའོ། །དེ་དག་གི་མངོན་པར་ཤེས་པ་དེ་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་དབང་བསྐུར་བ་ཐོབ་པའོ། །ཞི་
བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡོངས་སུ་དག་པའོ། །སེམས་ཡོངས་སུ་དག་པ་དེ་ཉོན་མོངས་པ་མེད་ཅིང་ཡོངས་སུ་བྱང་བ་དང་། འོད་གསལ་བ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། རབ་ཏུ་དུལ་བ་དང་། ལེགས་པར་སྦྱངས་པས་བསམ་གཏན་དང་།
རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་ཀྱང་ཤིན་ཏུ་ཟད་པ་དང་མི་སྐྱེ་བ་ཉིད་དུ་ལྟུང་བ་ཡང་མ་ཡིན་བསམ་བཞིན་དུ་ཡང་འདིར་སྐྱེ་ལ་འདོད་པའི་ཁམས་ན་འཁྲུགས་པ་ཡང་མེད། བཅིངས་བཞིན་དུ་སྐྱེ་བ་ཡང་མ་ཡིན། བཅིངས་བཞིན་

དུ་འཆི་འཕོ་བ་ཡང་མ་ཡིན། བཅིངས་བཞིན་དུ་འབྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡང་དག་པ་མ