Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ
Văn bản gốc(Tây Tạng)
Trang 6 / 17 (50.000 ký tự/trang)
མི་འགྱུར། ཡི་ཤི་བར་ཡང་མི་འགྱུར་ལ། བསོད་ནམས་ཀྱི་ཞིང་ཡོན་གནས་སུ་འགྱུར་བར་སྤྱོད་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངོན་དུ་བགྲོད་པར་བྱ་བ་ཡིན་ནོ། ། བཀོད་པ་མཐའ་ཡས་ང་ནི་ས་བརྒྱད་པ་ལ་གནས་པའི་རིགས་ཀྱི་བུ་ལ་ཡང་ཡོན་གནས་དཔག་ཏུ་མེད་ཅིང་ཚད་མེད་པ་ཡིན་ནོ་ཞེས་སྨྲ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་ལྟ་བུ་ལ་གནས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་དག་བྱང་ ཆུབ་དང་། སེམས་ཅན་དང་། ཆོས་དང་སྣང་བ་དང་། འཇིག་རྟེན་གྱི་ཆོས་མི་དམིགས། མི་རློམ། སྤྲོས་པར་མི་བྱེད་ཅིང་ཆོས་བསྟན་པ་འདི་ཀུན་ཤེས་ལ། ཆོས་ཇི་ལྟ་བ་བཞིན་སྒྲུབ་པ་ལ་གནས་པ་དེ་དག་ནི་ཡོན་ཡོངས་སུ་སྦྱོང་བ་བླ་ན་མེད་པ་ཡིན་པས་དེ་བཞིན་ གཤེགས་པས་ཡོན་གནས་མཆོག་ཏུ་གསུངས་སོ། །བཀོད་པ་མཐའ་ཡས་ཆོས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཕུན་སུམ་ཚོགས་པའམ། བསྙེན་བཀུར་མི་རྙེད་པ་ཅུང་ཟད་ཀྱང་མེད་དེ། དེ་དག་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་ཞིང་ འཇིགས་པ་དང་། སྐྱི་བུང་ཞེས་བྱེད་པ་དང་། སྐྲག་པ་དང་བྲལ་བ་ཡིན་ནོ། །དེ་དག་ལུས་དང་སྲོག་ཀྱང་ཡོངས་སུ་བཏང་སྟེ། ངའི་ཆོས་ངེས་པར་བསྟན་པ་རྒྱ་ཆེན་པོ་འདི་ཡོངས་སུ་འཛིན་པར་འགྱུར་ཞིང་ཆོས་གང་ལ་ཡང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ། །དེ་དག་སེང་གེའི་ ཁྲི་ལ་འདུག་སྟེ། སེང་གེའི་སྒྲ་ཆེན་པོས་ཆོས་སྒྲོགས་པར་ཡང་འགྱུར་རོ། །དེ་དག་མུ་སྟེགས་ཅན་རྣམས་ཆོས་དང་འཐུན་པས་འཕམ་པར་བྱེད་པར་ཡང་འགྱུར་རོ། །དེ་དག་བདུད་སྡིག་ཅན་སྡེ་དང་བཅས་པ་ཟིལ་གྱིས་གནོན་པར་ཡང་འགྱུར་རོ། །དེ་དག་སེམས་ཅན་རྣམས་སྒྲིབ་ པ་མེད་པ་ལ་འཛུད་ཅིང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཡང་འགྱུར་རོ། །དེ་དག་སེམས་ཅན་རྣམས་ལམ་འཐུན་པ་ལ་འགོད་ཅིང་འཕགས་པའི་བདེན་པ་དང་མི་འཐུན་པར་ཡང་མི་བྱེད་དོ། །དེ་དག་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱིས་དབུགས་འབྱིན་པར་ ཡང་བྱེད་དོ། །དེ་དག་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱེད་ཅིང་ཆོས་རབ་ཏུ་ཁོང་དུ་ཆུད་པར་ཡང་བྱེད་དོ། །བཀོད་པ་མཐའ་ཡས་གང་དག་གཟུངས་ཀྱི་སྒོ་སྟོན་པའི་ཆོས་རིམ་པར་ཕྱེ་བ་འདི་ལ་བཟོད་པ་སྒྲུབ་པར་གནས་པ་དེ་དག་ནི་བྱང་ཆུབ་ཀྱི་ཕྱིར་ལུང་བསྟན་ཟིན་པ་དང་འདྲ་སྟེ། སྐྱེས་བུ་དམ་པ་དེ་དག་ནི་བདག་ཉིད་ཀྱིས་བདག་ལ་ལུང་སྟོན་ལ་རག་གོ །བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་འདི་ཐོས་ནས་འདི་སྙམ་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོས་བདག་ཅག་ལ་ཆོས་འདི་ནི་ངེས་པར་གཏད། ཆོས་ཀྱི་གླེང་གཞི་འདི་ནི་ བཤད། གཟུངས་ཀྱི་ཕྱག་རྒྱ་འདི་ལ་ནི་བཀོད། ཆོས་ཀྱི་སྒོ་འདི་ལ་ནི་བཙུད་པས་དེ་བཞིན་གཤེགས་པ་དེས་བདག་ཅག་ལ་ཕན་གདགས་པའི་དམ་པས་ཕན་བཏགས་ཏེ། དེ་བཞིན་གཤེགས་པ་དེ་ནི་བདག་ཅག་ལ་རྗེས་སུ་བརྩེ་བའི་ཕ་ཡིན་ནོ་སྙམ་དུ་སེམས་ཤིང་ང་ལ་ཕའི་འདུ་ཤེས་ཉེ་བར་ འཇོག་པར་འགྱུར་རོ། །བཀོད་པ་མཐའ་ཡས་དེ་དག་ཐམས་ཅད་ནི་ཇི་ལྟར་ང་ད་ལྟར་དེ་བཞིན་གཤེགས་པའི་གྲངས་སུ་འགྲོ་བ་དང་འདྲ་བར་གྲངས་སུ་འགྲོ་བར་འགྱུར་ཏེ། འདི་ནི་གཟུངས་ཀྱི་སྒོ་སྟོན་པའི་ཆོས་རིམ་པར་ཕྱེ་བ་གཉིས་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་ རྣམ་པར་གཟིགས་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུ་བྱས་པས་འཁོར་དེར་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་མཐོང་ཞིང་ཆོས་སྟོན་པ་ཡང་ཐོས་པར་འགྱུར་བ་དེ་ལྟ་ བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཀོད་པ་མཐའ་ཡས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པས་རྫུ་འཕྲུལ་མངོན་ པར་འདུ་མཛད་པ་ལ་ལྟོས། དེ་བཞིན་གཤེགས་པའི་སྟོབས་དེ་ལྟ་བུ་ནི་གྲངས་དང་བྲལ་ཞིང་གྲངས་མེད་ལ་གྲངས་ཀྱིས་དབེན་པ་ཡིན་ནོ། །དེ་བཞིན་གཤེགས་པ་དང་། མི་འཇིགས་པ་ཡང་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པ་ཉིད་ཀྱང་ཡོད་པ་མ་ ཡིན་པའི་ཕྱིར་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཉིད་ནི་དེ་ཁོ་ན་ཉིད་ཀྱང་མ་ཡིན། དེ་ཁོ་ན་ཉིད་མ་ཡིན་པ་ཡང་མ་ཡིན། ངོ་བོ་ཉིད་ཀྱང་མ་ཡིན། ངོ་བོ་ཉིད་མེད་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འདི་ལྟར་རྗེས་སུ་འཐུན་པའི་ཆོས་ཀྱང་ མི་དམིགས་པ་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །གང་དག་གིས་དེ་བཞིན་གཤེགས་པ་དེ་ལྟ་བུར་ཤེས་པ་དེ་དག་གིས་ནི་ཅུང་ཟད་ཀྱང་ཤེས་པ་མེད་དོ། །གང་དག་གིས་ཅུང་ཟད་ཀྱང་མི་ཤེས་པ་དེ་དག་ནི་ཉོན་མོངས་པ་མེད་ཅིང་ལེན་པ་མེད་དོ། །བཀོད་པ་མཐའ་ཡས་དེ་ བཞིན་གཤེགས་པ་ནི་ཡོད་པ་དང་མེད་པ་ལས་ལོག་པ་ཡིན་ཡང་དེ་བཞིན་གཤེགས་པ་ནི་ནམ་ཡང་ཅུང་ཟད་ཀྱང་ལོག་པ་མེད་དོ། །ཆོས་ཐམས་ཅད་ནི་ནམ་མཁའི་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་ནོ། །བཀོད་པ་མཐའ་ཡས་དེ་ལྟ་བུར་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤོབས་པ་མཐའ་ཡས་ པ་ལ་གནས་པར་འགྱུར་ཞིང་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་ཡང་འགྱུར་རོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་དག་གིས་བསྙེངས་པ་མི་མངའ་ཞིང་། ཐོབ་པ་མེད་པའི་ཚུལ་གྱིས་མི་འཇིགས་པ་མཆོག་གིས་བརྙེས་ཀྱང་ཆོས་འགའ་ ཡང་འདྲེན་པར་ཡང་མི་མཛད། ཆོས་འགའ་ཡང་འཕེལ་བར་ཡང་མི་མཛད། ཉམས་པར་ཡང་མི་མཛད། ཡོངས་སུ་ཉམས་པར་ཡང་མི་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་མེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་པ་གང་ཡིན་པ་དེ་ཆོས་རྣམས་ཀྱི་ངོ་བོ་ ཉིད་ཀྱི་རང་བཞིན་གནས་པ་དང་། ཆོས་ཀྱི་དབྱིངས་གནས་པ་དང་། ཆོས་སྐྱོན་མེད་པ་ཉིད་ཡིན་ནོ། །བཀོད་པ་མཐའ་ཡས་ཆོས་ཐམས་ཅད་ནི་སྐྱོན་མེད་པར་གྱུར་པ་ཡིན་ཏེ། འདི་ལྟར་སྐྱོན་ནི་ཡང་དག་པ་མ་ཡིན་པ་ལས་ཀུན་བརྟགས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་ལས་དང་ རྣམ་པར་སྨིན་པ་མངོན་པར་འགྲུབ་པ་མེད་པ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ལས་མེད་པ་དང་། རྣམ་པར་སྨིན་པ་མེད་པའི་སྒོར་ཡང་དག་པར་འདུ་བ་ཡིན་ནོ། །ཆོས་རྣམས་ནི་ཆོས་ཉིད་ཇི་ལྟ་བ་བཞིན་ཏེ། ལས་རྣམས་ཀྱང་མེད། རྣམ་པར་སྨིན་པ་ཡང་མེད། རྒྱུ་འགོག་པ་ཡང་ མེད། རྒྱུ་འགོག་པར་འགྱུར་བའི་ལམ་ཡང་མེད་དོ། །དེ་བཞིན་གཤེགས་པ་ནི་རྒྱུ་ཚོགས་པ་ལས་ཆོས་ཐམས་ཅད་སྟོན་པར་ཡང་མཛད་ལ་རྒྱུ་ཡོད་པ་མ་ཡིན་ཞིང་རྒྱུའི་དབང་དུ་མ་གྱུར་པའི་ཕྱིར་ཆོས་ཐམས་ཅད་རྒྱུ་མེད་པར་ཡང་རྗོད་དེ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ ཀྱི་མི་འཇིགས་པའི་ས་ཡིན་ནོ། །ངས་ནི་སྤོབས་པ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པས་དེ་བཞིན་གཤེགས་པའི་མི་འཇིགས་པའི་ས་ཐུགས་སུ་ཆུད་དོ། །མི་འཇིགས་པའི་ས་ཡང་གང་ཞེ་ན། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པ་གང་དག །རང་ སངས་རྒྱས་རྣམས་ལ་ཡང་མེད་ན། ཉན་ཐོས་དང་། འཇིག་རྟེན་པ་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་ནི་བཞི་པོ་འདི་དག་ཡིན་ནོ། །མི་འཇིགས་པ་བཞི་པོ་དེ་དག་ཀྱང་གང་ཞེ་ན། ངས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པ་ཐམས་ ཅད་གཟིགས་པ་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་འདི་ན་འགའ་ཡང་ང་ལ་རྩོད་པར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མི་འཇིགས་པའི་མཆོག་བརྙེས་ ཏེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ཤིང་ཆོས་འདུལ་བ་ཟབ་མོ་རྒྱ་ཆེན་པོ་ཚད་མེད་པ་བླ་ན་མེད་པ་འདི་ཡང་སྟོན་པར་མཛད། རབ་ཏུ་གསལ་བར་མཛད་དོ། །ངས་ཟག་པ་ཟད་པ་རབ་ཏུ་མཁྱེན་པ་ལ། ཟག་པ་འདི་དག་ཡོངས་སུ་མ་ཟད་དོ་ཞེས་འདི་ན་འགའ་ཡང་ང་ལ་རྩོད་པར་ འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བར་གནས་ཤིང་ཆོས་ཀྱི་གཞི་བླ་ན་མེད་པ་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་ཡང་དག་པར་བསྒྲུབས་པ་འདི་ཡང་རྣམ་པར་འབྱེད་པར་མཛད་དོ། །ངས་ཆོས་གང་ངེས་པར་ འབྱིན་པ་དང་། ངེས་པར་འབྱེད་པ་དང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པར་འགྱུར་བར་བཤད་པ་གང་ཡིན་པ་དེ་ལ་ངེས་པར་འབྱིན་པ་དང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་མེད་དེ། །དེའི་ཕྱིར་ལྷ་དང་བཅས། བདུད་དང་ བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་ན་འགའ་ཡང་ང་ལ་རྒོལ་བར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བར་གནས་པའི་མཆོག་བརྙེས་ཏེ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་ སྒྲོགས་ཤིང་། སེམས་ཅན་རྣམས་ལ་ཆོས་ཀྱི་ཚུལ་འདི་ཡང་སྟོན་པར་མཛད་དོ། །ངས་ཆོས་གང་དག་བར་དུ་གཅོད་པར་འགྱུར་བ་བཤད་པ་དེ་དག་བསྟན་ན། བར་དུ་གཅོད་པར་མི་འགྱུར་བ་འདི་ནི་གནས་མེད་དེ། དེའི་ཕྱིར་ལྷ་དང་བཅས། བདུད་དང་བཅས། ཚངས་པ་ དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་འགའ་ཡང་ང་ལ་རྩོད་པར་འགྱུར་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ངས་མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བར་གནས་པའི་མཆོག་བརྙེས་ཏེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ ཡང་དག་པར་སྒྲོགས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་ན་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་གང་གིས་ཀྱང་རབ་ཏུ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་ཡང་སྐོར་བར་མཛད་དོ། །བཀོད་པ་མཐའ་ཡས་འདི་དག་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཡིན་ཏེ། དེ་ལ་སློབ་ པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་དེ་བཞིན་གཤེགས་པའི་མི་འཇིགས་པའི་ས་ཐོབ་པར་འགྱུར་ཞིང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོག་ཏུ་ཡང་འགྱུར་རོ། །བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའ་འདུ་ཤེས་ནམ་མཁའ་ལྟ་བུ་ཡོངས་སུ་བསྒོམས་པ་རྣམས་ཀྱིས་སྒོ་ཡོངས་སུ་ དག་པ་བསམ་གྱིས་མི་ཁྱབ་པ་ཀུན་ཤེས་པར་འགྱུར་ཏེ། སྒོ་ཡོངས་སུ་དག་པ་དེས། ཆོས་ཐམས་ཅད་རྟོགས་པར་བྱ་བ་དང་པོ་ཡང་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ནི་རྟོགས་པར་བྱ་བ་ཡང་མ་ཡིན་ཏེ། ཆོས་ནི་ནམ་མཁའ་ལྟ་བུར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ ལས་མ་གཏོགས་པ་ཡང་ནམ་མཁའི་རྗེས་སུ་འཇུག་པ་མེད་ལ། ནམ་མཁའ་ལས་མ་གཏོགས་པ་ཡང་ཆོས་ཀྱི་རྗེས་སུ་འཇུག་པ་མེད་དེ། ནམ་མཁའ་རྣམ་པར་སྒོམ་པས་ཆོས་ཐམས་ཅད་སྒོམ་པར་བྱེད་ཀྱང་ནམ་མཁར་རློམ་པར་ཡང་མི་བྱེད། སྤྲོས་པར་ཡང་མི་བྱེད་དོ། ། དོན་བྱ་བ་ལ་མཁས་པ་རྗེས་སུ་འཐོབ་ཀྱང་ཆོས་ཀྱི་དབྱིངས་ནི་ཅུང་ཟད་ཀྱང་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད་ཅིང་ཡང་དག་པར་འགྲུབ་པ་མེད་པས་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པར་ཡོངས་སུ་རྟོག་གོ། ཆོས་ཐམས་ཅད་ལ་ཆོས་ཀྱི་སྣང་བ་ཡང་གསལ་བར་བྱེད་དེ། ཆོས་ཀྱི་སྣང་བ་དེས་ཀྱང་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་བྱེད་པར་འགྱུར་རོ། །བཀོད་པ་མཐའ་ཡས་ཆོས་ཀྱི་རྣམ་གྲངས་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པར་གྱུར་པ་དང་། གཅེས་སྤྲས་ བྱེད་པ་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་ཐོབ་པར་བྱེད་པར་འགྱུར་ཡང་ཆོས་འགའ་ཡང་ཉམས་པ་དང་། ཉེ་བར་ཉམས་པར་ཡང་མི་འགྱུར་བ་ལ་ཡང་ལྟོས། བཀོད་པ་མཐའ་ཡས་དོན་རྟོགས་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཡང་སྟོན། ཆོས་ ཐམས་ཅད་བླ་གབ་མེད་པ་དང་འདྲ་བར་ཡང་སྟོན། ལས་དང་བྱ་བ་དང་རྒྱུ་ཡང་བླ་གབ་མེད་པ་དང་འདྲ་བར་སྟོན་ཅིང་ཆོས་འདི་དག་རྗོད་མོད་ཀྱི་འདི་ལ་དོན་ནི་འགའ་ཡང་མི་དམིགས་སོ། །བཀོད་པ་མཐའ་ཡས་ཆོས་འདུལ་བ་ཟབ་མོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན་ཏེ། འདི་ལྟར་འཇིག་རྟེན་ནི་ འཇིག་པ་དང་། རྣམ་པར་འཇིག་པའི་ཆོས་ཕྱིན་ཅི་ལོག་ལ་ཡང་དག་པར་ཞུགས་པའི་ཆོས་ཅན་ཡིན་པས་དེའི་ཕྱིར་ཆོས་འདུལ་བ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན་ནོ། །འཇིག་རྟེན་གྱིས་ནི་འཇིག་རྟེན་གྱི་ཆོས་ཤེས་པ་ཡང་མེད་དེ་འདི་ལྟར་འཇིག་རྟེན་གྱི་ཆོས་ཐམས་ཅད་ནི་ཆོས་ མ་ཡིན་པ་ངེས་པར་འབྱུང་བ་མེད་པའི་ཆོས་ཡིན་ནོ། །འཇིག་རྟེན་གནས་པ་ཐམས་ཅད་ནི་ཐ་ན་ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་ན་ཡང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད། ཀུན་ཏུ་ཞེན་པ་མེད་པ་ཡིན་ན་དེ་དག་ནི་ཆོས་ཐམས་ཅད་ལ་ཆོས་སུ་མངོན་པར་ཞེན་པའི་འདུ་ཤེས་ བླངས་ནས་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དང་ལྷན་ཅིག་རྩོད་པར་བྱེད་ཅིང་རྩོད་པར་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་མ་སྐྱེས་པ་ནི་མི་ཤེས་སོ། །དེ་དག་རབ་ཏུ་མི་ཤེས་ཤིང་མི་རིག་པ་དེའི་ཕྱིར་ཆོས་ འདུལ་བ་ཟབ་མོ་མཁས་པ་ཞིབ་མོས་རབ་ཏུ་ཤེས་པ་འདི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པར་གྱུར་པ་ཡིན་ནོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཆོས་འདུལ་བ་ཟབ་མོ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པར་གྱུར་པ་འདི་ཡང་དག་པར་གསུང་ཡང་ གསུང་བ་ཡང་མེད་དོ། །དེ་བཞིན་གཤེགས་པས་ལམ་ཐམས་ཅད་ངེས་པར་སྤང་བའི་ཕྱིར་རྩོད་པ་ཉེ་བར་ཞི་བའི་ཆོས་སྟོན་པར་མཛད་ཀྱང་འདི་ལ་ལམ་ཡང་མི་དམིགས་ན། ལམ་དེ་མི་ཟད་པར་འདོགས་པ་ལྟ་སྨོས་ཀྱང་ཅི་དགོས། བཀོད་པ་མཐའ་ཡས་སྲིད་པ་ཐམས་ ཅད་ཅེས་བྱ་བ་འདི་ནི་ཆོས་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཚིག་བླ་དགས་ཡིན་ཏེ། ཆོས་ཐམས་ཅད་ནི་ཆོས་དགེ་བ་དང་། མི་དགེ་བ་དག་དང་ལྡན་པར་འདོགས་པ་ཡིན་ནོ། །དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་ དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་ཡང་མེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་ལུང་དུ་མ་བསྟན་པ་ཉིད་དུ་བསྟན་ཏེ། དགེ་བ་ནི་ཡང་དག་པར་ ཡོད་པ་མ་ཡིན་ནོ། །གང་དག་ཡོད་པ་མ་ཡིན་པ་དེ་དག་ནི་ལུང་དུ་མ་བསྟན་པ་སྟེ། དེ་ལ་ནི་རྒྱུ་ཡང་མེད། རྒྱུར་སྟོན་པ་ཡང་མེད་དོ། །བཀོད་པ་མཐའ་ཡས་ཆོས་དེ་ལྟ་བུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ལུང་དུ་མ་བསྟན་ཅིང་བསྟན་དུ་མེད་པར་བསྟན་པ་ལ་ལྟོས། ཆོས་ ཐམས་ཅད་ལུང་དུ་མ་བསྟན་ཅིང་བསྟན་དུ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཀྱི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །ཆོས་དགེ་བ་དང་མི་དགེ་བ་ཐམས་ཅད་ནི། ཇི་ལྟར་སྣང་བ་བཞིན་དུ་རྗེས་སུ་འགྲོ་བ་མེད་དེ། དེ་དག་ནི་ལུང་དུ་མ་བསྟན་པའི་སྒོར་ རྗེས་སུ་འགྲོ་བ་ཡིན་ནོ། །གང་ལུང་དུ་མ་བསྟན་པའི་སྒོ་དེ་ནི་སྒོ་མེད་པ་ཡིན་ནོ། །གང་ལ་སྒོ་མེད་པ་དེ་ལ་ནི་སྒོར་དམིགས་སུ་མེད་དོ། །གང་སྒོར་དམིགས་སུ་མེད་པ་དེ་ནི་སྒོ་རྣམ་པར་དག་པ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་སྒོ་ལ་འཇུག་པའི་ཆོས་རྣམ་པར་ སྦྱོང་བ་ཡིན་ཏེ། སྒོ་དེས་དེ་དག་ཆོས་ཐམས་ཅད་ལ་སྣང་བ་ཐོབ་ནས་ཆོས་རྣམས་ལ་རྨོངས་པའམ། ཐེ་ཚོམ་ཟ་བ་འམ། ཡིད་གཉིས་སུ་མི་འགྱུར་ཞིང་ཐོགས་པ་མེད་པར་ཆོས་ཤེས་པ་ལ་མཁས་པ་རྟོགས་པར་འགྱུར་རོ།། །།བམ་པོ་བཞི་པ་སྟེ་ཐ་མ། བཀོད་པ་ མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་མིག་རྣམ་པར་དག་པ་འདོད་པར་བྱའོ། །ཇི་ལྟར་འདོད་པར་བྱ་ཞེ་ན། ཆོས་ཐམས་ཅད་ཉེ་བར་ལེན་པ་མེད་པས་ཁས་མི་ལེན་པ་དང་། ཤིན་ཏུ་ཡོངས་སུ་བཏང་བས་གནས་ལས་ཡང་དག་པར་འདས་པ་དང་། ཆོས་དགེ་བ་དང་མི་དགེ་ བ་ཐམས་ཅད་དོན་དུ་མི་གཉེར་བས་འདུས་བྱས་སུ་གཏོགས་པ་ཐམས་ཅད་ལ་མི་ལྟ་བ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མི་ལྟ་བ་དང་། བག་ཡོད་པའི་ས་དང་། བླ་ན་མེད་པའི་ས་དང་། མི་དམིགས་པའི་ས་ལ་མི་གནས་པ་དང་། ཆོས་གང་ཡང་མི་ལེན་མི་འདོར་བ་དང་། ཆོས་ གང་ལ་ཡང་མ་ཞུགས་ཀུན་ཏུ་མ་ཞུགས་པ་འདི་ནི་ཤེས་རབ་ཀྱི་མིག་ཅེས་བྱ་སྟེ། མིག་རྣམ་པར་དག་པ་ཡིན་ནོ། །ཤིན་ཏུ་ཡོངས་སུ་གཏོང་བར་བྱེད་པ་དང་། ཤིན་ཏུ་འདོར་བར་བྱེད་པ་དང་། ལེན་པ་མེད་པར་བྱེད་པ་དང་། ཤིན་ཏུ་ངེས་པར་སྤང་བའི་ངོ་བོ་ཉིད་ཀྱི་རང་བཞིན་ལ་རྟོགས་ པ་འདི་ནི་ཤེས་རབ་ཀྱི་མིག་ཅེས་བྱའོ། །ཤེས་རབ་ཀྱི་མིག་ཅེས་བྱ་བ་ནི་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ཤེས་པ་དང་། མི་སྐྱེ་བ་དང་། མངོན་པར་འདུ་བྱེད་པ་མེད་པ་ཤེས་པ་ཡིན་ཏེ། འདི་ནི་ཞི་བ་དང་། ཉེ་བར་ཞི་བ་དང་། རབ་ཏུ་ཞི་བའི་ས་ཡིན། འདི་ནི་མཚམས་སྦྱོར་བ་མེད་པ་དང་། སོ་སོར་མཚམས་སྦྱོར་བ་མེད་ཅིང་མཚམས་སྦྱོར་བ་ཉེ་བར་གཅོད་པ་ཡིན། འདི་ནི་གཅོད་པ་མེད་ཅིང་ཉེ་བར་གཅོད་པ་མེད་པར་ཤེས་པ་མཉམས་པ་ཡིན། འདི་ནི་ཡེ་ཤེས་འཆབ་པ་མེད་པ་ཡིན་ནོ། །སྤྲོས་པ་མེད་པའི་ས་འདི་ལྟ་བུ་ནི་ཤེས་རབ་ཀྱི་ མིག་ཡིན་ཏེ། ཤེས་རབ་ཀྱི་མིག་དེ་དང་ལྡན་པ་ནི་སེམས་ཅན་རྣམས་ཀྱི་སྤྱོད་པ་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཟིན་པའི་སེམས་བསྐྱེད་པ་ཡང་འཐོབ་པར་འགྱུར། དེ་སེམས་ཅན་ལ་དམིགས་པའི་སྦྱོར་བས་ཡོངས་སུ་གཏུགས་ཏེ་གནས་པར་ཡང་འགྱུར། ཆོས་ཐམས་ ཅད་སེམས་ཅན་མེད་པ་དང་། སྲོག་མེད་པ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གདོན་མི་ཟ་བར་ཆོས་ཀྱི་གཏེར་བླ་ན་མེད་པ་གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་ཀྱི་ལེའུ་རིམ་པར་ཕྱེ་བ་འདི་ ཡང་ཡང་དག་པར་བསྟན་པར་བྱ་ཞིང་ཆོས་ཀྱི་ཕྱག་རྒྱ་འདི་ཡང་གཏད་པར་བྱའོ། །བཀོད་པ་མཐའ་ཡས་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་ནི་དེ་བཞིན་གཤེགས་པའི་གདུང་གི་ཚུལ་རྒྱུན་མི་གཅད་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ ཡིན། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་ཡིན། ཆོས་ཀྱི་སྒོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་སྤྱོད་ཅིང་རབ་ཏུ་སྟོན་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ ཀྱང་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་སྟོན་པར་མཛད་སྟོན་པར་མཛད་པར་འགྱུར་རོ། །ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་རབ་ཏུ་སྟོན་པ་རྣམ་པར་སྦྱོང་བར་འགྱུར་བ་ཡིན་ཏེ། དེས་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་བ་དང་། དུས་གསུམ་གྱི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་པར་འགྱུར་རོ། །ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་རྣམ་པར་དག་པ་ཀུན་འཛིན་པར་འགྱུར་རོ། །དེ་དག་ལ་དུས་ཀྱི་འདུ་ཤེས་ཀྱང་མི་འཇུག་ལ་མི་དགེ་བ་ཐམས་ཅད་ཀྱང་འཇོམས་ པར་འགྱུར། དགེ་བའི་རྩ་བ་སྣ་ཚོགས་ཀྱང་རྗེས་སུ་འཐོབ་པར་འགྱུར། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་ལ་གནས་པར་ཡང་འགྱུར། ཡེ་ཤེས་རྣམ་པར་དག་པ་ཀུན་ཏུ་གཟུང་བའི་ཕྱིར་སྒོ་ཚད་མེད་པ་ཡོངས་སུ་སྦྱོང་བར་ཡང་འགྱུར། ཆོས་ཀྱི་ཚུལ་དམིགས་སུ་མེད་པར་གྱུར་པ་ལ་ཡང་སྤྱོད་པར་འགྱུར། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཡང་རྗོད་པར་འགྱུར། ཤེས་རབ་རྣམ་པར་དག་པ་ཀུན་ཏུ་བསྟན་པ་དང་། རབ་ཏུ་བསྟན་པའི་ཕྱིར་ཤེས་རབ་ཀྱི་སྣང་བ་ཆེན་པོ་ནམ་མཁའི་མཐས་གཏུགས་པ་ཡང་སྟོན་ པར་འགྱུར། ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་རྟོགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་རྣམ་པར་དག་པར་བྱ་བ་དང་། ལམ་རྣམ་པར་དག་པས་བྱང་ཆུབ་ཇི་ལྟ་བ་བཞིན་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བདེན་པ་མངོན་པར་ཤེས་པ་སྒྲུབ་པ་ལ་ ཡང་མཁས་པར་འགྱུར། བདེན་པ་དབྱེར་མེད་པ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་སྟོན་པར་འགྱུར་རོ། །བཀོད་པ་མཐའ་ཡས་དོན་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཆོས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཀྱང་རྣམ་པར་སྦྱོང་ བར་འགྱུར་རོ། །དེ་བྱང་ཆུབ་ལས་རིང་བར་མི་འགྱུར་ཏེ། ཉེ་བར་གནས་པར་གྱུར་ཀྱང་། ཆོས་འགལ་བ་དང་རིང་བའམ། ཆོས་བསྟན་པ་འདི་དང་ཉེ་བར་གྱུར་པ་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ནི་ཆོས་དང་ཆོས་མ་ཡིན་པ་གང་གིས་ཀྱང་ཡང་དག་པར་ རྗེས་སུ་མི་མཐོང་སྟེ། བྱང་ཆུབ་རྣམ་པར་རིག་པར་བྱ་བ་མ་ཡིན་པར་ཤེས་ཤིང་རྣམ་པར་རིག་པར་མཉམ་པ་ཉིད་དང་། རྣམ་པར་རིག་པ་མེད་པར་རྗེས་སུ་རྟོགས་པར་འགྱུར་རོ། །ཆོས་རྣམས་ལ་ཞི་བའི་དོན་དུ་རྣམ་པར་ལྟ་བ་ནི་བྱང་ཆུབ་ཏུ་རྟོགས་པར་ཡང་མི་བྱེད་དེ། ཞི་བས་ཀྱང་ཞི་བ་ མི་མཐོང་ལ། ཞི་བ་ལ་མ་གཏོགས་པས་ཀྱང་ཞི་བ་མི་མཐོང་ངོ་། །ཅུང་ཟད་ཀྱང་མི་མཐོང་ཡང་ཐམས་ཅད་དུ་ལྟ་བ་རྣམ་པར་སྦྱོང་བར་ཡང་བྱེད་ལ་ཅུང་ཟད་ཀྱང་རྣམ་པར་སྦྱོང་བ་ཡང་མེད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྣམ་པར་དག་པའི་སྒོ་ཡིན་ཏེ། སྒོ་དེས་ དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་གཏེར་མཐའ་ཡས་པ་ཡང་རྗེས་སུ་དྲན་པར་འགྱུར་སེམས་ཅན་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱས་ནས་ཆོས་ཀྱི་གཏེར་འདི་ཡང་སྟོན་པར་འགྱུར། ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཡོངས་སུ་དག་པ་ཡང་རྗེས་སུ་དྲན་པར་འགྱུར་རོ། ། དེ་འདོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྷག་པའི་བསམ་པའི་སྨོན་ལམ་ལ་ཡང་འཇུག་པར་འགྱུར་ལ། སྨོན་ལམ་རྣམ་པར་དག་པ་ལ་མཁས་པ་ཡང་རྗེས་སུ་དྲན་པར་འགྱུར་ཞིང་མྱུར་དུ་ཆོས་ཐམས་ཅད་ལ་དབང་ཐོབ་ནས་དེ་ བཞིན་གཤེགས་པའི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡང་ཀུན་ནས་འཛིན་ཅིང་མངོན་དུ་གྱུར་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ལ་མཁས་པ་ཆོས་ཀྱི་སྣང་བ་ཚད་མེད་ཅིང་མཐའ་མེད་པ་སྟོན་པར་བྱེད་ཅིང་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཡུལ་ལ་ངེས་ པར་འབྱུང་བར་འགྱུར་རོ། །བཀོད་པ་མཐའ་ཡས་ཚད་མེད་ཅིང་དཔག་ཏུ་མེད་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན་ཞེ་ན། བཀོད་པ་མཐའ་ཡས་ཚད་མེད་ཅིང་དཔག་ཏུ་མེད་ཅེས་བྱ་བ་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཐམས་ཅད་ཚད་མེད་པའི་ཕྱིར་རོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་ཡང་སེམས་ཅན་ཡོད་པ་མ་ཡིན་པས་སེམས་ཅན་ ཅུང་ཟད་ཀྱང་མི་དམིགས་ཏེ་གདགས་སུ་མེད་དོ། །དེ་བཞིན་དུ་ཁམས་ཡོད་པ་མ་ཡིན་པས་ཁམས་མི་དམིགས་ཏེ་གདགས་སུ་མེད་དོ། །དེའི་ཕྱིར་ཆོས་འདི་དག་ཐམས་ཅད་ནི་མྱ་ངན་ལས་འདས་པའི་ཁམས་སུ་ཡང་དག་པར་འདུ་བ་ཡིན་ནོ། །ཆུའི་ཁམས་ནི་མྱ་ངན་ལས་འདས་པའི་ཁམས་ ཀྱི་ཚུལ་ཅན་ཡིན་ལ་ཆོས་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་ཚུལ་ཅན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་རྣམ་པ་ཡིན་ནོ། །མྱ་ངན་ལས་འདས་པའི་ཁམས་ལ་ནི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །མྱ་ངན་ལས་འདས་པའི་ཁམས་ནི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་མ་ བསྒྲིབས་པ་ཡིན་ནོ། །མྱ་ངན་ལས་འདས་པའི་ཁམས་ནི་དག་ཅིང་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་ཆུའི་ཁམས་དེ་ནི་ཁམས་དང་བྲལ་བ་ཡིན་ནོ། །ཁམས་ཡོད་པ་མ་ཡིན་པས་ཁམས་དེ་ཁམས་ལས་ཡང་དག་པར་འདས་པར་བསྟན་པས་བརྗོད་པ་ཡིན་ནོ། །བརྗོད་པ་གང་ཡིན་ པ་དེ་ནི་ཁམས་ཀྱང་མ་ཡིན། ཁམས་མ་ཡིན་པས་ཀུན་ནས་བསླང་བ་ཡང་མ་ཡིན་ཏེ། བརྗོད་པ་ལ་ནི་ཁམས་ཡོད་པ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་ཐ་སྙད་ཀྱི་སྒོ་ནས་བརྗོད་པས་དེའི་ཕྱིར་འདི་བརྗོད་དུ་མེད་པ་ཡིན་ཏེ་འདི་ལྟར་འདི་དག་ལ་ནི་རྗོད་པར་བྱེད་པ་ཡང་མི་དམིགས་ཤིང་ མི་མངོན་ནོ། །བརྗོད་པ་ཐམས་ཅད་ནི་བརྗོད་པ་མེད་པ་ཡིན་ཏེ། འདི་ལྟར་བརྗོད་པ་ཐམས་ཅད་ནི་ནམ་མཁའི་ངོ་བོ་ཉིད་ཡིན་ཞིང་ནམ་མཁར་ཡང་དག་པར་འདུ་བ་ཡིན་ནོ། །སའི་ཁམས་ཀྱང་བརྗོད་དུ་མེད་ཅིང་བརྗོད་པར་ནུས་པ་མ་ཡིན་ལ། ཆུའི་ཁམས་ཀྱང་མ་ཡིན། མེའི་ ཁམས་ཀྱང་མ་ཡིན། རླུང་གི་ཁམས་ཀྱང་མ་ཡིན། ནམ་མཁའི་ཁམས་ཀྱང་མ་ཡིན་ཏེ། ནམ་མཁའི་ཁམས་ཀྱི་བར་དུ་ཡང་བརྗོད་པར་ནུས་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་གང་གིས་ཆོས་ཐམས་ཅད་ཐ་སྙད་དུ་སྟོན་པས་སྟོན་པར་བྱེད་པའི་རྣམ་པར་ཤེས་པའི་ཁམས་དེ་ཡང་ ཆུའི་ཁམས་ལྟ་བུ་སྟེ། རྣམ་པར་ཤེས་པའི་ཁམས་གང་ཁམས་ཀྱི་ནང་དུ་ཡང་དག་པར་འདུ་བར་འགྱུར་བ་ནི་མེད་དོ། །ཁམས་ནི་ལྡན་པ་མ་ཡིན་ཞིང་ནམ་མཁའ་ལས་རབ་ཏུ་བྱུང་བས་རྣམ་པར་ཤེས་པའི་ཁམས་ཀྱང་ནམ་མཁར་ཡང་དག་པར་འདུ་བ་ཡིན་ནོ། །རྣམ་པར་ཤེས་པ་ནི་ནང་ དང་ཕྱི་རོལ་དང་། གཉི་གའི་བར་ན་ཡང་མི་དམིགས་ཏེ། རྣམ་པར་ཤེས་པའི་ཁམས་རྐྱེན་དང་ལྡན་པར་བསྟན་པ་ནི་མ་གཏོགས་སོ། །རྣམ་པར་ཤེས་པའི་ཁམས་ནི་ནམ་མཁའ་གསལ་བས་ཀུན་ཏུ་ཟིན་ཅིང་ནམ་མཁར་ཡང་དག་པར་འདུ་བ་ཡིན་ཏེ། གདགས་སུ་མེད་པ་བསྟན་དུ་མེད་ པ་ཡིན་ནོ། །གང་གདགས་སུ་མེད་པ་དེ་ལ་ནི། འདུས་བྱས་ཅུང་ཟད་ཀྱང་མེད་དེ། འདི་ནི་འདིའི་སྒོར་འཇུག་པ་ཡིན་ནོ། །ཆོས་ཀྱི་དབྱིངས་སྟོན་པས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ནམ་མཁའ་དང་འདྲ་ཞིང་མཉམ་པར་སྟོན་པར་འགྱུར་ཡང་ཆོས་རྣམས་ལ་ནི་དབྱིངས་སམ། དབྱིངས་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་བླ་གབ་མེད་པ་དང་འདྲ་བས། དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ་ཞེས་རབ་ཏུ་བསྟན་ཏེ། ཚད་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ནམ་མཁའ་ དང་འདྲ་ཞིང་མཉམ་པ་ཡིན་ནོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་བསྟན་པ་ཡོངས་སུ་དག་པ་གང་ཆོས་འགའ་ཡང་སྐྱེད་པར་ཡང་མི་བྱེད། ཆོས་འགའ་ཡང་གཏོད་པར་ཡང་མི་བྱེད་པ་ལ་ལྟོས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་ཚུལ་ ཡོངས་སུ་དག་པ་འདི་ཕྱིན་ཅི་ལོག་པར་ཤེས་པར་འདོད་པར་བྱ་ཞིང་གཞན་ལ་རག་མ་ལས་པའི་ཡེ་ཤེས་རློམ་སེམས་མེད་ཅིང་ལྷག་པར་རློམ་པ་མེད་པས་ཆོས་ཀྱི་སྒོ་བརྗོད་དུ་མེད་པ་རྣམ་པར་སྦྱང་བ་དང་། ཆོས་ཐམས་ཅད་ཤེས་པ་རྣམ་པར་སྦྱང་བ་ཡང་བསྒྲུབ་པར་བྱའོ། །བཀོད་པ་ མཐའ་ཡས་འདབ་ཆགས་བྱའི་སྤྱོད་ཡུལ་ཅི་ཡིན། གསོལ་བ། བཅོམ་ལྡན་འདས་སྤྱོད་ཡུལ་ནམ་མཁའ་ལགས་སོ། །བཀའ་སྩལ་པ། བཀོད་པ་མཐའ་ཡས་ནམ་མཁའི་སྤྱོད་ཡུལ་ཡང་ཅི་ཡིན། གསོལ་བ། བཅོམ་ལྡན་འདས་མ་མཆིས་སོ། ། བཀའ་སྩལ་པ། བཀོད་པ་མཐའ་ཡས་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའི་སྤྱོད་ཡུལ་ཅན་ཡིན་ནོ། །ཆོས་རྣམས་ནི་སྤྱོད་ཡུལ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཞིང་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་སྤྱོད་ཡུལ་མེད་པ། སྤྱོད་པ་མེད་པ། རབ་ཏུ་སྤྱོད་པ་མེད་པ་ རྗེས་སུ་སྤྱོད་པ་མེད་པ་ཡིན་ནོ། །ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཤེས་པ་ནམ་མཁའ་ལྟ་བུར་སྦྱོང་བར་འགྱུར་བ་ཡིན་ནོ། །ཆོས་ཀྱི་སྒོ་འདི་ནི་འོད་མཐའ་ཡས་པ་ཡིན་ ཏེ། །ཇི་ལྟར་ན་ནམ་མཁའ་མཐའ་ཡས་ཤིང་མུ་མེད་པས་ཀུན་ཏུ་ཁྱབ་ཀྱང་འདིའི་འོད་ཁྱབ་པར་སྣང་བ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཀྱི་སྒོ་འདི་ཐོབ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པར་ལྟ་ཞིང་འཇིག་རྟེན་ཐམས་ཅད་ལ་ཡང་ཡང་དག་པར་ རྗེས་སུ་ལྟའོ། །བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱིས་རྣམ་པར་ཤེས་པར་བྱ་བའི་ས་དང་། ངེས་པར་འབྱེད་པའི་ཤེས་རབ་ཀྱིས་ཡིན་ཏེ། འདི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ས་ནི་མ་ཡིན་ནོ། །ཆོས་ཀྱི་ཚུལ་བརྗོད་དུ་མེད་པ་འདི་ནི་ཆོས་ཀྱི་ཕྱག་རྒྱ་ བརྗོད་དུ་མེད་པ་དང་། ཕྱག་རྒྱར་བརྗོད་ཅིང་གདགས་པ་མི་དམིགས་པ་ཡིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཕྱག་རྒྱ་མེད་པ། ཕྱག་རྒྱ་ཡང་དག་པར་མེད་པ་ཡིན་ནོ། །ཕྱག་རྒྱ་མེད་པའི་དངོས་པོ་ལ་མཁས་པ་རྟོགས་པས། ཆོས་ཐམས་ཅད་ ནམ་མཁའ་བླ་གབ་མེད་པའི་ཕྱག་རྒྱས་བཏབ་པ་ཡིན་ཏེ། དེ་དག་ནི་ཕྱག་རྒྱ་མཚན་ཉིད་མེད་པ་ཡང་དག་པར་སྟོན་པར་བྱེད་དོ། །ནམ་མཁའ་ལ་ནི་མཚན་ཉིད་ཅུང་ཟད་ཀྱང་མེད་དེ། ནམ་མཁའ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱང་མ་ཡིན། བརྗོད་པའི་མཚན་ཉིད་ཀྱང་མ་ཡིན་ནོ། །འདི་ནི་ ནམ་མཁའོ་ཞེས་བསྟན་པ་ཡང་ནམ་མཁའ་ནི་ཡང་དག་པའི་ཚོགས་ཀྱིས་ལུས་སུ་བསྟན་པ་མེད་དེ། ཆོས་རྣམས་ཀྱི་དོན་དམ་པར་ན་བརྗོད་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་ཀུན་ཤེས་པར་བྱའོ། །བཀོད་པ་མཐའ་ཡས་དེ་ལ་ཚིག་ནམ་མཁའ་ལྟ་བུར་ཤེས་པ་རྣམ་པར་དག་པས་གཟུངས་ཀྱི་ སྒོའི་ཕྱག་རྒྱ་རྣམ་པར་སྦྱོང་བའི་ཚིག་རྣམས་བསྟན་པར་བྱ་སྟེ། ཇི་ལྟར་ནམ་མཁའ་ཚིག་ཀྱང་མེད་རྣམ་པར་དག་པ་ཡང་མེད་པ་ལྟར་ཚིག་འདི་དག་ཀྱང་དེ་དང་འདྲ་བར་རྗེས་སུ་རྟོགས་པར་བྱའོ། །ཚིག་དེ་དག་ཀྱང་གང་ཞེ་ན། བི་བ་རེ། བི་བ་ར་ཨ་ནུ་ས་ཧི་ཏེ། པྲ་ཨ་ནུ་ནི། ནི་སན་ན། བི་ ཙ་ར་ཎི། ཨ་བྷྱ་བ་ཀཱ་ཤ། །སན་དར་ཤ་ཎི། བྲཱ་བྱ་རི། བྲཱ་བྷ་རི་བི་ཤོ་དྷ་ནི། ནིར་པི་ཀལ་བེ། ཨཱ་ཀཱ་ཤ་ས་མ་བ་ས་ར་ཎི། ནི་ཥཾ་གེ། ཤཾ་གཱ་པ་གཏི། ཤཾ་ག་བི་མོ་ཙ་ནི། ཨ་ནཱ་དཱ་ནི། ཨཱ་དྷ་ན་བཱི་ག་ཏེ། ཀཾ་ཀྵ་ཚེ་ད་པ་རི་ཀརྨ། ཨ་ཚེ་དེ། ཨ་ནུ་པ་ཚེ་དེ། ཨ་ས་མེ། ཨ་ས་ མ་ས་མེ། དི་བྱ་ཛྙཱ་ན་ཨ་ཧ་ར་ཎེ། པྲཛྙཱ་ཙཀྵུ་བི་ཤོ་དྷ་ནི། ཤ་ལ་ལྱ་ཨ་པ་ན་ཡ་ནི། དྲིང་གི་ཨུད་ཏ་ར་ཎི། ཨ་ཡུ་གེ། ཨ་བི་ཡུ་གེ། ཨ་སམ་པྲ་ཡུ་ཀེ། ཨ་བི་པྲ་ཡུ་ཀེ། ཨ་གྲ་པ་ད་ནིར་ཧ་རེ། ནིར་དེ་ཤ་བ་ད་བི་ཤོ་དྷ་ནི། ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ཏྱུད་པ་ནན་པི་ཤོ་དྷ་ནི། ཀྲི་ཏ་པ་ རི་ཀརྨ་བི་ནི་ཏེ། ན་ཏ་ཨ་རྠ་ཨ་ནུ་ག་ཏེ། ཨ་སཾ་ཀྲ་མེ། ཨ་གྲ་པ་ད་བི་ཤོ་དྷ་ནི། པ་ད་པྲ་བྷེ་ད་ཛྙཱ་ན། པི་ཤོ་དྷ་ནི། ནིར་བྷསེ། ཨཱ་བྷ་ས་པི་ཤོ་དྷ་ནི། ཨ་ས་མན་ཏ་ད་ཤ་དིག་བྱ་བ་ལོ་ཀ་ནི། བི་རཱག་བ་ད་ནིར་ཧ་རེ། པྲ་ཛྙཱ་བི་ཤུད་དྷེ། ཨོ་བྷ་ས་ཨ་པྲ་མེ་ཡ་ཀ་ར་ཎི། ཨ་ཀལ་བ་དྷརྨ་ དར་ཤ་ནི་པི་ཤོདྷ་ནི། བྷུ་ཏ་ཨརྠ་སན་དར་ཤ་ཎི། ཨ་ནུ་བོ་དྷི་ཨརྠ་བི་ཤོ་དྷ་ནི། སཱ་ག་ར་ཙི་ཏ་ན་ཨ་ནུ་པྲ་བི་ཤེ། མེ་རཱུ་པ་ནི་སཾསྠ་ནེ། རཤྨི་པྲ་ཏི་བྷ་ནི། སརྦ་ལོ་ཀ་ཨ་དྷི་པ་ཏེ་ཡ་ཛྙཱ་ན་བི་ཤོ་དྷ་ནི། ཨ་བྲ་ཏི་ཧ་ཏ་ཨ་སཾ་ག་ཛྙཱ་ན་དར་ཤ་ནེ། བཀོད་པ་མཐའ་ཡས་འདི་དག་ནི་གཟུངས་ཀྱི་སྒོའི་ ཕྱག་རྒྱ་རྣམ་པར་སྦྱོང་བའི་ཚིག་སྟེ། ནམ་མཁའ་ལྟར་མ་ཆད། ཀུན་ཏུ་མ་ཆད། ཉེ་བར་མ་ཆད་པའི་ཚིག་ཡིན་ནོ། །འདི་ལ་ནི་ཚིག་ཀྱང་མེད། ཚིག་རྣམ་པར་དག་པར་སྟོན་པ་ཡང་མེད་དོ། །བཀོད་པ་མཐའ་ཡས་གསང་སྔགས་ཀྱི་ཚིག་འདི་དག་ནི་རིགས་ཀྱི་བུ་གང་དག་ཐེག་པ་ཆེན་པོ་ ལ་ཞུགས་ཏེ། ཚིག་འདི་དག་ལ་སྤྱོད་པར་འགྱུར་ཞིང་། ཆོས་ཟབ་མོ་དོན་དུ་གཉེར་བ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་ཀྱི་དོན་བྱེད་པར་འདོད་པ་དེ་དག་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བསྟན་པ་ཡིན་ནོ། །གསང་སྔགས་ ཀྱི་ཚིག་འདི་དག་ནི་མི་མ་ཡིན་པ་དང་། གནས་གཙང་མའི་རིས་ཀྱི་ལྷ་དེ་དག་ཀྱང་འགུག་པར་འགྱུར་ཞིང་། ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཞུགས་པ་དེ་དག་ཀྱང་འགུག་པར་འགྱུར་བ་ཡིན་ནོ། །ཨུ་པ་སཾ་ཧ་རེ། སཾ་ཧ་རེ་ཧྲཱི་ཤྲཱི་དྷྲཱི་ཏི་བི་ཤོ་དྷ་ནི་ཀ་ལྱ་ཎ་ཨརྠ་ ནིར་དེ་ཤ་པྲ་ཏི་བྷཾ་ཏི། ཙི་ཏཱ་མ་ནི་ན་བི་ཛྙཱ་ན་བི་ཤོ་དྷ་ནི། ཨ་དྷྱཱད་མ་བ་ཧ་རི་དྷ་པ་རི་ཤོ་དྷ་ནི། ག་ཏི་སྨྲི་ཏི་མ་ཏི་ཨ་ཧ་ར་ཎི། གན་ཏ། གན་ཏ་བ་ཏི། ས་རེ། ས་ར་བ་ཏི། གསང་སྔགས་ཀྱི་ཚིག་འདི་དག་ནི་ལྷ་གང་དག་རིའི་རྒྱལ་པོ་གངས་ཅན་ལ་གནས་ཤིང་ཆོས་སྨྲ་བའི་རིགས་ཀྱི་བུ་ རྣམས་ལ་ཆོས་ཀྱི་སྣང་བ་ཉེ་བར་སྒྲུབ་པར་འགྱུར་བ་དེ་དག་དབབ་པ་ཡིན་ཏེ། ལྷ་དེ་དག་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡིན་ནོ། །མ་ཏི་བི་ཤོ་དྷ་ནི། སུ་ཡུག་ཏ་བིརྱེ། ཨ་གྲ་ཧི་ཏ་པ་ད་ནིར་ཧ་རེ། ཨ་ཀི་ལ་སི་ནི། ཨ་བི་ཀི་ལཱ་སི་ནི། ཨུད་ཐཱ་ནསཾ་བ་ན་ནེ། བི་ནི་ཏཱ་ས་ མཱ་ད་པ་ནི། །མ་ཏི་ཨ་གྲ་ཨ་ནུ་ག་ཏེ། ལྷ་འདི་དག་ནི་རིའི་རྒྱལ་པོ་ཏི་སེ་ལ་གནས་ཤིང་ཆོས་སྨྲ་བ་དེ་དག་ལ་མིག་རྣམ་པར་དག་པ་དང་། རྣ་བ་རྣམ་པར་དག་པ་དང་། སྣ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་དང་། ལུས་ཡོངས་སུ་དག་པ་ཡང་ཉེ་བར་སྒྲུབ་ཅིང་། དུས་དུས་སུ་ཆོས་སྟོན་པ་ རྣམ་པར་འབྱེད་པ་རྣམས་ལ་ངག་གི་ལས་འབྲེལ་ཅིང་རྒྱུན་ཆགས་པ་ཡང་སྟོན་པར་བྱེད་དོ། །པྲ་ཏཱི་པ་བི་དྷི། བཻ་རོ་ཙ་ན་བ་ཏི། བ་སུ་མ་ཏི། དྷརྨ་མ་ཏི། ཨ་སཾ་པྲ་མོ་ཤ་བ་ཏི། ཨོ་བྷ་ས་སན་ད་རི་བ་ཏི། ཨུ་པ་སཾ་ཧ་ར་ནིར་དེ་ཤ་བ་ཏི། ལྷ་འདི་དག་ནི་ཤིང་སཱ་ལའི་ཚལ་ན་གནས་པ་དག་སྟེ། སཱ་ ལའི་ཚལ་ལ་ཉེ་བར་རྟེན་ཅིང་ཆོས་སྨྲ་བ་དེ་དག་ལ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་ཡང་ཉེ་བར་སྒྲུབ་པར་བྱེད། ཚིག་དབྱངས་དང་ལྡན་པ་དང་། སྙན་ཅིང་འཇེབས་པའི་དབྱངས་དང་། དགའ་བར་བྱེད་པའི་ དབྱངས་ཀྱང་ཉེ་བར་སྒྲུབ་པར་བྱེད། ཚིག་སྙན་པ་དང་། མི་འཐུན་པ་མེད་པ་ཡང་ཉེ་བར་སྒྲུབ་པར་བྱེད་དོ། །ནི་རཱ་ལཾ་བྷེ། ཨ་གྲ་ཀ་རེ། ཀྵེ་མ་བི་ཙ་ཡེ། ནིར་བྷ་ས་བ་ཏི། ནིར་ཧ་ར་བ་ཏི། ཨོ་ཛོ་བ་ཏི། ཨུ་པ་ན་མ་ཏི། ཨུ་པ་སཾ་ཧ་ར་ཀ་ར་ཎི། ཨ་བྷི་ཤ་ཐ་ཨི་ཧ་དྷཱ་ར་ཎི་མུ་ཁེ། དྷརྨ་ མུ་ཁེ། དྷརྨ་པ་ཏ་ལེ། བཀོད་པ་མཐའ་ཡས་ལྷ་འདི་དག་ནི་རིའི་རྒྱལ་པོ་གངས་ཅན་གྱི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་ཤིང་། གང་དག་ཆོས་འདི་ལ་བརྩོན་པར་འགྱུར་བའི་ཆོས་སྨྲ་བ་དེ་དག་ལ་གཟི་མདངས་ཉེ་བར་སྒྲུབ་པར་བྱེད་དོ། དྷརྨ་ཀཱ་མ། དྷརྨ་ཙན་ཏི་ཀ། ཀ་ལྱ་ཎཱརྠ་བི་ས་རྫ་ནི། ཀཽ་ཤ་ལྱ་ཨ་ནུ་ག་ཏི། ཨུ་པཱ་ཡ་སཾ་གྲི་ཧཱི་ཏེ། བི་ནི་ར་མུག་ཏེ། ཤཱན་ཏ་པ་ད་བི་ས་ར་ཎི། ཨོ་བྷཱ་ས་ཡ་ཤ་བ་ཏི། བཀོད་པ་མཐའ་ཡས་ལྷ་འདི་དག་ནི་རྒྱ་མཚོ་ཆེན་པོའི་ངོགས་ན་གནས་ཤིང་ཆོས་སྨྲ་བ་དེ་དག་ལ་བསོད་སྙོམས་ཉེ་བར་སྒྲུབ་པར་བྱེད་དེ། དེ་བཞིན་གཤེགས་པ་ནི་གང་དག་ མདོ་འདི་ཉན་པ་དེ་དག་གི་དོན་དུ། གསང་སྔགས་ཀྱི་བརྡ་འདི་སྟོན་པར་མཛད་དོ། །གསང་སྔགས་འདི་དག་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་བ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། མ་ཁི་པ་ཏི། བ་སུ་མ་ཏི། དེ་བ་རཱ་ཛཱ་ཤ་ཙི་མ་པ་ཏི། སརྦ་ཨ་སུ་རཱ་ཎཱ་ན་ནིར་གྷ་ཏ་ ནི། བཛྲེ་ཡ་སུ་པྲ་ཏིཥྛི་ཏ། པྲ་མརྡྷ་ན་ཨུ་པ་ཨ་སུ་རཱ་ཎཱཾ། དེ་བ་ན་ཨ་དྷི་པ་ཏི་མ་སཱ་དྷ། པུ་ར་སྐྲི་ཏོ་པི་དེ་བེ་ཧི། ཤོ་བ་སེ་བྷ་ས་བ་ས་དྷ། པུ་རན་ད་ར་མ་ཧཱ་ཀེ་ཏུ་ཏཱ་པེ་སི། ཨ་སུ་ས་མ་ད། དྷྭ་ཛ་གྲན་ཏ། པཱ་པ་ཤྱིན་ཏཱ་བི་ངྷྱཾ་སི་ཏ་མ་ཧཱ་ཨ་སུ་ར་ཨིན་དྲས་པ་ལ་བན་ཏི་བྷི་ཏ་ཏྲ་སྟ་དི་ཤོ་ དི་ཤ། ནམ་ན་བུད་དྷ་སྱ་ཀཱིར་ཏི་ཤྱེ། ནཱ་མ་གོ་ཏྲན་མ་ཧཱ་ཡ་ཤ། དེ་བ་པུ་ར་སྨི་སཾ་གྲ་མེ། བུད་དྷ་ཤ་བ་ཏ་ཨ་ནུད་ཏ་རཾ་ཤྲཱ་པི་སི་དེ་བ་བི་ཛ་ཡ། ན་མོ་བུད་དྷ་པི་བྷཱ་ཤིཏ། སཾ་ཀྲཱ་མ་ཚན་ད་སི་བིདྱཱ་བུད་དྷ་ནཱ་མེན་བྷ་ཧི་ཏཱ། བི་ཛ་ཡེ་སོ་ཏ་ཏ། དེ་བ་ཨ་སུ་ར་ཤྩ བི་ནི་ཏ་བན། ཀྲི་ཏཱ་ཏེ། རཀྵ་ དེ་བ་ནཱཾ། མ་ནུ་ཥྱ་ནཱཾ། རཱ་ཀྵ་པི་ཏ། ཡཾ་ཨི་ཧ་དྷརྨ་ནིར་དེ་ཤ། ཨོ་ཏ་རན་ཏི་སུ་པྲ་ཏིཥྛི་ཏ། ནི་གྲི་ཧི་ཏ་དྭ་ཡཱ། ཨ་སུ་ར། རཱཀྵ་ས། ཡ་ཀྵ། ཀིན་ན་ར། ནཱ་ག། ཀུམ་བྷན་ཌ། བྷུ་ཧཱ་ནི། བཱུ་ཏ་ནི། པི་ཤཱ་ཙ། དཱན་བཱ་ཏ་ཐཱ། ཨ་ཙ་ལ་ཨསྠཱ་ན་བྲཱབ་ཏོ་སི། ཨིན་དྲ་ ཨིན་དྲ་པུར་སྐྲི་ཏ། ཨ་ཏི་གམ་བྷཱི་ར། ཤཱ་ན་ཏ་ན་ཙ། ཨ་གྲ་པུ་རུ་ཥ་སེ་བི་ཏ། མུ་དྲ་བན་ཏོ་སི། དེ་བ་ཨིན་དྲ། བུད་དྷི་མན་ཏ་ཐཱ་བི་ཤུད་དྷ། ཨ་བི་ཤ། །ཨི་ཧ་སཱུ་ཏྲ་སྨི་རཀྵ་སམ་བི་ཏ་ཧི་ཙ། ས་ཧ་སྲ་ནེ་ཏྲ་སུ་མུ་ཁ་ཨ་བ་ས་ར་པ་རི་བརྟ། ཨུ་པ་བྷུཉྫ་སྭ་ ཀ་ཀརྨ་པུརྦ་ཧེ་ཏུ་སྨི་ཡང་ཀྲི་ཏམ། ཨ་ཏི་པ་ཤྩ་ཨནུ་བྲཱ་པ་ཏ། ཨ་ཙ་ལ་སུ་པྲ་ཏིཥྛི་ཏ། ཀྲི་ཏཾ་ཧི་ཀུ་ཤ་ལང་བཱུ་རེ། མ་ནུ་ཥྱེ་ཤུ་མ་ཧི་པ་ཏི། པཱུ་རྦཾ་ག་མ་ཨུ་སི་དེ་བ་ནཱཾ། པཱུ་ཛེན་ཏི་ན་ཙ་མ་ནུ་ཥ། བུད་དྷ་སྱ་ཀྲིཏ་ཏྭ་སད་ཀཱ་རཾ། པཱུ་ཛ་བེ་ཤྱ་ཏི་ཏེ་བ་ཧུ། མ་ཧཱ་ཙ་མ་ནི། བི་བ་རབྷ་ བན་མ་བ་ཤ་ཨུད་བ་ཏེ། དེ་བཱལ་ཡ་སྱ་མ་དྷ་སྨི་ཡ་ཀྵོ་ཧི་པ་རི་བཱ་ར་ཏོ། །པྲ་ལཾ་བ་ཧ་རི་བཧུ་ཏ། བསྐ་བི་ཤ་ཏ། ཨ་གྲ་བ་ཧི་ས་ཏི་མ་ཏི། སུ་ར་ཏ་པ་ཏི། སུ་ར་ཏ་ཐཱ་པྲ་བྷུ་སྐན་དྷ། ཨ་ནི་ལ་ཙ་མ་རཱད་ཙྪ་མ་ཧཱ་བྷཱ་གི་མ་ཧཱ་སྐན་དྷ། མ་ཧཱ་ཧེ་ཏུ་སུ་པྲ་དྷི་པ། མ་ཧ་བ་ལམ། ཨ་ཏི་ ཡཀྵ་མ་ཧཱ་ཏེ་ཛ། རཀྵ་ན་ཏི་བྷ་བཱ་ནན་ཏ་པ། བ་ཧུ་ཡཀྵ་པ་རི་བཱ་རོ། །ཡེ་ན་ཤོ་བྷ་སི་པཱ་ས་ཙ། བ་སུ་སརྦ་བ་སུ་ཏ་མ་ཧཱ་ཏེ་ཛ། མ་ཧཱ་ག་ནི། མ་ཧཱ་པྲ་ཧ་ར་ནོ་ཙ་ཡི་བ་ཨ་བྷི་ནིར་ཧ་ར་ཡཱ་ཏ་ཐཻ་བ་ར་ཙ། སུ་མེ་རུ་མུར་ནི་ཏ་པ། བཱ་ས་བ་སརྦ་དེ་བ་པུ་ར་སྐྲི་ཏོ། །ཤོ་བྷ་ཏེ་བྷ་བ་ན། ཨོ་བྷ་ སཾ་པྲ་བྷ་མུཉྩ་སི་ཏེ་ཛ་ས། འདི་དག་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དབབ་པའི་ཚིག་ཡིན་ཏེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་རོ། །དེ་ལ་འདི་དག་མ་འོངས་པའི་དུས་ན་སེམས་ཅན་གང་དག་བྱང་ཆུབ་ལ་ཡང་དག་པར་ཞུགས་ཏེ། ཆོས་རྣམས་ཡང་དག་པར་ འཛིན་ཅིང་། སེམས་ཅན་རྣམས་ལ་ཆོས་ཡང་དག་པར་བསྡུ་བ་ལ་མཁས་པ་ཉེ་བར་གནས་པར་འགྱུར་བའི་གསང་སྔགས་ཀྱི་ཚིག་ཡིན་ནོ། །ལུས་ངན་པོ་ཡི་བུ་ཐུ་བོ། །གནོད་སྦྱིན་ཡང་དག་ཤེས་ཞེས་བྱ། །ཁྲོ་མེད་རྩོལ་བ་མེད་གནས་ཏེ། །ཕ་དང་བཅས་ཏེ་རྟག་ཏུ་ནི། །ཆོས་འདི་ དག་ལ་དགའ་བ་གང་། །དེ་ལ་སྲུང་བ་བྱེད་པར་འགྱུར། །དེ་བཞིན་རྒྱལ་པོ་ཡུལ་འཁོར་སྲུང་། །འཁོར་དང་བཅས་པས་རྟག་ཏུ་ནི། །ལེགས་པར་བཤད་པ་མདོ་ཡི་སྡེ། །དེ་ལ་སྲུང་བ་བྱེད་པར་འགྱུར། །མིག་མི་བཟང་ཞེས་བྱ་བ་ནི། །རང་གི་འཁོར་བཅས་སྟོབས་དང་ལྡན། ཚུལ་འདི་ལ་ནི་གང་གནས་པ། །དེ་དག་ཐམས་ཅད་སྲུང་བར་འགྱུར། །དེ་བཞིན་རྒྱལ་པོ་འཕགས་སྐྱེས་པོ། །བཞོན་བཅས་སྟོབས་དང་ལྡན་པ་སྟེ། །ཆོས་འདི་དག་ལ་འདོད་པ་གང་། །དེ་དག་ཀུན་ཏུ་སྲུང་བར་འགྱུར། །ས་ནི་བེ་ཤ་ནི། མ་ཧཱ་ས་རི། མ་ཧཱ་ག་ནེ། མ་ཧཱ་ཛ་ནི། དྲ་བྷུ་ཏ་ བི་ཛ་ཡེ། དྷྭ་ཛ་ཨ་གྲ། ཨུ་པ་བྷ་ས་ནི། ཨ་ནི་ལ་སེ་ན་ཏུ་ས་ཧ། ནཱ་ནཱ་པར་ཎ་ད་ཤ་དི་ཤ། །ཙད་ཏྭ་ར་ལོ་ཀ་པཱ་ལ་ནི། ཏུསྨེ་རཱ་ཛཱ་ན་ཨུད་ཙྱ་ཐཱ། ཨཱ་བེ་ཤ་ན། ཨི་ཧ་ས་མན་ཏ་ཧ་ར་ཐ། པྲ་ཛེ་ནི་གྲ་ཧི་ས་ར་བེ་ཙ་ཏུ་ར་དི་ཤ། །བཀོད་པ་མཐའ་ཡས་འདི་ནི་རྒྱལ་པོ་ཆེན་པོ་བཞི་འཁོར་དང་ བཅས། གཡོག་དང་བཅས། བུ་དང་བཅས། ཆུང་མ་དང་བཅས། རྗེས་སུ་འབྲང་བར་བཅས་པ་རྣམས་དབབ་པའི་རིག་པ་ཡིན་ནོ། །ཤར་གྱི་ཕྱོགས་ན་གནས་པ་ཡི། །སྲིན་མོ་རྒྱལ་མཚན་ཏོག་དང་ནི། །ཏོག་ཆེན་དང་ནི་སྟོབས་ཆེན་མོ། །གྲགས་པ་ཆེན་པོ་གང་ཡིན་པ། །དེ་དག་ ཀུན་ཏུ་འབེབས་འགྱུར་ཞིང་། །དེ་དག་ཐམས་ཅད་འཁོར་བཅས་ཏེ། །རྟག་ཏུ་ཆོས་ཀྱི་སྒོ་འདི་ལ། །སྲུང་བ་བྱེད་ཅིང་ཉེ་བར་གནས། །རབ་འཕྱང་རྣམ་པར་འཚེར་བ་དང་། །དོན་གྲུབ་མ་དང་འཕྲོག་མའི་བློ། །འདི་དག་ཐམས་ཅད་ཉེ་བར་ནི། །ལྷོ་ཡི་ཕྱོགས་ན་གནས་པ་ཡིན། །དེ་དག་ཡང་ དག་འདིར་བབས་ནས། །གཟི་མདངས་ཉེ་བར་སྒྲུབ་བྱེད་ཅིང་། །སྲུང་བའི་མཆོག་ཀྱང་བྱེད་འགྱུར་བར། །ཐམས་ཅད་གཟིགས་པས་ངེས་པར་བསྟན། །སྲིན་མོ་ལ་བ་ཅན་དང་ནི། །སྡོམ་པ་དང་ནི་སྒྲ་སྒྲོགས་དང་། །འདྲེས་པ་གྲགས་དང་ལྡན་པ་གང་། །ནུབ་ཀྱི་ཕྱོགས་ན་གནས་པ་སྟེ། །དེ་ དག་ལྷན་ཅིག་ཀུན་བབས་ནས། །ཆོས་འདིའི་དོན་ཤེས་གང་ཡིན་པ། །དེ་ལ་ཆོས་བསྟན་བྱ་བའི་ཕྱིར། །རྟག་ཏུ་སྲུང་བར་བྱེད་པར་འགྱུར། །སྒོ་འདི་ལ་ནི་མ་དད་དང་། །དེ་བཞིན་བདེན་དང་བདེན་མི་ལྡན། །སྲིན་མོ་གྲགས་ཆེན་དེ་དག་ནི། །བྱང་གི་ཕྱོགས་ན་གནས་པ་སྟེ། །དེ་རྣམས་ ཡང་དག་འདིར་བབས་ནས། །དེ་བཞིན་གཤེགས་པའི་གཟི་བརྗིད་ཀྱིས། །མི་མཆོག་བསྲུང་བར་བྱ་བའི་ཕྱིར། །ཐམས་ཅད་ཐལ་མོ་སྦྱར་ཏེ་འཁོད། །བཀོད་པ་མཐའ་ཡས་དེ་ལ་བདུད་སྡིག་ཅན་ཚར་གཅད་པའི་ཚིག་དང་། ཚངས་པ་དབབ་པའི་ཚིག་གང་ཡིན་པ་དེ་དག་བསྟན་པར་ བྱས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །མི་ཏྲེ། མི་ཏྲ་བ་ཏི། ཀུ་རུ་ཎེ། ཀཱ་རུ་ཎ་བ་ཏི། བི་བུད་དྷི། བི་བུད་དྷ་བ་ཏི། པྲ་མོ་ཙ་ནི། པྲ་མོ་ཙ་ན་བ་ཏི། ཀྲི་ཏ། ཀྲི་ཏ་བ་ཏི། ཨ་ནུ་ག་མི། ཨ་ནུ་ག་མ་བ་ཏི། ཨུ་པད་ཚེ་ད་ནི། ཀ་མ་ བི་བརྫ་ནི། ཀྲིཥྞ་ས་མུད་ཤོ་ཥ་ཎི། ནི་གྲི་ཧཱི་ཏ་མཱ་ར་བ་ལཾ། ཨུད་ཏ་ར་ཎ་བ་ཏི། པྲ་ཏྱུད་ཏཱ་ར་ཎ་བ་ཏི། ཨུ་པེ་ཀྵ་ཨ་ནུ་ས་ཧི་ཏེ། ཨཱ་རམ་པ་ཎ་བི་ཤོ་དྷ་ནི། ནི་དར་ཤ་ན། ཨ་ས་མོ་ཧ་ནི། ནི་སྤྲ་པཉྩ་བ་ནེ། བཀོད་པ་མཐའ་ཡས་འདི་དག་ནི་བདུད་སྡིག་ཅན་ཚར་གཅད་པའི་ ཚིག་ཡིན་ཏེ། དེ་དག་གིས་བདུད་སྡིག་ཅན་དཔུང་དང་བཅས་ཤིང་བཞོན་པ་དང་བཅས་པས་གླགས་རྙེད་པར་མི་འགྱུར་རོ། །དེ་ལ་ཚངས་པ་ཆེན་པོ་དབབ་པའི་ཚིག་གང་ཡིན་ཞེ་ན། ཨ་ཏི་པ་ཏི་མ་ཧཱ་སྠཱ་ན་པ་ཏི། སྭ་ཡ་ཀྲི་ཏ་སྠཱ་ན་མ་ཏི། ནཱ་ནཱ་བ་ཧུ་བི་བི་དྷ། པྲ་ཏྱུད་པསྠན་ཀ་ར་ཎ། ཨ་དྷི་ཀ་སྠཱ་ན་པ་ཏི། ཤུད་དྷ་སྠཱ་ན་ག་ཏོ། །ས་ཧ་མ་པ་ཏི། ཨ་དྷི་ཀྲཱན་ཏ་བི་ཤོ་ཥ་ཎ་ཤུ་བྷ་བ་རི། བར་ཤུ་བྷ་ཨ་དྷམུ་ག་ཏ། བྲཱ་པ་ཏ་ཤྲི་ཏ། ནི་བཱ་སན་པྲ་བྷུ་ཏ་པྲ་བྷ། ནི་གྲ་ཧཱི་ཏ་ཀཱ་མ་མ། སྭ་སྟི་ཀ་མ་མ་པྲ་ཏྱུ་པ་སྠཱ་ན། འདི་དག་ནི་ཚངས་པ་ཆེན་པོ་དབབ་པའི་ཚིག་ཡིན་ཏེ། དབབ་ པའི་ཚིག་འདི་དག་གིས་ཚངས་པ་ཆེན་པོ་ཆོས་སྨྲ་བ་དེ་དག་ལ་ཚིག་དང་ཡི་གེ་ཡོངས་སུ་དག་པ་དང་། ཚངས་པར་སྤྱོད་པ་ཤིན་ཏུ་མཉམ་པར་གཞག་པ་ཡོངས་སུ་རྫོགས་པ་ཉེ་བར་སྒྲུབ་པར་བྱེད་དོ། །བི་ཤོ་དྷ་ན་བ་ཏི། ཨན་ཏི་མ་ཧ་ཀཱ་རུ་ཎི་ཀ། ཀཱ་མ་བྷ་བ་ཨུ་ས་ཏ་ནི། བརྱ་ནི་ར་མི་ ཏ་ནི་པ་རྱན་ཏ་པྲ་ཏྱུ་པ་སྠཱ་ན། པརྱ་བ་སཱ་ན། ཨཱ་ལ་ཡ་བི་ཤོ་དྷ་ནི། ཨཱད་ཛྙཱ་པརྱན་ཏེ། ཀ་ར་ཎི་ཨན་ཏི་མ། དེ་ཤ་པྲ་ཏྱུཔ་སྠཱ་ནེ། བཀོད་པ་མཐའ་ཡས་འདི་དག་ནི་གནས་གཙང་མ་པའི་རིས་ཀྱི་ལྷ་རྣམས་ཀྱི་ཆོས་སྣང་བའི་ཚིག་ཡིན་ཏེ། ཆོས་སྣང་བའི་ཚིག་དེ་དག་གིས་རིགས་ཀྱི་བུ་ དེ་དག་ལ་ཆོས་ཀྱི་གཞི་འདི་ཉེ་བར་སྒྲུབ་པར་འགྱུར་རོ། །བཀོད་པ་མཐའ་ཡས་དེ་ལ་ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། སེམས་ཅན་གང་དག་མཐུ་ཆེ་བའམ། མཐུ་ཆུང་བ་ འང་རུང་། དད་པའམ་མ་དད་པ་ཡང་རུང་སྟེ། དེ་དག་གི་གསང་སྔགས་ཀྱི་ཚིག་འདི་ཉེ་བར་བསྒྲུབ་པར་བྱའོ། །དེས་ན་སེམས་ཅན་དད་པ་རྣམས་ནི་ཆོས་བསྟན་པ་འདི་ལ་མཆོག་ཏུ་འཇུག་པར་འགྱུར་ལ། སེམས་ཅན་མ་དད་པ་དེ་དག་ཀྱང་ཅང་མི་སྨྲ་བ་དང་། བཏང་སྙོམས་སུ་འཇོག་པར་ འགྱུར་གྱི། རྩོད་པ་དང་འགྱེད་པར་ཡང་མི་འགྱུར་ལ། ཆོས་ཀྱི་སྒོ་འདི་ཐ་མལ་པར་འཇོག་གི། གནོད་པར་བྱ་བ་དང་། ཉེ་བར་གནོད་པར་བྱ་བ་དང་། ཚར་གཅད་པར་བྱ་བའི་ཕྱིར་འོང་བར་ཡང་མི་འགྱུར་རོ། །དེ་ལ་དད་ཅིང་དང་བ་རྣམས་དབབ་པའི་ཚིག་གང་ཞེ་ན། །གུ་རུ་དྷ་རེ། ས་ ཙ་ལེ། སྭ་སྟི་ནིར་ཧ་ར་ཀོ་བི་དེ། ནིར་ཛ་ན་པྲ་ཏི་བི་ལོ་ཡི་ཏེ། ཙིཏ་ཏ་སན་ཙ་ན་ནི། ཙིཏ་ཏ་སམ་པྲ་སཱ་དྷ་ནི། མ་ན་སྱ་ཧ་རི་ཤ་ཀ་ར་ཎི། བཱིད་ཛྙཱ་ན་སྱ་ཨ་ནུ་སྭ་ཏི། ཨ་ནུ་དྷརྨོ་ནོ་ཨུ་པེ་ཀྵ་ཎེ། ཧེ་ཏུ་སན་ད་རི་ཤ་ནེ། ཏཐཱ་ཨ་ཀྵ་ར་པ་ད། ནིར་དེ་ཤ་ཤོ་ཐིག ཡ་ཐཱ་གཱ་ཐཱ། ཡ་ཐཱ་ནུ་ཀུ་ལ་ས་མ་ཨུ་པ་མ་ནིར་དེ་ཤ་ཤོ་དྷི་ཏེ། ད་ཏྲ་ཀཱ་ལེ་ན་ཙ་ཀར་ཏ་བ་བྱ། སམ་པྲ་སཱ་ད་ན་ཨརྠ་ཏོ་ས་མ། ཡ་ཐཱ་ཨ་ནུ་ཀུ་ལན་ཙ་མུ་ཁ། ཨུ་པསཾ་སྭ་ར་ཡོ་ནི་ཤ། ཨཱ་ཀཱ་ཤ་སྱ་བི་ཤུད་དྷི། ཡ་ཡ་ཐཱ་ཤོ་དྷི་ཏི་ལཀྵ་ཎ། ལཀྵ་ཎི། ལཀྵ་ཎ་བ་ཏི། ལཀྵ་ཎ་ བི་ཤོ་དྷ་ནི། པྲ་ཏི་བེདྷ་ཨརྠ་སན་དྷ་ད་རི་ཤ་ནི། ཀུ་ཤ་ལ་བྷོ་ཐ་སར་བེ་ཧ་པྲ་བི་ཙ་ཡི། ས་མོ་ས་ར་ནི། ཀྲིཏ་ཨ་ནུ་ར་ཀྵི་ས་ཏྱ་ཨརྠེ། ས་ཏྱ་ནཱཾ་སུ་བི་ཤོ་དྷི་ཏེ། བཀོད་པ་མཐའ་ཡས་འདི་དག་ནི་དང་བ་རྣམས་དབབ་པ་ཉེ་བར་སྒྲུབ་པའི་ཚིག་ཡིན་ཏེ། འདི་དག་གིས་ཆོས་སྨྲ་བ་དེ་དག་ ལ་འདི་ལས་ཇི་ལྟར་བསྟན་པ་བཞིན། དགེ་བའི་རྩ་བ་དོན་དང་ལྡན་པ་ཉེ་བར་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ལ་མ་དད་པ་རྣམས་ཚར་གཅད་པའི་ཚིག་གང་ཞེ་ན། ཀྵ་མེ། ཀྵ་མ་བ་ཏི། མཻ་ཏྲེ་པ་རི། ཀར་མ་པྲ་ཏྱུ་པ་སྠཱ་ནེ། ཀ་རུ་ཎ་པྲ་ཏི་ལ་བྷ་ཧི་ཏ་ཨ་ནུ་ཀམ་པ་སཉྫ་ན་ནི། སཾ་གྲ་ཧ་བ་སྟུ་ཧི་ཏ་བ་སྟུ། སན་ད་རི་ཥ་ཎི་པ་རི་བརྫ་ནི། ཡ་བརྫ་ནི། པཱ་བ་མི་ཏྲ་སེ་བ་ནི། ན་ཏ་ཏྲ་དེ་ཤེ་སྠཱ་ཏ་བ་བྱ་ཡ་ཏྲ་བི་གྲ་ཧ་བརྟི་ཏོ། སརྦ་གྲན་ཐ་པྲ་ད་ལ་ཏི། ཨུ་པ་ཙཱ་ར་སན་ད་རི་ཤ་ཎི། ནི་ཤ་ཡ་བི་ཤོ་དྷ་ནི། ཨཱད་མ་ཨ་ནུ་ག་མེ། པ་ར་ཨུ་པ་སཾ་ཧ་ར་ཎི། ནིར་མི་ན་ཎི། ཨ་ནུ་ར་ཀྵ་པྲ་ཏྱུ་པ་སྠཱ་ནེ། བཀོད་པ་མཐའ་ཡས་འདི་དག་ནི་སེམས་ཅན་མ་དད་ཅིང་མ་དང་བ་རྣམས་ཚར་གཅད་པའི་ཚིག་ཡིན་ཏེ། དེས་ན་དེ་དག་ཉེས་པ་མཐོང་བར་འགྱུར་རོ། །བཀོད་པ་མཐའ་ཡས་ཆོས་དགེ་བ་ལ་ཡང་ཕྱིར་རྒོལ་བ་མང་བ་ཡིན་ན། ཆོས་འདུལ་ བ་བླ་ན་མེད་པ། ཉེས་པ་ཐམས་ཅད་འཇོམས་པར་འགྱུར་བ། རྩོད་པའི་མདུད་པ་ཐམས་ཅད་སྤོང་བར་འགྱུར་བ་འདི་ལ་ལྟ་སྨོས་ཀྱང་ཅི་དགོས། བཀོད་པ་མཐའ་ཡས་སེམས་ཅན་མ་དད་ཅིང་མ་དང་བ་དེ་དག་ཀླན་ཀ་བཙལ་བའི་བསམ་པ་དང་། གནོད་སེམས་ཀྱི་བསམ་པ་མང་པོ་ དང་། རྣམ་པར་ཐོ་བཙམ་པའི་བསམ་པས་ངའི་དྲུང་དུ་ཉེ་བར་འོང་བ་ལ་ལྟོས། དེ་བཞིན་གཤེགས་པ་ནི་དེ་དག་གི་སེམས་ཀྱི་སྤྱོད་པ་དང་། གཡོ་བ་མཁྱེན་ནས་ཅི་ནས་ཀྱང་དགེ་བའི་རྩ་བ་དང་ལྡན་ཞིང་རྣམ་པར་རྟོག་པ་སྤོང་བ་དང་། དགེ་བའི་རྩ་བའི་རྒྱུ་ཡང་ཡོངས་སུ་འཛིན་པར་ འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་སྒོ་དག་གིས་ཡང་དག་པར་སྐུལ་བར་མཛད་དོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡང་རབ་ཏུ་མཁྱེན་ལ། སེམས་ཡང་དག་པར་བསྡུ་བ་ཡང་རབ་ཏུ་མཁྱེན་ཏོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་ པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གནས་པ་ཡིན་ནོ། །བཅྭ་བརྒྱད་པོ་གང་དག་ལ་གནས་ཤེ་ན། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལེན་པ་མ་ལུས་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །བསྙེལ་བ་མི་མངའོ། །སོ་སོར་མ་བརྟགས་པའི་འགོག་པ་མི་མངའོ། །འདུ་ཤེས་ཐ་དད་པ་མི་མངའོ། །སེམས་མཉམ་པར་ མ་བཞག་པ་མི་མངའོ། །བརྩོན་འགྲུས་ཉམས་པ་མི་མངའོ། །དྲན་པ་ཉམས་པ་མི་མངའོ། །འདུན་པ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཉམས་པ་མི་མངའོ། །ཤེས་རབ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་ པ་མི་མངའོ། །དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན། དེ་བཞིན་གཤེགས་པ་ནི་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན། དེ་བཞིན་གཤེགས་པ་ནི་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན། དེ་བཞིན་ གཤེགས་པ་ནི་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་དང་ལྡན་པ་ཡིན་ནོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ཡེ་ཤེས་མཐོང་བའི་སྟོབས་ཚད་མེད་པ་དང་ ལྡན་པས་སེམས་ཅན་མ་དང་བ་རྣམས་དང་བར་བྱ་བ་དང་། སེམས་ཅན་དང་བ་རྣམས་ཆོས་འདུལ་བ་འདི་ལ་ཡེ་ཤེས་རྣམ་པར་དག་པ་ཐོབ་པར་བྱ་བའི་ཕྱིར་གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་རིམ་པར་ཕྱེ་བ་སྟོན་པ་རྗོད་པར་མཛད་དོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་བཞེད་ན་གཟུངས་ ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་ཚིག་ཏུ་བརྗོད་པ་ཚད་མེད་པ་སྟོན་པར་མཛད་དེ། དེ་བཞིན་གཤེགས་པས་ཚད་མེད་པ་བསྟན་ཀྱང་གཟུངས་ཀྱི་སྒོ་བསྟན་པའི་ཆོས་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་འདིའི་བརྒྱའི་ཆ་ནས་བྱེ་བ་ཕྲག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། དཔེ་དང་། ཆ་ཙམ་ཡང་ཉེ་ བར་བསྟན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྒོ་འདི་ནི་སྒོ་ཚད་མེད་པ་ཡིན། སྒོ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སྒོ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །བཀོད་པ་མཐའ་ཡས་དེའི་ཕྱིར་དེ་བཞིན་གཤེགས་པས་ཅི་ནས་ཀྱང་ཁྱེད་ཀྱིས་ཆོས་ཀྱི་སྒོ་ ཚད་མེད་ཅིང་མཐའ་ཡས་པ་འདི་ཀུན་ཤེས་པར་འགྱུར་ཞིང་གཟུངས་ཐོབ་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་འདི་རྣམ་གྲངས་དུ་མས་ཁྱེད་ལ་སྟོན་པར་མཛད་དོ། །ཨཱ་རྱེ། ཨཱརྱ་བ་ཏི། ཨཱརྱ་ཨ་ནུ་ག་ཏེ། ནི་ཐཱ་ནེ། ནི་ཐཱ་ན་བ་ཏི། བར་ཏོ་བར་མེ། བར་ཏོ་བ་ཙྪེ་ད་ན་ཀ་ར་ཎི། ཨཱ་ཀཱ་ཤ་བི་ ཤོ་དྷ་ནི། ཨ་ནུ་ཀྵེ་པ་ནི། ཨ་བཱི་ག་ཏ་པར་མེ། ཨ་ནུ་པ་ག་ཏི་ནི། ནི་རྦཱ་ཎ་པ་ཐ་བི་ཤོ་དྷ་ནི། བྱ་བ་ནི་ཀྵིཔ་ཏི། ཨ་ནུད་པཱ་ད་བི་རོ་དྷ་པར་མེ། སརྦ་ཛྙཱ་ནི་རྦཱ་ཎ་སན་ད་ར་ཤ་ནི། བཀོད་པ་མཐའ་ཡས་འདི་དག་ནི་གཟུངས་ཀྱི་སྒོ་མངོན་པར་སྒྲུབ་པ་སྟོན་པའི་ཆོས་ རིམ་པར་ཕྱེ་བ་འདིར་གཟུངས་ཀྱི་ཕྱག་རྒྱ་རྣམ་པར་སྦྱོང་བའི་ཚིག་གི་རྣམ་གྲངས་བསྟན་པ་ཡིན་ཏེ། ཚིག་འདི་དག་ཀུན་བཟུང་བས་བྱང་ཆུབ་སེམས་དཔའ་ཚེགས་ཆུང་དུས་ཚིག་རབ་ཏུ་དབྱེ་བ་ཤེས་པ་མཁས་པ་ཡང་རྟོགས་པར་འགྱུར། སྙིང་རྗེ་ཆེན་པོ་དང་ཡང་ཉེ་བར་འགྱུར། དོན་གྱི་ རྗེས་སུ་སོང་བའི་བློས་ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཤེས་རབ་ཀྱང་རྟོགས་པར་འགྱུར་རོ། །བཀོད་པ་མཐའ་ཡས་ཚིག་འདི་དག་ནི་སྨན་ཆེན་པོ་ཡིན་ཏེ། མ་རིག་པ་དང་མི་ཤེས་པའི་ནད་ཀྱི་མུན་པ་མུན་ནག་སྨག་ཏུ་གྱུར་པ་རྣམས་ཉེ་བར་ཞི་བར་བྱེད་ཅིང་རིག་པ་དང་འཐུན་པའི་ཆོས་ རྣམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་ཡིན། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བ་དང་འཐུན་པའི་ཆོས་ཤེས་པ་ལ་མཁས་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན། ལྷའི་མིག་མངོན་པར་སྒྲུབ་པ་རིག་པ་དང་འཐུན་པའི་ཆོས་ཤེས་པ་ཐོབ་པར་བྱེད་པ་ཡིན། ཟག་པ་ཟད་པ་ཤེས་ པ་མངོན་དུ་བྱ་བ་རིག་པ་དང་འཐུན་པ་ཕུང་པོ་ཐམས་ཅད་ངེས་པར་སྤོང་བར་བྱེད་པ་ཡིན། བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་མཐོང་བ་བླ་ན་མེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཐོབ་ པར་བྱེད་པ་ཡང་ཡིན་ནོ། །བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་རྒྱ་ཆེན་པོ་ཇི་ཙམ་དུ་ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ལ་ལྟོས། བཀོད་པ་མཐའ་ཡས་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཆེན་པོ་དང་ལྡན་ཞིང་ཐམས་ཅད་ མཁྱེན་པའི་ཡེ་ཤེས་དང་། སྟོབས་དང་མི་འཇིགས་པ་ལ་ཤིན་ཏུ་གནས་ཏེ། ཆོས་རིན་པོ་ཆེའི་མཛོད་བླ་ན་མེད་པ། བསྐལ་པ་བྱེ་བ་འབུམ་ཕྲག་དུ་མར་དགེ་བའི་རྩ་བས་ཡང་དག་པར་བསྒྲུབས་པ་འདི་ངེས་པར་བསྟན་ཅིང་རབ་ཏུ་ཕྱེའོ། །དེའི་ཕྱིར་དེ་བཞིན་གཤེགས་ པས་ཁྱོད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ལ་ཡོངས་སུ་སྨིན་པར་བྱ་བ་དང་། ཆོས་ཀྱི་ཚུལ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱ་བའི་ཕྱིར་ཆོས་ཀྱི་སྒོ་འདི་ལ་རབ་ཏུ་གནས་ཏེ། གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་རིམ་པར་ཕྱེ་བ་བསྟན་པ་འདི་བྱིན་གྱིས་རློབ་པར་མཛད་དོ། ། བཀོད་པ་མཐའ་ཡས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་དོན་དུ་གཉེར་བ་ངའི་རྗེས་སུ་སློབ་པར་འདོད་པ། ངའི་ཆོས་ཀྱི་ཚུལ་རྗེས་སུ་སློབ་པར་འདོད་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་གཏེར་ཚད་མེད་པ་ཀུན་གཟུང་བར་འདོད་པ་རྣམས་ཀྱིས་ཆོས་བསྟན་པ་འདི་ ལ་མངོན་པར་བརྩོན་པར་བྱའོ། །བཀོད་པ་མཐའ་ཡས་འདི་ལ་འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པའི་ཚུལ་ཅན་ཁམས་གསུམ་པ་ཐམས་ཅད་ལ་མི་ལྟ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཡིད་ལ་བྱེད་པས་ལེགས་པར་བྱིན་གྱིས་བརླབས་པས་ གཟུགས་ལ་དམིགས་པ་རྣམ་པར་དག་པ་ལ་མཁས་པར་བརྩོན་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་དམིགས་པ་རྣམ་པར་དག་པ་ལ་མཁས་པར་བརྩོན་པ། བདེན་པའི་ཚིག་རྣམ་པར་བསྒྲུབ་པ་རྣམ་པར་དག་པ་ལ་མཁས་པར་བརྩོན་པ་ རྣམས་ཀྱིས་ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་འདོད་པར་བྱའོ། །ནང་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པའོ། །ནང་དབེན་པའི་ཕྱིར་ཆོས་ཐམས་ཅད་དབེན་པའོ། །ནང་ཉེ་བར་ཞི་བའི་ཕྱིར་ཆོས་ཐམས་ཅད་ཉེ་བར་ཞི་བའོ། །ནང་ཉེ་བར་ ལེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཉེ་བར་ལེན་པ་མེད་པའོ། །ནང་སྤོང་བའི་ཕྱིར་ཆོས་ཐམས་ཅད་སྤོང་བའོ། །ནང་འགོག་པའི་ཕྱིར་ཆོས་ཐམས་ཅད་འགོག་པའོ། །ནང་འདུ་བྱེད་པ་མེད་པས་ཆོས་ཐམས་ཅད་འདུ་བྱེད་པ་མེད་པའོ། །བཀོད་པ་མཐའ་ཡས་བྱང་ ཆུབ་སེམས་དཔའི་སྒོ་འདི་དག་ནི་ནང་རྣམ་པར་དག་པར་བྱེད་པར་འགྱུར་བ་ཡིན་ནོ། །ཕྱི་རོལ་རང་བཞིན་གྱིས་རྣམ་པར་མི་རྟོག་པའི་ཕྱིར་གང་དུ་ཡང་རློམ་པར་མི་བྱེད་པས། གཟུངས་ཀྱི་སྒོ་ཡོངས་སུ་དག་པ་ཡང་ཀུན་འཛིན་པར་འགྱུར། ང་རྒྱལ་མེད་པ་ཡང་འཐོབ་པར་ འགྱུར། རྗེས་སུ་ཆགས་པ་དང་། །ཁོང་ཁྲོ་བ་ཡང་སྤོང་བར་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡང་འགྱུར། དབང་བླ་ན་མེད་པ་ཡང་བྱེད་པར་འགྱུར། ཡེ་ཤེས་ཆགས་ པ་མེད་པ་བསྟན་པ་ལ་ཡང་དགའ་ཞིང་སྤོབས་པ་འཐོབ་པར་འགྱུར། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་རྣམ་པར་དག་པ་ཤེས་པ་ཡང་ཀུན་འཛིན་པར་འགྱུར། དབུས་ངེས་པར་ཞི་བ་ཡང་རྗེས་སུ་དྲན་པར་འགྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་བརྟེན་ནས་སྨོན་ལམ་གྱི་ ཁྱད་པར་ཡང་རྟོགས་པར་འགྱུར། སྨོན་ལམ་ཡོངས་སུ་དག་པ་ཡང་ཐོབ་པར་འགྱུར། ཆོས་ཐམས་ཅད་ཤེས་པ་ལ་མཁས་པ་ཐུན་མོང་མ་ཡིན་པ་ཡང་ཀུན་འཛིན་པར་འགྱུར། ཚིག་བཙུན་ཞིང་ཆོས་ཀྱི་ཆར་ཆེན་པོ་ཡང་འབེབས་པར་འགྱུར་རོ། །བཀོད་པ་མཐའ་ཡས་ བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཁྱད་པར་ཐོབ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་རྣམ་པར་དག་པ་ཡང་ཀུན་ཏུ་འཛིན་པར་འགྱུར་ལ་འདི་ལྟར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ་ཞེས་བྱ་བའི་ཆོས་ཤེས་པ་ཡང་མངོན་པར་སྒྲུབ་པར་ འགྱུར། འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་མ་བྱུང་བ་ལས་བྱུང་བ། བྱུང་ནས་ཀྱང་ཡོངས་སུ་གྲུབ་པར་མི་འགྱུར་གྱི། ཡོངས་སུ་མ་གྲུབ་པ་ཁོ་ནར་འབྲལ་བར་འགྱུར་བས་འབྲལ་བའི་ཆོས་སུ་ཡང་དག་པར་འདུ་ཞིང་འབྲལ་བའི་སྒོ་ཅན་ནོ་ཞེས་བྱ་བར་ཆོས་ཤེས་ པ་ཡང་ཐོབ་པར་འགྱུར་རོ། །བྲལ་བ་ནི་མི་སྐྱེ་བའི་མཚན་ཉིད་དུ་ཡང་དག་པར་འདུའོ། །ཆོས་ཐམས་ཅད་མི་སྐྱེ་བའི་མཚན་ཉིད་གང་ཡིན་པ་དེ་ནི་འགོག་པའི་མཚན་ཉིད་དང་། འདོད་ཆགས་དང་བྲལ་བའི་མཚན་ཉིད་དེ། དེ་ལྟར་མངོན་པར་སྒྲུབ་པ་ནི་མངོན་ པར་ཞེན་པར་ཡང་མི་བྱེད་སྤྲོས་པར་ཡང་མི་བྱེད་དོ། །བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་སྐྱེ་བ་ཤེས་པའི་སྒོ་ལ་མཁས་པ་ཡོངས་སུ་རྟོགས་པའི་གཟུངས་ཀྱི་སྒོར་འཇུག་པ་ཡིན་ཏེ། དེས་ན་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་པར་ འགྱུར། སྤོབས་པ་ཕུན་སུམ་ཚོགས་པ་ཡང་ཀུན་ནས་འདྲེན་པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་བསྒྲུབ་པ་འདི་ཡང་དག་པར་བརྗོད་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མ་བྱུང་བ་ལས་ཆོས་འབྱུང་སྟེ། །བྱུང་ནས་སོ་སོར་ འབྲལ་བར་འགྱུར། །བྱུང་ནས་འབྲལ་བའི་དོན་ཡིན་ན། །འདི་ལ་གང་ཞིག་འཛིན་པར་འགྱུར། །ཆོས་ཀུན་དངོས་པོ་མེད་པ་སྟེ། །ཉོན་མོངས་མེད་ཅིང་ལེན་པ་མེད། །གང་ལ་ཆོས་ཀྱང་མི་རྙེད་པ། །དེ་དག་ཇི་ལྟར་ཀུན་ཏུ་འཛིན། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ ནི། །ཐོབ་པ་མེད་ཅེས་རློམ་པ་གང་། །དེ་དག་མཚན་མ་སྤྱོད་པ་སྟེ། །གཟུངས་འདི་ཐོབ་པར་མི་འགྱུར་རོ། །དེ་ཡི་ཕྱིར་ན་ཆོས་རྣམས་ཀུན། །ནམ་མཁའ་ལྟ་བུར་རབ་ཏུ་གསལ། །ནམ་མཁའ་དག་ནི་རབ་གསལ་བ། །དེ་དག་གཉི་ག་ཡོད་མ་ཡིན། ། ཆོས་འདི་ཐམས་ཅད་ཡོད་མིན་ཞིང་། །མེད་པ་དང་ཡང་བྲལ་བ་ཡིན། །གང་གིས་དེ་ལྟར་ཆོས་ཤེས་པ། །དེ་དག་ལ་ནི་གཟུངས་སྐྱེའོ། །གང་ཞིག་མཐའ་མེད་རྗེས་རྟོགས་ཤིང་། །དབུས་སུའང་རློམ་པར་མི་བྱེད་པ། །དེ་དག་རློམ་སེམས་བྲལ་བ་སྟེ། །ཆོས་ རྣམས་ཐམས་ཅད་མེད་པར་བཤད། །གང་ལ་སྙིང་པོ་མི་རྙེད་པ། །དེ་ལ་སྙིང་པོ་ཡོད་མིན་ན། །ཆོས་རྣམས་ཐམས་ཅད་ཇི་ལྟ་བུར། །ཡང་དག་ཚུལ་གྱིས་ཀུན་ཏུ་འཛིན། །དེ་ལྟར་ཆོས་རྣམས་རང་བཞིན་གྱིས། །ཉོན་མོངས་མེད་པར་ཤེས་པ་གང་། །དེ་དག་ རྣམས་ལ་མདོར་ན་འདིར། །རྣམ་པར་དག་པའི་གཟུངས་སུ་འགྱུར། །གང་ཞིག་ཆོས་ཀུན་མཁའ་འདྲ་ཞིང་། །རྟག་ཏུ་བར་སྣང་ལྟ་བུར་ཡང་། །ཤེས་རབ་ཀྱིས་ནི་ངེས་རྟོགས་པ། །དེ་ལ་གཟུངས་ཀུན་སྐྱེ་བར་འགྱུར། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་། ། མ་བྱུང་ཉོན་མོངས་མེད་པ་ཡིན། །ཉོན་མོངས་མེད་ཅིང་ལེན་མེད་པ། །འདིར་ནི་ཇི་ལྟར་ཀུན་ཏུ་འཛིན། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །སྤྲོས་པ་མེད་ཅིང་མཚན་ཉིད་མེད། །ཆོས་ཀུན་མཚན་ཉིད་བྲལ་བས་ན། །ཉོན་མོངས་མེད་པར་བཤད་པ་ཡིན། །གང་གིས་ དེ་ལྟར་ཆོས་ཤེས་ཤིང་། །གང་དུའང་རློམ་པར་མི་བྱེད་པ། །དེ་ཡིས་ཆོས་ཀུན་ཚུལ་བཞིན་དུ། །ཀུན་ཏུ་འཛིན་པར་འགྱུར་བ་ཡིན། །གང་གིས་ཆོས་ཀུན་རང་བཞིན་གྱིས། །མེད་དེ་ཡོད་པ་མ་ཡིན་དང་། །ཡོད་པ་མ་ཡིན་དོན་རྟོགས་པ། །དེ་ ལ་གཟུངས་ནི་ཉེ་བར་སྐྱེ། །དཔའ་བོ་གང་ཞིག་དེ་ལྟ་བུར། །སོ་སོར་རྟོགས་པ་དེ་ལ་ནི། །ཆོས་རྣམས་ཀུན་གྱིས་མི་གོས་ཤིང་། །སྟོང་པར་མི་རློམ་ཆོས་ཀུན་འཛིན། །གང་ཞིག་མི་རྟག་ཉིད་དོན་དང་། །མེད་དོན་སྡུག་བསྔལ་ཉིད་དོན་དུ། །འདོད་ཆགས་བྲལ་བར་ རྣམ་ཤེས་པ། །དེ་ལ་ཤེས་རབ་ཡེ་ཤེས་འཕེལ། །བློ་གྲོས་བརྟན་པ་གང་ཞིག་གིས། །ལེན་མེད་མྱ་ངན་འདས་དོན་དུ། །ཆོས་ཀྱིས་ཚུལ་བཞིན་འདུལ་བྱེད་ཅིང་། །མི་རྟོག་རྣམ་པར་མི་རྟོག་པ། །དེས་ནི་སྙིང་པོ་མེད་པའི་ཆོས། །ཉོན་མོངས་མེད་ཅིང་ལེན་པ་མེད། ། དབེན་ཞིང་སྟོང་ལ་བལྟ་དཀའ་བ། །ཐམས་ཅད་ཀུན་ཏུ་འཛིན་པར་འགྱུར། །གང་གིས་ཆོས་སུ་བརྗོད་ཤེས་ཤིང་། །བརྗོད་པ་ལ་ཡང་མི་རློམ་ལ། །ཀུན་ཏུ་འཛིན་པས་ལེན་མེད་པ། །རློམ་སེམས་མེད་པའི་ཚུལ་འདི་ཡིན། །གང་གིས་མཚན་མ་རྣམ་བཤིག་ནས། ། མཚན་མ་མེད་པ་རབ་ཤེས་ཤིང་། །ཆོས་རྣམས་ཀུན་གྱི་སྤོང་བ་ཡི། །འདུ་ཤེས་འཕེལ་བར་མི་འགྱུར་བ། །དེས་ནི་རྫོགས་པའི་སངས་རྒྱས་ཀྱིས། །བཤད་པའི་དོན་འདི་རྣམ་ཤེས་ཤིང་། །དགོངས་ཏེ་བསྟན་ལ་མཁས་པ་ཡང་། །མཉམ་པར་རྗེས་སུ་རྟོགས་ པར་འགྱུར། །གང་གིས་ཆོས་ཀུན་ཚད་མེད་པར། །ཚུལ་བཞིན་དུ་ནི་ངེས་རྟོགས་པ། །དེ་ཡིས་ཚུལ་འདི་ཚད་དག་དང་། །བྲལ་ཞིང་མཉམ་པར་རྟོགས་པར་འགྱུར། །གང་གིས་ཆོས་རྣམས་མིང་མེད་ཅིང་། །མཚན་མ་མེད་པར་ཡོངས་རྟོགས་པ། །དེ་འདིར་ བཟོད་པ་འཕེལ་འགྱུར་ཞིང་། །དོན་འདི་རྣམ་པར་ཤེས་པར་འགྱུར། །ཚུལ་བཞིན་དུ་ནི་སྨོན་ལམ་གྱི། །ཁྱད་པར་ཡོངས་སུ་རྣམ་རྟོག་ཅིང་། །སྨོན་པ་ཡི་ནི་ངོ་བོ་དང་། །འགལ་བར་འགྱུར་བ་མ་ཡིན་ནོ། །བརྟན་པ་དེ་ནི་དོན་གྱི་ལུགས། །འདི་ལ་ཚུལ་བཞིན་ཡོངས་ རྟོག་ཀྱང་། །དེ་ལ་ཆོས་རྣམས་ཐམས་ཅད་ཀྱིས། །ཚུལ་བཞིན་དོགས་པར་མི་འགྱུར་རོ། །གང་གི་ཤེས་རབ་ཆོས་ཀུན་གྱི། །རྣམ་པ་ངེས་པར་རྟོགས་འགྱུར་ཞིང་། །གང་ཞིག་རྣམ་པ་མེད་པ་ལ། །འཇུག་པ་ངེས་པར་རྣམ་ཤེས་པ། །དེས་ནི་བསྟན་པ་འདི་ཡི་ཚུལ། །བྱེ་བྲག་ ཤེས་ཤིང་རབ་ཏུ་གནས། །སངས་རྒྱས་ཀྱི་ནི་ཆོས་རྣམས་དང་། །མི་འཇིགས་མྱུར་དུ་ཐོབ་པར་འགྱུར། །གང་ཞིག་ཆོས་ལ་སྤྲོས་མེད་ཅིང་། །མཉམ་པར་ཡང་ནི་མི་རྟོག་པ། །དེ་ཡིས་ཆོས་ཀུན་སྦྱོར་ཤེས་ནས། །འདོད་ཆགས་བྲལ་ལ་རྨོངས་མི་འགྱུར། །གང་དག་འགོག་ དང་ཞི་བའི་དོན། །ཕུང་པོ་ཟད་པར་མ་རློམ་པ། །དེ་དག་གིས་ནི་ཚུལ་བཞིན་དུ། །མཉམ་པའི་ཆོས་འདི་ཐོབ་པར་འགྱུར། །བྱམས་པ་དང་ནི་སྙིང་རྗེ་དག །སྒོམ་པར་བྱེད་ལ་རབ་གནས་ཤིང་། །སེམས་ཅན་ཀུན་ལ་ཕན་བརྩོན་གང་། །དེ་དག་བླ་མེད་རྟོགས་པར་འགྱུར། ། སེམས་ཅན་འདུ་ཤེས་རྣམ་གྲོལ་ཞིང་། །སེམས་ཅན་མེད་པའི་ཆོས་ཤེས་གང་། །དེ་ཡིས་ཆོས་རྣམས་སྤྲོས་མེད་པའི། །ཚུལ་བཞིན་དོན་ལ་སྤྲོས་མི་བྱེད། །གང་གིས་ཆོས་འདི་ཐོས་གྱུར་ནས། །དད་པ་མྱུར་དུ་ཐོབ་འགྱུར་བ། །དེས་ནི་བྱམས་པ་རྐང་གཉིས་མཆོག ། རྫོགས་པའི་སངས་རྒྱས་མཐོང་བར་འགྱུར། །གང་དག་འདི་དང་ཕྲད་གྱུར་ཅིང་། །བཟང་པོས་ཆོས་འདི་ཐོས་ནས་ནི། །དགའ་བར་བྱེད་པ་དེ་དག་གིས། །ང་ཡང་ཀུན་ཏུ་མཉེས་པར་བྱས། །གང་དག་དེ་བཞིན་གཤེགས་པ་ལ། །དད་པ་མི་ཕྱེད་ཐོབ་འགྱུར་བའི། །བཟང་པོ་དེ་ དག་ཆོས་འདི་རྣམས། །ཐོས་ནས་དགའ་བ་བྱེད་པར་འགྱུར། །གང་དག་བསྐལ་པ་བཟང་པོ་ཡི། །རྒྱལ་བ་བལྟ་བར་འདོད་དེ་དག །ཚུལ་འདི་ལ་ནི་ལེགས་བསླབས་ན། །རྒྱལ་བ་དེ་དག་མཉེས་པར་འགྱུར། །ཚེ་དཔག་མེད་དང་གཟི་བརྗིད་ཆེ། །མི་འཁྲུགས་པ་དང་གྲགས་ཆེན་དག ། བལྟ་བར་འདོད་པ་གང་ཡིན་དེས། །ཚུལ་འདི་ལ་ནི་བསླབ་པར་གྱིས། །བྱང་ཆུབ་དམ་པ་བལྟ་དཀའ་ཞིང་། །ཞི་བ་ཀུན་ཏུ་གཉེར་བྱེད་དང་། །འཁོར་ལོས་སྒྱུར་བ་ཐོབ་འདོད་པ། །དེས་ནི་ཚུལ་འདི་བསླབ་པར་གྱིས། །གཟུངས་ཀྱི་ཚུལ་འདི་བླ་མེད་ལ། །ཡང་དག་མཁས་པར་འདོད་ན་ཡང་། །ཆོས་ འདི་ལ་ནི་ལེགས་བསླབས་ནས། །རྟག་ཏུ་བག་དང་ལྡན་པར་གྱིས། །སྨོན་ལམ་དམ་པ་རྒྱ་ཆེ་ཞིང་། །གཙོ་བོར་རྟག་ཏུ་ཐོབ་གྱུར་ནས། །བྱང་ཆུབ་རྟོགས་པར་འདོད་ན་ཡང་། །ཆོས་འདི་དག་ལ་བསླབ་པར་གྱིས། །མདོ་འདི་ལས་ནི་ངེས་སྨོས་པ། །ཕྱག་རྒྱ་བླ་ན་མེད་ པ་སྟེ། །ཆོས་ཀུན་རྗོད་པར་བྱེད་པ་ཡི། །གཟུངས་སུའང་བཤད་པ་འདི་ཡིན་ནོ། །ཆོས་རྣམས་ཐམས་ཅད་གཟུངས་འདི་ཡི། །ནང་དུ་འདུས་པར་རབ་ཏུ་བཤད། །འདི་དག་ནམ་མཁའི་སྒོ་ཅན་ཏེ། །མཐའ་ཡས་དོན་དུ་ལེགས་པར་དེས། །ཆོས་འདི་དག་ལས་སྒོ་བསྟན་པ། །སྒོ་ནི་ ལེགས་པར་བརྗོད་པ་ཡིན། །མཁས་པ་ཀུན་ཏུ་གཟུང་བའི་ཕྱིར། །གཟུངས་ནི་ཉེ་བར་སྐྱེ་བར་འགྱུར། །ཤེས་རབ་ངེས་པར་བསྟན་པ་འདི། །ཆོས་ཀུན་འཛིན་པར་བྱེད་པ་སྟེ། །མཁས་པ་ཀུན་ཏུ་གཟུང་བའི་ཕྱིར། །ཤེས་རབ་ཉེ་བར་གཟུང་བར་བྱ། །རྣམ་གྲངས་འདིར་ནི་བསྟན་ པ་དག །སངས་རྒྱས་ཆོས་ཤེས་ཡང་དག་བྱ། །བྱང་ཆུབ་ཡན་ལག་བླ་ན་མེད། །དོན་གྱིས་ཡང་དག་བརྗོད་པ་ཡིན། །ཡེ་ཤེས་རབ་དབྱེ་མཁས་པ་ཡང་། །འདི་ལས་ཡང་དག་བསྟན་པ་ཡིན། །བྱང་ཆུབ་ཕྱོགས་དང་འཐུན་པའི་ཆོས། །བླ་མེད་འདི་ལ་བསླབ་པར་གྱིས། །བླ་མེད་ ཚུལ་ལ་མཁས་པ་ཡང་། །ཆོས་འདི་ལས་ནི་ངེས་པར་བསྟན། །ཐབས་ཤེས་པ་ལ་བརྟེན་ནས་ནི། །ཆོས་འདི་རབ་ཏུ་བསྟན་པར་གྱིས། །ཆོས་རྣམས་ཀྱི་ནི་རང་བཞིན་འདི། །ཉེ་བར་བསྟན་པ་བླ་ན་མེད། །འདི་ལ་བསླབས་ནས་བདུད་རྩི་ཡི། །དོན་འདི་ཡང་ནི་བཤད་པར་གྱིས། ། མཁས་པ་གང་ཞིག་སངས་རྒྱས་ཀྱི། །ཡེ་ཤེས་ཆགས་པ་མེད་འདོད་པ། །དེ་དག་དོན་འདི་ལ་བསླབས་ན། །ཡེ་ཤེས་བླ་མེད་ཐོབ་པར་འགྱུར། །ངས་ཀྱང་སྔོན་ཆད་ཆོས་འདི་ལ། །བསྐལ་པ་བྱེ་བ་ཚད་མེད་ཅིང་། །གྲངས་མེད་དག་ཏུ་བསླབས་ནས་ནི། །ཚུལ་འདི་ཞི་བར་གྱུར་པ་ ཡིན། །ངས་ནི་སྔོན་ཆད་སངས་རྒྱས་དག །སྟོང་ཕྲག་མང་པོ་མཉེས་པར་བྱས། །དེ་ཕྱིར་བླ་ན་མེད་པའི་ཆོས། །འདི་ཀུན་མཁྱེན་ཅིང་གཟིགས་པ་ཡིན། །ངས་ནི་ཁྱོད་དང་སེམས་ཅན་གྱི། །ཚད་གཟུང་མེད་ཅིང་མཐའ་ཡས་པའི། །དོན་ཆེན་བྱས་ཏེ་དེ་ལས་ནི། །གཟུངས་འདི་ཐོབ་པར་གྱུར་ པ་ཡིན། །མཁས་པ་གང་ཞིག་གཟུངས་ཀྱི་སྒོའི། །ཕྱག་རྒྱ་འདི་ལས་ཚིག་གཅིག་ཅིག །རྣམ་པར་བསྒོམས་ནའང་ཚུལ་འདི་ལ། །རབ་ཏུ་འཇུག་པར་འགྱུར་བ་ཡིན། །ང་ཡི་ཡེ་ཤེས་ཚད་མེད་ཅིང་། །མཐའ་ཡས་བླ་ན་མེད་པ་སྟེ། །ང་ཡི་ཡེ་ཤེས་ཕུང་པོ་དེས། །ཆོས་འདི་རབ་ཏུ་བཤད་པར་ མཛད། །ཤེས་རབ་ལྡན་པ་གང་ཞིག་ནི། །བྱང་ཆུབ་ཆེད་དུ་རྟོགས་འདོད་པ། །འཇིགས་མེད་དེ་ཡིས་དོན་ཚུལ་འདིར། །ཡང་དག་ཉིད་དུ་བརྩོན་པར་གྱིས། །མཁས་པ་གང་ཞིག་ཤེས་རབ་ཀྱི། །སྣང་བ་མང་པོ་འདོད་པ་དེས། །སངས་རྒྱས་བསྙེན་བཀུར་རབ་བྱས་ནས། །ཚུལ་འདི་དག་ལ་ བསླབ་པར་གྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཆོས་དུང་བུད་པར་འདོད་པ་གང་། །ཤེས་རབ་ལྡན་པ་དེ་ཡིས་ནི། །བསྟན་པ་འདི་ལ་བསླབ་པར་གྱིས། །མི་གང་འོད་ཟེར་མཐའ་ཡས་པ། །དགྱེ་བར་འདོད་ཅིང་སངས་རྒྱས་ཀྱི། ཆོས་དོན་གཉེར་བ་གང་ཡིན་དེས། །འདི་ལ་ཚུལ་བཞིན་ བསླབ་པར་གྱིས། །དམ་པ་གང་ཞིག་ལྷར་བཅས་པའི། །འཇིག་རྟེན་ཟིལ་གནོན་འདོད་པ་དེས། །ཆོས་ཀུན་རྣམ་པར་ངེས་པ་ཡི། །མདོ་འདི་ལ་ནི་བསླབ་པར་གྱིས། །ང་ཡི་ཡེ་ཤེས་གཞལ་དུ་མེད། །ཡེ་ཤེས་རྩོམ་པའང་ཚད་མེད་དེ། །སངས་རྒྱས་ཡེ་ཤེས་འདོད་པ་གང་། །དེ་ཡིས་འདི་ལ་ རྗེས་སུ་སློབས། །སངས་རྒྱས་ཡེ་ཤེས་སྤྲོས་མེད་ཅིང་། །ཡེ་ཤེས་དམ་པར་གྱུར་པའི་ཚུལ། །ཐམས་ཅད་རབ་ཏུ་སྟོན་འདོད་གང་། །དེ་ཡིས་དོན་འདི་བསླབ་པར་གྱིས། །གང་ཞིག་ཡེ་ཤེས་ཆགས་མེད་པ། །སྟོན་པ་རབ་ཏུ་འཆད་འདོད་པ། །དེ་དག་གིས་ནི་ཆོས་འདི་ལ། །བསླབས་ནས་བདུད་ རྩི་བསྟན་པར་གྱིས། །གང་ཞིག་གིས་ནི་འཇིག་རྟེན་ཁམས། །བྱེ་བྲག་ཚད་མེད་མཐའ་ཡས་པ། །སྣང་བར་བྱེད་པར་འདོད་པ་དེས། །བསྟན་པ་འདི་ལ་ཡང་དག་སློབས། །སྒོ་འདི་བླ་ན་མེད་པ་སྟེ། །ཆོས་ཀུན་རྣམ་པར་སྦྱོང་བ་ཡིན། །མདོ་འདི་ལས་ནི་ཆོས་ཀུན་གྱི། །རྣམ་པར་དག་པ་རབ་ཏུ་ བསྟན། །ཀུན་མཁྱེན་རྐང་གཉིས་མཆོག་གིས་ནི། །བླ་ན་མེད་པའི་མདོ་འདི་ལས། ཤིན་ཏུ་རྒྱས་པ་འདིར་བཤད་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །བཀོད་པ་མཐའ་ཡས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཆེད་དུ་ ཆོས་འདི་ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་ཚུལ་འདི་ལ་དད་པ་བསྐྱེད་དེ། ཆོས་འདི་ཡང་དག་པར་བསྡུས་ནས་གླེགས་བམ་ལ་བྲིས་ཏེ་གཞག་པར་བྱའོ། །བཀོད་པ་མཐའ་ཡས་གང་དག་མ་འོངས་པའི་དུས་ན་ཆོས་འདི་ཐོས་ནས་དགའ་བ་དང་། རབ་ཏུ་དགའ་བ་དང་ལྡན་པའི་སེམས་ཀྱིས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པར་འགྱུར་བ་དེ་དག་གིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་གཏེར་མཐའ་ཡས་པ་འདི་ཡང་འཐོབ་པར་འགྱུར་ལ། སྤོབས་པ་ཕུན་སུམ་ཚོགས་པ་ཡང་འཛིན་པར་འགྱུར། མྱུར་དུ་ཆོས་ཐམས་ ཅད་ལ་དབང་སྒྱུར་བ་ཡང་འཐོབ་པར་འགྱུར། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཡང་འཛིན་པར་འགྱུར་རོ། །བཀོད་པ་མཐའ་ཡས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ལ་ གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བར་བྱེད་པའི་ཆོས་འདི་མངོན་དུ་འགྱུར་ཞིང་ཡོན་ཏན་གྱི་ཁྱད་པར་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་གཞན་ཡང་ཡོངས་སུ་འཛིན་པར་འགྱུར་ཏེ། བཀོད་པ་མཐའ་ཡས་འདི་ནི་གཟུངས་ཀྱི་སྒོ་བསྟན་པའི་ཆོས་ཀྱི་རྣམ་ གྲངས་འདི་ལ་ཆོས་རིམ་པར་ཕྱེ་བ་གསུམ་པ་ཡིན་ནོ། །བཀོད་པ་མཐའ་ཡས་དེ་ལྟ་བས་ན་ངའི་རྗེས་སུ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔས་ཕྱི་མའི་དུས་ན་དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བ་དང་། མི་དགེ་བའི་གྲོགས་པོ་ཡོངས་སུ་སྤང་བ་དང་། ཆོས་འདི་དག་ཀུན་བསྲུང་ བར་གནས་པ་དང་། ལུས་དང་སྲོག་ཀྱང་ཡོངས་སུ་བཏང་སྟེ། གཟུངས་ཀྱི་ཕྱག་རྒྱ་འདི་ཡང་དག་པར་གཟུང་བར་བྱའོ། །བཀོད་པ་མཐའ་ཡས་དཔེར་ན་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་བའི་དཀྱིལ་འཁོར་སྐར་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ནི་ཤིན་ཏུ་ལམ་མེ་ལྷང་ངེར་འདུག་གོ །དེ་ བཞིན་དུ་གཟུངས་ཀྱི་ཕྱག་རྒྱ་བསྟན་པ་རིམ་པར་ཕྱེ་བས་ཡང་དག་པར་བསྡུས་པ་འདི་ཡང་མདོ་སྡེ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་ཤིང་སྙིང་པོར་གྱུར་ལ། མཛེས་ཤིང་བརྗིད་པ་ཡིན་ནོ། །འདི་དག་ཐམས་ཅད་ནི་གུས་པ་ཆེན་པོས་སྤོབས་པ་མཐའ་ཡས་པ་ལ་ངེས་པར་འབྱུང་བ་ཡིན་ པས་འདི་ལ་བག་ཡོད་པའི་ས་འདོད་པར་བྱའོ། །བག་ཡོད་པའི་ས་ཇི་ལྟ་བུ་ཡིན་ཞེ་ན། ཆོས་འདི་དག་ལ་སེམས་ཀྱི་ལས་ཚུལ་བཞིན་ཡོངས་སུ་རྟོག་པའི་ཡིད་ལ་བྱེད་པས་ངེས་པར་སེམས་པ་དང་། ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པའི་བཟོད་པ་ཡོངས་སུ་དག་པ་ལ་རློམ་སེམས་མེད་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་བག་ཡོད་པའི་ས་ལ་སློབ་པར་འདོད་པ། ཆོས་ལ་མཁས་པས་མངོན་པར་བརྩོན་པས་ཆོས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གུས་པ་དང་བཅས་ཞེས་དང་བཅས་པར་བྱ་སྟེ། གླེགས་བམ་ལ་བྲིས་ནས་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དོན་དུ་གཉེར་ ཞིང་འདུན་པ་རྣམས་ལ་རབ་ཏུ་བསྟན་པར་བྱ། ཀུན་ཏུ་བགོ་བར་བྱ་ཞིང་ལུང་དབོག་པ་དང་། ཁ་ཏོན་བྱ་བ་དང་། ཡི་གེར་བྲི་བ་དང་། དོན་ངེས་པར་བསྟན་པའི་བར་དུ་ཡང་ཆོས་ཡང་དག་བགྲོ་བ་ལ་བཅབ་པ་མེད་པར་ཆོས་ཀྱི་སྒོ་ཇི་ལྟར་ཀུན་བཟུང་བ་བཞིན་མི་མཁྱུད་པར་བྱའོ། །ཁྱེད་སེམས་ཅན་ ཐམས་ཅད་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་འདི་དག་ཐོབ་པར་འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་འདི་དག་དང་མི་འབྲལ་བར་བྱའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔས་ནི། ཆོས་གང་ཡང་སྒྲུབ་པར་མི་འགྱུར་བ་དང་། དོན་གང་རྟོགས་པར་མི་འགྱུར་བ་དེ་ཅུང་ཟད་ཀྱང་མེད་དེ། ཆོས་ཀྱི་སྒོ་གང་འདིར་མ་བརྗོད་པ་དེ་ནི་འགའ་ཡང་མེད་ཀྱིས། བཀོད་པ་མཐའ་ཡས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ཕྱིར་གཟུངས་ཀྱི་སྒོ་རྣམ་པར་སྦྱོང་བའི་ཆོས་རིམ་པར་ཕྱེ་བ་འདི་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །ཀུན་དགའ་བོ་ཆོས་ཀྱི་སྒོའི་ལེའུ་འདི་ཟུང་ཤིག །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐུས་འདི་བདག་གིས་བཟུང་ལགས་ཏེ། བཅོམ་ལྡན་འདས་ཆོས་ཀྱི་སྒོ་འདི་དང་ལྡན་པ་ནི། ཆོས་ཀྱི་སྒོ་ཚད་མེད་པ་མངོན་དུ་གྱུར་པ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་མཐུས་ཆོས་ཀྱི་སྒོ་འདི་ལ་དད་པ་དང་། ཆོས་ཀྱི་སྒོ་འདི་ཀུན་འཛིན་པ་དང་། བསྙེན་བཀུར་བྱེད་པ་རྣམས་ལ། ཆོས་ཀྱི་སྒོ་མང་པོ་མངོན་དུ་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་སྒོ་ དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་མང་པོའི་མཛོད་འདི་ཀུན་ཟུང་ཤིག །ཀུན་དགའ་བོ་ཆོས་ཀྱི་སྒོ་འདི་བསྟན་པས། འཁོར་འདིའི་ནང་ནས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཆོས་ཀྱི་སྣང་བ་ཆེན་པོ་ལ་གནས་པར་འགྱུར་ཏེ། ཆོས་ཀྱི་སྣང་བ་དེས་སངས་རྒྱས་ སྟོང་ཕྲག་མང་པོ་རྣམས་ཀྱི་ཆོས་བསྟན་པ་ཡང་མངོན་དུ་གྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཡང་ཉེ་བར་གྱུར། སྨོན་ལམ་གྱི་རྒྱུན་ཇི་ལྟ་བུ་འདོད་པ་ཡང་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་ཆོས