Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ

Văn bản gốc(Tây Tạng)

Trang 8 / 17 (50.000 ký tự/trang)
་ཡིན་པ་ཀུན་དུ་རྟོག་པ་ལས་གྲོལ་བའོ། །ཀུན་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བའོ། །ཕྱིན་ཅི་ལོག་ཏུ་འཛིན་པ་ལ་གནས་པ་ལས་
གྲོལ་བའོ། །དེས་ན་དེ་གྲོལ་བཞིན་དུ་སྐྱེའོ། །གྲོལ་བཞིན་དུ་འཆི་འཕོའོ། །གྲོལ་བཞིན་དུ་འབྱུང་ངོ་། །དེ་སྐྱེ་ཡང་ཐེག་པ་ཆེན་པོ་ལས་ཉམས་པ་མེད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཀྱང་ཕུན་སུམ་ཚོགས་སོ། །ཕྱོགས་བཅུར་སངས་རྒྱས་ཀྱི་ཆོས་དེ་དག་ཡོངས་སུ་ཚོལ་ཡང་
མི་རྙེད་མི་དམིགས་སོ། །དེས་སངས་རྒྱས་ཀྱི་ཆོས་རྣམས་དང་། ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་སུ་རྟོགས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་དང་ཆོས་ཐམས་ཅད་ཀྱང་ཆོས་མ་ཡིན་ལ་ཆོས་མ་ཡིན་པ་ཡང་མ་ཡིན་པར་ཁས་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་
ཐམས་ཅད་ནི་ཀུན་དུ་བཙལ་ན་ཡང་མི་རྙེད་དོ། །མི་དམིགས་སོ། །ཆོས་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཙལ་ན་མི་རྙེད་ཅིང་མི་དམིགས་པ་དེ་ལ་ནི་བགྲང་བ་གང་ཡང་མེད་དེ། ཆོས་ཐམས་ཅད་ནི་བགྲང་བའི་ལམ་ལས་ཡང་དག་པར་འདས་པའོ། །གང་ཆོས་ཐམས་
ཅད་མཉམ་པ་ཉིད་དུ་ཤེས་པ་དེ་ནི་ཆོས་སམ་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་མེད་དེ་མངོན་པར་ཞེན་པ་མེད་པ་ནི་ཆོས་རྣམས་ཀྱི་དོན་ཏོ། །དོན་ལ་རློམ་སེམས་སུ་བྱེད་པ་གང་ཡིན་པ་དེ་ཉིད་དེའི་གནོད་པ་ཆེན་པོར་འགྱུར་རོ། །གང་ཡང་རློམ་སེམས་མེད་པ་ལ་ནི་དོན་ནམ་དོན་མ་ཡིན་པ་
དེའི་མདུན་ན་མི་འདུག་གོ །དོན་དུ་མི་ལྟ་བའི་བློ་ནི་གང་དུ་ཡང་ཐོགས་པ་མེད་དོ། །དེ་ནི་བློ་ཐོགས་པ་མེད་པའོ། །གང་བློ་ཐོགས་པ་མེད་པ་དེ་ནི་ཆགས་པ་མེད་པའོ། །གང་ཆགས་པ་མེད་པ་དེ་ནི་རྒྱུན་ཆད་པ་མེད་པའོ། །གང་རྒྱུན་ཆད་པ་མེད་པ་དེ་ནི་ཉམས་པ་མེད་པའོ། །གང་
ཉམས་པ་མེད་པ་དེའི་བཙལ་བ་དོན་མེད་པར་མི་འགྱུར་རོ། །གང་གི་བཙལ་བ་དོན་མེད་པར་མི་འགྱུར་བ་དེ་ལ་སྐྱོན་མེད་དོ། །གང་ལ་སྐྱོན་མེད་པ་དེ་ལ་བདག་གི་བ་མེད་དོ། །གང་ལ་བདག་གི་བ་མེད་པ་དེ་ལ་ཡོངས་སུ་འཛིན་པ་མེད་དོ། །གང་ལ་ཡོངས་སུ་འཛིན་པ་མེད་པ་དེ་ལ་རྩོད་པ་མེད་དོ།

གང་ལ་རྩོད་པ་མེད་པ་དེ་ལ་འགྱེད་པ་མེད་དོ། །གང་ལ་འགྱེད་པ་མེད་པ་དེ་ནི་མི་རྩོད་པ་སྟེ་དགེ་སྦྱོང་གི་ཆོས་དང་ལྡན་པ་ཞེས་བྱའོ། །གང་དགེ་སྦྱོང་གི་ཆོས་དང་ལྡན་པ་དེ་ནམ་མཁའ་དང་ལག་མཐིལ་དུ་མཉམ་པའོ། །གང་ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་དེ་ནི་འདོད་པའི་ཁམས་སུ་
མི་གཏོགས། གཟུགས་ཀྱི་ཁམས་སུ་མི་གཏོགས། གཟུགས་མེད་པའི་ཁམས་སུ་མི་གཏོགས་སོ། །གང་ཐམས་ཅད་དུ་གཏོགས་པ་མ་ཡིན་པ་དེ་ལ་ནི་ཁ་དོག་མེད། རྟགས་མེད། དབྱིབས་མེད་དོ། །གང་ལ་ཁ་དོག་མེད། རྟགས་མེད། དབྱིབས་མེད་པ་དེ་ནི་དེ་འདྲ་བ་ཉིད་རྗེས་
སུ་རྟོགས་སོ། །དེ་ཅི་འདྲ་བ་རྗེས་སུ་རྟོགས་པ་དེ་འདྲ་བ་ཉིད་རབ་ཏུ་རྟོགས་སོ། །ཅིའི་ཕྱིར་རྗེས་སུ་རྟོགས་པ་དང་། རབ་ཏུ་རྟོགས་པ་ཞེས་བྱ་ཞེན། དེ་ལ་རྗེས་སུ་རྟོགས་པར་བྱ་བ་འམ། རབ་ཏུ་རྟོགས་པར་བྱ་བའི་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས་དེའི་ཕྱིར་རྗེས་སུ་རྟོགས་པ་དང་།
རབ་ཏུ་རྟོགས་པ་ཞེས་བྱ་སྟེ། ཞི་བའི་བློ་གྲོས་འདི་ཡང་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བའོ། །ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བ་ནི་གང་བྱམས་པ་ཡང་ཡིན་ལ། བདག་མེད་པ་ཉིད་ཀྱང་ཡིན། སྙིང་རྗེ་ཡང་ཡིན་ལ། སེམས་ཅན་མེད་པ་ཉིད་
ཀྱང་ཡིན། དགའ་བ་ཡང་ཡིན་ལ། སྲོག་མེད་པ་ཉིད་ཀྱང་ཡིན། བཏང་སྙོམས་ཀྱང་ཡིན་ལ། གང་ཟག་མེད་པ་ཉིད་ཀྱང་ཡིན། སྦྱིན་པ་ཡང་ཡིན་ལ། སེམས་དུལ་བ་ཉིད་ཀྱང་ཡིན། ཚུལ་ཁྲིམས་ཀྱང་ཡིན་ལ། སེམས་ཞི་བ་ཉིད་ཀྱང་ཡིན། བཟོད་པ་ཡང་ཡིན་ལ། སེམས་མི་ཟད་
པ་ཉིད་ཀྱང་ཡིན། བརྩོན་འགྲུས་ཀྱང་ཡིན་ལ། སེམས་དབེན་པ་ཉིད་ཀྱང་ཡིན། བསམ་གཏན་ཡང་ཡིན་ལ། སེམས་ངེས་པར་སེམས་པ་ཉིད་ཀྱང་ཡིན། ཤེས་རབ་ཀྱང་ཡིན་ལ། རྒྱུ་བ་མེད་པའི་སེམས་ཉིད་ཀྱང་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཡིན་ལ། དྲན་པ་ཡིད་ལ་བྱེད་པ་
མེད་པའི་སེམས་ཉིད་ཀྱང་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱང་ཡིན་ལ། ཡང་དག་པར་སེམས་མཉམ་པ་ཉིད་ཀྱང་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཡིན་ལ། སྤྲོས་པ་མེད་པའི་སེམས་ཉིད་ཀྱང་ཡིན། དད་པ་ཡང་ཡིན་ལ། ཆགས་པ་མེད་པའི་སེམས་ཉིད་ཀྱང་ཡིན།

བརྩོན་འགྲུས་ཀྱང་ཡིན་ལ། ལྷུན་གྱིས་གྲུབ་པའི་སེམས་ཉིད་ཀྱང་ཡིན། དྲན་པ་ཡང་ཡིན་ལ། རང་བྱུང་གི་སེམས་ཉིད་ཀྱང་ཡིན། ཏིང་ངེ་འཛིན་ཀྱང་ཡིན་ལ། མཉམ་པ་ཉིད་ཤེས་པའི་སེམས་ཉིད་ཀྱང་ཡིན། ཤེས་རབ་ཀྱི་དབང་པོ་ཡང་ཡིན་ལ། དབང་པོ་མེད་པའི་
སེམས་ཉིད་ཀྱང་ཡིན། དབང་པོ་རྣམས་ཀྱང་ཡིན་ལ། ཆོས་ཐམས་ཅད་ལ་དབང་པོ་མེད་པའི་སེམས་ཉིད་ཀྱང་ཡིན། སྟོབས་རྣམས་ཀྱང་ཡིན་ལ། མི་རྫི་བའི་སེམས་ཉིད་ཀྱང་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཡིན་ལ། བློས་རབ་ཏུ་འབྱེད་པའི་སེམས་ཉིད་ཀྱང་ཡིན། ལམ་
སྒོམ་པ་ཉིད་ཀྱང་ཡིན་ལ། སྒོམ་པ་མེད་པའི་སེམས་ཉིད་ཀྱང་ཡིན། ཞི་གནས་ཀྱང་ཡིན་ལ། སེམས་ཉེ་བར་ཞི་བ་ཉིད་ཀྱང་ཡིན། ལྷག་མཐོང་ཡང་ཡིན་ལ། རྗེས་སུ་མི་མཐོང་བའི་སེམས་ཉིད་ཀྱང་ཡིན། འཕགས་པའི་བདེན་པ་སྒོམ་པ་ཡང་ཡིན་ལ། ཤིན་ཏུ་ཡོངས་སུ་ཤེས་པའི་སེམས་
ཉིད་ཀྱང་ཡིན། སངས་རྒྱས་ཡིད་ལ་བྱེད་པ་ཡང་ཡིན་ལ། ཡིད་ལ་བྱེད་པ་མེད་པའི་སེམས་ཉིད་ཀྱང་ཡིན། ཆོས་ཡིད་ལ་བྱེད་པ་ཡང་ཡིན་ལ། །ཆོས་ཀྱི་དབྱིངས་སུ་མཉམ་པའི་སེམས་ཉིད་ཀྱང་ཡིན། དགེ་འདུན་ཡིད་ལ་བྱེད་པ་ཡང་ཡིན་ལ། མི་གནས་པའི་སེམས་ཉིད་ཀྱང་ཡིན། སེམས་
ཅན་ཡོངས་སུ་སྨིན་པར་ཡང་བྱེད་ལ། གཟོད་མ་ནས་དག་པའི་སེམས་ཉིད་ཀྱང་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པ་ཡང་ཡིན་ལ། ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་སེམས་ཉིད་ཀྱང་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་ཡིན་ལ། སེམས་ནམ་མཁའ་དང་མཉམ་
པ་ཉིད་ཀྱང་ཡིན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཡིན་ལ། མི་དམིགས་པའི་སེམས་ཉིད་ཀྱང་ཡིན། ཕྱིར་མི་ལྡོག་པའི་ས་ཡང་ཡིན་ལ། ལྡོག་པ་དང་འཇུག་པ་མེད་པའི་སེམས་ཉིད་ཀྱང་ཡིན། མཚན་རབ་ཏུ་ཐོབ་པ་ཡང་ཡིན་ལ། མཚན་མ་མེད་པའི་སེམས་ཉིད་ཀྱང་ཡིན།
བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཉིད་ཀྱང་ཡིན་ལ། ཁམས་གསུམ་གྱི་སྙིང་པོའི་སེམས་ཉིད་ཀྱང་ཡིན། བདུད་ཚར་གཅོད་པ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སེམས་ཉིད་ཀྱང་ཡིན། བྱང་ཆུབ་ཀྱང་ཡིན་ལ། ཆོས་ཐམས་ཅད་ནི་དངོས་པོ་མེད་པར་ཁོང་དུ་

ཆུད་པའི་སེམས་ཉིད་ཀྱང་ཡིན། ཆོས་ཀྱི་འཁོར་ལོ་སྐོར་བ་ཡང་ཡིན་ལ། མི་འཇུག་མི་ལྡོག་པའི་སེམས་ཉིད་ཀྱང་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་སྟོན་ལ། འཁོར་བའི་རང་བཞིན་དང་མཉམ་པའི་སེམས་ཉིད་ཀྱང་ཡིན་ཏེ། ཞི་བའི་བློ་གྲོས་འདི་ནི་བཟོད་པ་ཐོབ་པའི་
བྱང་ཆུབ་སེམས་དཔའ་སེམས་ཀྱི་གསང་བ་དང་། སེམས་ཀྱི་ལས་ཡོངས་སུ་དག་པའོ། །སེམས་དག་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་དག་པར་རྟོགས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བྱང་ཆུབ་ཀྱི་སེམས་དེ་རྗེས་སུ་ཞུགས་པ་ཡིན་ནོ། །བྱང་ཆུབ་ཀྱི་
སེམས་དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་སྣང་བར་གྱུར་པ་ཡིན་ནོ། །ཞི་བའི་བློ་གྲོས། འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་ནི་ཐམས་ཅད་ཀྱི་
རྗེས་སུ་སོང་བ་དང་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་ནོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའི་ལུས་དང་། ངག་དང་། སེམས་ཀྱི་གསང་བ་བསྟན་པ་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་ལས་སྟོང་ཕྲག་བདུན་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་བརྒྱད་སྟོང་ནི་ལེན་པ་
མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། སྟེང་གི་བར་སྣང་ལས་ཀྱང་མེ་ཏོག་གི་ཆར་མངོན་པར་བབ་བོ། །
མ་བསྐྱོད་པར་སིལ་སྙན་དང་རོལ་མོའི་སྒྲ་སྟོང་སྙེད་རབ་ཏུ་གྲག་པར་གྱུར་ཏེ། སིལ་སྙན་དང་རོལ་མོའི་སྒྲ་དེ་དག་ལས་ཀྱང་གང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བསྟན་པ་འདི་ཉན་པ་དང་། ཐོས་ནས་ཀྱང་འཛིན་ཅིང་མོས་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་

པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་ཀྱི་སེམས་ལ་རྨོངས་པ་མེད་པའི་བསམ་པ་དང་ལྡན་ཏེ། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་བ་མ་ཡིན་ནོ། །དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་
རིག་པར་བྱ་སྟེ། དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས་ཀྱི་ཚོགས་ཀྱིས་ཉེ་བར་བརྟན་པའོ། །སེམས་ཅན་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་པ་ཡིན་ཏེ་སེམས་ཅན་དེ་དག་ནི་ལུང་བསྟན་པའི་ས་ཐོབ་པར་འགྱུར་རོ་ཞེས་དེ་ལྟ་བུའི་སྒྲ་བྱུང་ངོ་། །བྱང་ཆུབ་སེམས་
དཔའི་སེམས་ཀྱི་གསང་བའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས། སིལ་སྙན་དང་། རོལ་མོའི་སྒྲ་ལས་འདི་ལྟ་བུའི་སྒྲ་བྱུང་བ་ཁྱོད་ཀྱིས་ཐོས་
སམ། གསོལ་པ། བཅོམ་ལྡན་འདས་ཐོས་ལགས་ཏེ་འདི་ལྟ་བུའི་སྒྲ་བྱུང་བ་དེ་སུའི་མཐུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་འདི་ནི་འཇིག་རྟེན་གྱི་ཁམས་སྤྲིན་ལྡན་ཞེས་བྱ་བ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་དབྱངས་རྒྱལ་པོ་ཞེས་བྱ་བའི་
དྲུང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་དབྱངས་བསྒྲགས་པ་ཞེས་བྱ་བ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པ་དང་། ལག་ན་རྡོ་རྗེས་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་མཉན་པ་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་འདི་དག་ལ་ཡང་བལྟ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སྒྲ་དབྱངས་བསྒྲགས་པ་ཞེས་བྱ་བ་དེ་ལུས་མི་སྣང་བར་སྟེང་གི་བར་སྣང་ལ་གནས་ནས་ང་དང་ཆོས་ཀྱི་རྣམ་གྲངས་འདི་ལ་
མཆོད་པའི་ཕྱིར་འདི་ལྟ་བུའི་མེ་ཏོག་གི་ཆར་མངོན་པར་འབེབས་ཤིང་སིལ་སྙན་དང་རོལ་མོའི་སྒྲ་ཡང་རབ་ཏུ་ཕྱུང་ནས་སིལ་སྙན་དང་རོལ་མོའི་སྒྲ་དེ་དག་ལས་སྒྲ་འདི་ལྟ་བུ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་གསུང་དེ་སྐད་བཀའ་སྩལ་ནས། རིང་པོ་མ་ལོན་པར་དེ་ནས་བྱང་ཆུབ་སེམས་

དཔའ་སྒྲ་དབྱངས་བསྒྲགས་པ་ཞེས་བྱ་བ་བར་སྣང་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་སྤྲིན་དབྱངས་རྒྱལ་པོས་བཅོམ་ལྡན་འདས་ལ་སྙུན་གསོལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། ཞེས་སྙུན་གསོལ་ལོ། །ཡང་བཅོམ་ལྡན་འདས་དེ་འདི་སྐད་དུ། འདི་ལྟ་
སྟེ་སངས་རྒྱས་ཀྱི་མཐུས། གསང་བ་པའི་བདག་པོས་བསྟན་པ་ཆེན་པོ་འདི་བསྟན་ཏོ་ཞེས་གསུང་ངོ་། །བཅོམ་ལྡན་འདས་འདི་འདྲ་བའི་སྤྱོད་པས་སངས་རྒྱས་ཀྱི་ཆོས་ཚད་མ་མཆིས་པ་ཐོབ་པར་རྔོ་ཐོག་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྒྲ་དབྱངས་
བསྒྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ལེགས་པར་འོངས་སོ། །ཁྱོད་འདིར་འོངས་པ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ལེའུ་གསང་བ་པའི་བདག་པོ་ལས་ཐོས་པར་འགྱུར་རོ། །སྒྲ་དབྱངས་བསྒྲགས་པ་འོངས་
པའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །།དེ་ནས་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། གསང་བ་པའི་བདག་པོ་འདིས་དགེ་བའི་རྩ་བ་གང་དུ་བསྐྱེད། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་འདིས་བསྙེན་བཀུར་བྱས། འདིས་
སྨོན་ལམ་ཅི་འདྲ་བ་ཞིག་བཏབ་ན་གང་གི་ཕྱིར་འདི་འདྲ་བའི་སྤོབས་པ་དང་ལྡན་པར་གྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་
པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆེན་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་
པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཞི་བའི་བློ་གྲོས་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་དེ་ཡང་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། ལྷ་དང་མི་མང་པོས་གང་བ། ལག་མཐིལ་ལྟར་མཉམ་པར་གྱུར་པ། གསེག་མ་དང་གྱོ་མོ་མེད་པ། རྩྭ་དག་དེར་སྐྱེས་པ་
ཡང་འཇམ་པ་གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་གཡུང་དྲུང་འཁྱིལ་བར་གཡས་སུ་འཁྱིལ་པ། ཁ་དོག་དང་ལྡན་པ། དྲི་དང་ལྡན་པ། ཡིད་དུ་འོང་བ། གོམ་པ་བོར་ན་སོར་བཞི་ཐུར་དུ་དམའ་བ། རྐང་པ་བཏེག་ན་སོར་བཞི་གྱེན་དུ་མཐོ་བ། ཧ་ཅང་ཡང་མི་
གྲང་། ཧ་ཅང་ཡང་མི་ཚ་བའི་རླུང་ཆུང་ངུ་བསིལ་བ། འདོད་པ་དང་འཐུན་པར་ལྡང་བའོ། །ས་ཆེན་པོ་དེ་ཡང་བཻ་དཱུརྱ་སྔོན་པོས་བརྒྱན་པའོ། །སེམས་ཅན་དེ་རྣམས་ཀྱང་རྣམ་པ་བཟང་ཞིང་མཁས་པ་དང་ལྡན་པར་གྱུར་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ། ཉོན་མོངས་པ་
ཐམས་ཅད་ཆུང་བ། ལེགས་པར་བཤད་པའི་དོན་ཀུན་ཤེས་པར་བྱེད་ནུས་པའི་མཐུ་དང་ལྡན་པ་ཤ་སྟག་གོ །བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་སློང་གི་དགེ་འདུན་ནི་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དོ། །
བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་ཡོད་དོ། །དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཐུབ་བོ། །མི་རྣམས་ཀྱང་དུས་མ་ཡིན་པར་བློ་བུར་དུ་འཆི་བ་མེད་དོ། །ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་རྣམ་པར་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ན། མཛེས་པར་
སྣང་བ་ཞེས་བྱ་བ་གླིང་བཞི་པའི་འཇིག་རྟེན་བར་མ་རབ་ཏུ་འབྱོར་བ། རྒྱས་པ། བདེ་བ། རབ་ཏུ་ལོ་ལེགས་པ། ཡངས་ཤིང་ཐ་གྲུ་ཆེ་བ་བྱུང་སྟེ། གླིང་བཞི་པ་རེ་རེ་ཡང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བཞི་སྟོང་པར་གྱུར་ཏོ། །དེར་གྲོང་ཁྱེར་ཆེན་པོ་ཡང་བར་བར་ན་དཔག་ཚད་གཅིག་

ཡོད་པ། གྲོང་དང་། ཚོང་འདུས་དང་། རི་ཁྲོད་སྟོང་གིས་བསྐོར་བ་བྱུང་ངོ་། །ཞི་བའི་བློ་གྲོས་གླིང་བཞི་པ་མཛེས་པར་སྣང་བ་དེའི་དབུས་ན་ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བ་ཡངས་ཤིང་རྒྱ་ཆེ་བ། བྱང་དང་ལྷོར་ནི་དཔག་ཚད་དྲུག་ཅུ་རྩ་བཞི། ཤར་དང་ནུབ་ཏུ་ནི་
དཔག་ཚད་བཞི་བཅུ་རྩ་གཉིས་ཡོད་པ། སྐྱེད་མོས་ཚལ་ཁྲིས་རབ་ཏུ་བརྒྱན་པ། གྲོང་དང་། ཚོང་འདུས་དང་། རི་ཁྲོད་ཁྲིས་ཀུན་ནས་བསྐོར་བ་ཡོད་དོ། །ཞི་བའི་བློ་གྲོས་རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་ཅན་ཞེས་བྱ་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་རིན་
པོ་ཆེ་སྣ་བདུན་དང་ལྡན་པ། གླིང་བཞི་ལ་དབང་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས་ཀྱི་གཟི་བརྗིད་ཀྱིས་གཟི་དང་ལྡན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་བྱུང་ངོ་། །ཞི་བའི་བློ་གྲོས་རྒྱལ་
པོ་ཡུལ་འཁོར་སྲུང་གི་གྲོང་ཁྱེར་གྱི་དབུས་ན་ཁང་པ་རྒྱ་ཆེ་ཞིང་ཡངས་པ་ཆུ་ཞེང་དུ་དཔག་ཚད་བཅུ་དྲུག་ཡོད་པ་རིན་པོ་ཆེ་སྣ་བདུན་གྱི་ར་བ་རིམ་བདུན་དང་། རྟ་བབས་དང་། དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་གྱིས་ཀུན་ནས་བསྐོར་བ་བརྩིགས་སོ། །ར་བའི་ནང་ན་སྐྱེད་མོས་ཚལ་ཆེན་
པོ་བཞི་བྱས་ཏེ། འདི་ལྟ་སྟེ། མེ་ཏོག་སྣ་ཚོགས་ཞེས་བྱ་བའི་སྐྱེད་མོས་ཚལ་ཆེན་པོ་དང་། ཡོན་ཏན་གྱིས་མངོན་པར་དགའ་བ་ཞེས་བྱ་བ་དང་། རྨ་བྱས་མངོན་པར་དགའ་བ་ཞེས་བྱ་བ་དང་། དུས་ཀྱི་བདེ་བ་ཞེས་བྱ་བའོ། །རྫིང་ཁྱོན་དཔག་ཚད་ཕྱེད་པ་རིན་པོ་ཆེའི་ཁ་ཁྱེར་གྱིས་
བསྐོར་བ་འཛམ་བུ་ཆུ་བོའི་གསེར་གྱི་གླེགས་མའི་འབབ་སྟེགས་ཅན། གསེར་གྱི་བྱེ་མ་བདལ་བ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། རིན་པོ་ཆེའི་པད་མས་ཀུན་ནས་ཁེབས་པ། ངང་བ་དང་། ཆུ་སྐྱར་དང་། བྱ་གག་དང་། ངུར་པ་དག་སྒྲ་འབྱིན་པ་བཞི་བྱས་ཏེ། འདི་
ལྟ་སྟེ་དགའ་བ་ཞེས་བྱ་བ་དང་། དགའ་མཆོག་ཅེས་བྱ་བ་དང་། སྤོས་མཆོག་ཅེས་བྱ་བ་དང་། ཆུ་རྒྱུན་རྗེས་སུ་འབབ་པ་ཞེས་བྱ་བའོ། །ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གི་བཙུན་མོའི་འཁོར་བདུན་འབུམ་ཡོད་དེ་ཐམས་ཅད་ཀྱང་མཚན་དང་ལྡན་པའི་ན་ཆུང་བུད་མེད་རིན་པོ་ཆེའི་ལོངས་

སྤྱོད་དང་འདྲ་བ་ཤ་སྟག་གོ །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་ཞུགས་པར་གྱུར་པ་དག་གོ །དེ་ལ་བུ་སྟོང་དུ་ཚང་བ་ཡོད་དེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་
སྡེ་རབ་ཏུ་འཇོམས་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་བརྒྱན་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་གོ །ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་
གཤེགས་པ་དེ་རྣམ་པར་དག་པ་དང་ལྡན་པའི་རྒྱལ་པོའི་ཕོ་བྲང་འཁོར་དུ་རྟེན་ཅིང་བཞུགས་ཏེ། རྒྱལ་པོ་དང་། རྒྱལ་པོའི་བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་རྡལ་བ་དང་། ཡུལ་འཁོར་གྱི་མིས་བསྟི་སྟང་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ། །
ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གིས་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དེ་ལ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ལོ་བྱེ་བ་ཚང་བར་ཡིད་དུ་འོང་བའི་བཟའ་བ་དང་། བཏུང་བ་དང་། ན་བཟའ་དང་། གཙུག་ལག་ཁང་
དང་། འཆག་སའི་ལོངས་སྤྱོད་ཀྱིས་བསྙེན་བཀུར་བྱས་ཏེ། དགེ་སློང་རེ་རེ་ལ་ཡང་རིམ་གྲོ་བྱ་བ་དང་སྤྱོད་པའི་ཕྱིར་གཡོག་གསུམ་གསུམ་ཕུལ་ལོ། །ཞི་བའི་བློ་གྲོས་རྒྱལ་བུ་གཞོན་ནུ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་བསྟི་སྟང་བྱ་བ་དང་། མཆོད་པ་བྱ་བར་མོས་པ་དང་། ཆོས་མཉན་
པ་དོན་དུ་གཉེར་བས་བག་ཡོད་པར་གྱུར་ཏེ། འདོད་པའི་ཡོན་ཏན་དོན་དུ་མི་གཉེར་རོ། །དེ་དག་བག་ཡོད་ཅིང་དམ་པའི་ཆོས་ཉན་པ་དང་། སེམས་ཀྱིས་ངེས་པར་སེམས་པས་རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ། །དེ་དག་བསྐྱེད་ནས་སྟེང་གི་བར་སྣང་ལས་ངང་པའི་རྒྱལ་པོ་
བཞིན་དུ་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དང་། ཚོང་འདུས་ནས་ཚོང་འདུས་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཐར་གྱིས་རྒྱུ་ཞིང་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་པར་འགྱུར། །མིར་སྐྱེ་བ་ཡང་

ཤིན་ཏུ་དཀའ་བ་རྙེད། །གྲོགས་པོ་གང་དག་དད་དང་ཆོས་མཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །མི་དབང་རྒྱལ་པོ་དེ་ནི་ད་བྱུང་སྟེ། །རབ་ཏུ་ཞི་བར་འགྲོ་བའི་ཆོས་སྟོན་གྱིས། །བདེ་བར་གཤེགས་པ་དེ་ཡི་དྲུང་དུ་དེང་། །ཆོས་ཐོས་ནས་ནི་བདེ་འགྲོར་འགྲོ་བར་གྱིས། །
ཆོས་ཐོས་པས་ནི་ངན་འགྲོ་རྣམ་པར་སྤོང་། །ཆོས་ཐོས་པས་ནི་བཟང་འགྲོར་འགྲོ་བར་འགྱུར། །ཆོས་ཐོས་པས་ནི་ཉོན་མོངས་རྣམས་ཀྱང་ཞི། །བསིལ་བའི་དངོས་པོ་དམ་པ་ཐོབ་པར་འགྱུར། །དེ་དག་ཚིགས་བཅད་འདི་དག་རབ་བརྗོད་པས། །ས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །ལྷ་
རྣམས་ཨ་ལ་ལ་ཞེས་ལན་བརྒྱ་སྨྲ། །ལྷ་ཡི་མེ་ཏོག་ཡིད་འོང་ཆར་དུ་བབ། །སྟོན་པ་བལྟ་ཕྱིར་གང་དག་བསྐུལ་བ་རྣམས། །རྐང་གཉིས་མཆོག་གི་ཞབས་ལ་ཕྱག་འཚལ་ནས། །དེ་དག་ཐལ་སྦྱར་གུས་བཅས་འཁོད་གྱུར་པ། །དེ་དག་བགྲང་བས་དཔག་པར་མི་ནུས་སོ། །རྒྱལ་བས་
དེ་དག་རྣམས་ཀྱི་བསམ་མཁྱེན་ནས། །དེ་དང་འཐུན་པའི་ཆོས་ནི་རབ་ཏུ་བཤད། །བདེ་བར་གཤེགས་ལས་ཆོས་ཐོས་བྱེ་བ་ཕྲག །སུམ་ཅུ་རྩ་དྲུག་བྱང་ཆུབ་མཆོག་ལ་ཞུགས། །བྱེ་བ་བརྒྱ་ཕྲག་གསུམ་ཚང་མི་ཉུང་བ། །དེ་དག་ཆོས་མཆོག་མིག་ནི་རྣམ་པར་དག །སྲིད་པར་ཀུན་ཏུ་ཡིད་བྱུང་
སེམས་གྱུར་ནས། །དེ་དག་དེར་ནི་བསྟན་འདིར་རབ་ཏུ་བྱུང་། །གཞན་ཡང་བྱེ་བ་ཁྲག་ཁྲིག་དེ་ཉིད་དུ། །བསླབ་པ་བཟུང་ཞིང་དེ་བཞིན་གསོ་སྦྱོང་བླངས། །སྟོན་ལ་མཆོད་པ་བྱས་ཤིང་ཆོས་མཉན་ནས། །དེ་དག་སླར་ཡང་རང་གི་གནས་སུ་དོང་། །ཞི་བའི་བློ་གྲོས་དེ་ལྟར་རྒྱལ་བུ་གཞོན་ནུ་དེ་དག་གིས་
ཕ་ཡུལ་འཁོར་སྲུང་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་རྒྱ་ཆེ་ཞིང་ཡངས་པ། བཀོད་པས་ལེགས་པར་བརྒྱན་པ། བ་གམ་དང་། རྣམ་པར་རྒྱལ་བའི་བ་དན་དང་། རྟ་བབས་དང་། ཁ་ཁྱེར་གྱིས་བསྐོར་བ་ཞིག་བྱས་ཏེ་འཛམ་བུའི་གླིང་རིལ་གྱིས་ཀྱང་
ཙན་དན་སྦྲུལ་གྱི་སྙིང་པོ་སྲང་ཕྱེད་ཀྱི་རིན་དུ་མི་ཆོག་པ་དེ་ལྟ་བུའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་རྒྱ་ཆེ་ཞིང་ཡངས་པ། ཆུ་ཞེང་དུ་དཔག་ཚད་བཅུ་ཡོད་པ། རྣམ་པར་བཀྲ་བ། བལྟ་ན་སྡུག་པ། ཀ་བ་བཞི་ཟུག་པ། ཆ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ་ཞིག་བྱས་པར་གྱུར་ཏོ། །

དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་དེ་ནམ་བཅོམ་ལྡན་འདས་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འགྲོ་བར་འདོད་པ་དེའི་ཚེ་ཕ་རྒྱལ་པོ་ཡུལ་འཁོར་སྲུང་དང་། རྒྱལ་བུ་གཞོན་ནུ་དེ་རྣམས་དང་། བཙུན་
མོའི་འཁོར་དང་། གཡོག་དང་བཅས་པ་དང་། གཉེན་གྱི་འཁོར་དང་བཅས་ཏེ་ཁང་པ་བརྩེགས་པ་དེར་ཞུགས་ནས། པད་མ་བཀོད་པའི་སེང་གེའི་ཁྲི་ལ་འདུག་སྟེ། བླ་མར་བྱ་བ་ཆེན་པོ་དང་། བསྟི་སྟང་དང་། རི་མོར་བྱ་བ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་།
ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་དབྱངས་ལེན་པའི་མཆོད་པ་དམ་པ་དང་ཆས་ནས་ཁང་པ་བརྩེགས་པ་དེ་རིན་པོ་ཆེའི་དྲ་བས་རབ་ཏུ་གཡོགས་ཏེ། ཐམས་ཅད་
དང་ལྷན་ཅིག་ཏུ་འདུས་ནས་ཁང་པ་བརྩེགས་པ་དེ་སྤྲུལ་ཏེ། སྟེང་གི་ནམ་མཁའ་བར་སྣང་ལ་ངང་པའི་རྒྱལ་པོ་ལྟར་ཐོགས་པ་མེད་པར་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་ཁང་པ་བརྩེགས་པ་དེ་ས་
ལ་བཞག་སྟེ། བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་དགེ་སློང་གི་དགེ་འདུན་ལ་ཡང་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །རྒྱལ་པོ་ཡུལ་འཁོར་སྲུང་གི་བཙུན་མོའི་འཁོར་དང་། གཉེན་གྱི་འཁོར་ཀྱང་ཁང་པ་
བརྩེགས་པ་དེ་ལས་བབས་ནས་བཅོམ་ལྡན་འདས་དེའི་ཞབས་གཉིས་དང་། དགེ་སློང་གི་དགེ་འདུན་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཙུན་མོའི་འཁོར་དང་། གཉེན་གྱི་འཁོར་དུ་བཅས་ཏེ་འདུག་གོ །
བམ་པོ་གསུམ་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོས་རྒྱལ་པོ་ཡུལ་འཁོར་སྲུང་ཆོས་མཉན་པའི་ཕྱིར་འོངས་པར་མཁྱེན་ནས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་

བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་དོ། །དེ་ལ་བཅོམ་ལྡན་འདས་དེའི་ཆོས་ཀྱི་གཏམ་ནི་འདི་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་
འགྱུར་བའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་དད་པ་ནི་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ། །དད་པ་དེ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་བྱ་བ་མ་ཡིན་པ་མི་བྱེད་པའོ། །རྒྱལ་པོ་ཆེན་པོ་གུས་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ།
གུས་པ་གང་གིས་འཕགས་པ་རྣམས་ཀྱི་ལེགས་པར་བཤད་པ་རྣམས་གུས་པར་ཉན་པ་དང་། རྣབ་བླགས་ཏེ་ཆོས་ཉན་པའོ། །རྒྱལ་པོ་ཆེན་པོ་ང་རྒྱལ་མེད་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། ང་རྒྱལ་མེད་པ་གང་གིས་འཕགས་པ་རྣམས་ལ་མངོན་པར་འདུད་པ་དང་། རབ་ཏུ་འདུད་
པ་དང་། ཕྱག་འཚལ་བའོ། །རྒྱལ་པོ་ཆེན་པོ་བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ་བརྩོན་འགྲུས་གང་གིས་ལུས་ཡང་བ་དང་། སེམས་ཡང་བ་འཐོབ་པ་དང་། བྱ་བ་ཐམས་ཅད་ཀྱང་ཉམས་འོག་ཏུ་ཆུད་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་
ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ། །རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་འགྱོད་པ་མེད་པ་དང་། བག་ཡོད་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །བཞི་གང་ཞེ་ན།
དབང་པོ་སྡོམ་པ་དང་། འདོད་པ་རྣམས་ལ་སྐྱོན་དུ་ལྟ་བ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ལ་ངེས་པར་སེམས་པ་ནི་སྲོག་གི་དབང་པོའི་དམ་པ་སྟེ། །རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་
འགྱོད་པ་མེད་པ་དང་། བག་ཡོད་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །རྒྱལ་པོ་ཆེན་པོ་ཆོས་བཞི་དང་ལྡན་ན་རྒྱལ་པོ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་རྗེས་སུ་མི་གཏོང་བ་དང་། གཞན་དག་ཀྱང་བྱང་ཆུབ་ལ་ཡང་དག་པར་འཛུད་པ་དང་

དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་སྔོ་བ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་མཐོང་ངམ་ཐོས་ན་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་མོས་པ་མ་གཏོགས་པར་ལྷ་དང་། མི་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་ཉིད་ལ་མངོན་པར་དགའ་བ་མ་ཡིན་པ་
སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྒྱལ་པོ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་རྟག་པར་བག་ཡོད་པར་བྱ་བ་དང་། དད་པ་དང་དང་བ་མང་བ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དང་མོས་པར་བྱའོ། །
ཁྱོད་ཆོས་ཡོངས་སུ་བཙལ་བ་ལ་བརྩོན་པ་དང་། ཆོས་འདོད་པར་བྱའི་ཡུལ་ལ་ཆགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་ལ་ཆོག་པ་མེད་པའི་ཕྱིར་ཏེ། གང་དག་འཕགས་པའི་ཤེས་རབ་ཀྱིས་ངོམས་པ་དེ་དག་ནི་ངོམས་པའོ། །རྒྱལ་པོ་ཆེན་པོ་
མི་རྣམས་ཀྱི་སྲོག་ནི་ཐུང་བ་ཚེའི་ཚད་ཀྱང་ཐུང་བ་སྟེ། ཚེ་རབས་འཕོ་བར་འགྲོ་བ་ཡིན་གྱིས། ཁྱོད་འཇིག་རྟེན་ཕ་རོལ་ལ་འཇིགས་པར་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱས་པའི་དགེ་བའི་རྩ་བ་དེ་ཁྱོད་ཀྱིས་ཡོངས་སུ་བསྔོ་
བ་བཞིས་ཡོངས་སུ་བསྔོ་བར་བྱའོ། །བཞི་གང་ཞེ་ན། ལོངས་སྤྱོད་མི་ཟད་པ་དང་། ཆོས་མི་ཟད་པ་དང་། སྤོབས་པ་མི་ཟད་པ་དང་། ཡེ་ཤེས་མི་ཟད་པ་སྟེ་བཞི་པོ་དེ་དག་གོ །གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་ལུས་ཡོངས་སུ་དག་པ་དང་། ཐོས་པའི་
ཚོགས་ཀྱིས་ངག་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཚོགས་ཀྱིས་སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་ཤེས་རབ་ཡོངས་སུ་དག་པ་སྟེ་བཞི་པོ་དེ་དག་གོ །གཞན་ཡང་བཞི་སྟེ། །བཞི་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཐབས་ཡོངས་སུ་རྫོགས་པ་དང་།
བདུད་ཚར་གཅོད་པས་ཤེས་རབ་ཡོངས་སུ་རྫོགས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པས་སྨོན་ལམ་ཡོངས་སུ་རྫོགས་པ་དང་། སངས་རྒྱས་མཐོང་བ་དང་ཕྲད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡུལ་འཁོར་སྲུང་ལ་

ཆོས་ཀྱི་གཏམ་དེས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་པས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རིན་ཐང་མེད་པའི་མུ་ཏིག་གི་དོ་ཤལ་གྱིས་དེ་
བཞིན་གཤེགས་པ་ལ་མཆོད་པ་བྱས་སོ། །ཡོངས་སུ་ལོངས་སྤྱད་པར་བྱ་བའི་ཕྱིར་རྒྱལ་སྲིད་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ལོ། །ཇི་སྲིད་འཚོའི་བར་དུ་ལྔ་པ་ཚངས་པར་སྤྱོད་པ་དང་། བསླབ་པའི་གཞི་རྣམས་མནོས་སོ། །བཙུན་མོའི་འཁོར་དེ་ཐམས་ཅད་ཀྱང་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ལྔ་པ་ཚངས་པར་སྤྱོད་པ་དང་། བསླབ་པའི་གཞི་རྣམས་ཀྱང་མནོས་སོ། །རྒྱལ་པོའི་བཙུན་མོའི་འཁོར་ཀྱང་བཅོམ་ལྡན་འདས་ལས་ཆོས་ཀྱི་གཏམ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་
དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། གོས་དང་རྒྱན་ཅི་ཐོགས་པ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་གསོལ་བར་གྱུར་ཏོ། །མངོན་པར་གསོལ་ནས་ཀྱང་ཇི་སྲིད་འཚོའི་བར་དུ་ལྔ་པ་ཚངས་པར་སྤྱོད་པ་དང་བསླབ་པའི་གཞི་རྣམས་མནོས་སོ། །ཞི་བའི་བློ་གྲོས་དེ་ལྟར་རྒྱལ་པོ་
ཡུལ་འཁོར་སྲུང་ཆོས་ཀྱི་རྙེད་པ་ཕུན་སུམ་ཚོགས་པས་རྙེད་པ་ཆེན་པོ་དང་ལྡན་ནས་བཙུན་མོའི་འཁོར་དང་བཅས། གཉེན་གྱི་འཁོར་དང་བཅས་ཤིང་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་དེའི་ཞབས་གཉིས་དང་། དགེ་སློང་གི་དགེ་འདུན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ལན་
གསུམ་བསྐོར་བ་བྱས་ཏེ། སྟེང་གི་བར་སྣང་གི་ནམ་མཁའ་ལས་ཁང་པ་བརྩེགས་པ་དེ་ཉིད་ནས་རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་ཅན་དུ་སླར་འཁོར་ནས་རང་གི་ཁྱིམ་དུ་ཕྱིན་ཏོ། །ཞི་བའི་བློ་གྲོས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་དུས་གཞན་ཞིག་ན་ཟླ་བ་ཉ་བའི་ཚེ་མེ་ཏོག་སྣ་ཚོགས་ཞེས་
བྱ་བའི་སྐྱེད་མོས་ཚལ་གྱི་ས་བཟང་པོ་བལྟ་བའི་ཕྱིར་སོང་ནས། དེ་སྐྱེད་མོས་ཚལ་ཆེན་པོ་དེ་ན་གནས་ཤིང་སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་རབ་ཏུ་ལེན་པ་དང་། རྩེ་བའི་དམ་པས་རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །ཆུང་མ་དམ་པ་མ་སྨད་པ་ཞེས་བྱ་བ་དང་། དཔེ་

མེད་མ་ཞེས་བྱ་བ་དེ་གཉིས་རྫིང་དགའ་བ་ཞེས་བྱ་བར་ཁྲུས་བྱས་ཏེ་སྤོས་ཆུས་གོས་བརླན་ནས་སེང་གེའི་ཁྲི་པད་མའི་འབྱུང་གནས་བཟང་པོ་ལ་འདུག་གོ །དེ་གཉིས་དེར་འདུག་པའི་པང་པ་ནས་རྒྱལ་བུ་གཞོན་ནུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་
བཟང་པོ་རྒྱས་པ། མཆོག་དང་ལྡན་པ་གཉིས་སྐྱིལ་མོ་ཀྲུང་བཅས་པར་རྫུས་ཏེ་བྱུང་ངོ་། །དེ་ནས་སྐད་ཅིག་དེ་ཉིད་ལ་སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་ཀྱེ་མ་ཁྱེའུ་འདི་ནི་ཆོས་སེམས་པའོ། །ཀྱེ་མ་ཁྱེའུ་འདི་ནི་ཆོས་ཀྱི་བློ་གྲོས་སོ་ཞེས་སྒྲ་བྱུང་ངོ་། །ཞི་བའི་བློ་གྲོས་དེ་ལྟར་འཇིག་རྟེན་དུ་ཁྱེའུ་
དེ་གཉིས་ཆོས་སེམས་པ་དང་། ཆོས་ཀྱི་བློ་གྲོས་ཞེས་བྱ་བའི་མིང་དུ་གྱུར་ཏོ། །དེ་ལ་ཁྱེའུ་ཆོས་སེམས་པ་ནི་བཙུན་མོ་མ་སྨད་པའི་པང་པ་ནས་བྱུང་ངོ་། །ཆོས་ཀྱི་བློ་གྲོས་ནི་བཙུན་མོ་དཔེ་མེད་མའི་བང་པ་ནས་བྱུང་ངོ་། །ཁྱེའུ་དེ་གཉིས་བྱུང་མ་ཐག་ཏུ་སྐྱིལ་མོ་ཀྲུང་མ་ཉམས་པར་གཉིས་ཀས་
ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་དག་བྱང་ཆུབ་ཏུ་ནི་སེམས་སྐྱེད་ཅིང་། །འཇིག་རྟེན་མགོན་པོ་ཡུལ་དུ་བྱུང་བ་ལ། །རབ་ཏུ་དང་བའི་སེམས་ཀྱིས་ཕྱག་འཚལ་བ། །དེ་དག་རྙེད་པ་རབ་རྙེད་གྲོགས་པོ་དག །གང་ཞིག་བྱང་ཆུབ་སེམས་ནི་མ་བརྗེད་པ། །དེ་ནི་སྲིད་པའི་རྒྱ་མཚོའི་
གཏིང་ནས་ཕྱིན། །འཁོར་བའི་འཁོར་ལོ་ལས་ནི་ཡིད་ཀྱང་ལོག །སེམས་ཅན་རྒྱ་ཆེན་རྣམས་ཀྱིས་ལེགས་པར་གཟུང་། །སྟེང་གི་ཕྱོགས་ན་ཡན་ལག་མ་སྨད་པ། །འདྲེན་པ་མཚན་ནི་དུས་དཔོག་རྒྱལ་པོ་སྟེ། །དེ་ནས་བདག་ཅག་ཆོས་དོན་གཉེར་བ་དང་། །འཇིག་མགོན་ཡོན་ཏན་འབྱུང་གནས་
བལྟ་ཕྱིར་མཆིས། །ཁྱེའུ་དེ་གཉིས་ཀྱིས་སྐྱིལ་མོ་ཀྲུང་བཤིག་ནས། །དེ་ཡི་ཚེ་ནམ་ཡི་པང་ནས་བབས། །ཡུལ་འཁོར་སྲུང་པོ་ག་ལར་དེ་གཉིས་དོང་། །རྐང་པར་ཕྱག་འཚལ་ཐལ་མོ་སྦྱར་ཏེ་འདུག །ཡབ་ཅིག་བདག་ཅག་མཆི་བ་གསན་དུ་གསོལ། །བསྐལ་བ་བྱེ་བར་ཆོས་རྙེད་རབ་ཏུ་
དཀའ། །དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་པར། །མཁས་པ་དག་ནི་གཞར་ཡང་མི་གཏོང་ངོ་། །སངས་རྒྱས་འབྱུང་བ་རྟག་ཏུ་རབ་རྙེད་དཀའ། །ཕ་མ་དག་ནི་ཆོས་ལ་གནས་པ་དང་། །དལ་བ་འབྱོར་དང་ཆོས་འདོད་གྲོགས་པོ་དང་། །འཐུན་པར་གནས་དང་བསྟན་ལ་དད་རབ་དཀོན། །

འདུན་དང་བརྩོན་འགྲུས་དེ་བཞིན་བག་ཡོད་དང་། །རབ་ཏུ་བྱུང་ཐོབ་རྟག་ཏུ་ཤེས་བཞིན་ཅན། །ཕན་པའི་དངོས་དང་མཉེན་དང་མ་ཁེངས་དང་། །ངོ་ཚ་ཁྲེལ་ཡོད་ཐོས་དང་ཚུལ་ཁྲིམས་བཟང་། །ཞི་དུལ་སྲོག་ཆགས་རྣམས་ལ་སྙིང་རྗེ་བྱམས། །ཟབ་མོའི་ཆོས་ལ་ཆོས་ཀྱི་བཟོད་ལྡན་དང་། །
བརྩོན་འགྲུས་མཐུ་དང་སེམས་ནི་མ་ཞུམ་དང་། །བསྡུ་བས་སེམས་ཅན་ཡོངས་སུ་སྨིན་བྱེད་དང་། །སེམས་ལས་རུང་ཞིང་དབེན་པར་གནས་པ་དང་། །ལུས་དང་དེ་བཞིན་སྲོག་ལ་མི་ལྟ་དང་། །མགོ་དང་གོས་ལ་འབར་ལྟར་ཆོས་སེམས་པ། །དེ་དག་སངས་རྒྱས་ཡོན་ཏན་དེ་འདྲ་འཐོབ། །
བདག་ཅག་ཆོས་མཆོག་གང་དག་རབ་བརྗོད་པ། །ཆོས་མཆོག་དེ་དག་ཡབ་གཅིག་རབ་རྙེད་དཀའ། །ཆོས་རྣམས་དེ་དག་དོན་དུ་བདག་ཅག་ལྷགས། །ང་ནི་རྒྱལ་བའི་དྲུང་དུ་བཞུད་པར་བགྱི། །དཀར་པོའི་ཆོས་རྣམས་ཀྱིས་ནི་ཡོངས་ཟིན་ཅིང་། །སྐད་ཅིག་གིས་ནི་མངོན་ཤེས་ལྔ་
ཐོབ་པ། །རྗེས་སུ་དྲན་པ་སྒོམ་ཞིང་ཡེ་ཤེས་ཅན། །བྱང་ཆུབ་སེམས་དཔའ་མཁས་པ་དེ་གཉིས་དོང་། །རྒྱལ་པོ་བུ་དང་བཅས་ཤིང་བུད་མེད་བཅས། །བྱང་ཆུབ་སེམས་དཔའ་མངོན་ཤེས་ཐོབ་མཁས་གཉིས། །སྟོན་པ་ཡོན་ཏན་རྒྱལ་མཆོག་ག་ལ་བར། །ནམ་མཁའ་ལས་ནི་
དེར་ཡང་མངོན་དུ་དོང་། །དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། །ཐམས་ཅད་འདུས་ནས་གུས་དང་བཅས་པར་གནས། །དེ་ནས་རྒྱལ་སྲས་ཆོས་ཀྱི་བློ་གྲོས་སྨྲས། །བྱང་ཆུབ་ལམ་དེ་བདག་ཅག་བཤད་དུ་གསོལ། །རྒྱལ་བས་དེ་དག་རྣམས་ཀྱི་བསམ་མཁྱེན་ནས། །
ཟབ་མོའི་ཆོས་ཀྱི་གཏམ་ནི་རབ་གསུངས་པ། །ཆོས་རྣམས་འདི་དག་བརྟེན་ནས་བྱུང་བ་སྟེ། །བདག་པོ་མེད་ཅིང་བྱེད་པ་པོ་དང་བྲལ། །ནམ་ཡང་སྟོང་ཞིང་ཕྱི་རོལ་རྒྱུ་བ་མེད། །ཆོས་རྣམས་འདི་དག་གསོག་དང་གསོབ་ཡིན་ཏེ། །ལྟ་དང་བྱ་བ་དག་ཅིང་གཡོ་བ་མེད། །ནམ་མཁའ་ལྟ་
བུར་རྟག་ཏུ་གཟུང་དུ་མེད། །བདེ་བར་གཤེགས་པས་ཆོས་གཏམ་རྣམ་དག་པ། །རྣམ་པ་མང་པོ་དེ་དག་རྣམས་ལ་བཤད། །བྱེ་བ་ཕྲག་གསུམ་ཁྲག་ཁྲིག་བདུན་ཅུ་དྲུག །མི་སྐྱེ་བཟོད་པ་རྗེས་སུ་ཐོབ་པར་གྱུར། །ཞི་བའི་བློ་གྲོས་དེ་ལྟར་བཅོམ་ལྡན་འདས་དེ་ལ་རྒྱལ་པོ་ཡུལ་

འཁོར་སྲུང་གིས་ཞག་བདུན་གྱི་བར་དུ་མཆོད་པ་བྱས་ནས་བཙུན་མོའི་འཁོར་དང་བཅས། གཉེན་གྱི་འཁོར་དང་བཅས་ཏེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་རང་གི་ཁྱིམ་དུ་སླར་ཕྱིན་ཏོ། །ཞི་བའི་བློ་གྲོས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་གཅིག་པུ་དབེན་པར་སོང་སྟེ།
བཀོད་པ་ཆེན་པོའི་ཁང་པ་བརྩེགས་པར་སེང་གེའི་ཁྲི་པད་མའི་འབྱུང་གནས་བཟང་པོ་ལ་འདུག་ནས་ནང་དུ་ཡང་དག་པར་བཞག་ཅིང་འདི་སྙམ་དུ་སེམས་ཏེ། བདག་གི་གཞོན་ནུ་འདི་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་ན།
གཞོན་ནུ་འདི་དག་ཐམས་ཅད་ཀྱི་ནང་ན་གང་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བདག་གིས་བརྟག་གོ་སྙམ་མོ། །དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་གིས་དེའི་མོད་ལ་རིན་པོ་ཆེ་སྣ་བདུན་གྱི་བུམ་པ་བྱེད་དུ་བཅུག་སྟེ།
བྱི་དོར་ལེགས་པར་བྱས་ཤིང་ལེགས་པར་ཟིན་པར་བྱས་ནས་གཞོན་ནུ་དེ་དག་ཐམས་ཅད་ཀྱི་མིང་བྲིས་ཏེ་བུམ་པ་དེའི་ནང་དུ་བཅུག་ནས་རིན་པོ་ཆེ་སྣ་བདུན་གྱི་པད་མ་སྣ་ཚོགས་བལྟ་ན་སྡུག་པ་བྱས་ནས་པད་མ་དེའི་སྟེང་དུ་བུམ་པ་དེ་བཞག་སྟེ། ཞག་བདུན་དུ་ལྷའི་མཆོད་པ་མེ་ཏོག་ཐམས་ཅད་དང་།
སྤོས་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། བདུག་པ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། རོལ་མོའི་སིལ་སྙན་ཐམས་ཅད་ཀྱིས་མཆོད་དོ། །མིང་དེ་དག་མཆོད་པའི་ཚེ་ན་ལྷའི་བུ་ཁྲི་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པར་གྱུར་ཏོ། །ཞག་བདུན་དུ་མཆོད་པ་བྱས་ནས་བཙུན་མོའི་
འཁོར་དང་། དེའི་བུ་སྟོང་དང་། གཞོན་ནུ་དེ་གཉིས་ཀྱི་མདུན་དུ་ཐམས་ཅད་གསེར་ལས་བྱས་པའི་ཁྲིའུ་བཟང་པོའི་སྟེང་དུ་བུམ་པ་དེ་བཞག་ནས་ནང་གི་མིས་བུམ་པ་དེའི་ནང་ནས་མིང་དེ་རྣམས་ཕྱུང་ངོ་། །ཞི་བའི་བློ་གྲོས་དེའི་ཚེ་ཐམས་ཅད་ཀྱི་ཐོག་མར་རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་
གྲོས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་ཏོ། །མིང་དེ་བྱུང་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །བཙུན་མོའི་འཁོར་ཐམས་ཅད་ཀྱི་བང་ན་སིལ་སྙན་ཡོད་པ་དེ་དག་ཀྱང་མ་དཀྲོལ་བར་བྱེ་བ་ཕྲག་དུ་མའི་སྒྲ་བྱུང་ངོ་། །ཞི་བའི་བློ་གྲོས་འདི་ཇི་སྙམ་དུ་སེམས།

ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་ཐམས་ཅད་ཀྱི་ཐོག་མར་མིང་བྱུང་བ་རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བ་འཇིག་དེ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་རྣམ་
པར་དག་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་དེའི་མིང་བྱུང་སྟེ། བཅོམ་ལྡན་འདས་གསེར་ཐུབ་དེ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དབང་
པོ་ཞི་བ་ཞེས་བྱ་བ་དེའི་མིང་བྱུང་སྟེ། བཅོམ་ལྡན་འདས་འོད་སྲུང་དེ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་དབང་པོ་ཞི་བ་ཞེས་བྱ་བར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་དེའི་མིང་བྱུང་ངོ་། །དེ་ནི་ང་ཡིན་ཏེ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་
པ་ཞེས་བྱ་བར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་སྐ་རགས་ཅན་ཞེས་བྱ་བའི་མིང་བྱུང་བར་གྱུར་ཏེ། དེ་ནི་བྱམས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་མཆོག་གི་བློ་གྲོས་ཞེས་བྱ་བ་དེའི་མིང་བྱུང་སྟེ། དེ་ནི་སེང་གེ་ཞེས་བྱ་བའི་དེ་བཞིན་
གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་གློག་གི་ལྷ་ཞེས་བྱ་བ་དེའི་མིང་བྱུང་སྟེ། དེ་ནི་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་བཟང་པོའི་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་མེ་ཏོག་དམ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་
རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་འོད་ཀྱི་དཔལ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་མེ་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་སྣང་བའི་པད་མ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་སྐར་མ་རྒྱལ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །
དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དྲི་མ་མེད་པའི་འོད་ཅེས་བྱ་བའི་མིང་བྱུང་སྟེ། དེ་ནི་སྤྱན་ལེགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྡུལ་མེད་ཅེས་བྱ་བའི་མིང་བྱུང་སྟེ། དེ་ནི་ལག་བཟངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་

རྒྱལ་བུ་གཞོན་ནུ་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་འོད་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དགེ་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་སྐར་མ་ལ་དགའ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །
དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་ཕྱོགས་འབྱོར་པ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་མངོན་འཕགས་གཤེགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་དག་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ཡོན་ཏན་གྱི་མཆོག་མངའ་བ་ཞེས་བྱ་
བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དཔལ་སྦས་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ནོར་དཔལ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་ལུས་ཤིན་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ཡེ་ཤེས་འབྱུང་
གནས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དྲག་ཤུལ་ཅན་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རིན་ཆེན་གྲགས་པ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་
ཀུན་ཏུ་སྣང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །དེ་བཞིན་དུ་རྒྱ་ཆེར་བྱ་སྟེ། ཞི་བའི་བློ་གྲོས་དེ་ལྟར་བུ་སྟོང་ཡོད་པ་དེའི་ནང་ནས་གཅིག་བཞག་སྟེ། རྒྱལ་བུ་གཞོན་ནུ་ཅོད་པན་བརྒྱན་པ་ཞེས་བྱ་བའི་མིང་གི་བར་དུ་འབྱུང་ངོ་། །དེ་ནི་ཡོན་ཏན་མཐའ་ཡས་གྲགས་པ་ཞེས་བྱ་བའི་དེ་
བཞིན་གཤེགས་པར་འགྱུར་རོ། །ཞི་བའི་བློ་གྲོས་དེའི་ཚེ་རྒྱལ་བུ་གཞོན་ནུ་ཐམས་ཅད་ཀྱི་ཐ་ཆུང་ས་བློ་གྲོས་མཐའ་ཡས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་པ་དང་སྣག་གི་གཉེན་མཚམས་ཐམས་ཅད་དང་། སྤུན་རྣམས་ན་རེ། གང་གི་ཚེ་བདག་ཅག་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་
པར་བྱས་ཤིང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱས་པ་དེའི་འོག་ཏུ་ཁྱོད་ཀྱིས་ཅི་ཞིག་བྱར་ཡོད་ཅེས་དཔྱས་པ་དང་། བློ་གྲོས་མཐའ་ཡས་ཀྱིས་སྨྲས་པ། སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་ཤིང་འདྲ། །བདག་གི་ཡིད་ལ་སེམས་ཅན་ཟད་པ་མེད་སྙམ་བགྱིད། །

ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་འདིར་དག་འགྱུར། །བདག་གི་སྨོན་ལམ་ཅི་འདྲ་ཐམས་ཅད་འདིར་གསོན་ཅིག །ཁྱེད་ཀྱི་ཚེ་ཚད་ཇི་ཙམ་པ་དག་བསྡོམས་པ་དང་། །ཚོགས་ཀྱི་རྒྱལ་པོ་ཇི་སྙེད་དེ་དག་ཀུན་བསྡོམས་པ། །ཐམས་ཅད་བསྡོམས་པ་དེ་སྙེད་བདག་གི་ཚེར་
འགྱུར་ཏེ། །བདག་གི་དགེ་སློང་ཚོགས་ཀྱང་དེ་ཀུན་མ་ལུས་སྙེད། །དེ་ཡིས་ཚིགས་སུ་བཅད་པ་དེ་ནི་སྨྲས་མ་ཐག །དེ་ཡི་ཚེ་ན་ལེགས་ཞེས་ལྷ་ཡིས་སྒྲ་ཕྱུང་སྟེ། །སེམས་ཅན་དག་པ་ཁྱོད་ཀྱིས་བསམ་པ་རྫོགས་གྱུར་ཅིག །ཁྱོད་ཀྱིས་ཇི་ལྟར་བསམས་བཞིན་སེམས་ཅན་དོན་མཛོད་
ཅིག །ཞི་བའི་བློ་གྲོས་དེ་ལྟར་རྒྱལ་བུ་གཞོན་ནུ་ཐམས་ཅད་ཀྱི་ཐ་ཆུངས་སུ་གྱུར་པ་བློ་གྲོས་མཐའ་ཡས་ཞེས་བྱ་བ་དེ་ནི་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་ཐམ་པ་མོས་པ་ཞེས་བྱ་བར་འགྱུར་ཏེ། ཞི་བའི་བློ་གྲོས་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་
ཀྱི་ཚེའི་ཚད་ཇི་ཙམ་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པར་འགྱུར་བ་དེ་བཞིན་གཤེགས་པ་མོས་པ་དེའི་ཚེའི་ཚད་ཀྱང་དེ་སྲིད་དུ་འགྱུར། ཉན་ཐོས་ཀྱི་དགེ་འདུན་ཡང་དེ་སྙེད་དུ་འགྱུར་རོ། །བདག་དེ་ལྟར་མོས་པས་ན་དེའི་ཕྱིར་མོས་པ་ཞེས་བྱའོ། །ཞི་བའི་བློ་གྲོས་འདི་ལྟར་
སངས་རྒྱས་སྟོང་དུ་གཅིག་གིས་མ་ཚང་བ་དག་སངས་རྒྱས་ཀྱི་མཛད་པ་ཇི་སྙེད་མཛད་པ་དེ་སྙེད་དེ་བཞིན་གཤེགས་པ་མོས་པས་བྱེད་པར་འགྱུར་བས་ཐབས་མཁས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ་འཐུན་པ། སྨོན་ལམ་ཡོངས་སུ་རྫོགས་པའི་ཁྱད་པར་ལ་ལྟོས། ཞི་བའི་བློ་གྲོས་དེ་
ནས་གཞོན་ནུ་སྟོང་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་གཞོན་ནུ་ཆོས་སེམས་པ་དང་། ཆོས་ཀྱི་བློ་གྲོས་དང་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱེད་གཉིས་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་བཏབ། ཆོས་སེམས་པས་སྨྲས་པ། གྲོགས་པོ་དག་བདག་ནི་ཁྱེད་ཐམས་ཅད་
ཀྱི་ལག་ན་རྡོ་རྗེར་གྱུར་ཏེ། ནང་ན་སྤྱོད་ཅིང་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་དུ་མ་གྱུར་ལ་ཕྱི་ནང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་། མོས་པ་དང་། རྟོགས་པ་དེ་ལྟར་བདག་སྨོན་ལམ་འདེབས་སོ། །ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། སྣག་

གི་གཉེན་མཚམས་དག་བགྲེས་རབས་དག་བདག་ནི་ཁྱེད་རྣམས་ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏེ། བདག་གིས་བསྐུལ་བས་ཁྱེད་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བར་གྱུར་ཅིག་ཅེས་སྨོན་ལམ་འདི་ལྟར་འདེབས་སོ། །ཞི་བའི་བློ་གྲོས་དེ་
གཉིས་ཀྱང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བཅོམ་ལྡན་འདས་དེས་ལུང་བསྟན་པར་གྱུར་ཏོ། །ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་པ་དེ་ཁྱོད་ཀྱིས་གཞན་ཡིན་པར་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་
འདས་མར་མེ་མཛད་དེ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་ཏོ། །དེའི་བུ་གཞོན་ནུ་སྟོང་ཡོད་པ་དེ་དག་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཤ་སྟག་གོ །དེ་བཞིན་གཤེགས་པ་འཁོར་བ་འཇིག་ནས་བཟུང་སྟེ། དེ་བཞིན་གཤེགས་
པ་མོས་པ་ཞེས་བྱ་བའི་བར་དག་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུར་གྱུར་ཏོ། །ཞི་བའི་བླ་གྲོས་བཙུན་མོ་མ་སྨད་པ་ཞེས་བྱ་བའི་པང་པ་ནས་རྫུས་ཏེ་བྱུང་བ་ཁྱེའུ་ཆོས་སེམས་པ་ཞེས་བྱ་བར་གྱུར་པ་དེ་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཁྱེའུ་ཆོས་སེམས་པ་ཞེས་
བྱ་བར་གྱུར་ཏོ། །ཞི་བའི་བློ་གྲོས་བཙུན་མོ་དཔེ་མེད་མ་ཞེས་བྱ་བའི་པང་པ་ནས་རྫུས་ཏེ་བྱུང་བ་ཁྱེའུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་དེ་ནི་ཚངས་པ་གཙུག་པུད་ཅན་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཁྱེའུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གི་བཙུན་མོའི་
འཁོར་དུ་གྱུར་པ་གང་ཡིན་པ་དེ་དག་ནི་འཁོར་འདིར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །རྒྱལ་བུ་གཞོན་ནུ་དེ་རྣམས་ཀྱིས་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་
དག་ཐམས་ཅད་ནི་བསྐལ་པ་བཟང་པོ་འདི་ཉིད་ལ་མཐར་གྱིས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཞི་བའི་བློ་གྲོས་འདི་ལྟར་སྐྱེས་བུ་དམ་པ་དེ་དག་གི་བསམ་པ་ཐམས་ཅད་འབྱོར་པས། དགེ་བའི་རྩ་བའི་རྒྱུ་ལས་བྱུང་བའི་སེམས་བསྐྱེད་པ་ཆུད་མི་ཟ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་མི་

འགལ་བ་ལ་ལ་ལྟོས། ཡུལ་འཁོར་སྲུང་གི་སྔོན་གྱི་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། །།ཞི་བའི་བློ་གྲོས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་
ཀྱང་སེམས་ཅན་ཆེན་པོ་དེ་དག་གི་རྗེས་སུ་བསླབ་པར་བྱའོ། །ཚིག་ལྷུར་བླང་བར་མི་བྱའི་བྱང་ཆུབ་ཀྱི་ལམ་ལ་མངོན་པར་བརྩོན་པར་བསྒྲུབ་པ་སྙིང་པོར་བྱའོ། །དེ་ལ་བྱང་ཆུབ་ཀྱི་ལམ་གང་ཞེ་ན། འདི་ལྟ་སྟེ། བྱམས་པའི་རྗེས་སུ་འབྲང་བའི་སེམས་བསྐྱེད་པས་སེམས་ཅན་ཐམས་
ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་དང་། བསྡུ་བའི་དངོས་པོའི་རྗེས་སུ་འབྲང་བ་དང་། ཚངས་པའི་གནས་པ་བཞི་སྒྲུབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མངོན་པར་བརྩོན་པ་དང་། མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་ཡོངས་སུ་
བཀང་བ་དང་། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་ཚོགས་སོགས་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་ཀྱི་ལམ་ནི་འདི་ལྟ་སྟེ། དད་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་ཡོངས་
སུ་དག་པ་དང་། དྲང་བ་ཉིད་དང་། གཡོ་མེད་པ་ཉིད་དང་། ཡངས་པ་ཉིད་དང་། སྒྲིབ་པ་མེད་པ་ཉིད་དང་། མཉམ་པ་ཉིད་དང་། སེམས་སྙོམས་པ་ཉིད་དང་། མི་འཇིགས་པ་ཉིད་དང་། སྡིག་པ་ཐམས་ཅད་མི་བྱེད་པ་ཉིད་ཡིན་ནོ། །ལམ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་འབྱོར་པའོ། །
ལམ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བདེ་བར་འགྲོ་བའོ། །ལམ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་མེད་པའོ། །ལམ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྒྱུན་ཆད་པ་མེད་པའོ། །ལམ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མི་འཁྲུགས་པའོ། །ལམ་དེ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ལེགས་པར་རྟོགས་པའོ། །ལམ་དེ་ནི་བྱམས་པ་ཆེན་པོས་འབྱུང་བ་ཤེས་པའི་རྗེས་སུ་སོང་བའོ། །ལམ་དེ་ནི་སྙིང་རྗེ་ཆེན་པོས་ཕྱིར་མི་ལྡོག་པའོ། །ལམ་དེ་ནི་དགའ་བ་ཆེན་པོས་མཆོག་ཏུ་དགའ་བར་བྱེད་པའོ། །ལམ་དེ་ནི་བཏང་སྙོམས་ཆེན་པོས་སྙིང་

པོའི་རྗེས་སུ་སོང་བའོ། །ལམ་དེ་ནི་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དང་། འཚེ་བའི་རྣམ་པར་རྟོག་པ་དང་བྲལ་བས་སྡོང་དུམ་དང་། ཚེར་མ་མེད་པའོ། །ལམ་དེ་ནི་ཞེ་འགྲས་པའི་སེམས་མེད་པས་བདེ་བར་འགྲོ་བའོ། །ལམ་དེ་ནི་གཟུགས་དང་།
སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་བྲལ་བས་གཡོན་ཅན་དང་བྲལ་བའོ། །ལམ་དེ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ལེགས་པར་བརྟགས་པས་ཕྱིར་རྒོལ་བ་དང་བྲལ་བའོ། །ལམ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་བདུད་ཕྱིར་རྒོལ་བ་བཅོམ་པའོ། །
ལམ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་བྲལ་བས་སེམས་རླབས་པོ་ཆེར་འགྲོ་བའོ། །ལམ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞུགས་པའོ། །ལམ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རིན་པོ་ཆེ་
དང་འཐུན་པས་རིན་པོ་ཆེ་ཆེན་པོ་སྒྲུབ་པའོ། །ལམ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བས་རྟག་ཏུ་གསལ་བའོ། །ལམ་དེ་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཡོངས་སུ་ཟིན་པས་དགེ་བ་སྟོན་པའོ། །ལམ་དེ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པས་མཐོན་དམན་
མེད་པའོ། །ལམ་དེ་ནི་གནོད་སེམས་དང་། ཐ་བ་དང་། ཁྲོ་བ་མེད་པས་རྡུལ་དང་བྲལ་བའོ། །ལམ་དེ་ནི་མི་དགེ་བའི་ཆོས་ཐམས་ཅད་དང་བྲལ་བས་བདེ་འགྲོར་འགྲོ་བའོ། །ལམ་དེ་ནི་མྱ་ངན་ལས་འདས་པའི་མཐར་འགྲོ་བས་བདེ་བའི་ཕྱོགས་སུ་འགྲོ་བའོ། །ཞི་བའི་བློ་གྲོས་དེ་ལྟར་
ན་གང་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་མེད་པ་དང་། ལམ་མ་ཡིན་པ་དེ་འདྲ་བ་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་ཀྱི་
ལམ་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་གསང་བ་ཅི་འདྲ། དེ་བཞིན་གཤེགས་པའི་གསང་བ་པའི་ཕྱོགས་

ཙམ་ཞིག་ལ་ཁྱོད་སྤོབས་པར་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་གྱིས་རིགས་ཀྱི་བུ་ཉོན་ཅིག །ཞི་བའི་
བློ་གྲོས་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་གསང་བའོ། །གསུམ་གང་ཞེ་ན་འདི་ལྟ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བའོ། །ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཞེ་ན། ཞི་བའི་བློ་གྲོས་འདི་ལ་དེ་བཞིན་གཤེགས་
པ་ནི་མི་དགོངས་ཤིང་རབ་ཏུ་མི་རྟོག་པར་སྤྱོད་ལམ་ཐམས་ཅད་ཀྱང་ཀུན་དུ་སྟོན་ཏེ། རིགས་ཀྱི་བུ་དེ་ལ་ལྷ་དང་མི་ཁ་ཅིག་འདུག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་འཆག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་
པ་འཆག་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་འགྲེང་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འགྲེང་བར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ཉལ་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་མནལ་བར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ཆོས་སྟོན་པ་གཙོ་བོར་
བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མི་སྨྲ་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་མི་གསུང་བར་གྱུར་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་བསམ་གཏན་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་
བསམ་གཏན་ལ་སྙོམས་པར་ཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ལངས་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞེངས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མིག་མི་འཛུམས་པར་ལྟ་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་སྤྱན་མི་འཛུམས་པར་
གཟིགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་འཛུམ་པ་བྱེད་པ་གཙོ་བོར་འཛིན་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འཛུམ་པ་མཛད་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མདོག་གསེར་གྱི་ཁ་དོག་ལྟ་བུ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་སྐུ་མདོག་གསེར་གྱི་ཁ་དོག་ལྟ་

བུར་མཐོང་ངོ་། །དེ་བཞིན་དུ་ལ་ལས་ནི་དངུལ་གྱི་མདོག་ཏུ་མཐོང་ངོ་། །དེ་བཞིན་དུ་ཤེལ་གྱི་མདོག་དང་། བཻ་དཱུརྱའི་མདོག་དང་། རྡོའི་སྙིང་པོའི་མདོག་དང་། སྤུག་གི་མདོག་དང་། མུ་ཏིག་དམར་པོའི་མདོག་དང་། མུ་ཏིག་དཀར་པོའི་མདོག་དང་། མདོག་དམར་པོ་
དང་། མདོག་དཀར་པོ་དང་། བཙོད་ཀའི་མདོག་དང་། མདོག་སྔོན་པོ་དང་། མདོག་སེར་པོ་དང་། ཟླ་བའི་མདོག་དང་། ཉི་མའི་མདོག་དང་། མེའི་མདོག་དང་། འོད་ཀྱི་མདོག་དང་། བརྒྱ་བྱིན་གྱི་མདོག་དང་། ཚངས་པའི་མདོག་དང་། བ་མོའི་མདོག་དང་། ལྡོང་རོས་ཀྱི་མདོག་དང་།
མཚལ་གྱི་མདོག་ཏུ་མཐོང་ངོ་། །ལ་ལས་ནི་ཆུའི་མདོག་དང་། ལ་ལས་ནི་མྱ་ངན་འཚང་གི་མེ་ཏོག་གི་མདོག་དང་། ཙམ་པ་ཀའི་མདོག་དང་། སྣ་མའི་མེ་ཏོག་གི་མདོག་དང་། བར་ཤི་ཀའི་མདོག་དང་། པད་མའི་མདོག་དང་། ཀུ་མུ་དའི་མདོག་དང་། པད་མ་དཀར་པོའི་མདོག་དང་།
དཔལ་གྱི་མདོག་དང་། རྣམ་ཐོས་ཀྱི་བུའི་མདོག་དང་། ངང་པའི་རྒྱལ་པོ་ངང་སྐྱའི་མདོག་དང་། པད་མ་སར་པའི་མདོག་དང་། དཔལ་གྱི་སྙིང་པོའི་མདོག་དང་། རིན་པོ་ཆེ་བྱེ་རུའི་མདོག་དང་། ནོར་བུ་རིན་པོ་ཆེའི་མདོག་དང་། ཨནད་རྙིལ་གྱི་མདོག་དང་། ནམ་མཁའ་དག་པའི་གཟི་
བརྗིད་ཀྱི་མདོག་དང་། ལྷ་དང་མི་ཁ་ཅིག་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པར་མོས་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་དང་ལྡན་པར་མཐོང་ངོ་། །ཞི་བའི་བློ་གྲོས་དེ་ལྟར་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དང་། གང་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ་དེ་བཞིན་གཤེགས་
པའི་སྐུའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་སྤྱོད་ལམ་དུ་སེམས་ཤིང་མོས་ཏེ་མངོན་པར་སྒྲུབ་ལ་སེམས་ཅན་གཅིག་གིས་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་དེ་དག་ཐམས་ཅད་རེ་རེས་ཀྱང་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་།

རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ་མངོན་པར་སྒྲུབ་ལ། སེམས་ཅན་གཅིག་གི་སེམས་ཀྱི་མོས་པ་གང་ཡིན་པ་དེ་སེམས་ཅན་གཉིས་པའི་མ་ཡིན་ཏེ། ཞི་བའི་བློ་གྲོས་རྣམ་གྲངས་དེས་ན་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་
ཀྱི་མོས་པ་ཚིམ་པར་མཛད་དེ། ཇི་ལྟར་མོས་པ་བཞིན་དུ་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་ཤེས་མོད་ཀྱི། དེ་ལ་དེ་བཞིན་གཤེགས་པའི་སྐུ་འམ། ཐུགས་ཀྱི་མཛད་པ་ནི་མ་ཡིན་ཏེ། དེ་བཞིན་
གཤེགས་པ་སྔོན་གྱི་སྤྱོད་པ་ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་མཛད་པའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་གྱིས་ཀུན་དུ་བཞུགས་སོ། །ཞི་བའི་བློ་གྲོས་འདི་ལྟ་
སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལ་གཟུགས་སུ་སྣང་བ་ཅི་འདྲ་བ་ཉེ་བར་གཞག་པ་དེ་འདྲ་བ་ཉིད་ཀྱི་གཟུགས་བརྙན་དེ་ན་ལྷག་ཆད་མེད་པར་མཚུངས་པར་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་ནི་མི་སེམས་མི་རྟོག་གོ །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པ་
ཡང་མི་དགོངས་མི་རྟོག་པར་ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པའི་རྣམ་པར་རིག་པ་ཚིམ་པར་མཛད་དེ། །ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་ཕུང་པོས་རབ་ཏུ་
ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ལས་ལས་བྱུང་བ་མ་ཡིན། ཉོན་མོངས་པ་ལས་བྱུང་བ་མ་ཡིན། ཕ་མ་ལས་བྱུང་བ་མ་ཡིན། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་བ་མ་ཡིན། ཤ་དང་ཁྲག་གིས་གཡོགས་པ་མ་ཡིན།
དུས་པ་དང་ཆུ་བའི་བོག་དེས་སྦྲེལ་བ་མ་ཡིན། དབུགས་ཕྱི་ནང་དུ་རྒྱུ་བ་དང་། སྲོག་དང་འབྲེལ་པ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་། གཟུགས་དང་མཚན་མ་མེད་པའི་སྐུ་དང་། སྤྲོས་པ་མེད་ཅིང་རྒྱུ་བ་མེད་པའི་སྐུ་ཡིན་ཡང་དེ་

གཟུགས་དང་མཚན་གཙོ་བོར་བྱེད་པའི་སེམས་ཅན་སྐུ་བསྟན་པས་འདུལ་བ་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། །གཟུགས་ལས་དབེན་པ་ཆོས་ཀྱི་མཚན་ཉིད་གཙོ་བོར་བྱེད་པའི་སེམས་ཅན་རྣམས་ལ་ནི་ལྷའི་མིག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་བལྟར་སྣང་
བར་མི་འགྱུར་རོ། །ཞི་བའི་བློ་གྲོས་དེ་ལ་འཁོར་གཅིག་ཏུ་འདུས་པའི་སེམས་ཅན་གྱི་ནང་ནས་ཀྱང་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་། ཁ་ཅིག་གིས་ནི་མི་མཐོང་། ཁ་ཅིག་གིས་ནི་རྒྱང་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གིས་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་། ཁ་ཅིག་
གིས་ནི་ཐག་རིང་པོ་ན་འདུག་ཀྱང་མཐོང་། །ཁ་ཅིག་གིས་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་ངོ་། །ལ་ལས་ནི་དྲན་པའི་རྣམ་པས་མཐོང་ལ་གཡེང་བའི་རྣམ་པས་མི་མཐོང་ངོ་། །ལ་ལས་ནི་གཡེང་བའི་རྣམ་པས་མཐོང་ལ་དྲན་པའི་རྣམ་པས་མི་མཐོང་ངོ་། །ལ་ལས་ནི་གཞན་གྱིས་ཉེ་བར་
བསྟན་པས་མཐོང་ཞིང་བདག་གིས་བལྟས་པས་མི་མཐོང་ངོ་། །ལ་ལས་ནི་བདག་གིས་བལྟས་པས་མཐོང་ལ་གཞན་གྱིས་བསྟན་པས་མི་མཐོང་ངོ་། །ལ་ལས་ནི་རྨི་ལམ་ན་མཐོང་ལ་སད་པ་ན་མི་མཐོང་ངོ་། །ལ་ལས་ནི་སད་པ་ན་མཐོང་ལ་རྨི་ལམ་ན་མི་མཐོང་ངོ་། །ལ་ལས་ནི་མཉམ་
པར་བཞག་ན་མཐོང་ལ་ལངས་ན་མི་མཐོང་ངོ་། །ལ་ལས་ནི་ལངས་ན་མཐོང་ལ་མཉམ་པར་བཞག་ན་མི་མཐོང་ངོ་། །ལ་ལས་ནི་སྡུག་པའི་རྣམ་པར་མཐོང་ལ་མི་སྡུག་པའི་རྣམ་པར་མ་ཡིན་ནོ། །ལ་ལས་ནི་མི་སྡུག་པའི་རྣམ་པར་མཐོང་ལ་སྡུག་པའི་རྣམ་པར་མ་ཡིན་ནོ། །ལ་ལས་ནི་
མ་བཙལ་བས་མི་མཐོང་ལ་བཙལ་བས་མཐོང་ངོ་། །ལ་ལས་ནི་མ་བཙལ་བས་མཐོང་ལ་བཙལ་བས་མི་མཐོང་ངོ་། །ལ་ལས་ནི་བསྒྲིམས་ན་མཐོང་ལ་མ་བསྒྲིམས་ནམ་ཡིན་ནོ། །ལ་ལས་ནི་མ་བསྒྲིམས་ན་མཐོང་ལ་བསྒྲིམས་ནམ་ཡིན་ནོ། །ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པའི་
སྐུ་ནི་འདི་དག་དང་། གཞན་ཡང་ཚད་མེད་པའི་རྣམ་པར་སྟོན་པར་མཛད་དོ། །གང་ཡང་གཟུགས་ན་སྤྱོད་པའི་ལྷའི་བུ་ལུས་དང་། སྤྱོད་པ་དང་སྤྱོད་ལམ་རབ་ཏུ་ཞི་བ། མཉམ་པར་བཞག་པ། ལུས་ཞི་བ་དུལ་བ་དེ་དག་གི་མིག་ཀྱང་འཁྲུལ་པར་འགྱུར་ཏེ། དེ་བཞིན་གཤེགས་

པའི་སྐུ་ལ་དཔག་པར་བྱ་བ་འམ། མཚན་མ་གཟུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ། །ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་ནམ་མཁའ་དང་མཚུངས་སོ། །ཞི་བའི་བློ་གྲོས་ནམ་མཁས་ཇི་ཙམ་དུ་ཁྱབ་པ་
དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྤྲོས་པ་
མེད་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སྤྲོས་པ་མི་མངའ་བའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་ཐམས་ཅད་
ཀྱི་ཉེ་བར་འཚོ་བའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་འགྱུར་བ་མི་མངའ་ཞིང་རྣམ་པར་རྟོག་པ་མི་མངའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་
གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་
དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་རྣམ་པར་འཕེལ་ལོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་
གཤེགས་པའི་སྐུ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩྭ་བ་དག་རྣམ་པར་འཕེལ་ལོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཏེ་ཅིར་ཡང་བརྗོད་པ་མ་ཡིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་

སྐུ་ཡང་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཏེ། ཅིར་ཡང་བརྗོད་པ་མ་ཡིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྦྱི་གཙུག་བལྟར་མི་མཐོང་བ་སྟེ། ཞི་བའི་བློ་གྲོས་གང་དེ་བཞིན་གཤེགས་
པའི་སྤྱི་གཙུག་མཐོང་བར་ནུས་པ་དེ་ནི་ཁོ་བོས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་
བོས་འདི་ལྟར་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གྲོང་ཁྱེར་བཱ་ར་ཎཱ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་བཞུགས་པའི་དུས་གཅིག་ན་ཤར་ཕྱོགས་ལོགས་ཀྱི་དེ་བཞིན་གཤེགས་པ་ཙམ་པ་ཀའི་
མདོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དགྲ་འདུལ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་ཞེས་བྱ་བ་དེ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། དེས་
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཤུགས་འཆང་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱི་གཙུག་བལྟར་
མི་མཐོང་ལ་སྐུ་ཚད་མེད་ཅིང་མཐའ་ཡས་ཀྱང་། བདག་གིས་དེ་བཞིན་གཤེགས་པའི་སྐུའི་ཚད་དང་མཐའ་ཡོངས་སུ་བཙལ་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་རང་གི་ལུས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་བྱིན་གྱིས་བརླབས་ཏེ། དེ་བཞིན་
གཤེགས་པའི་སྐུ་ལ་བལྟས་ནས་དེས་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་པར་མཐོང་ནས་དེས་འདི་སྙམ་དུ་སེམས་ཏེ། བདག་ནི་མངོན་པར་ཤེས་པ་ཐོབ་པ་རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བ་ཡིན་གྱིས་བདག་གིས་དེ་བས་ཀྱང་རྒྱ་ཆེར་དེ་བཞིན་

གཤེགས་པའི་སྐུའི་ཚད་བཙལ་བར་བྱའོ་སྙམ་ནས་དེ་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་སྟེང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འདས་ཏེ་འཇིག་རྟེན་གྱི་ཁམས་པད་མ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་
གཤེགས་པ་པད་མའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བ་ད་ལྟ་ན་བཞུགས་ཤིང་འཚོ་ལ་གཞེས་ཏེ། ཆོས་ཀྱང་སྟོན་པ་དེར་བྱང་ཆུབ་སེམས་དཔའ་ཤུགས་འཆང་ཕྱིན་ནས་དེ་འཇིག་རྟེན་གྱི་ཁམས་དེར་གནས་ཀྱང་། དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་མ་ནུས་ཤིང་།
དེ་བཞིན་གཤེགས་པའི་སྐུའི་ཚད་དམ་མཐའ་ཡང་མ་དམིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་པད་མའི་དཔལ་གྱི་རྒྱལ་པོའི་སྙིང་པོ་དེའི་
ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དེའི་སྤྱན་སྔར་འདུག་སྟེ། དེས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཐག་ཇི་སྲིད་ཅིག་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་
ཀྱི་བུ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ནས་ཁྱོད་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་གསོལ་པ། བཅོམ་ལྡན་འདས་བདག་ཐག་རིང་མོ་ཞིག་ནས་མཆིས་ཀྱང་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པ་དེའི་དབུའི་གཙུག་མཐོང་བར་ཡང་རྔོ་མ་ཐོག་ལ། སྐུའི་ཚད་དམ་མཐའ་རྟོགས་པར་ཡང་རྔོ་མ་ཐོག་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གལ་ཏེ་ཤུགས་འདི་ཉིད་དང་། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་འདི་ཉིད་ཀྱིས་གང་
གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྟེང་གི་ཕྱོགས་ལོགས་སུ་སོང་དུ་ཟིན་ཀྱང་བཅོམ་ལྡན་འདས་དེའི་སྐུའི་མཐའ་རྟོགས་པར་མི་ནུས་སོ། །རིགས་ཀྱི་བུ་གང་ཡང་དཔེ་གཞག་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དཔེར་བྱ་བ་འམ། ཏིང་ངེ་འཛིན་དང་། ཤེས་རབ་དང་།

རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། སྐུ་དང་གསུང་དང་ཐུགས་དང་། གཟུགས་དང་མཚན་གྱི་དཔེར་བྱ་བའི་དཔེ་དགོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པའོ། །དཔེ་གཅིག་ནི་མ་གཏོགས་ཏེ།
འདི་ལྟར་དཔེ་ནམ་མཁའོ། །ནམ་མཁའ་ཇི་ཙམ་པར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱང་དེ་ཙམ་མོ། །ཏིང་ངེ་འཛིན་ཀྱང་དེ་ཙམ་མོ། །ཤེས་རབ་ཀྱང་དེ་ཙམ་མོ། །རྣམ་པར་གྲོལ་བ་ཡང་དེ་ཙམ་མོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་དེ་ཙམ་མོ། །སྐུ་ཡང་
དེ་ཙམ་མོ། །གསུང་ཡང་དེ་ཙམ་མོ། །ཐུགས་ཀྱང་དེ་ཙམ་མོ། །གཟུགས་ཀྱང་དེ་ཙམ་མོ། །མཚན་ཀྱང་དེ་ཙམ་མོ། །དེ་བས་ན་ནམ་མཁའ་ཚད་མེད་པས་དེ་བཞིན་གཤེགས་པའི་སྐུ་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་ཏོ། །ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་
དཔའ་ཤུགས་འཆང་གིས་བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུལ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་
སངས་རྒྱས་ཀྱི་ཞིང་དེ་ཉིད་ནས་མི་སྣང་བར་གྱུར་པ་དང་། སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཀྱི་རྣམ་པར་རྟོག་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་
ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་ཐལ་མོ་སྦྱར་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ནམ་མཁའ་མཚུངས་ཤིང་འདྲ་བ་ཡི། །སངས་རྒྱས་ཆོས་ལ་མི་གང་ཞིག །ཕ་རོལ་
ཏུ་ནི་མཆི་འཚལ་བ། །དེ་ནི་ཉམ་ཐག་འགྱུར་བ་ལགས། །སངས་རྒྱས་སྐུ་ནི་བལྟ་སླད་དུ། །གང་གཱ་བྱེ་བ་ཕྲག་བརྒྱ་ཡི། །བྱེ་མ་ཇི་སྙེད་དེ་སྙེད་ཀྱི། །ཞིང་རྣམས་སུ་ནི་བདག་མཆིས་སོ། །དེ་སྙེད་ཞིང་དུ་མཆིས་ནས་ནི། །པད་མ་ཅན་གྱི་ཞིང་དུ་མཆིས། །འོན་ཀྱང་ཁྱོད་ཀྱི་དབུ་

གཙུག་དང་། །སྐུ་ཡི་ཚད་ཀྱང་མ་མཐོང་ལགས། །ཞིང་དེ་ན་ནི་འདྲེན་བཞུགས་པ། །མཚན་ནི་དཔལ་གྱི་སྙིང་པོ་ལགས། །དེ་ཡིས་བདག་གི་བསམ་མཁྱེན་ནས། །འདི་སྐད་དུ་ནི་བཀའ་སྩལ་ཏོ། །ལ་ལས་སངས་རྒྱས་ཆོས་རྣམས་ལ། །དཔེ་དགོད་ཇི་སྙེད་བྱེད་པ་ནི། །
དེ་དག་སངས་རྒྱས་མི་འཚམ་སྟེ། །དེ་དག་རྒྱལ་ལ་སྐུར་པ་འདེབས། །འདི་ལ་དཔེ་གཅིག་ཡང་དག་སྟེ། །ནམ་མཁའི་ཁམས་སུ་བསྟན་པ་ལགས། །དེ་ནི་སངས་རྒྱས་ཆོས་དང་འཐུན། །གང་ན་འང་དེ་ཡི་ཚད་མ་མཆིས། །ནམ་མཁའ་འདི་ནི་ཇི་ཙམ་པར། །སངས་རྒྱས་
གྱི་ནི་ཚུལ་ཁྲིམས་དང་། །ཏིང་ངེ་འཛིན་དང་རྣམ་གྲོལ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་དེ་ཙམ། །ནམ་མཁའི་ཚད་ནི་ཇི་ཙམ་པ། །སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། །འཇིག་རྟེན་མགོན་པོའི་དབུ་གཙུག་ཀྱང་། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །ནམ་མཁས་
ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཐུགས་ཀྱ