Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ
Văn bản gốc(Tây Tạng)
Trang 11 / 17 (50.000 ký tự/trang)
དམིགས་པ་ལ་དབང་འཐོབ་སྟེ། མ་སྐྱེས་པའི་དམིགས་པ་ལ་ཡང་ངེས་པར་སེམས་ལ་བསམས་བཞིན་དུ་སྐྱེ་བའི་དམིགས་པ་ ཡང་མི་སྤོང་ངོ་། །མངོན་པར་འདུ་བྱ་བ་མེད་པའི་དམིགས་པ་ལ་ཡང་འཇུག་ལ་དགེ་བའི་རྩ་བ་མངོན་པར་འདུ་བྱ་བའི་དམིགས་པ་ཡང་ཉམས་འོག་ཏུ་ཆུད་པར་བྱེད་དོ། །མཚན་མ་མེད་པའི་དམིགས་པ་ལ་ཡང་དཔྱོད་ལ་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ཡང་ཆུད་མི་གཟོན་ཏོ། ། སྨོན་པ་མེད་པའི་དམིགས་པ་ཡང་རྣམ་པར་མཐོང་ལ་ཁམས་གསུམ་པའི་དམིགས་པ་ལ་ཡང་མི་སྨོད་དོ། །ཤེས་རབ་དང་ཐབས་ལས་ངེས་པར་བྱུང་བ་དེ་ནི་དམིགས་པ་ཐམས་ཅད་ལ་ཡང་དབང་བྱེད་པར་འགྱུར་ཏེ་དེ་མི་སྡུག་པ་ལ་དམིགས་ནས་དེ་བཞིན་གཤེགས་པའི་སྐུ་སྡུག་པ་ལ་སེམས་ གནས་སོ། །མི་རྟག་པ་ལ་དམིགས་ནས་འཁོར་བ་ལ་སེམས་ཡོངས་སུ་མི་སྐྱོ་བ་ཉིད་དུ་སེམས་གནས་སོ། །སྡུག་བསྔལ་ལ་དམིགས་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་བདེ་བ་ལ་དགོད་པར་སེམས་གནས་སོ། །བདག་མེད་པ་ལ་དམིགས་ནས། སེམས་ཅན་ཐམས་ ཅད་ལ་སྙིང་རྗེ་ཆེན་པོའི་སེམས་གནས་སོ། །འདོད་ཆགས་ལ་དམིགས་ནས་སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་ལ་མི་སྡུག་པའི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ། །ཞེ་སྡང་ལ་དམིགས་ནས་སེམས་ཅན་ཞེ་སྡང་ལ་སྤྱོད་པ་རྣམས་ལ་བྱམས་པ་ ཆེན་པོའི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ། །གཏི་མུག་ལ་དམིགས་ནས་སེམས་ཅན་གཏི་མུག་ལ་སྤྱོད་པ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ། །ཆ་མཉམ་པ་ལ་དམིགས་ནས་སེམས་ཅན་ ཆ་མཉམ་པ་ལ་སྤྱོད་པ་རྣམས་ལ་མི་རྟག་པའི་འདུ་ཤེས་ཀྱི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ། །འདོད་ཆགས་དང་བྲལ་བ་ལ་དམིགས་ནས་ཉན་ཐོས་སུ་འདུལ་བར་སེམས་གནས་སོ། །ཞེ་སྡང་དང་བྲལ་བ་ལ་དམིགས་ནས་རང་སངས་རྒྱས་སུ་འདུལ་བར་སེམས་ གནས་སོ། །གཏི་མུག་དང་བྲལ་བ་ལ་དམིགས་ནས་བྱང་ཆུབ་སེམས་དཔར་འདུལ་བར་སེམས་གནས་སོ། །གཟུགས་ལ་དམིགས་ནས་དེ་བཞིན་གཤེགས་པའི་གཟུགས་ཐོབ་པར་བྱ་བར་སེམས་གནས་སོ། །སྒྲ་ལ་དམིགས་ནས་དེ་བཞིན་གཤེགས་པའི་སྒྲ་དབྱངས་ཐོབ་པར་ བྱ་བར་སེམས་གནས་སོ། །དྲི་ལ་དམིགས་ནས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་བསུང་ཐོབ་པར་བྱ་བར་སེམས་གནས་སོ། །རོ་ལ་དམིགས་ནས་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་བྱ་བར་སེམས་གནས་སོ། །རེག་བྱ་ལ་དམིགས་ ནས་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་འཇམ་ཞིང་གཞོན་པ་ཐོབ་པར་བྱ་བར་སེམས་གནས་སོ། །ཆོས་ལ་དམིགས་ནས་དེ་བཞིན་གཤེགས་པའི་སེམས་ངེས་པར་སེམས་པ་ཐོབ་པར་བྱ་བར་སེམས་གནས་སོ། །སྦྱིན་པ་ལ་དམིགས་ནས་མཚན་དང་དཔེ་བྱད་ བཟང་པོ་ཐོབ་པར་བྱ་བར་སེམས་གནས་སོ། །ཚུལ་ཁྲིམས་ལ་དམིགས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་སེམས་གནས་སོ། །བཟོད་པ་ལ་དམིགས་ནས་ཚངས་པའི་སྒྲ་དབྱངས་དང་གསེར་གྱི་མདོག་ཏུ་འདུག་པའི་པགས་པ་ཐོབ་པར་བྱ་བར་སེམས་གནས་སོ། །བརྩོན་ འགྲུས་ལ་དམིགས་ནས་སེམས་ཅན་ཐམས་ཅད་བསྒྲལ་བར་སེམས་གནས་སོ། །བསམ་གཏན་ལ་དམིགས་ནས་མངོན་པར་ཤེས་པ་བསྐྱེད་པར་སེམས་གནས་སོ། །ཤེས་རབ་ལ་དམིགས་ནས་སེམས་ཅན་ཐམས་ཅད་ཀྱི་ལྟ་བ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྒྱུན་ བཅད་པར་སེམས་གནས་སོ། །བྱམས་པ་ལ་དམིགས་ནས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པར་བྱ་བར་སེམས་གནས་སོ། །སྙིང་རྗེ་ལ་དམིགས་ནས་དམ་པའི་ཆོས་ཡོངས་སུ་གཟུང་བར་སེམས་གནས་སོ། །དགའ་བ་ལ་དམིགས་ནས་ཆོས་བསྟན་པ་ལ་མཆོག་ཏུ་དགའ་བར་ བྱ་བར་སེམས་གནས་སོ། །བཏང་སྙོམས་ལ་དམིགས་ནས་སེམས་ཅན་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤང་བ་ལ་སྦྱར་བར་སེམས་གནས་སོ། །བསྡུ་བའི་དངོས་པོ་ལ་དམིགས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་སེམས་གནས་སོ། །སེར་སྣའི་སྐྱོན་ལ་དམིགས་ནས་བདོག་པ་ཐམས་ ཅད་ཡོངས་སུ་གཏང་བར་སེམས་གནས་སོ། །འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་ལ་དམིགས་ནས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བར་སེམས་གནས་སོ། །གནོད་སེམས་ཀྱི་སྐྱོན་ལ་དམིགས་ནས་བཟོད་པའི་སྟོབས་དང་། དེས་པ་ལ་སེམས་གནས་སོ། །ལེ་ལོའི་སྐྱོན་ལ་དམིགས་ནས་དེ་བཞིན་ གཤེགས་པའི་སྟོབས་ཡོངས་སུ་བསྒྲུབ་པར་སེམས་གནས་སོ། །གཡེང་བའི་སྐྱོན་ལ་དམིགས་ནས་དེ་བཞིན་གཤེགས་པའི་བསམ་གཏན་ཐོབ་པར་བྱ་བར་སེམས་གནས་སོ། །འཆལ་པའི་ཤེས་རབ་ཀྱི་སྐྱོན་ལ་དམིགས་ནས་ཆགས་པ་མེད་པའི་ཡེ་ཤེས་རབ་ཏུ་རྫོགས་པར་བྱ་བར་སེམས་གནས་སོ། ། ཉན་ཐོས་དང་། རང་སངས་རྒྱས་ཡིད་ལ་བྱས་ནས་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པར་སེམས་གནས་སོ། །ཡིད་འབྱུང་བ་ཡིད་ལ་བྱས་ནས་སྡིག་པ་ཐམས་ཅད་མི་བྱ་བར་སེམས་གནས་སོ། །ངན་འགྲོ་ངན་སོང་ཡིད་ལ་བྱས་ནས་ངན་འགྲོ་ངན་སོང་དང་། མི་ཁོམ་པར་སྐྱེས་པའི་ སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་སེམས་གནས་སོ། །ལྷ་ཡིད་ལ་བྱས་ནས་འབྱོར་པ་ཐམས་ཅད་མཐར་རྒུད་པར་འགྱུར་བར་སེམས་གནས་སོ། །མི་ཡིད་ལ་བྱས་ནས་སྙིང་པོ་བླང་བར་སེམས་གནས་སོ། །སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱས་ནས་སངས་རྒྱས་ དང་ཕྲད་པར་བྱ་བར་སེམས་གནས་སོ། །ཆོས་རྗེས་སུ་དྲན་པ་ཡིད་ལ་བྱས་ནས་སློབ་དཔོན་གྱི་ཆོས་ལ་དཔེ་མཁྱུད་མེད་པར་བྱ་བར་སེམས་གནས་སོ། །དགེ་འདུན་རྗེས་སུ་དྲན་པ་ཡིད་ལ་བྱས་ནས་ཕྱིར་མི་ལྡོག་པའི་ཆོས་ཐོབ་པར་བྱ་བར་སེམས་གནས་སོ། །གཏོང་བ་རྗེས་སུ་དྲན་པ་ཡིད་ལ་བྱས་ ནས་གཏང་བ་ཐམས་ཅད་ཡོངས་སུ་གཏང་བར་སེམས་གནས་སོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ཡིད་ལ་བྱས་ནས་སྨོན་པ་དང་། བསམ་གཏན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བར་སེམས་གནས་སོ། །ལྷ་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། ལྷ་ཐམས་ཅད་ཀྱིས་བསྟོད་ ཅིང་བསྔགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་གནས་པར་བྱ་བར་སེམས་གནས་སོ། །ལུས་ཡིད་ལ་བྱས་ནས། སངས་རྒྱས་ཀྱི་སྐུ་ཐོབ་པར་བྱ་བར་སེམས་གནས་སོ། །ངག་ཡིད་ལ་བྱས་ནས་སངས་རྒྱས་ཀྱི་གསུང་ཐོབ་པར་བྱ་བར་སེམས་གནས་སོ། །སེམས་ཡིད་ལ་བྱས་ནས་སངས་རྒྱས་དང་མཉམ་པའི་ སེམས་ཐོབ་པར་བྱ་བར་སེམས་གནས་སོ། །འདུས་བྱས་ལ་དམིགས་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བར་སེམས་གནས་སོ། །འདུས་མ་བྱས་ལ་དམིགས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བར་སེམས་གནས་ཏེ། ཞི་བའི་བློ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་ཡིད་ལ་མི་བྱེད་པའི་དམིགས་པ་དེ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་དེའི་དམིགས་པ་ཐམས་ཅད་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་པའོ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་བ་འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་སྟེ། ཞི་བའི་བློ་གྲོས་ འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ས་ལས་སྐྱེ་བ་ནི་སྐྱེ་བ་ཇི་ལྟ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡོངས་སུ་སྤྱད་པར་མི་འགྱུར་བ་གང་ཡང་མེད་དོ། །ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་ བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྤྱད་པ་དང་། བྱང་ཆུབ་ཀྱི་ཕྱིར་ཕན་འདོགས་པར་མི་མཐོང་བའི་དམིགས་པ་གང་ཡང་མེད་དོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་གཟུགས་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་ཐབས་ལ་ མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་རྣམ་པ་དང་ཡང་དག་པར་ལྡན་པའོ། །ཞི་བའི་བློ་གྲོས་སེམས་ཅན་གང་དག་འཇུངས་པ་དང་། བྱས་པ་མི་གཟོ་བ་དེ་དག་ལས་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སེམས་ཅན་གང་དག་ཁྲོ་བ་ལ་སྤྱོད་པ་དང་། །ལེ་ལོ་ཅན་དེ་དག་ལས་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སེམས་ཅན་གང་ དག་གླེན་པ་དང་། རྨོངས་པ་དེ་དག་ལས་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སེམས་ཅན་གང་དག་ཕན་མི་འདོགས་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བའི་སེམས་སུ་མི་འགྱུར་རོ། །སེམས་ཅན་ གང་དག་ཕན་འདོགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་ཆགས་པའི་སེམས་སུ་མི་འགྱུར་རོ། །སེམས་ཅན་གང་དག་བསྔགས་པ་རྗོད་པ་དེ་དག་ལ་ཡང་བྱང་ཆུབ་སེམས་དཔའ་ཁེངས་པར་མི་འགྱུར་རོ། །སེམས་ཅན་གང་དག་བསྔགས་པ་མི་རྗོད་པ་དེ་དག་ལ་ཡང་བྱང་ཆུབ་སེམས་དཔའི་སྲོ་ཤི་བར་ མི་འགྱུར་རོ། །སེམས་ཅན་གང་དག་སྡུག་བསྔལ་བ་དེ་དག་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་སྐྱེའོ། །སེམས་ཅན་གང་དག་བདེ་བ་དེ་དག་ལ་བྱང་ཆུབ་སེམས་དཔའ་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེའོ། །སེམས་ཅན་གང་དག་གདུལ་དཀའ་བ་དང་། དམུ་རྒོད་དེ་དག་ལ་བྱང་ཆུབ་སེམས་དཔའ་ཞི་གནས་ཀྱི་ སེམས་སྐྱེའོ། །སེམས་ཅན་གང་དག་ཅང་ཤེས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་བྱས་པ་གཟོ་བའི་བློ་སྐྱེའོ། །སེམས་ཅན་གང་དག་རྐྱེན་གྱི་སྟོབས་ཅན་ཡིན་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་སྲུང་བའི་བློ་སྐྱེའོ། །སེམས་ཅན་གང་དག་རྒྱུའི་སྟོབས་ཅན་ཡིན་པ་དེ་དག་ལ་བྱང་ ཆུབ་སེམས་དཔའ་ཆད་པས་གཅད་པ་དང་། བསྡིགས་པ་དང་། གདམས་པའི་བློ་སྐྱེའོ། །སེམས་ཅན་གང་དག་ཟུར་ཙམ་གྱིས་གོ་བ་དེ་དག་ལ་བྱང་ཆུབ་སེམས་དཔས་ཟབ་མོའི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་རྣམ་པར་སྤྲོས་པས་གོ་བ་དེ་དག་ལ་བྱང་ཆུབ་སེམས་དཔས་ གཏམ་རྒྱས་པར་བརྗོད་པར་བྱའོ། །སེམས་ཅན་གང་དག་བཀྲི་དགོས་པ་དེ་དག་ལ་བྱང་ཆུབ་སེམས་དཔས་གཏམ་གོ་རིམས་སུ་ཕབ་སྟེ་བརྗོད་པར་བྱའོ། །སེམས་ཅན་གང་དག་ཚིག་ལྷུར་ལེན་པ་དེ་དག་ལ་ཚིག་དང་ཡི་གེ་བསྙུངས་ཏེ་གཏམ་བརྗོད་པར་བྱའོ། །གང་དག་ཞི་གནས་སྔོན་ དུ་འགྲོ་བ་དེ་དག་ལ་ལྷག་མཐོང་གི་གཏམ་བརྗོད་པར་བྱའོ། །གང་དག་ལྷག་མཐོང་སྔོན་དུ་འགྲོ་བ་དེ་དག་ལ་ཏིང་ངེ་འཛིན་ལ་འདུག་པའི་གཏམ་བརྗོད་པར་བྱའོ། །གང་དག་ཚུལ་ཁྲིམས་ལ་ཆགས་པ་དེ་དག་ལ་མཐར་ཕྱིན་པ་མ་ཡིན་པས་ཡང་སེམས་ཅན་དམྱལ་བའི་གཏམ་བརྗོད་པར་ བྱའོ། །སེམས་ཅན་གང་དག་ཐོས་པ་ལ་ཆགས་པ་དེ་དག་ལ་འབྱུང་བའི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་ཏིང་ངེ་འཛིན་ལ་ཆགས་པ་དེ་དག་ལ་ཤེས་རབ་ལ་འཇུག་པའི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་དགོན་པའི་གནས་ལ་ཆགས་པ་དེ་དག་ལ་སེམས་ དབེན་པར་བྱ་བའི་གཏམ་བརྗོད་པར་བྱའོ། །གང་དག་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་ཆགས་པ་དེ་དག་ལ་འཕགས་པའི་ཤེས་རབ་ཀྱི་དབང་པོའི་གཏམ་བརྗོད་པར་བྱའོ། །གང་དག་གཏི་མུག་ཆེ་བ་དེ་དག་ལ་ཐོས་པས་སྣང་བའི་གཏམ་བརྗོད་པར་བྱའོ། །གང་ དག་འདོད་ཆགས་ཀྱིས་ནོན་པ་དེ་དག་ལ་མི་སྡུག་པའི་གཏམ་བརྗོད་པར་བྱའོ། །གང་དག་ཞེ་སྡང་གིས་ནོན་པ་དེ་དག་ལ་བྱམས་པའི་གཏམ་བརྗོད་པར་བྱའོ། །གང་དག་གཏི་མུག་གིས་ནོན་པ་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་ཆ་ མཉམ་པ་ལ་སྤྱོད་པ་དེ་དག་ལ་སྐབས་སྐབས་སུ་གཏམ་རྒྱས་པར་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། མི་སྡུག་པའི་གཏམ་དང་། བྱམས་པའི་གཏམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་རྗེས་སུ་འཐུན་པའི་ གཏམ་གྱིས་འདུལ་བ་དེ་དག་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་གཏམ་བརྗོད་པར་བྱ། ལྷག་པའི་སེམས་ཀྱི་གཏམ་བརྗོད་པར་བྱ། ལྷག་པའི་ཤེས་རབ་ཀྱི་གཏམ་བརྗོད་པར་བྱའོ། །གང་དག་སངས་རྒྱས་ཀྱིས་འདུལ་བ་དེ་དག་ལ་བདེན་པའི་གཏམ་གྱི་རྗེས་སུ་འཐུན་པ། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་ཀྱི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་སྨ་དབབ་པས་འདུལ་བ་དེ་དག་ལ་གདོང་བསྒྱུར་ཏེ་ཕྱིས་ཆོས་ཀྱི་གཏམ་བརྗོད་པར་བྱའོ། །གང་དག་རྒྱུན་མི་འཆད་པར་བསྟན་པས་འདུལ་བ་དེ་དག་ལ་རྟག་པར་རྒྱུན་དུ་བརྟན་པ་བསྟན་པར་བྱའོ། །དབང་པོ་ཡོངས་སུ་ མ་སྨིན་པ་རྣམས་ལ་ནི་ཆོས་ཀྱི་གཏམ་བརྗོད་པར་བྱའོ། །གང་དག་སྣ་ཚོགས་ཀྱི་གཏམ་གྱིས་འདུལ་བ་དེ་དག་ལ་རྟོགས་པ་བརྗོད་པ་གཏན་ལ་དབབ་པ་བསྟན་པ་དང་། དཔེ་དགོད་པའི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་ཟབ་མོའི་གཏམ་གྱིས་འདུལ་བ་དེ་དག་ལ་རྟེན་ཅིང་ འབྲེལ་པར་འབྱུང་བའི་གཏམ་དང་། སེམས་ཅན་མེད་པའི་གཏམ་དང་། གང་ཟག་མེད་པའི་གཏམ་བརྗོད་པར་བྱའོ། །ལྟ་བར་བྱིང་བ་རྣམས་ལ་སྟོང་པ་ཉིད་ཀྱི་གཏམ་བརྗོད་པར་བྱའོ། །རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ལ་མཚན་མ་མེད་པའི་གཏམ་བརྗོད་པར་བྱའོ། །སེམས་ཅན་སྨོན་ལམ་ལ་ སྤྱོད་པ་རྣམས་ལ་སྨོན་པ་མེད་པའི་གཏམ་བརྗོད་པར་བྱའོ། །ཕུང་པོ་ལ་གནས་པ་རྣམས་ལ་སྒྱུ་མའི་ཆོས་ཀྱི་གཏམ་བརྗོད་པར་བྱའོ། །ཁམས་ལ་གནས་པ་རྣམས་ལ་རབ་ཏུ་དབེན་པའི་གཏམ་བརྗོད་པར་བྱའོ། །སྐྱེ་མཆེད་ལ་གནས་པ་རྣམས་ལ་རྨི་ལམ་ལྟ་བུའི་གཏམ་བརྗོད་པར་བྱའོ། །འདོད་པའི་ཁམས་ལ་ གནས་པ་རྣམས་ལ་ཀུན་ཏུ་འབར་བའི་གཏམ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ལ་གནས་པ་རྣམས་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་གཏམ་བརྗོད་པར་བྱའོ། །གཟུགས་མེད་པའི་ཁམས་ལ་གནས་པ་རྣམས་ལ་འདུ་བྱེད་ཐམས་ཅད་མི་རྟག་པའི་གཏམ་བརྗོད་པར་བྱའོ། །སྡུག་བསྔལ་གྱིས་འདུལ་བ་རྣམས་ལ་ འཕགས་པའི་རིགས་ཆོག་ཤེས་པའི་གཏམ་བརྗོད་པར་བྱའོ། །བདེ་བས་འདུལ་བ་རྣམས་ལ་བསམ་གཏན་དང་ཚད་མེད་པའི་གཏམ་བརྗོད་པར་བྱའོ། །ལྷས་འདུལ་བ་རྣམས་ལ་གཅིག་ཏུ་བདེ་བའི་གཏམ་བརྗོད་པར་བྱའོ། །མཚན་མས་འདུལ་བ་རྣམས་ལ་ངའི་བ་མེད་པ་དང་ཡོངས་ སུ་འཛིན་པ་མེད་པའི་གཏམ་བརྗོད་པར་བྱའོ། །ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་རྗེས་སུ་བསྟན་པ་དང་དེའི་བྱ་བའི་གཏམ་བརྗོད་པར་བྱའོ། །རང་སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་དོན་ཉུང་བ་དང་བྱ་བ་ཉུང་བའི་གཏམ་བརྗོད་པར་བྱའོ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་ དཔའ་རྣམས་ལ་ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོའི་གཏམ་བརྗོད་པར་བྱའོ། །སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བས་ཡོངས་སུ་མི་སྐྱོ་བའི་གཏམ་བརྗོད་པར་བྱའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་ སྦྱང་བའི་གཏམ་བརྗོད་པར་བྱའོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཏམ་བརྗོད་པར་བྱའོ། །སེམས་ཅན་གང་དག་སངས་རྒྱས་ཀྱིས་འདུལ་བ་དེ་དག་ལ་བྱང་ཆུབ་སེམས་དཔས་མ་ཚང་བ་མེད་པ་དང་། འབྲས་བུ་ཡོད་ པའི་གཏམ་བརྗོད་པར་བྱའོ། །ཞི་བའི་བློ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་། ཤེས་རབ་ཡོངས་སུ་དག་ཅིང་དམིགས་པ་ལ་དབང་ཐོབ་པ་ནི་འབྲས་བུ་ཡོད་པའི་ཆོས་སྟོན་པ་ཡིན། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་ཡིན་ནོ། །བསྟན་པ་ འདི་བཤད་པ་ན་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དམིགས་པའི་ལེའུ་ཞེས་བྱ་བ་སྟེ་བཅོ་ལྔ་པའོ།། །།དེ་ནས་འཁོར་དེའི་ནང་ནས་ བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ནི་མིང་ཅི་ཞེས་བྱ་བར་འགྱུར། དེ་བྱང་ཆུབ་ཐོབ་པའི་མིང་ནི་ཅི་ཞེས་བྱ་བར་ འགྱུར། དེའི་བྱང་ཆུབ་སེམས་དཔའི་འཁོར་ནི་ཅི་འདྲ་བ་ཞིག་ཏུ་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། འོད་ཟེར་ཁ་དོག་སྣ་ཚོགས་འབྱུང་བས། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་དང་ལྡན་པ་ཁ་དོག་ཐ་དད་པ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བྱུང་ནས་འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་ པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཞུས་པ། འོད་བཟང་དྲི་མ་མི་མངའ་གསེར་དང་འདྲ། །ཟླ་བའི་ཞལ་འདྲ་ཞི་གནས་ལེགས་པར་བཞུགས། །ཉི་མ་ལྟ་བུ་ མུན་པ་འཇོམས་མཛད་པ། །མི་མཆོག་ཅི་ཡི་སླད་དུ་འཛུམ་པ་བསྟན། །མོས་པས་ཞི་གནས་རྫིང་དུ་རབ་ཏུ་བཞུགས། །ཐུགས་རྗེ་ཆུ་བ་བརྩོན་འགྲུས་སྟོབས་ཀྱིས་འཁྲུངས། །དྲན་པས་ཁ་བྱེ་ཡོན་ཏན་དྲི་ཞིམ་ལྡན། །བདེ་གཤེགས་པད་མ་ཅི་སླད་འཛུམ་པ་མཛད། །དྲན་པ་སྣོད་བཟང་ཞི་ གནས་མར་ལགས་ཏེ། །སྙིང་པོ་ཐུགས་རྗེ་དྲི་མ་གསུམ་སེལ་མཛད། །ཤེས་རབ་མར་མེས་མུན་པ་སེལ་མཛད་པ། །བདེ་གཤེགས་མར་མེ་ཅི་སླད་འཛུམ་པ་མཛད། །དཀྱིལ་འཁོར་ཐུགས་རྗེ་ལྷག་མཐོང་འོད་ལྡན་པ། །རབ་རིབ་སེལ་བ་སྲིད་པ་སྐམ་མཛད་པ། །འགྲོ་བ་རྒྱས་མཛད་མིག་ནི་ སྤྱོད་མཛད་པ། །བདེ་གཤེགས་ཉི་མ་ཅི་སླད་འཛུམ་པ་མཛད། །ཁྱོད་ནི་འགྲོ་བའི་བསམ་པ་རབ་ཏུ་མཁྱེན། །ཁྱོད་ནི་ལྷར་བཅས་འགྲོ་ནའང་ལྷང་ངེ་བ། །དྲང་སྲོང་ཆེན་པོའི་ཞལ་དུ་འཁོར་རྣམས་ལྟ། །མི་མཆོག་ཅི་སླད་འདིར་ནི་འཛུམ་པ་མཛད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞི་བའི་བློ་གྲོས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་རྡོ་རྗེ་ཐོགས་ནས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱེད་པར་ འགྱུར། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར། དེ་བཞིན་གཤེགས་པའི་གསང་བ་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་རྒྱས་པར་བྱེད་པར་འགྱུར། སེམས་ཅན་ཚད་མེད་པ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་བསྐལ་པ་བཟང་པོ་དེ་འདས་ནས་དེ་བཞིན་ གཤེགས་པ་མོས་པའི་བར་གྱི་དམ་པའི་ཆོས་ནུབ་པ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། དེ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེས་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེས་ཕྱག་རྒྱ་བརྒྱ་རྩ་བརྒྱད་བྱང་ཆུབ་སེམས་དཔའ་དེ་དག་ལ་བསྟན་པས་ འཛིན་པར་འགྱུར། དོན་གྱི་ཚུལ་ལ་ཡང་འཇུག་པར་འགྱུར། དེ་བཞིན་ཉིད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་མཉེས་པར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། །རིམ་གྲོ་བྱེད་པར་འགྱུར། མཆོད་པ་ བྱེད་པར་འགྱུར། དེ་དག་གི་གནན་ཚངས་པར་སྤྱོད་པར་འགྱུར། དམ་པའི་ཆོས་ཀྱང་སྲུང་བར་འགྱུར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་དེའི་འོག་ཏུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ འདས་པ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་ཞེས་བྱ་བར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། །སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེས་རྣམ་པར་གནོན་པ་ཞེས་བྱ་བར་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་དེ་ནི་འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། ལྷ་དང་མི་མང་པོས་ གང་བ་དང་། བྱང་ཆུབ་སེམས་དཔས་གང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། ཤེལ་དང་། བྱི་རུ་དང་། སྤུག་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོས་ལེགས་པར་བརྒྱན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་མིག་མངས་རིས་ སུ་བྱས་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། དར་གྱི་ལྡ་ལྡི་མང་པོ་བྲེས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་ལེགས་པར་བརྒྱན་པ། ལྷའི་མེ་ཏོག་དང་། རིན་པོ་ཆེའི་མེ་ཏོག་གིས་ཁེབས་པར་བྱས་པ། སྤོས་ཀྱི་སྙིང་པོ་དམ་ པས་བདུགས་པ། སྟེང་གི་བར་སྣང་ལ་ལྷའི་རོལ་མོའི་སྒྲ་ལེན་པ་ཅན་དུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ངན་སོང་དང་། མི་ཁོམ་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་དགའ་ལྡན་གྱི་ལྷའི་ཡོངས་སུ་སྤྱོད་པ་དང་འདྲ་བ་དང་ཡིད་ལ་བསམ་པས་ཟས་དང་ སྐོམ་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། གོས་དང་། རྒྱན་གྲུབ་ཅིང་ལེགས་པར་བརྒྱན་པར་འགྱུར་རོ། །ལྷ་དང་མི་ཐམས་ཅད་ཀྱང་ཁང་པ་བརྩེགས་པ་ལ་མཚུངས་པར་ཡོངས་སུ་སྤྱོད་པར་འགྱུར་རོ། །ལྷ་དང་མི་དེ་དག་ཐམས་ཅད་ཀྱང་རྒྱ་ཆེན་པོ་ལ་མོས་པར་འགྱུར་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་པ་ཤ་སྟག་གོ། །འཇིག་རྟེན་གྱི་ཁམས་དེ་ན་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ཡང་རུང་སྟེ། ཐེག་པ་གཉིས་ཀྱི་མིང་ཡང་མི་གྲག་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའི་གཏམ་འབའ་ ཞིག་གསུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ནི་འབུམ་ཕྲག་མང་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་སེམས་ཅན་གང་ཡང་ཆོ་ག་ཉམས་པའམ། འཚོ་བ་ཉམས་པའམ། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པར་ མི་འགྱུར་རོ། །ཞར་བའམ། འཐེང་པོའམ། སྒུར་པོའམ། གཏུམ་པོའམ། དིག་པའམ། མི་སྲུན་པའམ། ཀླ་ཀློ་ཅན་ནམ། ལྐུགས་པའམ། གྲུམ་པོའམ། དབང་པོ་མ་ཚང་བར་མི་འགྱུར་རོ། །ལྷ་དང་མི་དེ་དག་ཐམས་ཅད་ཀྱང་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་བརྒྱན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བརྒྱད་ཐུབ་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱང་གློ་བུར་དུ་འཆི་བར་མི་འགྱུར་རོ། །ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་ཡོན་ཏན་ཚད་མེད་པའི་རྒྱུའི་ཁྱད་པར་ནི་འདི་དག་དང་གཞན་ཡང་ མང་དུ་ཡོད་དོ། །དེ་བཞིན་གཤེགས་པ་དེ་ནམ་ཆོས་སྟོན་པར་འགྱུར་བ་དེའི་ཚེ་སྐུ་ལས་འོད་ཕྱུང་བ་དང་། དེ་ནས་སེམས་ཅན་དེ་དག་གིས་འོད་དེ་མཐོང་ནས་འདི་སྙམ་དུ་སེམས་པར་འགྱུར་ཏེ་དེ་བཞིན་གཤེགས་པ་ཆོས་སྟོན་པར་འགྱུར་གྱིས། བདག་ཅག་བཅོམ་ལྡན་འདས་ལ་ཆོས་ ཉན་དུ་འདོང་ངོ་སྙམ་མོ། །དེ་ན་ཁ་ཅིག་ནི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོང་བར་འགྱུར། ཁ་ཅིག་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འོང་བར་འགྱུར་རོ། །དེར་ལྷ་དང་མི་དེ་དག་འདུས་པ་དང་། དེ་བཞིན་གཤེགས་པ་དེ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་ འབུམ་སྲིད་དུ་མངོན་པར་འཕགས་ཏེ་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱིལ་མོ་ཀྲུང་དུ་བཞུགས་ནས་སྐུས་ཁྱབ་པར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུང་ དབྱངས་ཀྱིས་གོ་བར་མཛད་དེ། དེ་བཞིན་གཤེགས་པའི་གསུང་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། །དེའི་ནང་ན་གང་དེ་བཞིན་གཤེགས་པའི་ཆོས་སྟོན་པ་དང་འགལ་བར་བྱེད་པའམ། ཟློག་པར་བྱེད་པའི་སེམས་ཅན་ནི་གཅིག་ཀྱང་མེད་དོ། །སེམས་ ཅན་དེ་དག་ཐམས་ཅད་ནི་དབང་པོ་རྣོ་བ། མགོ་སྨོས་པས་གོ་བར་འགྱུར་བ་ཤ་སྟག་གོ། །འཇིག་རྟེན་གྱི་ཁམས་དེ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེ་མ་གཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནང་ཡི་བ་མེད་ ཅིང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེ་ལྷའི་བུའམ། མིར་གྱུར་པ་གང་ལ་བསོད་སྙོམས་བླང་བར་བཞེད་པར་ གྱུར་པའི་ལྷའི་བུའམ། མིར་གྱུར་པ་དེའི་མདུན་དུ་དེ་བཞིན་གཤེགས་པའི་གཟུགས་ལྷུང་བཟེད་ཐོགས་པ་ཉེ་བར་གནས་པ་དང་། དེར་ལྷའི་བུའམ། མིར་གྱུར་པ་དེས་དེ་བཞིན་གཤེགས་པའི་གཟུགས་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་རྡོ་རྗེས་རྣམ་པར་གནོན་པ་བདག་ལས་བཤོས་གསོལ་བར་བཞེད་དོ་སྙམ་ནས་ཡིད་ཀྱིས་བསམས་པས་འཁོར་གྱི་ཁྱམས་སུ་སྟན་དང་། ཟས་དང་། སྐོམ་དང་། རོ་བརྒྱ་པའི་ཟས་སྦྱར་ནས་བཅོམ་ལྡན་འདས་དེ་ལ་གདུགས་ཚོད་ལ་བབ་ཅེས་གསོལ་པ་དང་། དེར་དེ་བཞིན་གཤེགས་པ་དེ་བཤོས་ གསོལ་ལོ། །བཤོས་གསོལ་ནས་སླར་བཞུད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་གང་གི་ཚེ། ནང་དུ་ཡང་དག་འཇོག་ལ་འཇུག་པར་འགྱུར་བ་དེ་ན། བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་གྱི་བཀོད་པས་གནས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་ཡོན་ཏན་གྱི་རྒྱུའི་ ཁྱད་པར་འདི་དག་དང་། གཞན་ཡང་ཚད་མེད་པ་དག་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཀུན་ནས་ཡོངས་སུ་དག་པ་ཞེས་བྱའོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ལུང་བསྟན་པ་བཤད་པ་འདི་བསྟན་པ་ན་སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་དེ། །སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་དེར་སྐྱེ་བར་བཅོམ་ལྡན་ འདས་ཀྱིས་ལུང་བསྟན་ཏོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རང་གི་ལུང་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྡོ་རྗེ་དེ་ནམ་མཁའི་དཀྱིལ་དུ་འཕངས་སོ། །རྡོ་རྗེ་དེ་འཕངས་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །མེ་ཏོག་གི་ཆར་ཡང་བབ་བོ། །རོལ་མོ་སིལ་སྙན་བརྒྱའི་སྒྲ་ཡང་བྱུང་ངོ་། །འཁོར་ཐམས་ཅད་ཀྱི་ལག་པ་གཡས་པར་ཡང་མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་ཕྲེང་བ་དག་བྱུང་ངོ་། །དེ་ནས་གསང་བ་པའི་བདག་པོ་ ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཆོས་ཀྱི་དབང་ཕྱུག་རྒྱ་ཆེན་མི་ཟད་ཆོས་ཀྱི་མཛོད། །ཆོས་རྣམས་རབ་ཏུ་འབྱེད་ལ་མཁས་པ་འགྲོ་དོན་བཞེད། །ཆོས་ལ་ཐུགས་མ་ཞུམ་ཞིང་རྟག་ཏུ་ལྷུག་པར་བཏང་། །ཆོས་ཀྱི་རྗེས་ འཐུན་ཆོས་སྒྲུབ་གནས་ལ་ཕྱག་འཚལ་ལོ། །སེམས་ཅན་དག་པ་ཁྱོད་ཀྱི་ཡེ་ཤེས་སྤྱོད་རྣམ་དག །ཡོན་ཏན་རྒྱལ་གྲགས་སྙན་པ་འཇིག་རྟེན་གསུམ་དུ་གྲགས། །ཡེ་ཤེས་རྒྱུན་ནི་དུས་གསུམ་རྟག་ཏུ་བས་མ་འཚལ། །ཆགས་འདས་ཞབས་མཉམ་ལེགས་པ་ཁྱོད་ལ་ཕྱག་ འཚལ་ལོ། །ཟླ་བ་ལས་ལྷག་ཡོངས་དག་ཚུལ་ཁྲིམས་རྣམ་པར་དག །ཉི་མ་ལས་ལྷག་འོད་མཛེས་འོད་མངའ་གཟི་བརྗིད་མཆོག །ཚངས་པ་ལས་ལྷག་གསུང་སྙན་ཚངས་པའི་གསུང་མངའ་བ། །དཀོན་མཆོག་གསུམ་ལྡན་གསེར་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྐུ་ ཡང་སྟོན་ལ་སྐུ་དང་ལྡན་མ་ལགས། །ཁྱོད་ནི་གསུང་ཡང་རྗོད་ལ་སྒྲ་སྐད་རྟོག་མི་མངའ། །ཁྱོད་ནི་ཆོས་ཀྱང་གསུང་ལ་ཆོས་ཀྱི་འདུ་ཤེས་བྲལ། །སེམས་ཅན་ཐར་བར་མཛད་ལ་སེམས་ཅན་འདུ་ཤེས་བྲལ། གང་དག་ཁྱོད་བསྟན་ཐོས་ནས་ཇི་ལྟར་བསྟན་པ་ལྟར། །བསྒྲུབ་པ་སྙིང་ པོར་གནས་པ་དག་ནི་མ་གཏོགས་པར། འགྲོ་བ་ཐམས་ཅད་རྟག་ཏུ་རབ་ཏུ་བྱུང་ཡང་ནི། །ཁྱོད་ཀྱི་བཀའ་དྲིན་ལན་ལོན་ནམ་ཡང་རྔོ་མི་ཐོག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་ཐམས་ཅད་དང་ལྡན་པའི་འཁོར་དེས་ཇི་ལྟར་ཐོགས་ཐོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་ གི་ཕྲེང་བ་རྣམས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །མེ་ཏོག་གི་ཕྲེང་བ་དེ་དག་གཏོར་མ་ཐག་ཏུ་དེ་ནས་དེའི་ཚེ་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་ལེགས་པར་བརྒྱན་པར་གྱུར་ཅིང་མིག་མངས་རིས་སུ་གནས་ པར་ཀུན་ཏུ་སྣང་ངོ་། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། གསང་བ་པའི་བདག་པོ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་མོད། སྨྲས་པ། རིགས་ཀྱི་བུ་རྨི་ལམ་གྱི་རང་བཞིན་ལྟ་བུའི་ལུང་བསྟན་པས་བདག་ལུང་བསྟན་ཏོ། །སྨྲས་པ། ཅི་ཞིག་ཐོབ་པར་བྱ་བའི་ཕྱིར་ཁྱོད་ལུང་བསྟན། སྨྲས་པ། རིགས་ཀྱི་བུ་ཐོབ་པར་བྱ་བ་མེད་པར་ ལུང་བསྟན་པ་ཐོབ་བོ། །སྨྲས་པ་ཅི་ཞིག་ཐོབ་པ་མེད། སྨྲས་པ། སེམས་ཅན་དང་། སྲོག་དང་། གང་ཟག་དང་། གསོ་བ་དང་། སྐྱེས་བུ་ཐོབ་པ་མེད་དོ། །ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཐོབ་པ་མེད་དོ། །དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པའི་བར་དུ་ཐོབ་པ་མེད་དོ། །སྨྲས་པ། གལ་ཏེ་ཐོབ་པ་མེད་ན་འདིར་ཅི་ཞིག་ལུང་སྟོན། སྨྲས་པ། མི་དམིགས་པ་གང་ཡིན་པ་དེའི་རྗེས་སུ་འགྲོ་བའི་ཡེ་ཤེས་ལུང་སྟོན་ཏོ། །སྨྲས་པ་ཡེ་ཤེས་གང་ལུང་བསྟན། སྨྲས་པ། གང་གཉིས་ཀྱིས་རབ་ཏུ་མ་ཕྱི་བའོ། ། སྨྲས་པ། གལ་ཏེ་གཉིས་ཀྱིས་རབ་ཏུ་ཕྱེ་བར་གྱུར་ན། ལུང་བསྟན་པ་ཐོབ་པར་མི་འགྱུར་ཏེ། གང་གི་ཕྱིར་ཡེ་ཤེས་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དེའི་ཕྱིར་གཉིས་སུ་མེད་པའི་ལུང་བསྟན་པ་ཉིད་བྱང་ཆུབ་སེམས་དཔའི་ལུང་བསྟན་པའོ། །སྨྲས་པ། གལ་ཏེ་ཡེ་ཤེས་ གཉིས་སུ་མེད་པས་རབ་ཏུ་ཕྱེ་བ་ཡིན་ན། ལུང་སྟོན་པ་ནི་སུ་ཞིག །ལུང་ནི་སུ་ལ་སྟོན། སྨྲས་པ། ལུང་སྟོན་པ་གང་ཡིན་པ་དང་སུ་ལ་ལུང་བསྟན་པ་དེ་དག་ནི་མཉམ་པ་ཉིད་དུ་གྱུར་པའོ། །དེ་དག་ནི་གཉིས་སུ་མེད་པའི་མཐའ་ལ་གནས་པའོ། །སྨྲས་པ། གསང་བ་པའི་བདག་ པོ་གཉིས་སུ་མེད་པའི་མཐའ་གང་ཡིན་པ་དེ་ལ་ལུང་བསྟན་དུ་ཅི་ཡོད། སྨྲས་པ། མཐའ་གང་ཡིན་པ་དེ་ཉིད་གཉིས་སུ་མེད་པའི་མཐའ་སྟེ་མཐའ་དེ་ཉིད་ལུང་བསྟན་པའོ། །སྨྲས་པ། གང་ལ་གནས་ན་ལུང་བསྟན་པ་ཐོབ་པའི་མཐའ་གང་ཡིན། སྨྲས་པ། བདག་གི་མཐའ་ལ་ གནས་ན་ལུང་བསྟན་པ་ཐོབ་པར་འགྱུར་རོ། །སེམས་ཅན་གྱི་མཐའ་དང་། སྲོག་དང་། གང་ཟག་གི་མཐའ་ལ་གནས་ན། ལུང་བསྟན་པར་འགྱུར་རོ། །བདག་གི་མཐའི་གནས་གང་གི་གནས་ཡིན། སྨྲས་པ། བདག་གི་མཐའི་གནས་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་ བའི་མཐའི་གནས་སོ། །སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་མཐའ་གང་གི་གནས་ཡིན། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་མཐའི་གནས་ནི་མ་རིག་པ་དང་། སྲིད་པའི་སྲེད་པའི་མཐའི་གནས་སོ། །སྨྲས་པ། མ་རིག་པ་དང་། སྲིད་པའི་སྲེད་པའི་མཐའི་གནས་གང་གི་གནས་ཡིན། སྨྲས་པ། ཤིན་ཏུ་མ་སྐྱེས་མ་བྱུང་བའི་མཐའི་གནས་སོ། །སྨྲས་པ། མ་སྐྱེས་པ་དང་མ་བྱུང་བའི་གནས་གང་ཡིན། སྨྲས་པ། རྣམ་པར་རིག་པ་མ་ཡིན་པའི་མཐའ་ནི་གནས་སོ། །སྨྲས་པ། རྣམ་པར་རིག་པས་ཅི་ཞིག་ རིག་པར་བྱེད། སྨྲས་པ། གལ་ཏེ་རྣམ་པར་རིག་པར་བྱེད་ན། རྣམ་པར་རིག་པ་མ་ཡིན་པར་མི་འགྱུར་རོ། །སྨྲས་པ། ཅི་ཞིག་རྣམ་པར་རིག་པར་མི་བྱེད། སྨྲས་པ། རྣམ་པར་རིག་པ་ཐམས་ཅད་རྣམ་པར་རིག་པར་མི་བྱེད་དོ། །སྨྲས་པ། གལ་ཏེ་རྣམ་པར་རིག་པར་མི་བྱེད་ན་ཇི་ལྟར་ཀུན་ཤེས་ པར་བྱེད། སྨྲས་པ། གལ་ཏེ་ཀུན་ཤེས་པར་བྱེད་ན་རྣམ་པར་རིག་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་རིག་པར་མི་བྱེད་པ་དེའི་ཕྱིར་ཀུན་ཤེས་པར་བྱེད་དོ། །སྨྲས་པ། ཀུན་ཤེས་པར་བྱེད་པ་ཇི་ལྟ་བུ་ཡིན། སྨྲས་པ། གང་གི་ཚེ་རྣམ་པར་རིག་པ་ཁས་མི་ལེན་པའོ། །སྨྲས་པ། ཇི་ ལྟར་ན་རྣམ་པར་རིག་པ་ཁས་མི་ལེན། སྨྲས་པ། གང་གི་ཚེ་ཚིག་འབྲུའི་རྗེས་སུ་མི་རྒྱུག་པའོ། །སྨྲས་པ། ཇི་ལྟར་ན་ཚིག་འབྲུའི་རྗེས་སུ་མི་རྒྱུག །སྨྲས་པ་གང་གི་ཚེ་དོན་ལ་རྟོན་པའོ། །སྨྲས་པ། དོན་ལ་རྟོན་པ་ཇི་ལྟ་བུ་ཡིན། སྨྲས་པ། གང་གི་ཚེ་དོན་མི་མཐོང་བའོ། །སྨྲས་པ། དོན་མི་མཐོང་བ་ཇི་ལྟ་བུ་ཡིན། སྨྲས་པ། གང་གི་ཚེ་དོན་དང་དོན་མ་ཡིན་པ་དོན་དུ་མི་གཉེར་བའོ། །སྨྲས་པ། གང་གི་ཚེ་དོན་དང་དོན་མ་ཡིན་པ་དོན་དུ་མི་གཉེར་བར་གྱུར་པ་དེའི་ཚེ་ཅི་ཞིག་དོན་དུ་གཉེར་བར་འགྱུར། སྨྲས་པ། གང་གི་ཚེ་དོན་དང་དོན་མ་ཡིན་པ་དོན་དུ་མི་གཉེར་བར་གྱུར་པ་དེའི་ཚེ་ཆོས་དོན་དུ་ གཉེར་བར་འགྱུར་རོ། །སྨྲས་པ། གལ་ཏེ་ཆོས་དོན་དུ་གཉེར་བར་གྱུར་ན་དེ་དོན་དུ་གཉེར་བ་ཉིད་མ་ཡིན་ནམ། སྨྲས་པ། རིགས་ཀྱི་བུ་ཆོས་དོན་དུ་གཉེར་བ་ནི་ཅི་ཡང་དོན་དུ་གཉེར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་གང་དོན་དུ་གཉེར་བ་དེ་ནི་ཆོས་མ་ཡིན་ཏེ་ནི་ཆོས་སུ་མི་རུང་ངོ་། ། སྨྲས་པ། ཆོས་གང་ཡིན། སྨྲས་པ། གང་ལ་ཆོས་ཀྱི་སྒྲ་ཡང་མི་དམིགས་པའོ། །སྨྲས་པ། གང་ལ་ཆོས་ཀྱི་སྒྲ་ཡང་མི་དམིགས་པ་དེ་ལ་ཆོས་གང་ཡིན། སྨྲས་པ། རིགས་ཀྱི་བུ་གང་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་བ་དེ་ཉིད་ཆོས་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ། སྒྲ་ མེད་པ་བརྗོད་པ་མེད་པའོ། །རིགས་ཀྱི་བུ་སུ་ཞིག་བདག་སྨྲའོ་ཞེས་སྨྲ་བ་དེ་འཆལ་པར་སྨྲ་བའོ། །གང་འཆལ་པར་སྨྲ་བ་དེ་ལ་ཆོས་མེད་དོ། །འདུལ་བ་མེད་དོ། །སྨྲས་པ། གསང་བ་པའི་བདག་པོ་གང་ཆོས་གསུང་བའི་དེ་བཞིན་གཤེགས་པ་འཆལ་པར་གསུང་བར་མི་འགྱུར་རམ། སྨྲས་པ། ཞི་བའི་བློ་གྲོས་ དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་སོ། །མ་བརྗོད་དོ་ཞེས་ཁོ་བོས་སྔར་མ་བཤད་དམ། དེ་ལྟ་མོད་ཀྱི་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་རྣམས་ཀྱིས་དམིགས་སོ། །སྨྲས་པ། སྨྲས་ན་ཉེས་པ་ཅི་ཡོད། སྨྲས་པ། ངག་གི་ལས་ཀྱི་ཉེས་ པར་འགྱུར་རོ། །སྨྲས་པ། ངག་གི་ལས་ལས་ཉེས་པ་ཅི་ཞིག་འབྱུང་། སྨྲས་པ། ཡི་གེ་ལ་སེམས་པས་བཀླགས་པའི་ཉེས་པར་འགྱུར་རོ། །སྨྲས་པ། ཉེས་པ་མེད་པ་གང་ཡིན། སྨྲས་པ། གང་མི་སྨྲ་མི་རྗོད་པ་དེ་ལ་རྣམ་པར་རིག་པ་གང་ཡང་མེད་དོ། །རྣམ་པར་རིག་པ་མེད་པ་ནི་ཉེས་ པ་མེད་པའོ། །གང་བདག་ལ་རྣམ་པར་རིག་པར་མི་བྱེད་པ་དང་། གཞན་ལ་རྣམ་པར་རིག་པར་མི་བྱེད་པ་དེ་ཉེས་པ་མེད་པའོ། །སྨྲས་པ། ཉེས་པའི་རྩ་བ་གང་ཡིན། སྨྲས་པ། ཉེས་པའི་རྩ་བ་ནི་འཛིན་པའོ། །སྨྲས་པ། འཛིན་པའི་རྩ་བ་ཅི་ཡིན། །སྨྲས་པ། མངོན་པར་ཞེན་པ་ནི་རྩ་བའོ། ། སྨྲས་པ། མངོན་པར་ཞེན་པའི་རྩ་བ་ཅི་ཡིན། སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ནི་རྩ་བའོ། །སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་རྩ་བ་ཅི་ཡིན། སྨྲས་པ། ལྷག་པར་དམིགས་པའི་ལྟ་བ་ནི་རྩ་བའོ། །སྨྲས་པ། ཅི་ཞིག་ལ་ལྷག་པར་དམིགས། སྨྲས་པ། གཟུགས་རྣམས་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་ལ་ལྷག་པར་དམིགས་སོ། །སྨྲས་པ། ལྷག་པར་མི་དམིགས་པ་ཇི་ལྟ་བུ། སྨྲས་པ། གལ་ཏེ་སྲིད་པའི་བག་ལ་ཉལ་ལ་ལྷག་པར་མི་དམིགས་པ་སྟེ། ཞི་བའི་ བློ་གྲོས་དེ་ལྟ་བས་ན་སྲེད་པ་ལ་དམིགས་པ་སྤང་བའི་ཕྱིར། དེ་བཞིན་གཤེགས་པས་ཆོས་བསྟན་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བསྟན་པ་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ནི་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ ཐོབ་པར་གྱུར་ཏོ། །གཉིས་སུ་མེད་པ་བརྗོད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ།། །།དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བརྣག་པ་ཡོངས་སུ་རྫོགས་པར་ལུང་བསྟན་པས་དབུགས་ཕྱིན་པ་ཐོབ་སྟེ། ཚིམ་ཞིང་མགུ་ལ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག །ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གསང་བ་པ་བདག་གི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གཤེགས་ ཤིང་དགུང་བདུན་ཞིག་བཞུགས་པར་ཅི་གནང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནོད་སྦྱིན་དང་། གྲུལ་བུམ་དང་། སྲིན་པོ་དང་། ཤ་ཟ་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་མང་དུ་མཆིས་ཏེ། སེམས་ཅན་གྱི་རིགས་རྣམ་པ་སྣ་ཚོགས་གནས་པ་དེ་དག་གིས། བཅོམ་ལྡན་འདས་མཐོང་ཞིང་ཆོས་ཀྱང་ཐོས་ན་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་ལགས་སོ། །དེས་ན་ཡང་ཁྲོ་བ་དང་སྡང་བའི་སེམས་མ་མཆིས་པར་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ་བཞིའི་གཡོག་འཁོར་གང་ལགས་པ་དེ་དག་གི་ཡུན་རིང་པོའི་ དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བ་དང་། སེམས་ཅན་ཚད་མེད་པ་གང་དག་གི་དགེ་བའི་རྩ་བ་རྣམ་པར་སྤེལ་བ་དང་། གསང་བ་པའི་བདག་པོ་ ལག་ན་རྡོ་རྗེའི་བསམ་པ་ཡོངས་སུ་བཀང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གསང་བ་པའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གཤེགས་ཏེ་ཞག་བདུན་བཞུགས་པར་གནང་ངོ་། །དེ་ནས་གསང་བ་པའི་བདག་ པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་མཛད་པ་རིག་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་ བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ག་ལ་བ་དེར་སོང་སྟེ་རང་གི་གནས་སུ་ཕྱིན་ཏོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྙམ་དུ་བསམས་ཏེ། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ ཕྱིར་ཅི་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་ངོ་མཚར་དུ་སེམས་པར་འགྱུར་བ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགའ་བ་སྐྱེ་བར་འགྱུར་བ་དང་། བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ པར་འགྱུར་བ་དེ་ལྟ་བུའི་འཁོར་གྱི་ཁྱམས་བཀོད་པ་བྱའོ་སྙམ་མོ། །དེས་ཡང་འདི་སྙམ་དུ་བསམས་ཏེ་བདག་གིས་མངོན་པར་ཤེས་ཏེ། དུས་གཅིག་ཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་ཁྲི་ལུང་བསྟན་པའི་ཕྱིར་ བཅོམ་ལྡན་འདས་མཚན་མོ་མི་ཉལ་ཙམ་ན་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ པོ་ཆེ་མཐའ་ཡས་པ་བཀོད་པ་ཞེས་བྱ་བར་གཤེགས་པའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བདག་གིས་ལྷའི་དང་། མིའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལས་ཡང་དག་པར་འདས་པའི་བཀོད་པ་མཐོང་གིས། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར། བདག་གིས་འཇིག་རྟེན་གྱི་ ཁམས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་བཀོད་པ་དེའི་བཀོད་པ་ཅི་འདྲ་བ་དེ་འདྲ་བའི་འཁོར་གྱི་ཁྱམས་བཀོད་པར་བྱའོ་སྙམ་མོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེའི་ཚེ་བཀོད་པ་ཆེན་པོའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གསང་བ་པའི་བདག་ པོ་ལག་ན་རྡོ་རྗེ་བཀོད་པ་ཆེན་པོའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་བཀོད་པ་དེའི་བཀོད་པ་ཅི་འདྲ་བ་དེ་འདྲ་བའི་འཁོར་གྱི་ཁྱམས་བཀོད་པ་ཞིག་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་གྱི་དབུས་ན་གནས་པར་སྣང་ ངོ་། །འཁོར་གྱི་ཁྱམས་དེ་ཡང་ཡངས་ཤིང་རྒྱ་ཆེ་སྟེ། ཤར་ནུབ་ཏུ་ཆུར་ནི་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་པ། ལྷོ་བྱང་དུ་རྒྱར་ནི་དཔག་ཚད་བཞི་བཅུ་རྩ་གཉིས་ཡོད་པ། ས་གཞི་ནི་བཻ་དཱུརྱ་སྔོན་པོའི་རང་བཞིན་དུ་གནས་པ། ཕྱིར་ནི་ཨན་ད་རྙིལ་ལས་བྱས་པ། ཟུང་གི་ཕྲུགས་རིན་པོ་ཆེ་ ཐམས་ཅད་ཀྱིས་སྤྲས་པ། འཛམ་བུའི་ཆུ་བོའི་གསེར་གྱི་པད་མས་བརྒྱན་པ། རྒྱན་ཕྲེང་སྣ་ཚོགས་དུ་མས་སྤྲས་པ། རས་བཅོས་བུ་དུ་མ་བཏིང་བ། མུ་ཏིག་གི་རྒྱན་ཕྲེང་དུ་མ་སྤྱངས་པ། དར་གྱི་ལྡ་ལྡི་དུ་མས་མཛེས་པར་བྱས་པ། མེ་ཏོག་གི་ཕྲེང་བ་དུ་མས་བཀབ་པ། པོག་པོར་དུ་ མ་ནས་བདུགས་པ། ལྷའི་མེ་ཏོག་ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་བཀྲམ་པ། བཀྲ་བ། བལྟ་ན་སྡུག་པ། ཡིད་དུ་འོང་བ། ལུས་སིམ་པར་བྱེད་པ། སེམས་ལ་དགའ་བ་བསྐྱེད་པ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་དང་ལྡན་པ། བསྔགས་པའི་བསྟན་པ་ཚད་མེད་པ་སྟེ། འཁོར་གྱི་ཁྱམས་དེར་སེང་གེའི་ཁྲི་རིན་པོ་ཆེའི་རྩ་བས་བརྒྱན་པ། རིན་པོ་ཆེའི་ཁ་ཁྱེར་གྱིས་བསྐོར་བ། རིན་པོ་ཆེའི་པད་མ་བཀོད་པ་དང་ལྡན་པ། མུ་ཏིག་གི་དྲ་བས་གཡོགས་པ། མིག་མངས་རིས་སུ་བྲེས་པ། ལྷའི་རས་བཅོས་བུ་དུ་མ་བཏིང་བ། སྟེང་དུ་རིན་པོ་ཆེའི་དྲ་བ་བྲེས་པ། བཀོད་པ་ སྔོན་མ་མཐོང་མ་ཐོས་པ། འཇིག་རྟེན་གྱི་ཁམས་མང་པོ་དག་ན་མེད་པ་བརྒྱ་སྟོང་མང་པོ་བྱུང་ངོ་། །ཞལ་ཟས་རོ་བྲོ་བ་བརྒྱས་བསྒོས་པའང་བཤམས་སོ། །སེང་གེའི་ཁྲི་ས་ལ་མི་རྟེན་པ་བརྒྱ་སྟོང་ཡང་བཞག་སྟེ། སེང་གེའི་ཁྲི་རེ་རེའི་བར་སྣང་ལ་ཡང་རིན་པོ་ཆེའི་གདུགས་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དག་བྲེས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འཁོར་གྱི་ཁྱམས་བཀོད་པ་དང་། སེང་གེའི་ཁྲི་བཀོད་པ་རྣམ་པ་དེ་ལྟ་བུ་བྱས་ནས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། དེའི་ནུབ་མོ་ཉིད་དེ་བཞིན་གཤེགས་པ་ལ་ མཆོད་པར་འོས་པའི་ཞལ་ཟས། བྱང་ཆུབ་སེམས་དཔའི་བསམ་པས་ཡོངས་སུ་དག་པ། རོ་བྲོ་བ་མང་པོ་སྣ་ཚོགས་དང་ལྡན་པ། བསོད་པ་མང་པོ་ཡང་བཤམས་ནས་ནམ་ནངས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །ཁོ་བོས་བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ། གསང་བ་པ་རང་གི་གནས་སུ་སྤྱན་དྲངས་ན། བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་ཐུགས་བརྩེ་བའི་ཕྱིར་གནང་གིས། དེ་ལ་ཁྱེད་དཔུང་དང་བཅས། གཡོག་འཁོར་དང་བཅས་པར་མི་གཡེང་བའི་སེམས་ཀྱིས་ཞག་བདུན་གྱི་བར་དུ་ ལས་གཞན་མི་བྱེད་པར་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བར་སྤྲོ་བར་གྱིས་ཤིག །ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། དྲི་ཟ་དང་། གྲུལ་བུམ་དང་། གསང་བ་པ་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་འཁོད་པ་དང་། དེ་མ་ཡིན་པའི་སེམས་ ཅན་གཞན་དག་འཁོད་པ་དེ་དག་ལ་ཡང་གྲོགས་པོ་དག་ཤེས་པར་གྱིས་ཤིག །ཁོ་བོས་བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་འདིར་སྤྱན་དྲངས་ན་གཤེགས་པར་གནང་གིས། དེ་ལ་ཁྱེད་ཀྱིས་ངན་སེམས་མེད་པ་དང་། སྡང་བ་མེད་པ་དང་། དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་མང་པོས་བཅོམ་ལྡན་འདས་ དེ་ལ་བསྙེན་བཀུར་གྱིས་ཤིག །ཆོས་ཀྱང་ཉོན་ཅིག་ཅེས་བསྒོའོ།། །།བམ་པོ་བརྒྱད་པ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བུ་ཐུ་བོ་རྡོ་རྗེའི་སྡེ་ཞེས་བྱ་བ་ལ་སྨྲས་པ། བཞིན་བཟངས་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སོང་ལ་ཚངས་རིས་ནས་བཟུང་སྟེ། འོག་མིན་གྱི་བར་གྱི་ལྷ་རྣམས་ལ་བཅོམ་ ལྡན་འདས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གདུགས་ཚོད་གསོལ་གྱིས། ཁྱེད་ཀྱི་ནང་ནས་སུ་ལྟ་འདོད་པ་དེ་མྱུར་དུ་ཤོག་ཤིག་ཅེས་སྦྲོན་ཅིག །ཡབ་དེ་ལྟར་བགྱིའོ་ཞེས་ཏེ་ཇི་སྐད་བསྒོ་བ་བཞིན་དུ་གསང་བ་པའི་བདག་པོའི་བུ་དེས་བྱས་སོ། །དེ་ནས་གསང་བ་པའི་ བདག་པོ་ལག་ན་རྡོ་རྗེས་བུ་གཉིས་པ་ལག་བཟངས་ཞེས་བྱ་བ་ལ་སྨྲས་པ། ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སོང་ལས་བླ་པའི་ལྷ་རྣམས་ནས་བཟུང་སྟེ། བར་སྣང་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་ དབང་བྱེད་ཀྱི་ལྷའི་བུ་རྣམས་ལ་བཅོམ་ལྡན་འདས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གདུགས་ཚོད་གསོལ་གྱིས། ཁྱེད་ཀྱི་ནང་ནས་སུ་ལྟ་འདོད་པ་དེ་མྱུར་དུ་ཤོག་ཤིག་ཅེས་སྦྲོན་ཅིག །ཡབ་དེ་ལྟར་བགྱིའོ་ཞེས་ཏེ་ཇི་སྐད་བསྒོ་བ་བཞིན་དུ་གཞོན་ནུ་ལག་བཟངས་ཀྱིས་བྱས་སོ། ། དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་བརྒྱ་སྟོང་དག་གིས། དཔག་ཚད་ཁྲི་ཁོར་ཡུག་གི་བར་སྣང་ཁྱབ་པར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་མཆོད་པ་བཤམས་ཏེ་ནམ་ནངས་པ་དང་། པུས་མོ་གཡས་པའི་ལྷ་ ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་གདུགས་ཚོད་བབ་པ་གསོལ་པ། །ཐུབ་པ་ཆེན་པོ་དུས་འདི་ལགས། །སྐྱེས་བུ་གཙོ་བོ་གཤེགས་སུ་གསོལ། །སྐྱེས་བུ་དམ་པ་གཤེགས་སུ་གསོལ། །སྐྱེས་བུ་ཅང་མཁྱེན་ གཤེགས་སུ་གསོལ། །ཐུབ་པ་ཆེན་པོ་གདུགས་ཚོད་བབ། །རྐང་གཉིས་གཙོ་བོ་གཤེགས་སུ་གསོལ། །རྐང་གཉིས་དམ་པ་གཤེགས་སུ་གསོལ། །རྐང་གཉིས་ཅང་མཁྱེན་གཤེགས་སུ་གསོལ། །ཚུལ་ཁྲིམས་པད་མའི་རྫིང་ནས་འཁྲུངས། །བརྩོན་འགྲུས་ཆབ་ཀྱིས་རྣམ་པར་འཕེལ། །སློབ་མ་བུང་བ་སྒྲ་འབྱིན་པ། ། ཐུབ་པ་པད་མ་གཤེགས་སུ་གསོལ། །འཕགས་པའི་བདེན་པར་གནས་བཅས་ཏེ། །བྱམས་དང་ཐུགས་རྗེའི་སྤྱན་མངའ་ཞིང་། །བདག་མེད་པ་ཡི་སྒྲ་སྒྲོགས་པ། །རྒྱལ་བ་སེང་གེ་གཤེགས་སུ་གསོལ། །ཁྲིམས་ནི་རྩ་བ་ཆུ་བ་དྲན། །བྱང་ཆུབ་ཡན་ལག་མེ་ཏོག་བརྒྱན། །རྣམ་གྲོལ་འབྲས་བུ་ཕུན་སུམ་ཚོགས། ། རྒྱལ་བ་སྡོང་པོ་གཤེགས་སུ་གསོལ། །ཤེས་རབ་རྒྱ་ཆེན་ཟབ་པ་པོ། །ཏིང་འཛིན་ཆབ་ནི་གྲང་ལྡན་ཞིང་། །རྣལ་འབྱོར་པ་ཡི་ཚོང་པས་གཏམ། །ཡོན་ཏན་རྒྱ་མཚོ་གཤེགས་སུ་གསོལ། །ཐུགས་རྗེའི་དཀྱིལ་འཁོར་དཔལ་ལྡན་པ། །ཤེས་རབ་འོད་ ཟེར་ལེགས་པར་བརྒྱན། །སློབ་མ་པད་མ་ཁ་འབྱེད་པ། །ཐུབ་པ་ཉི་མ་གཤེགས་སུ་གསོལ། །ཕས་ཀྱི་རྒོལ་བས་མི་བསྐྱོད་ཅིང་། །རྣམ་ཐར་ལ་སོགས་སྨན་ཚོགས་ཅན། །སློབ་དང་མི་སློབ་རི་དགས་གཏམ། །ཐུབ་པ་རི་བོ་གཤེགས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གདུགས་ཚོད་ཕབ་པར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གསང་བ་པའི་བདག་པོས་གདུགས་ཚོད་ཕབ་ཀྱིས་ཆོས་གོས་གྱོན་ལ་ལྷུང་བཟེད་ཐོགས་ཤིག །ཞག་བདུན་བྱིན་གྱིས་བརླབ་པ་བྱིན་གྱིས་རློབས་ལ་ གཙུག་ལག་ཁང་སྐྱོང་སྐོས་ཤིག །དེ་ནས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་གང་དག་རྫུ་འཕྲུལ་དང་ལྡན་པ་དེ་དག་ནི་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་བར་སྣང་ལས་དོང་ངོ་། །གང་དག་རྫུ་འཕྲུལ་དང་ལྡན་པ་མ་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་གྱི་ ཁྲོད་དུ་ཞུགས་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ནམ་མཁའི་དཀྱིལ་གྱི་ལམ་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ནས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་ཀྱི་ཚོགས་ཀྱིས་ནི་མདུན་དུ་བདར། ལྷའི་ཚོགས་ཀྱིས་ ནི་མངོན་པར་བསྟོད། ལྷའི་བུ་མོ་རྣམས་ནི་གླུ་དབྱངས་ལེན། འོད་ཟེར་ནི་འགྱེད། མེ་ཏོག་གི་ཆར་ནི་འབེབས། རོལ་མོ་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་ལེན། ཞིང་རྣམས་ནི་གཡོ་བར་མཛད་ཅིང་། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་དཔལ་ཆེན་པོ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཆེན་པོ་དང་། སངས་རྒྱས་ཀྱི་སྤྱོད་ལམ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ག་ལ་བ་ དེར་ནམ་མཁའི་དཀྱིལ་གྱི་ལམ་ནས་ངང་པའི་རྒྱལ་པོ་བཞིན་དུ་ཐོགས་པ་མེད་པར་གཤེགས་པ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ནམ་མཁའི་དཀྱིལ་གྱི་ལམ་ནས་ངང་པའི་རྒྱལ་པོ་ལྟར་ཐོགས་པ་ནི་མི་མངའ། ཉི་མའི་དཀྱིལ་ འཁོར་འཆར་བ་ནི་འདྲ། ཟླ་བ་ཉ་བའི་དཀྱིལ་འཁོར་སྐར་མའི་ཚོགས་ཀྱིས་བསྐོར་བ་དང་ནི་མཚུངས། ལྷའི་རྒྱལ་པོ་བརྒྱ་བྱིན་ལྟར་ལྷའི་ཚོགས་ཀྱིས་ནི་བསྐོར། ཚངས་པ་ཆེན་པོ་ལྟར་ཚངས་པའི་འཁོར་གྱིས་ནི་བསྐོར་ཅིང་གཤེགས་པར་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚིམ་ ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་ད་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། ཡོངས་འདུ་དང་། ཡོངས་འདུ་ཆེན་ པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། སྠ་ལ་དང་། སྠ་ལ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། དྲི་ཞིམ་དང་། པད་མ་འདབ་བརྒྱ་དང་། འདབ་སྟོང་དང་། སྐར་འོད་དང་། སྐར་མ་དགའ་དང་། ཀུན་ ཏུ་བསྲུང་དང་། བསྲུང་རྟག་དང་། རྟག་ཏུ་མེ་ཏོག་ཆགས་དང་མིག་ཏུ་སྡུག་པ་དེ་དག་དང་། མེ་ཏོག་གཞན་དག་གིས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་བསྒྲེང་ངོ་། །རོལ་མོ་སིལ་སྙན་བརྒྱ་སྟོང་ཡང་ལེན་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་བཀོད་པ་རྣམ་པ་དེ་ལྟ་བུ་མེ་ཏོག་གི་ཆར་འབེབས་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་འབེབས་པ་དང་། སིལ་སྙན་དང་། གླུ་དབྱངས་དང་། རོལ་མོའི་སྒྲ་དང་། ལྷའི་བུ་མོ་བརྒྱ་སྟོང་གླུ་ལེན་པ་དག་ དང་། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་བྱོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འདུན་ཁང་དུ་ཞུགས་སོ། །བཅོམ་ལྡན་འདས་ས་ལ་བཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་ས་ཆེན་པོ་དལ་ཞིང་མི་ དྲག་ལ་སེམས་ཅན་ཐམས་ཅད་ལ་མི་གནོད་པར་གཡོས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་བྱོན་པར་རིག་ནས་མྱུར་བ་མྱུར་བར་ལ་གོར་དུ་བཙུན་མོའི་འཁོར་དང་བཅས། གཉེན་གྱི་འཁོར་དང་བཅས་ཏེ། མེ་ ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །ཇི་ལྟར་ཐོགས་ཐོགས་པའི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་བཅོམ་ལྡན་འདས་ ལ་མཆོད་པ་བྱས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །བཙུན་མོའི་འཁོར་དང་། དཔུང་གི་ཚོགས་དང་། འཁོར་འདུས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་འདུད་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལས་བརྩམས་ཏེ་འཁོར་དེ་ལྟར་འདུས་པ་དེ་དག་ལ་དེ་ལྟ་བུའི་གཏམ་གྱི་སྦྱོར་བ་མཛད་པས། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དང་། སྲིན་པོའི་འཁོར་དེའི་ནང་ནས་སྲོག་ཆགས་ཁྲི་ཉིས་ སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རྒྱལ་པོ་ཆེན་པོ་དེ་དག་གི་བཙུན་མོའི་འཁོར་གྱི་ནང་ནས། བུད་མེད་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཙུན་མོའི་འཁོར་དང་བཅས། གཉེན་གྱི་གཡོག་ དང་བཅས་ཤིང་འཁོར་དང་། ཡོན་ཏན་མཐའ་ཡས་བཀོད་པའི་གཡོག་འཁོར་དང་བཅས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་ཐོགས་ཤིང་། སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་འབྱིན་པ་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འདུན་ཁང་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་ཇི་ལྟར་ཐོགས་ཐོགས་པའི་ མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། སིལ་སྙན་དང་། རོལ་མོ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པར་ལྷན་ཅིག་ཏུ་རང་གི་འཁོར་གྱི་ཁྱམས་སུ་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་གྱི་ཁྱམས་དེར་ས་ལ་མི་རྟེན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱི་སེང་གེའི་གདན་ཇི་ལྟར་བཤམས་པ་ལ་ བཞུགས་སོ། །བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་ཡང་སྟན་ཅི་རིགས་བ་དག་ལ་འཁོད་དོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་འཁོར་ཆེན་པོ་དེ་ལ་ འདི་སྐད་ཅེས་སྨྲས་སོ། །ཁྱེད་དེ་བཞིན་གཤེགས་པ་ལ་བསུ་བགྱིས་ཤིག །མཆོད་པ་དང་། རིམ་གྲོ་གྱིས་ཤིག །དེ་ནི་དེ་བཞིན་གཤེགས་པས་ཀྱང་། །དེ་ལ་གང་དག་ཡི་རང་དང་། །ཞལ་ཏ་བྱ་བ་བྱེད་པ་ནི། །དེ་དག་བསོད་ནམས་སྐལ་བ་ཅན། །དེ་དག་ཡོན་ནི་ཆུང་ བ་མིན། །ཞེས་བཀའ་སྩལ་གྱིས། དེ་ལ་གྲོགས་པོ་དག་ཁྱེད་ཀྱིས་རྗེས་སུ་ཡི་རང་བ་དང་ལྡན་པ་དང་། ཞལ་ཏ་བྱ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ལོང་ཤིག །དེ་ནས་ལྷའི་བུ་དེ་དག་གིས་འཁོར་གྱི་ཁྱམས་བཀོད་པ་དེ་དང་། སེང་གེའི་ཁྲི་བཀོད་པ་ཡང་མཐོང་ངོ་། །དེ་ མཐོང་ནས་ངོ་མཚར་དུ་གྱུར་ཏེ། འདི་ནི་དེ་བཞིན་གཤེགས་པའི་མཐུའམ། འོན་ཏེ་གསང་བ་པའི་བདག་པོའི་འམ། སུའི་ཡིན་ཞེས་ཆེད་དུ་བརྗོད་པ། ཆེད་དུ་བརྗོད་པ་དང་། དེ་དག་གིས་བར་སྣང་ལས་འདི་ནི་གསང་བ་པའི་བདག་པོའི་བྱིན་གྱི་རླབས་ཡིན་ཏེ། གྲོགས་པོ་དག་སངས་རྒྱས་ཀྱི་ཞིང་འདི་ནས་ ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་བཀོད་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་བཀོད་པ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན་པ་དེར་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཀོད་པ་རྣམ་པ་འདི་ལྟ་བུ་ མཐོང་ནས་གསང་བ་པའི་བདག་པོས་བཀོད་པ་དེ་ཉིད་འཁོར་གྱི་ཁྱམས་འདིར་བྱིན་གྱིས་བརླབས་སོ་ཞེས་སྒྲ་ཐོས་སོ། །བཅོམ་ལྡན་འདས་སེང་གེའི་གདན་དེ་ལ་བཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། དྲི་ཟ་དང་། གསང་བ་པ་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས། ཐལ་མོ་སྦྱར་ཏེ་བཅོམ་ ལྡན་འདས་ལ་འདུད་དོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྒྱལ་པོ་ཆེན་པོ་བཞི་དང་། ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། ཁྱེད་ཐམས་ཅད་ལྷན་ཅིག་ཏུ་འདུས་ལ་ལྷན་ཅིག་ཏུ་ཚུར་ཤེག །ཇི་ལྟར་བཤམས་པའི་ཞལ་ཟས་བཅོམ་ལྡན་འདས་ལ་གསོལ་ ཅིག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཙུན་མོའི་འཁོར་དང་བཅས། གཉེན་གྱི་འཁོར་དང་བཅས། བུ་དང་བཅས། དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། རང་གི་ལག་ནས་གུས་པར་བསྟི་སྟང་དུ་བྱས་ཏེ། བཟའ་བ་དང་། བཅའ་བ་བསོད་པ་མང་པོ་རོ་བྲོ་བ་ མང་པོ་དུ་མ་དང་ལྡན་པ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པས་ཡོངས་སུ་དག་པ། དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པའི་ཞལ་ཟས་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བསྟབས་ཏེ་ཚིམ་པར་བྱས་སོ། ། བསྟབས་ཏེ་ཚིམ་པར་བྱས་ནས་ལྷུང་བཟེད་གྱུ་སྟེ། བཅོམ་ལྡན་འདས་ཕྱག་བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་འཁོད་པའི་གནོད་སྦྱིན་དང་། སྲིན་པོ་གང་ཡིན་པ་དེ་དག་ཀྱང་འདུས་ནས་བཅོམ་ལྡན་འདས་ ཀྱི་ཞལ་དུ་བལྟས་ཏེ། ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ་འཁོད་པར་གྱུར་ཏོ། །ལྕང་ལོ་ཅན་དུ་གཤེགས་ནས་བཤོས་གསོལ་བའི་ལེའུ་ཞེས་བྱ་བ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་ བ་བཏབ་པ། ཅི་ནས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། ཕྱིར་མི་ལྡོག་པ་ལ་གནས་པར་འགྱུར་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། དྲི་ཟ་དང་། གསང་བ་པ་དང་། ལྟོ་འཕྱེ་ཆེན་པོའི་འཁོར་འདིའི་ཡུན་ རིང་པོའི་དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་བ་དང་། ཁྱད་པར་གྱིས་ཁྱད་པར་དུ་མངོན་པར་འཕགས་པར་འགྱུར་བ་དང་། ཉམས་པའི་ཆ་ཅན་དུ་མི་འགྱུར་བར་དེ་ལྟར་ཆོས་ཀྱི་ཚུལ་ལ་འཇུག་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བཀའ་སྩལ་པ། གྲོགས་པོ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ གང་ལ་ཞུགས་ན་ཁྱད་པར་མངོན་དུ་འཕགས་པར་འགྱུར་ཞིང་ཉམས་པའི་ཆ་ཅན་དུ་ཡང་མི་འགྱུར་བའི་ཆོས་ཀྱི་ཚུལ་ཁྱེད་ལ་བསྟན་པར་བྱའོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་ དེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དད་པ་ ཡིན། དང་བ་མང་ཞིང་འཕགས་པ་རྣམས་ལ་ལྟ་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་པ་དང་། སེར་སྣ་མེད་པར་གཏང་བ་གཏོང་བ་དང་། ལག་བརྐྱང་སྟེ་གཏོང་བ་ལ་དགའ་བ་དང་། མཆོད་སྦྱིན་བྱེད་པའི་ངང་ཅན་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་འགེད་པ་ལ་ དགའ་བ་དང་། ཁོང་ཁྲོ་མེད་པའི་སེམས་དང་ལྡན་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པ་དང་། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། མོས་པ་དང་། རྟོགས་པ་དང་། སོམ་ཉི་མེད་ལ་ཐེ་ཙོམ་མི་ཟ་ཞིང་ཡིད་གཉིས་མི་ཟ་བ་ཡིན། དེ་དཀར་པོ་དང་། ནག་པོའི་ལམ་རྣམས་ཀྱི་རྣམ་པར་ སྨིན་པ་ཆུད་མི་ཟ་བར་རིག་ནས། སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་དེ། དེ་སྲོག་གཅོད་པ་སྤངས་པ་ཡིན། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་པ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་མི་དམིགས་པ་ཡིན་ནོ། །དེ་དད་པར་གྱུར་ནས། དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་ པ་དང་། ངེས་པ་དང་། དགེ་བའི་ཆོས་ཅན་དང་། མང་དུ་ཐོས་པ་དང་། ཐོས་པ་ལ་མངོན་པར་བརྩོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་པ་དང་། ཞི་བ་དང་། དུལ་བ་དང་། ཉེ་བར་ཞི་བ་དང་། དོ་ཟློག་ཕོད་པར་སྨྲ་ཞིང་གཅམ་བུར་མི་སྨྲ་བ་དང་། དགེ་བའི་བསམ་པ་ ཅན་དང་། མི་དགེ་བའི་ཆོས་ཡོངས་སུ་སྤོང་བ་དང་། མི་རྒོད་པ་དང་། མ་ཁེངས་པ་དང་། མུ་ཅོར་སྨྲ་བ་མ་ཡིན་པ་དང་། ཚིག་མ་འཆལ་པ་དང་། དྲན་པ་ཉེ་བར་གནས་པ་དང་། ཤིན་ཏུ་མཉམ་པར་བཞག་པའི་སེམས་དང་ལྡན་པ་དང་། སྲིད་པའི་ཚུལ་བཅད་པ་དང་། ཟུག་རྔུ་ཕྱུང་བ་དང་། ཁུར་བོར་བ་དང་། སོམ་ཉི་ལས་ངེས་པར་རྒལ་བ་དང་། ཐེ་ཙོམ་ལས་རྒལ་བ་དང་། ཡང་སྲིད་པ་ལས་རྒལ་བ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་དགེ་སྦྱོང་དང་། བྲམ་ཟེ་རྣམ་པ་དེ་ལྟ་བུ་ལ་དགེ་བའི་བཤེས་གཉེན་དུ་རིག་ནས་སྟེན་ཏོ། ། བསྙེན་ཏོ། །བསྙེན་བཀུར་བྱེད་དོ། །མཉེས་པར་བྱེད་ཅིང་མི་མཉེས་པར་མི་བྱེད་ལ་དགྱེས་པར་བྱེད་དེ། དེས་དགེ་བའི་བཤེས་གཉེན་དེ་དག་མཉེས་པར་བྱས་པས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན་ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་ དགའ་བར་མཛད་དེ། སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་བར་ཡང་དག་པར་སྟོན། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ་བ་དང་། ཐོས་པས་ནི་ཤེས་རབ་ཆེན་པོར་འགྱུར་བ་དང་། བསྒོམས་པས་ནི་འབྲལ་བར་འགྱུར་བར་ཡང་དག་པར་སྟོན་ཏོ། །འདི་ནི་སྦྱིན་པའོ། །འདི་ནི་སྦྱིན་པའི་རྣམ་པར་སྨིན་ པའོ། །འདི་ནི་སེར་སྣའོ། །འདི་ནི་སེར་སྣའི་རྣམ་པར་སྨིན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །འདི་ནི་བཟོད་པའོ། །འདི་ནི་བཟོད་པའི་རྣམ་པར་སྨིན་པའོ། །འདི་ནི་བརྩོན་འགྲུས་སོ། །འདི་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་ པའོ། །འདི་ནི་བསམ་གཏན་ནོ། །འདི་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །འདི་ནི་ཤེས་རབ་བོ། །འདི་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པའོ། །འདི་ནི་འཆལ་པའི་ཤེས་རབ་བོ། །འདི་ནི་འཆལ་པའི་ཤེས་རབ་ཀྱི་རྣམ་པར་སྨིན་པའོ། །འདི་ནི་ལུས་ཀྱི་ལེགས་པར་སྤྱད་ པའོ། །འདི་ནི་ལུས་ཀྱི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ལུས་ཀྱི་ཉེས་པར་སྤྱད་པའོ། །འདི་ནི་ལུས་ཀྱི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ངག་གི་ལེགས་པར་སྤྱད་པའོ། །འདི་ནི་ངག་གི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ ངག་གི་ཉེས་པར་སྤྱད་པའོ། །འདི་ནི་ངག་གི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ཡིད་ཀྱི་ལེགས་པར་སྤྱད་པའོ། །འདི་ནི་ཡིད་ཀྱི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའོ། །འདི་ནི་ཡིད་ཀྱི་ཉེས་པར་སྤྱད་པའོ། །འདི་ནི་ཡིད་ཀྱི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། ། འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་པའོ། །འདི་ནི་བྱས་ན་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་རོ། །ཞེས་དེ་ལྟར་དགེ་བའི་བཤེས་གཉེན་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་ དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་དོ། །དེ་ནས་དེ་དག་སྣོད་དུ་རུང་བར་མཁྱེན་ནས་ཟབ་མོའི་གཏམ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་གཏམ་དང་། མཚན་མ་མེད་པའི་གཏམ་དང་། སྨོན་པ་མེད་པའི་གཏམ་དང་། མངོན་པར་འདུ་བྱེད་པ་ མེད་པའི་གཏམ་དང་། མ་སྐྱེས་པའི་གཏམ་དང་། མ་བྱུང་བའི་གཏམ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་གཏམ་རབ་ཏུ་སྟོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་གཏམ་འདི་ལྟ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་ མེད་པའི་ཕྱིར་འདི་མི་འབྱུང་། འདི་ཡོད་པའི་ཕྱིར་འདི་སྐྱེ། འདི་མེད་པའི་ཕྱིར་འདི་འགག་པ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་ རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །འདི་མེད་པའི་ཕྱིར་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་ འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག་ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། །དེ་ལ་དོན་དམ་པར་ན་འབྱུང་བའམ། འགག་པའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། བདག་པོ་མེད་པ། བྱེད་པ་པོ་མེད་པ། ཚོར་བ་པོ་མེད་པ། རྒྱུ་དང་རྐྱེན་ལས་བྱུང་བའོ། །འདི་ལ་འཇུག་པའམ། ལྡོག་པ་འམ། རྗེས་སུ་འཇུག་པའི་ཆོས་གང་ཡང་མེད་དེ། གཞན་དུ་ན་ཡང་དག་པ་མ་ཡིན་པ། ཀུན་ཏུ་གཏི་མུག་པས་ཁམས་གསུམ་པ་འདོགས་པར་འགྱུར་ཏེ། ཉོན་མོངས་པའི་རྗེས་སུ་འཇུག་པ་དང་། ལས་ཀྱི་རྗེས་སུ་འཇུག་པ་དང་། སྡུག་བསྔལ་གྱི་རྗེས་སུ་འཇུག་པའི་འདོགས་པ་འབྱུང་བ་ནི་མ་གཏོགས་སོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་གཏི་མུག་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་ཆོས་གང་ཡང་ཆོས་གང་གི་བྱེད་པ་པོར་འགྱུར་བ་མེད་དེ། གང་ལ་བྱེད་པ་པོར་མི་དམིགས་ པ་དེ་ལ་འཇུག་པ་མེད། ལྡོག་པ་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ཆོས་ཟབ་མོའི་གཏམ་དེ་ལྟ་བུ་ཐོས་ནས་སོམ་ཉི་མེད་དོ། །ཐེ་ཙོམ་མི་ཟའོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འཇུག་སྟེ། དེ་གཟུགས་ལ་མི་ཆགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་སོ། །དེ་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ལ་མི་ཆགས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་ཆགས་སོ། ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་ཡིད་ཆེས་སོ། །གྲོགས་པོ་དག་དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་པར་མི་འགྱུར། །དམ་པའི་ཆོས་ཉན་པ་དང་། དགེ་ འདུན་ལ་བསྙེན་བཀུར་བྱེད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་རང་སངས་རྒྱས་མཐོང་བ་དང་། ཆོས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བ་དང་བྲལ་བར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་སྐྱེ་ བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་བརྩོན་འགྲུས་བརྩམས་པར་འགྱུར། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པར་འགྱུར་རོ། །དེ་བརྩོན་འགྲུས་བརྩམས་པས་ཁྱིམ་གྱི་གནས་དོན་དུ་གཉེར་བར་མི་འགྱུར་རོ། །ཆུང་མ་དང་། བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པས་ཡོངས་སུ་སྤྱོད་པ་དོན་དུ་གཉེར་བར་མི་འགྱུར་ཏེ། དེ་ན་ཚོད་གཞོན་ནུར་རྣམ་པར་རྩེ་བ་ལ་མི་དགའ་བས་ན་ཚོད་མཛེས་པ་ལ་བབ་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་ མེད་པར་མྱུར་དུ་རབ་ཏུ་འབྱུང་ངོ་། །དེ་དད་པས་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་རྣམས་དང་། དགེ་བའི་གྲོགས་པོ་དགེ་བ་ཐོབ་པར་བྱེད་པ་རྣམས་དང་དགེ་བའི་བསམ་པ་འཐོབ་བོ། །དེ་དགེ་བའི་བསམ་པ་དང་ལྡན་པས་དགེ་བའི་ཆོས་རྣམས་ཉན་ཏོ། ། སྒྲུབ་པ་སྙིང་པོར་བྱེད་ཀྱི་ཚིག་ལྷུར་ལེན་པའི་བློ་དང་ལྡན་པ་མ་ཡིན་ནོ། །མང་དུ་ཐོས་པ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡང་ཡིན་ཏེ། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་འཐོབ་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ མི་རེ་བར་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ཏོ། །བདག་གི་ཚིག་གི་རྗེས་སུ་འབྲང་བར་གཞན་དག་ལ་ཆོས་མི་སྟོན་ཏོ། །དེ་ཇི་ལྟར་ཐོས་པ་དང་། ཇི་ལྟར་གནས་པ་དེ་བཞིན་དུ་གཞན་དག་ལ་ཆོས་སྟོན་ཏོ། །ཆོས་ཉན་པ་རྣམས་ལ་ནི་བྱམས་པ་ཆེན་པོ་འཐོབ་བོ། །སེམས་ ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །དེ་མང་དུ་ཐོས་པར་གྱུར་པས་ལུས་དང་སྲོག་ལ་མི་ལྟ་བ་ཡིན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། མགུ་སླ་བ་དང་། གསོ་སླ་བ་དང་། དགོན་པ་དང་། བས་མཐར་མངོན་པར་དགའ་བ་ཡིན། ཇི་ལྟར་ཐོས་ པའི་ཆོས་རྣམས་ཀྱི་དོན་ལ་ཡོངས་སུ་རྟོག་པ་ཡིན་ནོ། །དོན་ལ་རྟོན་པ་ཡིན་ཏེ་ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ། །ལྷ་དང་། མི་དང་། ལྷ