Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 036_ཕལ་ཆེན།_ཁ

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
ྗེས་སུ་ཤིན་ཏུ་འབྲང་ངོ་། །སྨོན་ལམ་ཡོངས་སུ་མི་གཏོང་ངོ་། །དོན་གྱི་ཚུལ་ལ་རྣམ་པར་ལྟའོ། །ཆོས་
ཀྱི་ཚུལ་ལ་རབ་ཏུ་འཇུག་གོ །ཆོས་ཀྱི་སྤྲིན་ཀུན་ནས་སློང་ངོ་། །ཆོས་ཡོངས་སུ་འབབ་པའི་ཡི་གེའི་ཆར་མངོན་པར་འབེབས་སོ། །ཚུལ་བརྗོད་དུ་མེད་པ་ལ་འཇུག་གོ །ཐ་དད་པ་ཡང་དག་པར་ཤེས་པ་ཟད་མི་ཤེས་པ་དོན་གྱི་ཚུལ་རབ་ཏུ་
བརྗོད་ཅིང་ཆོས་ཀྱི་ཚུལ་མངོན་པར་སྟོན་པས་ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་མཁས་པ་དང་། ཆོས་ཐམས་ཅད་སྤོབས་པས་ཐབས་མཁས་པའི་ཚུལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་རབ་ཏུ་འཇུག་གོ །བྱམས་པ་ཆེན་
པོ་རྣམ་པར་དག་པ་དང་ལྡན་ཞིང་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། ཡི་གེ་མེད་པའི་ཡུལ་དང་ལྡན་པ། ཡི་གེ་མངོན་པར་བསྒྲུབ་པའི་དོན་ལ་བརྩོན་ཞིང་འགལ་བ་མེད་པ། རང་གཞན་གྱི་ཆོས་ལ་བརྩོན་པ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་
སྟོན་པས་གོས་པ་མེད་པ། བརྗོད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སྤོབས་པ་དང་ལྡན་པ། དེ་ཆོས་ཐམས་ཅད་ཟད་མི་ཤེས་པའི་སྤོབས་པས་སྟོན་ཏོ། །བརྗོད་དོ། །རྣམ་པར་འགོད་དོ། །ཡང་དག་པར་སྟོན་ཏོ། །འགྲེལ་ཏོ། །རྣམ་པར་
འགྱེད་དོ། །འབྱིན་ཏོ། །ཁོང་དུ་ཆུད་པར་བྱེད་དོ། །རབ་ཏུ་སྟོན་ཏོ། །རྟོགས་པར་བྱེད་དོ། །རབ་ཏུ་སྒྲུབ་བོ། །རྣམ་པར་སྦྱོང་ངོ་། །ཐེ་ཙོམ་སེལ་ཏོ། །དོགས་པ་གཅོད་དོ། །དེ་ཁོ་ན་སྟོན་ཏོ། །རང་བཞིན་རྗོད་དོ། །འགྲོ་བ་ལ་ཕན་
འདོགས་སོ། །ཆོས་ཉིད་ལས་མི་ཉམས་སོ། །མི་གཉིས་པ་ལ་འཇུག་གོ །ཆགས་པ་མེད་པའི་སྒོ་སྟོན་ཏོ། །དབྱངས་ཀྱི་ཡན་ལག་ཐམས་ཅད་ཡང་དག་པར་བསྒྲུབ་པས་རབ་ཏུ་འཇོམ་པའི་སྒྲས་སྒྲའི་ཆར་ཡང་བསམ་པ་ཇི་ལྟ་བུའི་དུས་

ལས་ཡོལ་བར་མི་བྱེད་པར་མངོན་པར་འབེབས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་སྟེ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་
དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་སྐད་ཅིག་རེ་རེ་ཞིང་ཆོས་ཐམས་ཅད་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་། བྱང་ཆུབ་སེམས་དཔའི་ལམ་གྱི་རྒྱུན་མི་གཅོད་དོ། །བྱང་ཆུབ་སེམས་དཔའི་ལས་
ཀྱང་ཐོགས་པར་མི་བྱེད་དོ། བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོ་ལས་ཀྱང་རྣམ་པར་མི་འདའོ། །སྙིང་རྗེ་ཆེན་པོ་ལས་ཀྱང་ཕྱིར་མི་ལྡོག་གོ །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རྒྱུན་མི་གཅོད་དོ། །ཞིང་ཐམས་ཅད་རབ་ཏུ་
དབྱེ་ཞིང་མཁས་པར་བྱ་བས་ཀྱང་སྐྱོ་བར་མི་བྱེད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་སྨོན་ལམ་ཡང་རྒྱུན་མི་གཅོད་དོ། །ཆོས་ཀྱི་འཁོར་ལོ་ཡང་ཐོགས་པར་མི་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་
བར་བྱ་བ་ཡང་རིང་དུ་མི་སྤོང་ངོ་། །སངས་རྒྱས་མཆོད་ཅིང་རིམ་གྲོ་བྱ་བ་ཡང་རྒྱུན་མི་གཅོད་དོ། །ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་སྒོ་ལས་ཀྱང་ཕྱིར་མི་ལྡོག་གོ །སངས་རྒྱས་མཐོང་བའི་སྐལ་བ་མེད་པར་ཡང་མི་འགྱུར་
རོ། །ཆོས་ཐམས་ཅད་ཡོངས་སུ་དྲི་བ་ལས་ཀྱང་ཕྱིར་མི་ལྡོག་གོ །མཉམ་པ་ཉིད་དང་བསྟོད་པ་ཡང་རབ་ཏུ་ཤེས་སོ། །བསྒྲིབས་པ་མེད་པར་ཡང་མངོན་པར་སྒྲུབ་བོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཁྱད་པར་གྱི་སྨོན་
ལམ་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །ཞིང་ཐམས་ཅད་ཀྱི་གཞི་དང་། དབྱིབས་ཐ་དད་པའི་རྗེས་སུ་འང་རབ་ཏུ་འཇུག་སྟེ། སངས་རྒྱས་ཀྱི་རིགས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཐོབ་པ་ཡིན། འཇིག་རྟེན་

གྱི་ཁམས་ཀྱི་རྒྱུད་དེ་དང་དེ་དག་ཏུ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་བསླབ་པ་འང་ཤིན་ཏུ་བསླབས་པ་ཡིན། ཆོས་ཐམས་ཅད་མཚན་མ་མེད་པ་ལ་ཞུགས་པས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་
མཁས་པ་དང་ལྡན་པ་ཡིན། ཆོས་ཐམས་ཅད་ལུས་མེད་པའི་ཚུལ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཚུལ་དང་སྤྱོད་པའི་ཚུལ་ཁོང་དུ་ཆུད་པ་དང་ཡང་ལྡན་པ་ཡིན། ཆོས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ་ལ་མི་གནས་པ་ཡིན་
ཆོས་ཀྱི་ཚུལ་ཐམས་ཅད་རབ་ཏུ་རྟོགས་ཤིང་བསམ་པ་དང་། དབང་པོ་ཇི་ལྟ་བའང་རབ་ཏུ་རྟོགས་པ་ཡིན། དེ་འདོད་ན་བསྐལ་པ་དང་བསྐལ་པ་གཅིག་དང་། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་ཁྲག་ཁྲིག་
དང་། བསྐལ་པ་ཁྲག་ཁྲིག་བརྒྱ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དང་། བསྐལ་པ་ཚད་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་
དང་། བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། ཀུན་ཏུ་མཐའ་ཡས་པ་དང་། མུ་མེད་པ་དང་། ས་མཚམས་མེད་པ་དང་། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཆོས་ཐམས་
ཅད་འགོག་པའི་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་ཀྱང་དེའི་ལུས་འཇིག་པར་མི་འགྱུར་རོ། །ཉམ་ཆུང་བར་མི་འགྱུར་རོ། །སྐལ་བ་ཞན་པར་མི་འགྱུར་རོ། །ཆུད་མི་ཟའོ། རྣམ་པར་ཆུད་མི་ཟའོ། །ཞུམ་པར་མི་འགྱུར་
རོ། །རྣམ་པར་ཞུམ་པར་མི་འགྱུར་རོ། །ཟད་པར་མི་འགྱུར་རོ། །དངོས་པོ་ཡོད་པ་དང་མེད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་བྱ་བ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱང་

བརྗོད་དོ། །སེམས་ཅན་གྱི་དུས་ཀྱང་ཡོངས་སུ་མི་སྤོང་ངོ་། །སེམས་ཅན་འདུལ་བའི་དུས་ལ་བབ་པ་ཡང་ཐོགས་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཉིད་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་མཉམ་པ་
ཉིད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་མི་གཏོང་ངོ་། །སྤྲུལ་པའི་རྒྱུད་ཀྱང་རྒྱུན་མི་གཅོད་དོ། །མིག་ཡོར་ལྟ་བུའི་ཆོས་ཀྱི་ཚུལ་ལས་ཀྱང་ལྡོག་པར་མི་བྱེད་དོ། །བསམ་གཏན་དང་། ཏིང་ངེ་
འཛིན་གྱིས་ལས་ཀྱང་མི་གཡོའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་འགོག་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་བཅུ་པའོ། །དེ་ལ་གནས་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་འཇིག་རྟེན་དུ་བཅས་པས་བསམ་གྱིས་མི་ཁྱབ་པ་ཡིན། འགྲོ་བ་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པ་ཡིན། ཉན་ཐོས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པ་ཡིན། རང་
སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པ་ཡིན། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པ་ཡིན། ལུས་ཀྱི་ལས་བསམ་གྱིས་མི་ཁྱབ་པ་ཡིན། ངག་གི་ལས་བསམ་གྱིས་མི་ཁྱབ་པ་ཡིན།
ཡིད་ཀྱི་ལས་བསམ་གྱིས་མི་ཁྱབ་པ་ཡིན། ཏིང་ངེ་འཛིན་རྣམ་པར་འཕྲུལ་པ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་ཡིན། ཡེ་ཤེས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་
དཔའ་དེ་དག་བསྟན་པར་མཛད་ཅིང་བཤད་པ་དང་། གནས་དེ་དག་དགོད་པར་མཛད་དེ། ཁོང་དུ་ཆུད་པར་མཛད་པ་དང་། མངོན་པར་ཤེས་པ་དེ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་བསྟན་པ་དང་། བརྗོད་པ་དང་། བཤད་པ་དང་། རབ་ཏུ་བཀོད་པ་དང་། བསྔགས་པ་དང་། བསྟོད་པ་དང་། བཀྲོལ་

བ་དང་། རབ་ཏུ་བསྟན་པ་དང་། ཡོངས་སུ་བརྗོད་པ་ནི་མ་གཏོགས་སོ། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་སྟེ། དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ནི་དུས་གསུམ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་བསྒྲིབས་པ་མེད་པ་རབ་ཏུ་འཐོབ་བོ། མངོན་པར་ཤེས་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་
ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་གང་འདི་རྣམས་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པ་ཐོབ་པ་སྟེ། བཟོད་པ་ཐོབ་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བཟོད་པ་ཐམས་ཅད་ཀྱིས་བསྒྲིབས་པ་མེད་པ་ཐོབ་པས། སངས་རྒྱས་ཀྱི་ཆོས་ཟད་མི་ཤེས་པ་བསྒྲིབས་པ་མེད་པ་ཐམས་ཅད་ཐོབ་
པར་འགྱུར་བ་དག་གོ །བཅུ་གང་ཞེ་ན། འདི་ལྟ་སྟེ། སྒྲ་ཁོང་དུ་ཆུད་པའི་བཟོད་པ་དང་། མཐུན་པའི་བཟོད་པ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་། སྒྱུ་མ་ལྟ་བུའི་བཟོད་པ་དང་། སྨིག་རྒྱུ་ལྟ་བུའི་བཟོད་པ་དང་། རྨི་ལམ་ལྟ་བུའི་བཟོད་
པ་དང་། སྒྲ་བརྙན་ལྟ་བུའི་བཟོད་པ་དང་། གཟུགས་བརྙན་ལྟ་བུའི་བཟོད་པ་དང་། སྤྲུལ་པ་ལྟ་བུའི་བཟོད་པ་དང་། ནམ་མཁའ་ལྟ་བུའི་བཟོད་པའོ། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་དེ་རྣམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཐོབ་པ་སྟེ།
འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བཟོད་པ་དང་པོ་སྒྲ་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ་ཆོས་དེ་དག་ཐོས་

ནས་མི་འཇིགས་མྱི་སྐྲག །སྐྲག་པར་མི་འགྱུར་ཞིང་དད་པ་དང་། ཡིད་ཆེས་པ་དང་། མོས་པ་དང་། སྤྲོ་བ་དང་འཇུག་པ་དང་རྗེས་སུ་འབྲང་བ་དང་། དེའི་རང་བཞིན་དུ་གནས་ཤིང་ཁོང་དུ་ཆུད་པར་བྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲ་ཁོང་དུ་ཆུད་པའི་བཟོད་པ་ཐོབ་པ་སྟེ་དང་པོའོ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཐུན་པའི་བཟོད་པ་ཐོབ་པ་གཉིས་པ་གང་ཞེ་ན། ཀྱེ་རྒྱལ་བའི་
སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་དག་ནི་མཐུན་པ་ཞེས་བྱ་བར་རྟོག་གོ །དཔྱོད་དོ། །མཉམ་པར་བྱེད་དོ། །མི་འགལ་བར་བྱེད་དོ། །ཆོས་དེ་དག་ལ་ཇི་ལྟར་མཐུན་པར་འཇུག་པར་བྱ་བ་དེ་ལྟར་རྣམ་པར་སྒོམ་
མོ། །བསམ་པ་རྣམ་པར་དག་པར་བྱེད་དོ། །མཉམ་པར་བྱེད་དོ། །བརྩོན་པར་བྱེད་དོ། །རྟོགས་པར་བྱེད་དོ། །རབ་ཏུ་སྒྲུབ་པོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཐུན་པའི་བཟོད་པ་
ཐོབ་པ་སྟེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་གསུམ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་
ཙམ་གྱི་ཆོས་ཀྱང་གང་ཡང་སྐྱེས་པར་མཐོང་བ་མེད་དོ། །ཆོས་གང་ཡང་འགག་པར་མཐོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། །གང་མ་འགགས་པ་དེ་ནི་མི་ཟད་པའོ། །གང་མི་ཟད་པ་དེ་ནི་རྡུལ་མེད་
པའོ། །གང་རྡུལ་མེད་པ་དེ་ནི་ཐ་མི་དད་པའོ། །གང་ཐ་མི་དད་པ་དེ་ནི་གཞི་མེད་པའོ། །གང་གཞི་མེད་པ་དེ་ནི་ཞི་བའི་སའོ། །གང་ཞི་བའི་ས་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བའོ། །གང་འདོད་ཆགས་དང་བྲལ་བ་དེ་ནི་མངོན་པར་འདུ་བྱ་

བ་མེད་པའོ། །གང་མངོན་པར་འདུ་བྱ་བ་མེད་པ་དེ་ནི་སྨོན་པ་མེད་པའོ། །གང་སྨོན་པ་མེད་པ་དེ་ནི་གནས་པ་མེད་ཅིང་ལེན་པ་མེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་སྟེ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྱུ་མ་ལྟ་བུའི་བཟོད་པ་ཐོབ་པ་བཞི་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་སྒྱུ་མ་ལྟ་བུར་འཇུག་སྟེ། ཆོས་ཀྱི་རྣམ་པ་གཅིག་ལ་རྣམ་པ་མང་པོར་མོས་པར་བྱེད་དོ། །ཆོས་རྣམ་པ་མང་པོ་ལ་ཆོས་ཀྱི་རྣམ་པ་གཅིག་ཏུ་མོས་པར་བྱེད་དོ། །
དེ་ནི་ཆོས་དེ་དག་ལ་སྒྱུ་མའི་ཚུལ་གྱིས་ཞིང་དུའང་སྒོམ་པར་བྱེད་དོ། །སེམས་ཅན་དུ་འང་ཁོང་དུ་ཆུད་པར་བྱེད་དོ། །ཆོས་ཀྱི་དབྱིངས་སུ་ཡང་རྟོག་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་སུ་ཡང་མཉམ་པར་བྱེད་དོ། །སངས་རྒྱས་
སྐྱེ་བར་ཡང་མཚུངས་པར་བྱེད་དོ། །འཇུག་ཏུ་མེད་པའི་ཚུལ་གྱིས་ཀྱང་རྗེས་སུ་འཇུག་གོ །བྱིན་གྱི་རླབས་ཀྱི་ཚུལ་གྱིས་ཀྱང་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མ་ནི་གླང་པོའི་ལུས་ལ་ཡང་མི་གནས་སོ། །རྟའི་
ལུས་ལ་ཡང་མི་གནས་སོ། །ཤིང་རྟའི་ལུས་ལ་ཡང་མི་གནས་སོ། །རྐང་ཐང་གི་ལུས་ལ་ཡང་མི་གནས་སོ། །བུད་མེད་ལ་འང་མི་གནས་སོ། །སྐྱེས་པ་ལ་འང་མི་གནས་སོ། །རོགས་པོ་ལ་འང་མི་གནས་སོ། །བུ་མོ་ལ་འང་མི་གནས་སོ། །ཤིང་ལ་འང་
མི་གནས་སོ། །ལོ་མ་ལ་འང་མི་གནས་སོ། །མེ་ཏོག་ལ་འང་མི་གནས་སོ། །འབྲས་བུ་ལ་འང་མི་གནས་སོ། །ས་དང་ཆུ་དང་མྱེ་དང་རླུང་ལ་འང་མི་གནས་སོ། །ཉིན་ཞག་དང་ཟླ་བ་ཡར་ཁམ་མར་ཁམ་དང་། ཟླ་བ་དང་ལོ་ལ་འང་

མྱི་གནས་སོ། །ལོ་བརྒྱ་ལའང་མྱི་གནས་སོ། །ཟླ་བ་དང་ཉི་མ་ལའང་མི་གནས་སོ། །བསྐལ་པ་ལའང་མི་གནས་སོ། །ཞི་བ་དང་རབ་ཏུ་ཞི་བ་ལའང་མི་གནས་སོ། །སྣ་ཚོགས་དང་རྣམ་པ་སྣ་ཚོགས་ལའང་མི་གནས་སོ། །གཅིག་པ་དང་
ཐ་དད་པ་ལའང་མི་གནས་སོ། །ཡངས་པ་དང་དོག་པ་ལ་འང་མི་གནས་སོ། །རྒྱ་ཆེན་པོ་དང་རྒྱ་ཆུང་ངུ་ལའང་མི་གནས་སོ། །ཚད་ཡོད་པ་དང་ཚད་མེད་པ་ལ་འང་མི་གནས་སོ། །ཕྲ་བ་དང་རགས་པ་ལའང་མི་གནས་སོ། །འཁོར་སྣ་
ཚོགས་ལ་འང་མི་གནས་སོ། །འཁོར་ཀྱང་སྒྱུ་མ་ལ་མི་གནས། སྒྱུ་མ་ཡང་འཁོར་ལ་མི་གནས་ཏེ། སྒྱུ་མ་ཀུན་ཏུ་བསྟན་པ་དང་སྣ་ཚོགས་ཀྱི་སྒྱུ་མ་རྣམ་པ་ཐ་དད་པ་བསྟན་པའི་གྲངས་སུ་བགྲང་བ་ཡང་ཡོད་དོ། །དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་ཐམས་ཅད་ལ། སྒྱུ་མ་ལྟ་བུར་འཇུག་ཅིང་ལས་ཀྱི་འཇིག་རྟེན་དང་། ཉོན་མོངས་པའི་འཇིག་རྟེན་དང་། ཞིང་གི་འཇིག་རྟེན་དང་ཆོས་ཀྱི་འཇིག་རྟེན་དང་། དུས་ཀྱི་འཇིག་རྟེན་དང་།
རྒྱུད་ཀྱི་འཇིག་རྟེན་དང་། ལྡན་པའི་འཇིག་རྟེན་དང་། མི་ལྡན་པའི་འཇིག་རྟེན་དང་། འཇུག་པའི་འཇིག་རྟེན་དང་། མངོན་པར་འདུ་བྱ་བའི་འཇིག་རྟེན་ལ་འཇུག་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་
ཐམས་ཅད་ལ་སྒྱུ་མའི་རྣམ་པར་འཇུག་པས་སེམས་ཅན་རྣམས་སྐྱེ་བར་མི་བྱེད་དོ། །འཇིག་པར་མི་བྱེད་དོ། །ཞིང་རྣམས་སྐྱེ་བར་མི་བྱེད་དོ། །འཇིག་པར་མི་བྱེད་དོ། །ཆོས་རྣམས་སྐྱེ་བར་མི་བྱེད་དོ། །འཇིག་པར་མི་བྱེད་དོ། །
འདས་པ་ལ་མི་རྟོག་གོ །འདས་པ་ལ་རྣམ་པར་མི་རྟོག་གོ །མ་འོངས་པ་ལ་མངོན་པར་འདུ་མི་བྱེད་དོ། །མ་འོངས་པ་འབྱུང་བར་མི་བྱེད་དོ། །ད་ལྟར་བྱུང་བ་ལ་གནས་པ་མེད་དོ། །ད་ལྟར་བྱུང་བ་ལ་ཆགས་པ་མེད་དོ། །བྱང་ཆུབ་

ལ་དཔྱོད་པ་མེད་དོ། །བྱང་ཆུབ་ལ་ཡོངས་སུ་རྟོག་པ་མེད་དོ། །སངས་རྒྱས་འབྱུང་བར་མི་བྱེད་དོ། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དོ། །སྨོན་ལམ་ལ་གནས་པར་མི་བྱེད་
དོ། །སྐྱོན་མེད་པ་ལ་ཆགས་པར་མི་བྱེད་དོ། །མཉམ་པ་ཉིད་མི་ལེན་ཏོ། །ཆགས་པ་མེད་པ་མི་འདོར་རོ། །ཞིང་ལ་ཆགས་པ་མེད་དོ། །ཐ་དད་པ་མེད་པར་ཡང་ཁོང་དུ་ཆུད་དོ། །སེམས་ཅན་གྱི་ཁམས་ཀྱང་མངོན་པར་སྒྲུབ་སྟེ། སེམས་
ཅན་གྱི་ཁམས་ཐ་དད་པའང་རབ་ཏུ་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱང་ཁོང་དུ་ཆུད་དེ་གནས་པའི་ཆོས་ཉིད་ལས་ཀྱང་མི་གཡོའོ། །དུས་མཉམ་པ་ཉིད་ལའང་རབ་ཏུ་འཇུག་སྟེ། དུས་ལ་རྣམ་པར་རྟོག་པས་ཀྱང་འགལ་བར་མི་བྱེད་དོ། །ཕུང་
པོ་དང་སྐྱེ་མཆེད་རྣམས་ཀྱང་མངོན་པར་སྒྲུབ་སྟེ། གནས་ཡང་དག་པར་གཞོལ་བ་འང་ཁོང་དུ་ཆུད་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཐ་དད་པ་མེད་པར་ཡང་རབ་ཏུ་
ཤེས་སོ། །ཆོས་ཐམས་ཅད་བརྗོད་དུ་མེད་ཅིང་ཡི་གེ་མེད་པར་ཡང་རབ་ཏུ་ཤེས་ཏེ། སོ་སོ་ཡང་དག་པར་རིག་པས་ཀྱང་ཐོགས་པ་མེད་དོ། །སེམས་ཅན་ཐམས་ཅད་དགྲོལ་བའི་དོན་དུ་འདོད་པ་ལ་འང་ཆགས་པར་མི་བྱེད་དོ། །སྙིང་
རྗེ་ཆེན་པོས་ཀྱང་འདུལ་བའི་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །སེམས་ཅན་ལ་ལྟ་བའི་ཕྱིར་སྙིང་རྗེ་ཆེན་པོའང་བྱིན་གྱིས་རློབ་སྟེ། སྙིང་རྗེ་ཆེན་པོའི་ཕྱོགས་ལའང་སེམས་ཅན་ཐམས་ཅད་ཡོངས་སུ་འགྲེལ་ཏོ། །
སྔོན་གྱི་རྒྱུ་ཡང་རབ་ཏུ་རྗོད་དེ། རྒྱུ་འཕོ་བ་མེད་པ་འམ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྱུ་མ་ལྟ་བུའི་བཟོད་པ་ཐོབ་པ་སྟེ་བཞི་པའོ། །

ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨིག་རྒྱུ་ལྟ་བུའི་བཟོད་པ་ཐོབ་པ་ལྔ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་
ཅད་སྨིག་རྒྱུ་ལྟ་བུར་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ་དཔེར་ན། སྨིག་རྒྱུ་ནི་ཡུལ་ནའང་མི་གནས་ཕྱོགས་ནའང་མི་གནས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཡུལ་ན་ཡང་མི་གནས། ཕྱོགས་ནའང་མི་
གནས་པའི་ཆོས་ཉིད་རབ་ཏུ་ཤེས་ཏེ། འཇིག་རྟེན་ནང་ནའང་མི་གནས། ཕྱི་རོལ་ནའང་མི་གནས་པ་དང་། ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་དང་། རྟག་པའང་མ་ཡིན། ཆད་པའང་མ་ཡིན་པར་རྣམ་པར་རིག་པར་གྱུར་པ་
རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ནང་ཞེས་བྱ་བ་ནང་ན་གནས་པ་མ་ཡིན་པ་དང་། ནང་ཞེས་བྱ་བ་ཕྱི་རོལ་ན་གནས་པ་མ་ཡིན་པ་དང་། ཁ་དོག་གཅིག་པ་མ་ཡིན་པ་དང་། ཁ་དོག་ཐ་དད་པ་མ་ཡིན་
པའང་རབ་ཏུ་ཤེས་ཏེ། ཆོས་ཐམས་ཅད་ཁ་དོག་མེད་པའི་ས་ཐོབ་པར་བྱ་བའང་རབ་ཏུ་རྫོགས་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨིག་རྒྱུ་ལྟ་བུའི་བཟོད་པ་ཐོབ་པ་སྟེ།
ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨི་ལམ་ལྟ་བུའི་བཟོད་པ་ཐོབ་པ་དྲུག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་
ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ནི་འཇིག་རྟེན་ལས་བྱུང་བའང་མ་ཡིན། འཇིག་རྟེན་ལས་འདས་པའང་མ་ཡིན། རྨི་ལམ་ནི་འདོད་པའི་ཁམས་ཀྱང་མ་ཡིན།

གཟུགས་ཀྱི་ཁམས་ཀྱང་མ་ཡིན། གཟུགས་མེད་པའི་ཁམས་ཀྱང་མ་ཡིན་ནོ། །རྨི་ལམ་ནི་ཤི་འཕོ་བ་འང་མ་ཡིན། སྐྱེ་བ་འང་མ་ཡིན་ནོ། །རྨི་ལམ་ནི་ཀུན་ནས་ཉོན་མོངས་པ་འང་མ་
ཡིན། རྣམ་པར་བྱང་བ་འང་མ་ཡིན་ནོ། །རྨི་ལམ་ནི་ལྟ་བ་འང་མ་ཡིན། །རྣམ་པར་དག་པ་འང་མ་ཡིན་ཏེ། རྨི་ལམ་སྣང་བ་ཡང་མེད་པ་འང་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་ཐམས་ཅད་འཁྲུག་
པ་མེད་པའི་ཚུལ་གྱིས་རྨི་ལམ་གྱི་ངོ་བོ་ཉིད་དང་ཚུལ་དང་། རྨི་ལམ་ལ་མངོན་པར་ཆགས་པ་དང་། རྨི་ལམ་རབ་ཏུ་དབེན་པ་དང་། རྨི་ལམ་གྱི་རང་བཞིན་དང་། རྨི་ལམ་གྱི་བྱིན་གྱི་རླབས་དང་། རྨི་ལམ་ཐ་མི་དད་པ་དང་། རྨི་ལམ་གྱི་འདུ་
ཤེས་དང་རྣམ་པར་རྟོག་པ་དང་། རྨི་ལམ་གྱི་འཇིག་རྟེན་ཁོང་དུ་ཆུད་པ་ལྟ་བུར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨི་ལམ་ལྟ་བུའི་བཟོད་པ་ཐོབ་པ་སྟེ་དྲུག་པའོ། །ཀྱེ་རྒྱལ་
བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲ་བརྙན་ལྟ་བུའི་བཟོད་པ་ཐོབ་པ་བདུན་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།
ཆོས་ཉིད་མངོན་པར་བསྒྲུབ་པའི་བསླབ་པ་ལ་ཤིན་ཏུ་བསླབས་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། སྒྲ་བརྙན་ནི་སྒྲ་སྣ་ཚོགས་གྲག་པར་བྱེད་ཀྱང་འཕོ་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་།
དེ་བཞིན་གཤེགས་པའི་གསུང་ནང་ན་བརྗོད་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པའི་གསུང་ཕྱི་རོལ་ན་བརྗོད་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་ལྟར་ཤེས་པ་དེ་ཡང་ནང་ནས་ཤེས་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཕྱི་རོལ་ནས་ཤེས་

པའང་མ་ཡིན་པར་རབ་ཏུ་ཤེས་སོ། །ཕྱི་ནང་ནས་ཤེས་པ་འང་མ་ཡིན་པར་རབ་ཏུ་ཤེས་ཏེ། འོན་ཀྱང་བསྟན་པ་མངོན་པར་བསྒྲུབ་པ་འང་རབ་ཏུ་ཤེས་སོ། །བྱིན་གྱི་རླབས་ལ་མཁས་པས་འཇུག་པ་ཡང་རབ་ཏུ་ཤེས་སོ། །ཚིག་ཀྱང་རབ་ཏུ་ཤེས་སོ། །
སྒྲ་བརྙན་ལྟ་བུར་རྟེན་ཅིང་འབྲེལ་བར་འབྱུང་བས་གྲག་པར་གྱུར་པའི་ཆོས་ཉིད་ཀྱང་འཁྲུག་པར་མི་བྱེད་དེ། སྒྲོ་འདོགས་པར་ཡང་མི་བྱེད་ལ་དབྱངས་ཀྱི་ཡན་ལག་རྣམ་པ་ཐ་དད་པ་ལ་འཇུག་ཅིང་བསླབ་པ་ལའང་ཤིན་ཏུ་བསླབས་པ་ཡིན། འདི་ལྟ་སྟེ་དཔེར་
ན། ལྷའི་དབང་པོ་བརྒྱ་བྱིན་གྱི་ལྷའི་བུད་མེད་འགྲོགས་མའི་ཁའི་དབུགས་ཀྱིས་ལན་གཅིག་བུས་བས་ཁའི་དབུགས་ཡན་ལག་སྟོང་དང་ལྡན་པ་འབྱུང་ངོ་། །ཁའི་དབུགས་ལ་རྣམ་པར་རྟོག་པ་མེད་ཀྱང་དབྱངས་ཀྱི་ཡན་ལག་རྣམ་པ་སྟོང་དུ་སྒྲོག་གོ །དེ་བཞིན་དུ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་མི་རྟོག་པ་དང་ལྡན་པའི་དབྱིངས་ལ་འཇུག་པའི་ཚེ། དབྱངས་ཀྱི་ཡན་ལག་མཐའ་ཡས་པ་རྣམ་པར་བསྒོམ་པ་ལ་མཁས་པས་འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མེད་པར་འགྲོ་བ་ཐམས་
ཅད་ལ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རབ་ཏུ་འཇུག་ཅིང་འཁོར་རྣམས་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཏོ། །ལྕེ་ཤིན་ཏུ་ཡངས་པའང་བྱིན་གྱིས་རློབ་སྟེ། དབྱངས་ཆགས་པ་མེད་པ་འང་རབ་ཏུ་རྗོད་དོ། །ཞིང་ཐམས་ཅད་དུ་འགེངས་
པའི་དབྱངས་ཀྱང་བྱིན་གྱིས་རློབ་བོ། །སེམས་ཅན་རྣམས་ཀྱི་མཐའ་ཡས་པར་ཁོང་དུ་ཆུད་པར་ཡང་བྱིན་གྱིས་རློབ་བོ། །ཆོས་རྣམ་པར་ཕྱེ་བ་འབྱམ་ཀླས་པ་ཡང་རབ་ཏུ་སྣང་བར་བྱེད་དོ། །དབྱངས་ཐམས་ཅད་ལ་འཇུག་པ་མེད་པ་འང་རབ་ཏུ་ཤེས་
སོ། །སྒྲ་རྣམ་པར་དམིགས་པ་འང་རྣམ་པར་དམིགས་པ་མེད་པར་རབ་ཏུ་ཤེས་སོ། །དབྱངས་སྣ་ཚོགས་ཀྱང་རྣམ་པར་འགོད་དོ། །དབྱངས་ཀྱི་ཡན་ལག་གི་དཀྱིལ་འཁོར་ཁོང་དུ་ཆུད་པས་ཀྱང་རབ་ཏུ་སྤྱོད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲ་བརྙན་ལྟ་བུའི་བཟོད་པ་ཐོབ་པ་སྟེ། བདུན་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་བརྙན་ལྟ་བུའི་བཟོད་
པ་ཐོབ་པ་བརྒྱང་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ནས་ཤི་འཕོ་བ་མེད་དོ། །འཇིག་རྟེན་དུ་སྐྱེ་བ་མེད་དོ། །འཇིག་རྟེན་གྱི་ནང་ན་མི་གནས་སོ། །འཇིག་རྟེན་གྱི་ཕྱི་རོལ་
ན་མི་གནས་སོ། །འཇིག་རྟེན་དུ་རྒྱུ་བ་མེད་དོ། །འཇིག་རྟེན་དུ་རྒྱུན་འཆད་པ་མེད་དོ། །འཇིག་རྟེན་དང་འདྲེས་པ་མེད་དོ། །འཇིག་རྟེན་དང་ཐ་དད་པ་མེད་དོ། །འཇིག་རྟེན་དུ་འགྲོ་བ་མེད་དོ། །འཇིག་རྟེན་ལས་གོལ་བར་འགྲོ་བ་མེད་དོ། །འཇིག་རྟེན་དུ་གཞོལ་བར་
འགྲོ་བ་མེད་དོ། །འཇིག་རྟེན་ལས་ལྡོག་པ་མེད་དོ། །བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱང་འཇིག་རྟེན་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའང་མ་ཡིན་ཏེ། སྨོན་ལམ་ཆེན་པོ་རྒྱུན་གཅོད་པའང་
མ་ཡིན་ནོ། །མང་བ་འང་མ་ཡིན། ཉུང་བ་འང་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་ཐོབ་པར་བྱ་བ་ལའང་དོན་ཡོད་པར་སྤྱོད་དོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །འཇིག་རྟེན་གྱི་རྒྱུད་ཀྱི་རྗེས་སུ་
འབྲང་བ་འང་མ་ཡིན་ནོ། །ཆོས་ཀྱི་རྒྱུད་ཐོགས་པར་བྱེད་པ་འང་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། གཟུགས་བརྙན་ནི་ཉི་མ་འམ། ཟླ་བ་འམ་བུད་མེད་དམ་སྐྱེས་པ་འམ། ཤིང་ངམ། རི་འམ། གནས་སམ། རྩིག་པ་འམ། ས་འམ་ཆུ་ཀླུང་གི་རྒྱུད་དམ། དངོས་
པོ་སྣ་ཚོགས་མཐའ་ཡས་པ་ཚད་མེད་པ་རྣམས་ཀྱི་གཟུགས་གང་དང་གང་ཡོད་པ་དེ་དག་ཐམས་ཅད་རྣམ་པར་དམྱིགས་པར་བྱེད་དེ། ཆུ་འམ། ཏིལ་མར་རམ། ནོར་བུ་འམ། མཆིང་བུ་འམ། མེ་ལོང་ངམ་གཞན་ཡང་ཡོ་བྱད་ཁ་དོག་དང་བ་མདོག་གསལ་བ་གང་ཡང་རུང་སྟེ།

དེ་དག་ཤིན་ཏུ་དད་པའི་ཕྱིར་དེ་དག་ཏུ་གཟུགས་བརྙན་རྣམ་པར་དམིགས་པར་བྱེད་ཀྱང་གཟུགས་བརྙན་ནི་ཤིན་ཏུ་དང་བའི་དབྱིངས་དེ་དང་འདྲེས་པའང་མེད་དེ། གཟུགས་བརྙན་དེ་དེ་ལས་གུད་ན་འདུག་པའང་མ་ཡིན་ནོ། །གཟུགས་བརྙན་དེ་དེ་
ལྟར་རྣམ་པར་དམིགས་པ་དང་ཡང་འགྲོགས་པ་མེད་དོ། །དང་པའི་དངོས་པོ་དེ་ཡང་གཟུགས་བརྙན་གྱིས་དང་འགྲོགས་པ་མེད་དོ། །གཟུགས་བརྙན་དེ་ཆུ་ཀླུང་གི་རྒྱུན་གྱིས་ཀྱང་ཁྱེར་བར་མི་ནུས་སོ། །གཟུགས་བརྙན་དེ་ཆུ་བོའི་རྒྱ་མཚོར་
འཆི་བར་ཡང་མི་འགྱུར་རོ། །དང་བ་སྣ་ཚོགས་དེ་དག་གིས་ཀྱང་གཟུགས་བརྙན་དེ་ལ་གོས་པར་མི་འགྱུར་ཏེ། དེ་དག་ཏུ་གཟུགས་བརྙན་རྣམ་པར་དམིགས་པ་འང་ཡོད་ཅིང་དེ་དག་གིས་བཟུང་བ་འདྲ་ཡང་གཟུགས་བརྙན་གང་དུ་དམིགས་
པར་གྱུར་པ་དེས་དེའི་ཆ་བཟུང་བ་མེད་དོ། །གཟུགས་བརྙན་དེ་ནི་རིང་བར་ཡང་སྣང་ཉེ་བར་སྣང་སྟེ། དེ་ལྟར་རིང་བ་དང་ཉེ་བ་འང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞན་གྱི་རྒྱུད་
ཀྱི་ཡུལ་དུ་སྣང་བར་བྱེད་ཀྱང་འདི་ནི་གཞན་གྱི་རྒྱུད་དོ། །འདི་ནི་བདག་གི་ཡེ་ཤེས་ཀྱི་རྒྱུད་དོ། །འདི་ནི་བདག་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏོ་ཞེས་གཉིས་སུ་མི་བྱེད་དོ། །བདག་གི་ཡུལ་དང་གཞན་གྱི་ཡུལ་རྣམ་པར་དབྱེ་བ་འང་རབ་ཏུ་ཤེས་སོ། །འདི་ལྟ་སྟེ།
དཔེར་ན་ས་བོན་དུ་གྱུར་པ་ནི་ཤིན་ཏུ་འཕེལ་ཞིང་སྐྱེ་བ་ཡིན་ཏེ། ཆུ་བ་དང་ལོ་མ་དང་སྦུ་གུའི་གནས་སུ་གྱུར་པ་ནས་རྣམ་པར་དབྱེ་བ་འང་ཡོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཉིད་མི་གཉིས་པ་ལ་
གཉིས་ཀྱི་མཚན་ཉིད་མི་མཐུན་པའི་ཡེ་ཤེས་ལ་ཆགས་པ་མེད་པའི་མཐའི་ཚུལ་གྱིས་རབ་ཏུ་འཇུག་གོ །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་བརྙན་ལྟ་བུའི་བཟོད་པ་ཐོབ་པ་སྟེ། བརྒྱད་

པའོ། །བཟོད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཞིང་བསམ་གྱིས་མྱི་ཁྱབ་པ་དག་ཏུ་འགྲོ་བ་འང་བ་མེད་ལ། སངས་རྒྱས་ཀྱི་ཞིང་བརྗོད་
དུ་མྱེད་པ་དག་ཏུ་ཡང་སྣང་ངོ་། །འཇིག་རྟེན་གྱི་ཁམས་གང་ནས་ཀྱང་གཡོ་བ་མེད་ཅིང་། འཇིག་རྟེན་གྱི་ཁམས་གང་དུ་ཡང་འགྲོ་བ་མེད་ལ། ལུས་ཀྱི་དཀྱིལ་འཁོར་གཟུགས་བརྙན་དུ་གྱུར་པ་ཡང་ཀུན་ཏུ་རྣམ་པར་དམིགས་
པར་བྱེད་དོ། །རྗེས་སུ་སོང་བའི་ལུས་ཀྱང་འཇིག་རྟེན་ཐམས་ཅད་དུ་ཕྱིན་པར་བྱེད་དོ། །ལུས་རྣམ་པར་ཕྱེ་བ་ཆགས་པ་མེད་པས་སྤྱོད་པ་ཡང་རབ་ཏུ་ཤེས་སོ། །གང་ཡང་འཇིག་རྟེན་ན་འཇིག་རྟེན་གྱི་མཚན་མ་དང་། འཇིག་རྟེན་དོང་སྐོམ་
ཡོད་པ་དེ་དག་འདྲེས་པ་འང་མ་ཡིན། ཐ་དད་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པའི་རིགས་སུ་རིགས་དང་ལྡན་པར་བྱུང་བའི་ལུས་དང་ངག་དང་ཡིད་རྣམ་པར་དག་པ་འང་རབ་ཏུ་འཐོབ་བོ། །ཁ་དོག་མཐའ་ཡས་
པའི་ལུས་ཐམས་ཅད་རྣམ་པར་དག་པ་འང་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྲུལ་པ་ལྟ་བུའི་བཟོད་པ་ཐོབ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུར་རབ་ཏུ་འཇུག་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པས་སྤྲུལ་པ་དང་། བསམས་ཏེ་སྤྲུལ་པ་དང་། འཇིག་རྟེན་གྱི་ཁམས་མངོན་པར་འདུ་བྱེད་པས་སྤྲུལ་པ་དང་།
རྣམ་པར་རྟོག་པས་སྤྲུལ་པ་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གིས་སྤྲུལ་པ་དང་། སྒྲོ་བཏགས་པས་སྤྲུལ་པ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་མེད་པས་སྤྲུལ་པ་དང་། ཚིག་གི་ལམ་གྱི་བྱིན་གྱི་

རླབས་ཀྱིས་སྤྲུལ་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་རྟོག་པས་སྤྲུལ་པ་དང་། འདུ་ཤེས་ཀྱིས་སྤྲུལ་པ་དང་། འདི་ལྟ་སྟེ་འདུལ་བ་རྣམ་པར་བྱང་བར་བྱ་བ་དང་། རྣམ་པར་དག་པར་བྱ་བའི་ཡོངས་སུ་རྟོག་པས་སྤྲུལ་པ་དང་
འདི་ལྟ་སྟེ་དུས་གསུམ་དུ་ཕྱིར་མི་ལྡོག་པས་སྤྲུལ་པ་མཉམ་པ་ཉིད་ཀྱིས་བྱུང་བ་མེད་པ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་སྤྲུལ་པ་སྤྱོད་པས་ཡངས་པར་བྱས་པ་དང་། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་
པོས་སྤྲུལ་པ་འགྲོ་བ་ཐམས་ཅད་ལ་བསྟབས་པར་རྣམ་པར་བཀོད་པ་དང་། འདི་ལྟ་སྟེ་ཆོས་ཀྱི་འཁོར་ལོ་དང་། ཐབས་མཁས་པའི་ཡེ་ཤེས་ཀྱིས་སྤྲུལ་པ་མི་འཇིག་པ་དང་། སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱིས་འཇུག་པ་
རབ་ཏུ་ཤེས་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྤྲུལ་པ་རབ་ཏུ་ཤེས་པར་བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། །རྟོགས་པར་བྱེད་དོ། །ཡངས་པར་བྱེད་དོ། །
མཐའ་དང་དབུས་དང་མུ་མེད་པར་ཇི་ལྟར་བསྐྱེད་པ་བཞིན་དུ་ཐོབ་པར་བྱེད་དོ། །གྲུབ་པར་བྱེད་དོ། །དབང་དུ་བྱེད་དོ། །དེ་ཁོ་ན་ཉིད་དུ་ཤེས་སོ། །ཡང་དག་པ་ཉིད་ལས་མི་གཡོ་བར་བྱེད་དོ། །ཡང་དག་པར་ལྟའོ། །ཇི་ལྟར་
སྤྱོད་པ་བཞིན་དུ་ཆུད་ཟ་བར་མི་བྱེད་དོ། །འདི་ལྟ་སྟེ་དཔེར་ན། སྤྲུལ་པ་ནི་སེམས་ལས་མི་འབྱུང་སྟེ། སེམས་ཀྱི་ཆོས་ལས་མ་བྱུང་ལས་ཀྱིས་བསྒྲུབས་པ་མ་ཡིན། རྣམ་པར་སྨིན་པའི་རྗེས་སུ་འབྲང་བ་མ་ཡིན། འཇིག་རྟེན་
དུ་སྐྱེས་པ་མ་ཡིན། འཇིག་རྟེན་དུ་འགག་པ་མ་ཡིན། ཆོས་ཀྱི་རྗེས་སུ་སྙེགས་པ་མ་ཡིན། ཆོས་ཐོབ་པར་བྱེད་པ་མ་ཡིན། རིང་དུ་གནས་པ་མ་ཡིན། ཡུད་ཙམ་དུ་གནས་པ་མ་ཡིན། འཇིག་རྟེན་ན་སྤྱོད་པ་མ་ཡིན། འཇིག་རྟེན་

ལས་འདས་པ་མ་ཡིན། ཕྱོགས་སུ་འགྲོ་བ་མ་ཡིན། ཕྱོགས་ལ་གཞོལ་བ་མ་ཡིན། ཚད་ཡོད་པ་མ་ཡིན། ཚད་མེད་པ་མ་ཡིན། སྐྱོ་བ་མ་ཡིན་སྐྱོ་བ་མེད་པ་མ་ཡིན། རྒྱུན་ཆད་པ་མ་ཡིན་རྒྱུན་མི་ཆད་པ་
མ་ཡིན། འཕགས་པ་མ་ཡིན། སོ་སོའི་སྐྱེ་བོ་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། ཤི་འཕོས་པ་མ་ཡིན། སྐྱེས་པ་མ་ཡིན། ཤེས་པ་མ་ཡིན། མི་ཤེས་པ་མ་ཡིན། སྣང་བ་མ་ཡིན། འཇིག་པ་མ་ཡིན། འཇིག་རྟེན་
ལ་གནས་པ་མ་ཡིན། ཆོས་ཀྱི་དབྱིངས་ལ་གཞོལ་བ་མ་ཡིན། མཁས་པ་མ་ཡིན། ཤེས་རབ་འཆལ་པ་ཅན་མ་ཡིན། ཉེ་བར་ལེན་པ་མ་ཡིན། ཉེ་བར་མི་ལེན་པ་མ་ཡིན། འཁོར་བ་མ་ཡིན། མྱ་ངན་ལས་འདས་པ་མ་ཡིན།
ཡོད་པ་མ་ཡིན། མེད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཕྲུལ་པའི་བྱིན་གྱི་རླབས་ལ་མཁས་པས། འཇིག་རྟེན་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། དེ་འཇིག་རྟེན་གྱི་ཆོས་ལ་ལྟ་ཞིང་
བདག་མངོན་པར་སྤྲུལ་པ་བྱེད་ཀྱང་འཇིག་རྟེན་གྱི་སྤྲུལ་པ་ལ་མངོན་པར་ཆགས་པ་མེད་དོ། །བདག་གི་སྤྲུལ་པ་ལ་མངོན་པར་ཆགས་པ་མེད་དོ། །བདག་དང་འཇིག་རྟེན་གྱི་མངོན་པར་སྤྲུལ་པ་ལ་ཡོངས་སུ་རྟོག་པ་མེད་དོ། །འཇིག་རྟེན་
ལ་གནས་པ་མེད་དོ། །འཇིག་རྟེན་རྒྱུན་གཅོད་པ་མེད་དོ། །ཆོས་ལ་གནས་པ་མེད་དོ། །ཆོས་ཀྱི་དབང་དུ་འགྲོ་བ་མ་ཡིན་ནོ། །སེམས་ཅན་གྱི་ཁམས་ཀྱང་རྡུལ་ཙམ་ཡང་འདུལ་བ་མེད་དོ། །སེམས་ཅན་གྱི་ཁམས་སྨོན་ལམ་ལས་ཡོངས་སུ་
སྤོང་བ་མེད་དོ། །ཆོས་དེ་དག་ལ་རྟོག་པ་མེད་དོ། །རྣམ་པར་རྟོག་པ་མེད་དོ། །ཆོས་དེ་དག་ལ་ལེན་པ་མེད་དོ། །ཆོས་དེ་དག་ལ་འདོར་བ་མེད་དོ། །སངས་རྒྱས་ཀྱི་ཆོས་ཡོད་པ་མ་ཡིན་པ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། ཆོས་དེ་

དག་ཀྱང་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ནོ། །ཇི་ལྟར་སྤྲུལ་པ་དེ་ཡོད་པའང་མ་ཡིན་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྤྲུལ་པ་ལྟ་བུའི་བཟོད་པ་ལ་གནས་ཤིང་། སངས་རྒྱས་ཐམས་ཅད་
ཀྱི་བྱང་ཆུབ་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་ཀྱང་རབ་ཏུ་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྲུལ་པ་ལྟ་བུའི་བཟོད་པ་ཐོབ་པ་སྟེ། དགུ་པའོ། །བཟོད་པ་དེ་
དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མི་གནས་པ་ཡིན་ཏེ། ཇི་ལྟར་སྤྲུལ་པ་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་མི་གནས་པར་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་རྟོག་
པ་མེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་སངས་རྒྱས་ཀྱི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་དུབ་པ་མེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་ཕྱིན་ཅི་ལོག་མེད་ཅིང་ལུས་སུ་དམིགས་པ་ཐམས་ཅད་ལ་ལུས་མེད་པར་
སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་བྱིན་གྱི་རླབས་ཀྱིས་གཟུགས་ཀྱི་རྣམ་པ་ཐམས་ཅད་ཀྱི་གཟུགས་ལ་མི་གནས་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་རང་བཞིན་སྣང་བའི་ཚུལ་དུ་ཡང་དག་པའི་མཐའ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་
དང་། ཇི་ལྟར་སྤྲུལ་པ་དེ་ཆོས་ཐམས་ཅད་ལ་རྣམ་པར་གྲོལ་བའི་ཆོས་གནས་མེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་གནས་མེད་པའི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་ཚུལ་གྱི་རྣམ་པར་བྱང་བ་ལ་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་ཆོ་འཕྲུལ་གྱི་ཉེ་བར་འགྲོ་ཞིང་འགྲོ་བ་མེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་ཁོར་ཡུག་དང་། རི་རབ་ཐམས་ཅད་ལ་སྣང་བ་བཞིན་ནོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ཀྱི་ནམ་མཁའ་ལྟ་བུའི་བཟོད་པ་ཐོབ་པ་བཅུ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ཇི་ལྟ་བ་དེ་ལྟར་མཚན་ཉིད་མེད་པའི་ཚུལ་གྱིས་ཆོས་
ཀྱི་དབྱིངས་ཐམས་ཅད་ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་ཞིང་ཐམས་ཅད་བསྒྲུབ་པ་མེད་པའི་ཚུལ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་གཉིས་སུ་མེད་པའི་ཚུལ་གྱིས་ཆོས་ཐམས་
ཅད་ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་འཇུག་པ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་རྣམ་པར་དབྱེ་བ་མེད་པའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ལ་འཇུག་གོ །ནམ་
མཁའ་ཇི་ལྟ་བ་དེ་ལྟར་ཐ་དད་པ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་ཐམས་ཅད་ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་ཚུལ་གྱིས་བསམ་གཏན་ཐམས་ཅད་ལ་རབ་ཏུ་འཇུག་
གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་བརྗོད་དུ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡང་དག་པར་བསྟན་པ་ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་ཆགས་པ་མེད་ཅིང་བསྒྲིབས་པ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
ལ་འཇུག་གོ །ནམ་མཁའ་ཇི་ལྟ་བ་དེ་ལྟར་ནམ་མཁའི་དབྱིངས་ཀྱི་ཚུལ་གྱིས་ཆོས་ཐམས་ཅད་གསལ་བ་མེད་པ་ལ་འཇུག་གོ །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ལྟ་བུའི་ཆོས་ཐམས་ཅད་ལ་དེ་ལྟ་བུའི་བཟོད་
པ་ལས་བྱུང་བའི་ཡེ་ཤེས་ཀྱིས་འཇུག་པའི་ཚེ། ལུས་ནམ་མཁའ་ལྟ་བུར་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟ་བུའི་ལུས་ཀྱི་ལས་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟ་བུའི་ངག་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟ་བུའི་ངག་གི་ལས་རབ་ཏུ་འཐོབ་བོ། །

ནམ་མཁའ་ལྟ་བུའི་ཡིད་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟ་བུའི་ཡིད་ཀྱི་ལས་རབ་ཏུ་འཐོབ་བོ།། །།འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཆོས་ཐམས་ཅད་དང་ལྡན་ཏེ། འཆི་འཕོ་བ་འང་མེད་དོ་སྐྱེ་བ་འང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ཀྱི་ལུས་དང་ལྡན་ཏེ་ཤི་འཕོ་བ་འང་མེད་དོ། །སྐྱེ་བ་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཞི་མེད་དེ་ཐ་དད་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཡང་ཆོས་ཐམས་ཅད་ཤེས་པས་གཞི་མེད་དེ་སངས་རྒྱས་ཀྱི་སྟོབས་རྣམས་དང་ཐ་མི་དད་དོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འཇིག་རྟེན་ཐམས་ཅད་ཀྱི་གཞི་སྟེ། རང་བཞིན་མེད་པ་དང་ཡུལ་མེད་པས་གཞི་ཡང་མ་ཡིན་ནོ། །དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ཀྱི་གཞི་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པས་གཞི་ཡང་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྐྱེ་བ་མེད་ཅིང་འགག་པ་མེད་ཀྱང་འཇིག་རྟེན་ཐམས་ཅད་ཀྱི་སྐྱེ་བ་དང་འགག་
པ་འཛིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇུག་པ་འང་མེད་ཡོངས་སུ་རྫོགས་པ་ཡང་མེད་དེ། འཇིག་རྟེན་ཐམས་ཅད་ཀྱི་རྣམ་པར་དག་པ་ཡང་རབ་ཏུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཕྱོགས་ཀྱང་
མ་ཡིན། ཕྱོགས་མཚམས་ཀྱང་མ་ཡིན་ཏེ། ཕྱོགས་རྒྱ་མཚོ་མཐའ་ཡས་པ་ལ་འང་ཡང་དག་པར་གཞོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལས་ཀྱང་མ་ཡིན། རྣམ་པར་སྨིན་པ་ཡང་མ་ཡིན་ཏེ་ལས་དང་
རྣམ་པར་སྨིན་པ་རྒྱ་མཚོ་ཡང་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ལྡང་བ་མེད་ཅིང་འདུག་པ་མེད་དེ། རྣམ་པར་ཕྱེ་བ་མཐའ་ཡས་པ་འང་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྤྱོད་པ་

ཡང་མེད་གནས་པ་ཡང་མེད་དེ། སྤྱོད་པ་རྣམ་པར་ཕྱེ་བའང་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཁ་དོག་ཀྱང་མ་ཡིན། ཁ་དོག་མེད་པའང་མ་ཡིན་ཏེ། ཁ་དོག་གི་རྣམ་པ་ཡང་ཡོངས་སུ་
སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་པའི་ཁ་དོག་ཀྱང་མ་ཡིན། འཇིག་རྟེན་ལས་འདས་པའི་ཁ་དོག་ཀྱང་མ་ཡིན་ཏེ། ཁ་དོག་མཐའ་ཡས་པ་ཡང་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་
དཔེར་ན། ནམ་མཁའ་ནི་རིང་དུ་གནས་པ་ཡང་མ་ཡིན་ཡུད་ཙམ་ཅིག་ཏུ་གནས་པ་ཡང་མ་ཡིན་ཏེ། གནས་པ་དང་ཡོངས་སུ་གནས་པ་ཡང་རབ་ཏུ་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རིང་དུ་གནས་པ་
ཡང་མ་ཡིན། ཡུད་ཙམ་ཅིག་ཏུ་གནས་པ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། ཡོངས་སུ་གནས་པ་ཡང་རབ་ཏུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པར་
གྱུར་པའང་མེད་ལ་རྣམ་པར་བྱང་བས་རྣམ་པར་བྱང་བར་གྱུར་པ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་ལ་འཇུག་པས་བསྒྲིབས་པ་ཡང་མེད་རྣམ་པར་དག་ཅིང་གསལ་བར་གྱུར་པ་ཡང་མེད་དོ། །འདི་
ལྟ་སྟེ་དཔེར་ན་ནམ་མཁའ་ནི་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ནི་ནམ་མཁའི་མངོན་སུམ་དུ་གྱུར་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་
ལ་མངོན་དུ་གྱུར་པ་སྟེ། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གནས་ཐམས་ཅད་ལ་རབ་ཏུ་གཞོལ་བ་ཡིན་ཏེ། ནམ་མཁའི་མཐའ་ནི་ཡོད་པ་མ་ཡིན་ནོ། །

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཀྱི་གནས་ཐམས་ཅད་ལ་གནས་ཏེ། བྱང་ཆུབ་ཀྱི་སེམས་ནི་མཐའ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདག་ཉིད་ནམ་མཁའ་དང་མཉམ་པར་བྱས་ཏེ།
ཡོངས་སུ་བསྒོམས་པ་དང་། རྣམ་པར་སྦྱངས་པ་དང་། ཤིན་ཏུ་བསྒྲུབས་པ་དང་། མཉམ་པ་ཉིད་དུ་བྱས་པ་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་བྱས་པ་དང་། རོ་གཅིག་ཏུ་བྱས་པ་དང་། ཚད་གཅིག་ཏུ་བྱས་པ་དང་། ནམ་མཁའ་
ལྟ་བུར་དག་པའི་ཁ་དོག་ཏུ་བྱས་པ་དང་། ཐམས་ཅད་དུ་འགྲོ་བར་བྱས་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཡང་དག་པར་སེམས་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། ཆོས་ཐམས་ཅད་ཐ་མི་དད་པ་རབ་ཏུ་ཐོབ་པར་བྱེད་པ་
དང་། ཞིང་ཐམས་ཅད་དུ་འགྲོ་བར་བསྒྲུབ་པ་དང་། ལུས་ཐམས་ཅད་ལ་གནས་པ་མེད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕྱོགས་ཐམས་ཅད་ཀྱི་འབྱུང་གནས་རབ་ཏུ་ཐོབ་པར་བྱེད་པ་དང་། སྟོབས་ཐམས་ཅད་ཐ་མི་དད་པར་
བསྒྲུབ་པ་དང་། ཡོན་ཏན་ཐམས་ཅད་ཡུལ་མཐའ་ཡས་པར་ཡོངས་སུ་རྫོགས་པར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་འབྱུང་གནས་རབ་ཏུ་ཐོབ་པར་བྱེད་པ་དང་། དཔག་ཏུ་མེད་པ་ཐོབ་པར་བྱེད་པ་དང་། རྡོ་རྗེ་ལྟར་
བརྟན་པ་ལ་རབ་ཏུ་གཞོལ་བ་དང་། དབྱངས་ཀྱི་ཡན་ལག་ཚད་མེད་པ་ཐམས་ཅད་མངོན་པར་བསྒྲུབ་པ་དང་། འཇིག་རྟེན་ཐམས་ཅད་དུ་ཕྱིན་ཅིང་ཆོས་ཀྱི་འཁོར་ལོ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་
ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནམ་མཁའ་ལྟ་བུའི་བཟོད་པ་ཐོབ་པ་སྟེ། བཅུ་པའོ། །བཟོད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་བ་མེད་པའི་ཚུལ་དུ་འགྲོ་བ་མེད་

པའི་ལུས་རབ་ཏུ་འཐོབ་བོ། །འགག་པ་མེད་པའི་ཚུལ་དུ་སྐྱེ་བ་མེད་པའི་ལུས་རབ་ཏུ་འཐོབ་བོ། །འཇིག་པ་མེད་པའི་ཚུལ་དུ་འཕོ་བ་མེད་པའི་ལུས་རབ་ཏུ་འཐོབ་བོ། །ཇི་ལྟར་མཐོང་བ་མ་ཡིན་
པའི་ཚུལ་དུ་བདེན་པ་མེད་པའི་ལུས་རབ་ཏུ་འཐོབ་བོ། །མཚན་ཉིད་མེད་པའི་ཚུལ་དུ་མཚན་ཉིད་གཅིག་པའི་ལུས་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་སྟོབས་ཚད་མེད་པའི་ཚུལ་དུ་ཚད་མེད་པའི་ལུས་རབ་ཏུ་འཐོབ་བོ། །དེ་
བཞིན་ཉིད་ཀྱི་མཚན་ཉིད་ཀྱི་ཚུལ་དུ་མཉམ་པ་ཉིད་ཀྱི་ལུས་རབ་ཏུ་འཐོབ་བོ། །དུས་གསུམ་མཉམ་པ་ཉིད་ཁོང་དུ་ཆུད་ཅིང་བཟོད་པའི་ཚུལ་དུ་ཐ་མི་དད་པའི་ལུས་རབ་ཏུ་འཐོབ་བོ། །མཉམ་པ་ཉིད་ཀྱི་མིག་རྣམ་པར་དག་པས་བསྒྲིབས་པ་མེད་
པའི་ཚུལ་དུ་ཐམས་ཅད་དུ་འགྲོ་བའི་ལུས་རབ་ཏུ་འཐོབ་བོ། །ཆོས་ཐམས་ཅད་ལྡན་པ་དང་མ་ལྡན་པ་མེད་པའི་ཚུལ་དུ་འདོད་ཆགས་དང་བྲལ་བའི་མཐའི་ལུས་རབ་ཏུ་འཐོབ་བོ། །བསོད་ནམས་ཟད་མི་ཤེས་པའི་ཚུལ་དུ་ནམ་མཁའ་ལྟར་
མཐའ་དང་མུ་མེད་པ་རབ་ཏུ་འཐོབ་བོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་གྱི་མཚན་ཉིད་ཀྱིས་མཚན་ཉིད་གཅིག་པའི་ཚུལ་དུ་ཆོས་ཉིད་མཉམ་པ་ཉིད་ཐོབ་པས་ཟད་མི་ཤེས་ཤིང་ཐོགས་པ་མེད་པ་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟར་ཐོགས་
པ་མྱེད་པའི་ཚུལ་དུ་དབྱངས་མཐའ་ཡས་ཤིང་ཚད་མེད་པ་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟར་ཐམས་ཅད་ལ་ཐོགས་པ་མེད་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མཁས་པ་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པ་རབ་ཏུ་འཐོབ་བོ། །
ནམ་མཁའ་ལྟར་རྒྱུན་ཆད་པ་མེད་པའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཚད་མེད་པ་ཐམས་ཅད་རབ་ཏུ་འཐོབ་བོ། །ནམ་མཁའ་ལྟར་ཚད་མེད་ཅིང་མཐར་ཐུག་པ་མེད་པའི་ཚུལ་དུ་སངས་རྒྱས་ཀྱི་ཞིང་ཐམས་

ཅད་ཚད་མེད་པའི་ཞིང་དུ་བྱིན་གྱིས་རློབ་པ་རབ་ཏུ་འཐོབ་བོ། །ནམ་མཁའ་རྒྱ་མཚོའི་ཚུལ་དུ་ཆོས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྒྱུན་མི་འཆད་པ་ཡང་དག་པར་སྟོན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ནམ་མཁའ་ལྟར་འཇིག་རྟེན་
ཐམས་ཅད་འཛིན་པའི་ཚུལ་དུ་ལུས་ཐམས་ཅད་འཇིག་པ་མེད་ཅིང་ཤིན་ཏུ་བརྟན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིག་རྟེན་གྱི་གདུང་བ་ཐམས་ཅད་ཀྱིས་ནམ་མཁའ་འཚིག་པར་མི་འགྱུར་བའི་ཚུལ་དུ་རྡོ་རྗེ་ལྟར་སྲ་ཞིང་བརྟན་ལ་རྣོ་བའི་དབང་
པོ་ཡོངས་སུ་འགྲུབ་པར་འགྱུར་རོ། །ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱི་ཚུལ་དུ་འཇིག་རྟེན་ཐམས་ཅད་རབ་ཏུ་འཛིན་པའི་སྟོབས་ལ་ཡང་དག་པར་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་དག་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཀྱི་བཟོད་པ་ཐོབ་པ་བཅུའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དོན་འདི་ཉིད་དེ་བས་ཀྱང་གསལ་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་དག་ལ་ཚིགས་སུ་
བཅད་དེ་སྨྲས་པ། །ཇི་ལྟར་སྐྱེས་བུ་ལ་ལ་ཞིག །རིན་ཆེན་འབྱུང་གནས་ཐོས་གྱུར་ནས། །ནོར་ཚོགས་ཆེན་པོ་བསགས་དོན་དུ། །རབ་ཏུ་དགའ་བ་སྐྱེ་བ་ཡིན། །དེ་བཞིན་ཤེས་རབ་ཆེ་ལྡན་པའི། །བྱང་ཆུབ་སེམས་དཔའ་
རྒྱལ་སྲས་རྣམས། །དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན། །ཟབ་ཅིང་ཞི་བ་རབ་ཏུ་ཉན། །ཟབ་པའི་ཆོས་ནི་ཐོས་གྱུར་ཅིང་། །དེ་དག་ཡིད་ནི་འཇིགས་མི་འགྱུར། །དེ་དག་སེམས་ལ་སྡངས་བ་མེད། །སྐྲག་པ་སྐྱེ་བར་མི་འགྱུར་
རོ། །རྒྱ་ཆེན་དབྱངས་ནི་ཐོས་གྱུར་ནས། །བཟོད་པའི་དབྱངས་ཀྱིས་བྱང་ཆུབ་ཏུ། །ཤེས་རབ་ཆེན་པོ་ཡང་དག་འཇུག །དེ་ལ་ཐེ་ཙོམ་སྐྱེ་བ་མེད། །བདག་ནི་ཐམས་ཅད་མཁྱེན་པར་བྱ། །བདག་ནི་མི་ཡི་མགོན་དུ་བྱ། །ཆོས་རབ་

ཤིན་ཏུ་ཟབ་པ་རྣམས། །བདག་གིས་སྒྲ་ཡི་སྒོ་ནས་ཐོས། །སྒྲ་ཡི་རྗེས་སུ་འབྲང་བས་ནི། །དགའ་བའི་དམ་པ་མི་འཐོབ་ཅེས། །དེ་བཞིན་གཤེགས་པའི་ཆོས་དོན་དུ། །དེ་ཡི་མོས་པ་བརྟན་པ་སྐྱེ། །
བསམ་པ་བྱང་ཆུབ་སེམས་རབ་ཀྱིས། །འདུལ་ཞིང་ཡོངས་སུ་སྒོམ་པ་བྱེད། །ཆོས་རྣམས་འཁྲུགས་པར་མི་བྱེད་དེ། །དེ་ཡིས་དད་པ་རྣམ་པར་འཕེལ། །དེས་ནི་སྒྲ་རྗེས་འགྲོ་བ་ཡི། །བཟོད་པ་རབ་ཏུ་ཐོབ་པར་འགྱུར། །
སྤྱོད་ལ་ཤིན་ཏུ་བརྩོན་བྱེད་ཅིང་། །དབྱངས་ཀྱི་བཟོད་ལ་རབ་ཏུ་གནས། །ཆོས་ཀྱི་འབྱུང་གནས་ཡིན་པས་ན། །ཤིན་ཏུ་བརྩོན་པ་རབ་ཏུ་ཚོལ། །བརྩོན་འགྲུས་ལྡོག་པར་མི་བྱེད་དེ། །སངས་རྒྱས་བྱང་ཆུབ་བསྒྲུབ་པར་བྱེད། །
དབྱངས་ཙམ་གྱིས་ནི་གནས་བྱེད་པས། །བྱང་ཆུབ་སེམས་ལ་བག་ཚ་མེད། །དབྱངས་ཀྱིས་མོས་པ་རབ་ཏུ་འཐོབ། །དེས་ནི་རྒྱལ་བ་མཉེས་པར་བྱེད། །སྐྱེས་བུ་ལ་ལ་བསོད་ནམས་རྒྱས་གྱུར་པས། །གསེར་གྱི་འབྱུང་གནས་ཆེན་
པོ་རྙེད་གྱུར་ནས། །བརྒྱན་པའི་གནས་ཀྱི་རྒྱན་དུ་རབ་སྦྱངས་ན། །དེ་དག་ལུས་དང་མཐུན་པའི་རྒྱན་དུ་བྱེད། །དེ་བཞིན་མཁས་པས་ཆོས་ཀྱི་ཕུལ་ཐོས་ན། །སེམས་དང་བློ་ཡངས་རྒྱ་མཚོར་བསྒྱུར་བྱས་ཤིང་། །ཇི་ལྟར་སྔོན་ཐོས་
ཆོས་རྣམས་རྟོག་པར་བྱེད། །མི་མཐུན་ཚུལ་དུ་ཆོས་ལ་ཚོལ་མི་བྱེད། །དེ་དག་རྟོགས་ནས་ཤིན་ཏུ་མཐུན་པར་སྤྱོད། །རྣམ་པར་མི་སྒོམ་ཆོས་ནི་གང་ཡང་མེད། །དེ་དག་ཆོས་རྣམས་ཇི་བཞིན་མཐུན་བྱེད་ཅིང་། །དེ་བཞིན་དེ་ནི་
ཆོས་རྣམས་ཁོང་དུ་ཆུད་པར་བྱེད། །མཁས་པའི་སེམས་ནི་རྣམ་དག་སྐྱེར་འགྱུར་ཏེ། །དགའ་བའི་སེམས་ཡིད་རྣམ་དག་གསལ་བ་སྐྱེ། །ཆོས་ཀྱི་ཡིད་ལ་བདག་ཉིད་ཆེ་བ་བརྩོན། །རྟེན་ཅིང་འབྲེལ་འབྱུང་ཆོས་ལ་རབ་ཏུ་འཇུག

ཆོས་རྣམས་མཉམ་པ་ཉིད་ལ་དེ་བརྩོན་ཏེ། །དངོས་པོ་རྣམ་པར་བསྒོམ་ལ་མངོན་པར་བརྩོན། །རྒྱལ་བའི་མཛོད་དང་འགལ་བར་མི་བྱེད་དེ། །ཆོས་རྣམས་མི་མཉམ་མེད་པར་རབ་ཏུ་ཤེས། །དེ་ནི་བསམ་པ་མཐར་ཐུག་རབ་བརྟན་
པས། །རྒྱལ་བའི་བྱང་ཆུབ་ཇི་བཞིན་རབ་ཏུ་སྤྱོད། །རི་རབ་བཞིན་དུ་མི་གཡོ་བརྟན་པ་ཡིས། །དེ་ཡི་བསམ་པ་བྱང་ཆུབ་མཆོག་ལ་རྟེན། །མཉམ་གཞག་སེམས་དང་ལྡན་པས་དེ་བརྩོན་ཏེ། །བརྩོན་འགྲུས་ལྡན་པའི་ཡིད་ཀྱིས་
རབ་ཏུ་སྤྱོད། །བསྐལ་པ་སྟོང་དུ་སྤྱད་པ་སྤྱོད་བྱེད་ཀྱང་། །དེ་ཡི་བརྩོན་འགྲུས་འཇིག་པར་མི་འགྱུར་རོ། །འདི་དག་ཆོས་ལ་ཡང་དག་དེ་འཇུག་སྟེ། །རྒྱལ་བའི་རྟོགས་བྱའི་གཏིང་ཡང་རབ་ཏུ་རྙེད། །ཆོས་ཉིད་ཞི་བ་རབ་ཏུ་ཐོབ་གྱུར་པས། །
དེ་ལ་འཇུམ་པའི་ཡིད་བྱེད་གང་ཡང་མེད། །དཔེ་ཟླ་མེད་པས་ཇི་སྐད་གསུངས་པ་ལྟར། །དེ་ནི་ཆོས་རྣམས་མཉམ་པ་ཉིད་དུ་བྱེད། །མི་མཉམ་ཚུལ་དུ་བཟོད་པ་མི་སྐྱེད་དེ། །ཡེ་ཤེས་མཉམ་ཉིད་ཡོངས་སུ་རྫོགས་པར་སྒྲུབ། །བདེ་
བར་གཤེགས་པས་མཐུན་པར་གང་གསུངས་པ། །དེ་དག་བཟོད་པའི་སྒོ་ནས་རབ་ཏུ་འགྲུབ། །ཆོས་རྣམས་འཇིག་དང་ལྡན་པ་མ་ཡིན་ཏེ། །ཆོས་ཉིད་ཇི་བཞིན་དེ་འདྲ་རབ་ཏུ་ཤེས། །ལྷ་གནས་འདིའི་ལྷའི་བུ་རྣམས་འདིར་འདུས་དང་། །
སུམ་ཅུ་རྩ་གསུམ་གནས་སུ་ལྷ་རྣམས་སྐྱེས་གྱུར་པ། །དེ་དག་ཟིལ་དངར་སྣ་ཚོགས་རྣམ་པ་གཞན་དང་གཞན། །དེ་དག་ཁར་བའི་སྣོད་གཅིག་མངོན་སྤྱོད་ཟད་གྱུར་ན། །ཟིལ་དངར་ཞིམ་པ་དེ་དག་འོང་བ་མ་ཡིན་ཏེ། །ཕྱོགས་བཅུ་ཀུན་
ནས་ཟིལ་དངར་སྟོབས་པ་མེད། །ལས་རྣམས་ཇི་ལྟ་ཇི་བཞིན་ལྷ་རྣམས་དེ་ལྟར་ཟ། །དེ་ལ་སྐྱེ་བ་མེད་དེ་བཟའ་བ་མེད་པ་མིན། །དེ་བཞིན་བྱང་ཆུབ་སེམས་དཔའི་སེམས་རབ་མངོན་སྐྱེས་ཀྱང་། །དེ་ལ་རྡུལ་ཆའི་ཆོས་ཀྱང་སྐྱེས་

པར་གྱུར་པ་མེད། །མ་སྐྱེས་གང་ཡིན་ཆོས་དེ་ནམ་ཡང་འགག་པ་མེད། །དམ་པའི་ཆོས་ཀྱི་རྐྱེན་བརྟེན་མཁས་པ་རབ་ཏུ་ཞུགས། །མ་འགག་གང་ཡིན་མི་ཟད་ཆོས་རྒྱུད་དེ་དང་དེ། །ཆོས་ཉིད་འདི་ཡི་ཚུལ་ལ་
རབ་ཏུ་གནས་པ་ཡིན། །ཐ་དད་ཆེད་པའི་ཆོས་དབྱིངས་འདི་ལ་རབ་ཏུ་འཇུག །འཇིག་རྟེན་ཐ་དད་མེད་པའི་རྒྱུད་ཀྱི་ཚུལ་ཡང་ཤེས། །དེ་བཞིན་ཉིད་མཉམ་འཇིག་རྟེན་ཞི་བའི་གཞར་གྱུར་པ། །གཞི་མེད་ཐ་དད་མེད་པའི་ཡང་དག་
མཐའ་ཤེས་ཏེ། །སྨོན་ལམ་རྡོ་རྗེའི་རང་བཞིན་འགྲོ་ལ་ཕན་ཕྱིར་འདེབས། །རྒྱལ་སྲས་དེ་ནི་བདེ་གཤེགས་མཁྱེན་ལའང་མངོན་ཆགས་མེད། །དེ་ནི་དབེན་གཞོལ་སངས་རྒྱས་ཆོས་རྣམས་སྟོན་པ་བྱེད། །ཆོས་ཀྱི་ཤུགས་
ལས་འོན་ཀྱང་གཡོ་བར་འགྱུར་བ་མེད། །བརྡ་དང་གྲངས་ཀྱི་ཚུལ་གྱིས་མངོན་པར་འདུ་བྱེད་དེ། །འཇིག་རྟེན་སྙིང་བརྩེར་སྨོན་ལམ་དམ་པ་རབ་ཏུ་འདེབས། །སྨོན་ལམ་འདེབས་ལ་གནས་ཀྱང་སྟོབས་བཅུ་ལྡན་པ་སྟེ། །
འགྲོ་བ་མ་ལུས་ཀུན་ལ་དེ་ནི་གནས་པ་མེད། །མཁས་པའི་ཡེ་ཤེས་ཡོངས་སུ་ལེན་དང་འདོར་བ་སྤངས། །ཆོས་དང་ཆོས་ཀྱི་མན་ངག་རྣམ་པའི་ཚུལ་ལ་མཁས། །འདི་ནི་བཟོད་པའི་དམ་པ་མ་སྐྱེས་ཆོས་ཅན་ཏེ། །དེས་ནི་
ཆོས་རྣམས་ཟད་མེད་ཟད་པར་མི་འགྱུར་རོ། །མི་སྐྱེའི་ཚུལ་གྱིས་ཡོངས་སུ་གདམས་བྱའི་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལས་བརྟན་པ་རྣམ་པར་འགྱུར་བ་མེད། །རྒྱལ་སྲས་བྱང་ཆུབ་དོན་དུ་བཟོད་པ་འདིར་གནས་པ། །དེ་ལ་ཕྱོགས་ཀུན་
སངས་རྒྱས་མཐའ་ཡས་ལུང་ཡང་སྟོན། །རྒྱལ་སྲས་དེ་ལ་སངས་རྒྱས་མཁྱེན་པས་དབང་བསྐུར་མཛད། །ཕྱོགས་བཅུ་ཀུན་ནས་རབ་ཏུ་སྣང་བར་མངོན་དུ་གནས། །དེ་དག་ཆོས་ཀུན་རབ་ཞི་རྟག་ཏུ་ཞི་བའི་སེམས། །མངོན་པར་སྒྲུབ་ཅིང་དགེ་

བ་ཀུན་ལ་འགྲོ་བ་འགོད། །དུས་གསུམ་ཆོས་རྣམས་ཀུན་གྱི་མཚན་ཉིད་དེ་འདྲ་བས། །མཚན་རྣམས་ཡོངས་སུ་དག་བྱས་སེམས་ཅན་འདུལ་བ་བྱེད། །སྒྱུ་མ་ལྟ་བུའི་ཆོས་རྣམས་ངེས་པར་སུས་རྟགས་པ། །དེ་དག་འཇིག་རྟེན་སྣ་ཚོགས་
དུ་མ་རྟོགས་བྱེད་ཅིང་། །འཇིག་རྟེན་སྣ་ཚོགས་སྒྱུ་ཚུལ་ཡང་དག་རྟོགས་བྱས་ནས། །ལས་ཡངས་ཤིན་ཏུ་བསྩགས་པས་རྣམ་པ་སྣ་ཚོགས་པ། །སེམས་ལས་ལས་ཀྱི་རྣམ་པ་དུ་མ་འབྱུང་བར་འགྱུར། །དེ་བས་འཇིག་རྟེན་སེམས་
དེ་སྒྱུ་མ་ལྟ་བུར་བསྟན། །དེ་དག་རྣམ་བརྟགས་སྒྱུ་མ་འདྲ་བས་ནུབ་པར་འགྱུར། །སྲིད་པའི་ལམ་རྒྱུད་མ་ལུས་སྒྱུ་འདྲ་ཡང་དག་སྨིན། །ཇི་ལྟར་སྒྱུ་མའི་རྣམ་པ་བྱིན་རླབས་བྱས་པའི་གཟུགས། །ལམ་གྱི་བཞི་མདོར་འཇིག་
རྟེན་ཕལ་གྱི་ནང་བསྟན་པ། །འགྲོ་བས་མཐོང་ན་དེ་ལ་ཀུན་ཀྱང་མོས་པ་སྐྱེད། །སྒྱུ་མས་འཇིག་རྟེན་ལས་ནི་གང་ཡང་འགྲུབ་མི་འགྱུར། །དེ་བཞིན་འགྲོ་བ་ཇི་སྙེད་གང་རྣམས་ཡོད་པ་དག །སྒྱུ་མའི་རང་བཞིན་ལྟ་
བུ་མ་སྐྱེས་ཆོས་ཉིད་དེ། །དངོས་ཡོད་དངོས་མེད་དེ་བཞིན་ཡོད་དང་མེད་པ་དང་། །སྐལ་པ་མི་མཉམ་ཚུལ་གྱི་འགྲོ་རྒྱུད་རབ་ཏུ་སྟོན། །སྒྱུ་མའི་ཚུལ་རྣམས་ཤེས་ནས་སེམས་ཅན་ཡོངས་སུ་འགྲེལ། །སྒྱུ་མ་ལྟ་བུ་ཡིན་
པར་སེམས་ཅན་ཁོང་དུ་ཆུད། །སེམས་ཅན་སྒྱུ་འདྲ་དེ་བཞིན་སྒྱུ་མ་སེམས་ཅན་འདྲ། །སེམས་ཅན་མེད་ཅིང་སྒྱུ་མ་འདྲ་བར་འཇིག་རྟེན་ཤེས། །སེམས་ཅན་ཞིང་དང་ཆོས་དང་དེ་བཞིན་དུས་གསུམ་དང་། །འཇིག་རྟེན་
ཐམས་ཅད་སྒྱུ་མའི་རྣམ་པར་རབ་ཏུ་འབྱེད། །སྒྱུ་མའི་རྣམ་པ་ལྟ་བུར་ཆོས་རྣམས་རབ་རྟོགས་པས། །འཇིག་རྟེན་མ་ལུས་འདི་དག་སྒྱུ་མའི་རྣམ་པར་ཤེས། །སྐྱེས་པ་དག་དང་དེ་བཞིན་བུད་མེད་རོགས་པ་དང་། །བུ་མོ་དེ་

བཞིན་རྣམ་པར་དུལ་བ་ཉེ་བར་སྟོན། །གླང་པོ་རྟ་དང་བ་གླང་ཕྱུགས་དང་ཤིང་རྣམས་དང་། །མེ་ཏོག་འབྲས་བུ་བཟང་དང་ལྡན་པའི་མཚོ་ཡང་སྟོན། །ཐབས་ཀྱི་རྣམ་པ་སྣ་ཚོགས་མང་བར་སྒྱུ་མའི་
སེམས། །སྣ་ཚོགས་གནས་ལ་འང་སྒྱུ་མ་ཡོངས་སུ་གནས་པ་མེད། །སྒྱུ་མ་དབེན་ལ་གཞོལ་ཞིང་ཤིན་ཏུ་ཞི་བ་ཡང་། །འཇིག་རྟེན་རྣམ་པར་རྟོག་པ་སྣ་ཚོགས་མང་པོ་སྟོན། །དེ་བཞིན་རྒྱལ་སྲས་བཙུན་པ་རིགས་དང་ལྡན་པ་
རྣམས། །འཇིག་རྟེན་སྒྱུ་མ་སྣ་ཚོགས་ཇི་བཞིན་སྟོན་པ་བྱེད། །བསྒོམ་དང་རྣམ་པར་བསྒོམ་པའི་དངོས་པོའི་སེམས་ཀྱང་མེད། །དངོས་པོ་དངོས་མྱེད་སྒྱུ་མ་ཇི་བཞིན་རབ་ཏུ་ཤེས། །ཞིང་དང་སེམས་ཅན་ཆོས་ཀྱི་རྣམ་པ་
མང་པོར་བཅས། །ལས་རྣམས་སྣ་ཚོགས་རྣམ་པས་ཡོངས་སུ་བསྩགས་པ་ལ། །གནས་པར་མི་བྱེད་མངོན་པར་ཆགས་པ་དེ་བཞིན་མེད། །ཆགས་མེད་མཐའ་ཡི་སྒྱུ་མའི་ཚུལ་ནི་དེས་ཤེས་སོ། །དེ་ལྟར་རྒྱལ་སྲས་མཁས་པ་
རྣམས། རབ་ཏུ་ཞི་ལ་དགའ་ཞིང་སྤྲོས་པ་མེད་པ་སྟེ། །གནས་མེད་ས་དང་ཡང་དག་ལྡན། །ཆོས་དབྱིངས་གནས་ལ་དེ་དག་རབ་དུ་ཞུགས། །དེ་ནི་ཆོས་ཉིད་རྟོགས་པ་སྟེ། །བརྟན་པ་དེ་དག་རྒྱལ་བའི་སྐུ་སྐྱེས་སྲས་ཡིན་ནོ། །འདུ་ཤེས་སྒྱུ་ལ་
མཁས་པ་སྟེ། །འགྲོ་བ་ཐམས་ཅད་འདུ་ཤེས་འདྲ་བར་ཤེས། །སྨིག་རྒྱུའི་འདུ་ཤེས་འདྲ་བ་སྟེ། །འགྲོ་བ་ཐམས་ཅད་དེ་ལྟར་འདུ་ཤེས་ཕྱིན་ཅི་ལོག །འདུ་ཤེས་རྣམས་ཕྱེ་མཁས་པ་སྟེ། །དེ་ནི་འགྲོ་ཀུན་འདུ་ཤེས་སྤངས་པ་
ཡིན། །སེམས་ཅན་སྣ་ཚོགས་ཁོང་དུ་ཆུད། །འཇིག་རྟེན་ཀུན་གྱི་སྣ་ཚོགས་རྣམ་པ་ཀུན་དང་བྲལ། །འཇིག་རྟེན་འདུ་ཤེས་རབ་ཏུ་ཤེས། །འཇིག་རྟེན་འདུ་ཤེས་མེད་མིན་འདུ་ཤེས་ལྡན། །ཕྱོགས་རྣམས་འདུ་ཤེས་འདྲ་བ་སྟེ། །

སེམས་ཅན་མཐའ་ཡས་འདུ་ཤེས་རྣམ་པ་སྣ་ཚོགས་ཡིན། །མ་ནོར་མིག་དང་ལྡན་པ་རྣམས། །འཇིག་རྟེན་སྣ་ཚོགས་འདུ་ཤེས་རབ་ཏུ་མཐོང་། །འཇིག་རྟེན་སྨིག་རྒྱུ་འདྲ་བ་སྟེ། །འདུ་ཤེས་སྣ་ཚོགས་རྣམ་པས་འཇིག་རྟེན་
རྣམ་པར་བཀོད། །འཇིག་རྟེན་འདུ་ཤེས་གནས་པ་སྟེ། །དེ་དག་ཕྱིན་ཅི་ལོག་གསུམ་རྣམ་པར་སྤངས། །ཇི་ལྟར་སྨིག་རྒྱུའི་ཚོགས་ཀྱི་རྣམས། །འགྲོ་བ་རྣམས་ལ་ཆུ་ཡི་རྣམ་པར་དམིགས་པར་སྣང་། །དེ་ལ་ཆུ་ནི་ཡོད་མིན་
ཡང་། །ཆུ་ཡི་འདུ་ཤེས་རྣམ་པར་རབ་ཏུ་བསླུ། །དེ་བཞིན་འཇིག་རྟེན་ཐམས་ཅད་ཀྱང་། །ཁམས་གསུམ་ལམ་རྒྱུད་རྣམ་པ་སྣ་ཚོགས་མཐའ་ཡས་ཏེ། །འདུ་ཤེས་རྣམ་པ་སྨིག་རྒྱུ་བཞིན། །ཆགས་མེད་ཡིད་ལྡན་སྤྱོད་ཡུལ་
མཐའ་ཡས་སོ། །འདུ་ཤེས་ཐམས་ཅད་རྣམ་པར་སྤངས། །ཆགས་མེད་ཡེ་ཤེས་ལྡན་ཞིང་སྤྲོས་པ་མེད་པ་རྣམས། །འགྲོ་བ་འདུ་ཤེས་ཆགས་གྱུར་པ། །འདུ་ཤེས་བསླུས་ལས་བརྟན་པ་འགྲེལ་བར་བྱེད། །ང་རྒྱལ་རློམ་དང་
དྲེགས་པ་སྤངས། །འདུ་ཤེས་ཐམས་ཅད་བསྩལ་ཅིང་འཇིག་རྟེན་འདྲེན་པ་བྱེད། །མི་ཟད་ཟད་པ་རྟོགས་པ་རྣམས། །བདེན་པ་ཟད་མི་ཤེས་པའི་ཚུལ་འདི་ཡིན། །འཇིག་རྟེན་འདི་དག་ཐམས་ཅད་རྨི་ལམ་ལྟ་བུར་ཁོང་དུ་ཆུད།
ཆོས་རྣམས་ཐམས་ཅད་རྨི་ལམ་ངོ་བོ་ཉིད་དུ་རབ་ཏུ་རྟོགས། །རྨི་ལམ་དེ་དག་ཡུལ་ལ་མི་གནས་ཕྱོགས་ལ་འང་མི་གནས་ཏེ། །རྨི་ལམ་ལྟ་བུར་འཇིག་རྟེན་རབ་ཏུ་ཞི་ལ་དེ་དག་གཞོལ། །རྨི་ལམ་རང་བཞིན་མཁས་ཤིང་རྣམ་པར་རྟོག་མེད་
ཆོས་དང་ལྡན། །རྨི་ལམ་རྟོགས་པའི་ཡིད་ལྡན་སེམས་ལ་འགྱུར་བ་གང་ཡང་མེད། །འཇིག་རྟེན་ཀུན་ཏུ་རྨི་ལམ་ལྟ་བུར་ཤིན་ཏུ་རྒྱུ་ཞིང་སྤྱོད། །དུས་གསུམ་མ་ལུས་ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ་དུ་རྟོགས། །རྨི་ལམ་ཤི་འཕྱོར་

འགྱུར་བ་མེད་ཅིང་སྐྱེ་བ་དེ་བཞིན་མེད། །རྨི་ལམ་ཕྱོགས་རྣམས་ཀུན་ན་ཡོད་པ་མ་ཡིན་མེད་པ་མིན། །ཁམས་གསུམ་རྨི་ལམ་ལྟ་བུར་འདི་ལ་རྣམ་རྟོག་མྱེད་བྱས་ཤིང་། །རྨི་ལམ་ཤིན་ཏུ་རྟོགས་མཁས་
དེ་དག་སེམས་ལ་བཅིངས་པ་མེད། །འགྲོ་བ་རྨི་ལམ་རང་བཞིན་འདྲ་ལ་དེ་དག་མི་གནས་ཏེ། །འཇིག་རྟེན་འགྲོ་བ་རྣམ་པར་དབེན་ལ་དེ་དག་བརྟེན་པ་མེད། །འཇིག་རྟེན་རྣམས་ལ་མི་རྟོག་དེ་བཞིན་རྣམ་པར་རྟོག་པ་མེད། །རྨི་
ལམ་རྟོགས་ཤིང་མཁས་པའི་བཟོད་པའི་ས་ནི་འདི་ཡིན་ནོ། །རྨི་ལམ་འགྲོ་བ་རྣམས་ན་རྣམ་པ་སྣ་ཚོགས་དུ་མ་སྣང་། །ཐ་དད་རྣམ་པ་གཞན་དང་གཞན་དུ་བྱེ་བྲག་རྣམ་པ་མང་། །དེ་བཞིན་ཡེ་ཤེས་ཟླ་བས་འགྲོ་བ་ཐམས་ཅད་རྣམ་པར་
མཐོང་། །རྨི་ལམ་སྒྲ་དང་འདྲ་བར་དེ་དག་རྣམ་པར་རྟོགས་པ་མེད། །རྨི་ལམ་ལྟ་བུའི་ཚུལ་གྱིས་རྣམ་པ་བརྟན་པས་རབ་ཏུ་རྟོགས། །དེ་དག་རྨི་ལམ་མཚན་ཉིད་རྣམ་འདས་བསྐལ་པ་མཉམ་པ་མིན། །རྨི་ལམ་དེ་དག་གཅིག་པ་མ་ཡིན་
ནམ་ཡང་མང་བ་མྱིན། །རྨི་ལམ་རྣམ་བཀོད་རྣམ་པར་འགྲོ་བ་ཐམས་ཅད་རབ་ཏུ་ཤེས། །དེ་དག་སེམས་ཅན་ཐམས་ཅད་རྨི་ལམ་འདྲ་བའི་ཆོས་ཅན་དང་། །ཞིང་རྣམས་ཐམས་ཅད་རྨི་འདྲ་དེ་བཞིན་ཆོས་རྣམས་རྨི་འདྲ་ཀུན། །ཇི་ལྟར་ཉོན་
མོངས་དེ་བཞིན་རྣམ་པར་བྱང་བ་རབ་ཏུ་ཤེས། །འཇིག་རྟེན་རྨི་འདྲ་དེ་ལ་རྣམ་པར་རྟོག་པར་བྱེད་པ་གང་ཡང་མེད། །རྨི་ལམ་ལྟ་བུའི་སྤྱོད་པས་ཡང་དག་གྲུབ་པར་གྱུར་པ་རྣམས། །རྨི་ལམ་ལྟ་བུའི་སྨོན་ལམ་རྣམ་པས་གནས་པ་མེད་
པ་དག །རྨི་ལམ་ལྟ་བུའི་ཆོས་རྣམས་ཀུན་ལ་གནས་འཆའ་མི་བྱེད་དེ། །འཇིག་རྟེན་རྨི་ལམ་འདྲ་ལ་ཁྱད་པར་བྱེད་པ་གང་ཡང་མེད། །འཇིག་རྟེན་འདི་དག་རྨི་ལམ་ལྟ་བུར་འབྱུང་བར་ཤེས་ཤིང་དག །རྨི་ལམ་ཚུལ་རྟོགས་འགྲོ་བ་ཀུན་ཏུ་མི་

འཇིགས་ཆོས་དང་ལྡན། །རྨི་ལམ་བཞིན་སྤྱོད་ལྡན་པས་འཇིག་རྟེན་ཀུན་ཏུ་ཆུད་མི་ཟ། །རིང་ཐུང་ཀུན་ཀྱང་རྨི་ལམ་རྒྱུད་བཞིན་དེ་དག་རབ་ཏུ་ཤེས། །འདི་ནི་རྨི་ལམ་ལྟ་བུའི་ཡིད་ལྡན་རྣམས་ཀྱི་བཟོད་པ་སྟེ། །རྨི་ལམ་ལྟ་
བུའི་འཇིག་རྟེན་སེམས་ཅན་རབ་ཏུ་འདྲེན་པ་བྱེད། །སེམས་ཅན་རྣམས་ཀྱི་བསམ་པ་རྟོགས་བྱས་ཆགས་མེད་ཡེ་ཤེས་ཅན། །སེམས་ལ་བཅིངས་མེད་འགྲོ་བ་ཁྲག་ཁྲིག་ཡོངས་སུ་འགྲེལ་པ་བྱེད། །དེ་ལྟར་བྱང་ཆུབ་སེམས་དཔའི་
སྤྱོད་པ་རྒྱ་ཆེ་མཐའ་ཡས། །ཆོས་རྣམས་མངོན་པར་བསྒྲུབས་པ་ཡངས་པ་ཁོང་དུ་ཆུད་བྱེད། །ཆོས་ཀྱི་ཆོས་ཉིད་དུ་མའི་ཚུལ་རྣམས་ཁོང་དུ་དེས་ཆུད། །ཆོས་ཚུལ་རྣམ་པ་ཐ་དད་ཀུན་ལ་ཆགས་པའི་སེམས་མེད། །འགྲོ་ཀུན་དབྱངས་
ཀྱི་ཡན་ལག་རྣམ་པ་ཇི་སྙེད་ཡོད་པ། །དེ་དག་སྒྲ་དབྱངས་སྒྲ་བརྙན་བཞིན་དུ་ཁོང་དུ་དེས་ཆུད། །སྒྲར་བརྗོད་དེ་དག་ནང་ན་མེད་པར་རབ་ཏུ་ཤེས་ཏེ། །སྒྲ་རྣམས་ཐམས་ཅད་ཕྱི་ནང་མེད་པར་རབ་ཏུ་དེ་ཤེས། །སྒྲ་བརྙན་ཇི་ལྟར་རྣམ་པ་སྣ་
ཚོགས་སྒྲ་ཚུལ་གྲག་སྟེ། །རྣམ་རྟོག་དབྱངས་དང་འདྲ་ཡང་རྣམ་རྟོག་མྱེད་པའི་སྒྲ་ཡིན། །སྒྲ་རྣམས་རྣམ་པ་སྣ་ཚོགས་ཐམས་ཅད་དེ་བཞིན་རབ་ཤེས། །སྒྲ་ལ་མངོན་པར་ཆགས་མེད་དེ་བཞིན་རློམ་པའི་སེམས་མེད། །སེམས་
ཅན་ཀུན་གྱི་གཙོ་བོ་ཐམས་ཅད་དེས་མཐོང་གྱུར་ཅིང་། །འཇིག་རྟེན་མགོན་པོ་ཆོས་རྣམས་གསུང་ཞིང་དབྱངས་སྒྲོག་མཛད་པས། །མདོ་མང་བརྗོད་དུ་མེད་པ་རབ་ཏུ་གསུང་ཞིང་སྟོན་ཀྱང་། །རྒྱལ་བའི་གསུང་དབྱངས་དེ་ལ་དེ་ནི་གནས་
པར་མི་བྱེད། །སྒྲ་བརྙན་དེ་དག་ཇི་ལྟར་སྒྲ་ཡི་རྣམ་པར་གྲག་ཀྱང་། །སྒྲ་བརྙན་རྣམ་པ་དག་ལ་སྒྲ་རྣམས་གང་ཡང་ཡོད་མིན། །དེ་ལྟར་དབྱངས་ཀྱི་བྱེ་བྲག་རྗེས་འབྲང་ཆོས་ཀྱི་རྣམ་པ། །ཆོས་ཉིད་འཇིག་མེད་ལྡན་པ་རྣམ་ཕྱེ་ཆོས་

ལ་རབ་མཁས། །དེ་དག་སྒྲ་དབྱངས་ཐམས་ཅད་རྣམ་པར་རབ་ཏུ་སྒོམ་སྟེ། །སྒྲ་རྣམས་རྣམ་པར་དབྱེ་ལ་མཁས་པས་སྒྲ་རྣམས་སེལ་བྱེད། །འགྲོ་བ་ཀུན་དབྱངས་དབྱངས་ཚུལ་མིན་པར་རབ་ཏུ་ཤེས་
ཏེ། །དབྱངས་ཀྱི་ཡན་ལག་དག་པ་དེ་དག་དབྱངས་ཀུན་རབ་ཤེས། ཆོས་རྣམས་དེ་དག་ཀུན་ལ་སྒྲ་མེད་སྒྲར་འཇུག་བྱེད་དེ། །བརྗོད་པ་ཁྲག་ཁྲིག་སྣ་ཚོགས་རྣམས་ཀྱི་རྗེས་སུ་ཞུགས་ཤིང་། །འགྲོ་བ་ཐམས་ཅད་སྒྲ་བརྙན་བཞིན་དུ་
མངོན་པར་སྟོན་བྱེད། །འགྲོ་བ་མ་ལུས་ཀུན་གྱི་སྒྲ་ཡང་དེ་བཞིན་རབ་ཤེས། །དེ་དག་ཚིག་ཚུལ་རྗེས་སུ་འགྲོ་བའི་ཤེས་བྱ་རྟོགས་ལྡན། །འཇིག་རྟེན་འདི་དག་ཐམས་ཅད་སྒྲ་བསྙན་ཡན་ལག་འདྲར་ཤེས། །དབྱངས་ཀྱི་རང་
བཞིན་རྣམ་པར་དག་པར་ཁོང་དུ་ཆུད་དེ། །སྒྲ་ཡི་མཚན་ཉིད་ཇི་བཞིན་འཇིག་རྟེན་དེ་བཞིན་ཤེས་སོ། །ཇི་ལྟར་སྒྲ་རྣམས་ཆོས་རྣམས་དུ་མ་རྣམ་པར་སྟོན་བྱེད། །སྒྲ་ཡི་རྣམ་རྟོག་སྣ་ཚོགས་དབྱངས་ཀྱི་ཡན་ལག་ཀུན་ལྡན། །
འཇིག་རྟེན་མ་ལུས་ཀུན་དབྱངས་མཚན་ཉིད་ཅི་འདྲ་དེ་བཞིན། །འགྲོ་བ་ཀུན་གྱི་མཚན་ཉིད་རྒྱལ་བའི་སྲས་ཀྱིས་རབ་ཤེས། །བཟོད་པ་འདི་འདྲའི་སྟོབས་ཀྱི་མཁས་གྱུར་དཔའ་བོ་དེ་དག །སྒྲ་དབྱངས་སྣ་ཚོགས་འཇིག་རྟེན་ཀུན་ཏུ་ཡོངས་
སུ་སྦྱོང་སྟེ། །དུས་གསུམ་ཤེས་པའི་བློ་དང་ལྡན་པས་སྒྲ་ཡི་ཚུལ་ཤེས། །འོན་ཀྱང་རྣམ་རྟོག་གནས་ལ་དེ་དག་གནས་མི་འཆའོ། །ཞི་བའི་ཡིད་ལྡན་འདི་ལྟར་བྱང་ཆུབ་བརྩོན། །འཇིག་རྟེན་ཕན་པའི་དོན་དུ་བྱང་ཆུབ་ཚོལ། །
ཆོས་ཉིད་རབ་ཏུ་ཞི་ལ་རྟག་ཏུ་འཇུག །བརྟན་པ་འཇིག་རྟེན་རྣམས་ལ་རྟོག་མི་བྱེད། །མི་སྒུལ་མཐུ་ཅན་ཡེ་ཤེས་སྟོབས་ལྡན་པས། །ཆོས་ཉིད་དངོས་མེད་ཞི་བ་ཇི་བཞིན་དུ། །འཇིག་རྟེན་ཐམས་ཅད་མ་ལུས་དེས་ཤེས་ཏེ། །

དེ་ལ་གཞོལ་ཞིང་ཕན་པར་དེ་སྤྱོད་དོ། །འགྲོ་བ་ཀུན་ལ་ནམ་ཡང་མི་གནས་ཏེ། །འགྲོ་བ་ཀུན་དང་འབྲལ་བར་བྱེད་མ་ཡིན། །འགྲོ་བ་ཀུན་ལ་དེ་ནི་གནས་མི་འཆའོ། །དེ་ལ་གནས་པ་གང་ཡང་ཡོད་པ་མིན། །འགྲོ་བ་ཆོས་ཉིད་རང་བཞིན་ལྡན་པར་ཤེས། །རང་བཞིན་
དེ་ལའང་གནས་པར་མི་བྱེད་དོ། །འགྲོ་བ་འདི་ལ་འང་དེ་ནི་རྟེན་མི་བྱེད། །འགྲོ་བའི་གནས་ལས་ཡོངས་སུ་གྲོལ་བ་ཡིན། །འཇིག་རྟེན་གནས་པ་ཇི་སྙེད་གང་ཡང་རུང་། །དེ་དག་རང་བཞིན་ཚུལ་རྣམས་ཀུན་ཤེས་ཏེ། །གཉིས་
མེད་ཆོས་ཀྱང་བསྟན་པས་རབ་ཏུ་ཤེས། །གཉིས་མེད་དེ་ལ་འང་དེ་ནི་གནས་མི་འཆའ། །དེ་ནི་འཇིག་རྟེན་རྣམས་དང་ལྡན་གྱུར་ཀྱང་། །འཇིག་རྟེན་ལམ་ལ་གནས་པའི་སེམས་མེད་དེ། །འཇིག་རྟེན་ཕྱི་རོལ་སྤྱད་པ་
སྤྱོད་པ་མིན། །ཆོས་ཀུན་ཡེ་ཤེས་རང་བཞིན་ཡིན་པར་ཤེས། །ཆུ་ལ་གཟུགས་བརྙན་ཇི་ལྟར་སྣང་བ་རྣམས། །ནང་ན་མི་འདུག་ཕྱི་ན་མི་གནས་པ། །དེ་བཞིན་བརྟན་པ་བྱང་ཆུབ་དོན་དུ་སྤྱོད། །འཇིག་རྟེན་རྣམ་
སྒོམ་འཇིག་རྟེན་ཡོད་པ་མྱིན། །འཇིག་རྟེན་སྐྱེ་མེད་གྲོལ་བ་མ་ཡིན་ཏེ། །འཇིག་རྟེན་བརྗོད་པར་མི་ནུས་གྱུར་པ་མིན། །འཇིག་རྟེན་ཕྱི་རོལ་རྒྱུ་བ་འང་མ་ཡིན་ཏེ། །འགྲོ་བ་འདི་ནི་གཟུགས་བརྙན་ཇི་བཞིན་ནོ། །དེ་ལྟར་
ཟབ་པའི་ཚུལ་ལས་བྱུང་བས་ན། །དག་ཅིང་འོད་གསལ་དྲི་མེད་སེམས་དང་ལྡན། །ཡེ་ཤེས་གཞོལ་བས་ཆོས་ཀྱི་སྒྲོན་མ་སྟེ། །སྨོན་ལམ་ཀུན་ལས་ཡོངས་ཀྱང་ལྡོག་པ་མེད། །དེ་ནི་འཇིག་རྟེན་སྩོགས་པར་མི་བྱེད་དེ། །
ཡེ་ཤེས་མཐར་ཐུག་མཐའ་ཡང་མི་དམིགས་སོ། །སྐྱེ་དགུ་མཐའ་ཡས་ཀུན་ལ་བདེ་བྱེད་དེ། །འགྲོ་བ་ཀུན་ལས་ཆགས་པ་རྣམ་པར་བཟློག །དཔེ་མེད་རྣམས་ཀྱི་ཟབ་པ་ཉིད་ལ་ལྟོས། །འགྲོ་བ་ཀུན་གྱི་དོན་དུ་རབ་ཏུ་བརྩོན། །

བཟོད་པ་འདི་ནི་ཡེ་ཤེས་གཞོལ་བ་སྟེ། །དེ་ལྟར་གནས་ཤིང་སྤྱད་པ་དེ་འདྲ་སྤྱོད། །ཆོས་གནས་རྣམ་པར་དབེན་ལ་རབ་ཏུ་ཞུགས། །སྤྲུལ་པ་དེ་འདྲ་ཀུན་དང་ལྡན་གྱུར་ཅིང་། །སྤྲུལ་པའི་དངོས་ལ་
སྤྱོད་པ་རྗེས་སོང་བས། །སྤྲུལ་པའི་དངོས་པོ་ནམ་ཡང་གཏོང་བ་མྱེད། །དེ་ནི་བྱང་ཆུབ་སྤྱོད་པའི་ས་མཆོག་ཏུ། །སྤྲུལ་པའི་དངོས་ལྡན་རྗེས་སུ་སྤྱད་པས་ན། །སྤྲུལ་པ་ཅི་འདྲར་རྣམ་པ་ཀུན་ཞི་བ། །སྤྲུལ་པ་དེ་འདྲའི་ཚུལ་ལ་རྣམ་པར་གནས། །དེ་
བས་འགྲོ་ཀུན་སྤྲུལ་པར་རབ་ཏུ་ཤེས། །སྐྱེ་དགུའི་ལས་ཀྱི་རྣམ་པ་མཐའ་ཡས་པ། །སྤྲུལ་པའི་དངོས་དང་མཉམ་པ་ཉིད་ཀྱིས་མཉམ། །སྤྲུལ་པའི་མཐའ་རྟོགས་ཤིན་ཏུ་རྣམ་པར་དབེན། །མི་ཡི་མགོན་པོ་ཐམས་ཅད་སྤྲུལ་
པར་ཤེས། །དུས་གསུམ་སངས་རྒྱས་ཇི་སྙེད་གང་བཞུགས་པ། །སྨོན་ལམ་གང་བཏབ་སྤྱོད་པ་སྤྱད་པའི་རྒྱུ། །དེས་ནི་མི་གཙོ་ཐམས་ཅད་སྤྲུལ་པ་ཡིན། །གང་གིས་སེམས་ཅན་རྣམ་དག་སྤྲུལ་པ་ཡི། །བྱམས་དང་
སྙིང་རྗེ་ཆེན་པོ་ཤིན་ཏུ་ཡངས། །དེ་ལྟར་སྤྲུལ་པ་རྣམས་ཕྱེ་ཤེས་པ་ནི། །དེ་དག་བྱིན་གྱི་རླབས་འཕྲུལ་སྣང་བྱེད་པའོ། །དེ་དག་འཇིག་རྟེན་རྣམ་པར་རྟོག་པ་མེད། །སྤྲུལ་པའི་དངོས་ཚུལ་འགྲོ་བ་ཐམས་ཅད་ཤེས། །
འགྲོ་བའི་ལས་ཀྱི་རྣམ་པ་གང་ཡོད་པའི། །འཇིག་རྟེན་དེ་དག་སྤྲུལ་པའི་སས་བསྒྲུབས་པའོ། །སྤྲུལ་པའི་མཛོད་མང་རྣམ་པར་ཕྱེ་བ་ལ། །ཞུགས་ཤིང་བྱང་ཆུབ་སྤྱད་པ་སྤྱོད་བྱས་པ། །དེ་དག་སྣ་ཚོགས་བྱེ་བྲག་རྣམ་པ་མང་། །
འཇིག་རྟེན་ལས་ཀྱི་རྣམ་པས་བྱས་བ་བཞིན། །སྤྲུལ་པ་རྣམ་པར་རྟོག་པ་མེད་པ་སྟེ། །སྤྲུལ་པ་ནམ་ཡང་ཡོངས་སུ་རྟོག་པ་མེད། །རྟོག་དང་རྣམ་པར་རྟོག་པས་ཡིད་དབེན་པ། །སྤྲུལ་པ་བཞིན་དུ་དེ་དག་སྤྱོད་པ་ཡིན། །

སྤྲུལ་པ་རྒྱ་མཚོ་ཤེས་པས་ཁོང་དུ་ཆུད། །སྤྲུལ་པའི་དངོས་པོས་འཇིག་རྟེན་རྒྱས་ཀྱང་འདེབས། །སྤྲུལ་པ་མི་གནས་འགྲོ་བ་མེད་པ་སྟེ། །སྤྲུལ་པ་ཇི་བཞིན་དེ་བཞིན་ཡེ་ཤེས་སོ། །དེ་ནི་ནམ་མཁའ་གནས་མེད་ཇི་བཞིན་དུ། །བཟོད་པ་
བཅུ་པའི་ཚུལ་ལ་རབ་ཏུ་འཇུག །དེ་ནི་མཁའ་འདྲར་ཆོས་རྣམས་ཀུན་བྱས་ཤིང་། །སེམས་ཅན་སེམས་ཅན་མེད་པར་ནམ་མཁའ་ཤེས། །དེ་ནི་ནམ་མཁའ་ལྟ་བུའི་ཤེས་ལྡན་ཏེ། །དེ་ལ་ཆགས་པ་གང་ཡང་ཡོད་པ་མིན། །ཇི་
ལྟར་ནམ་མཁའ་སྣ་ཚོགས་མ་ཡིན་པ། །དེ་ལྟར་འཇིག་རྟེན་ཆགས་མེད་རབ་ཏུ་ཤེས། །དེ་ནི་བཟོད་པ་མཁའ་འདྲའི་མཐུ་ལྡན་པས། །མི་ཟད་ནམ་མཁའ་བཞིན་དུ་ཟད་པ་མེད། །དེ་ནི་མཁའ་འདྲའི་སྤྱོད་ཡུལ་ཐོབ་གྱུར་ཀྱང་། །
མཁའ་ལ་རྣམ་པར་རྟོག་པ་མི་བྱེད་དོ། །ནམ་མཁའ་ལ་ནི་ངོ་བོ་ཉིད་མེད་དེ། །ནམ་མཁའི་ས་མཚམས་ནམ་ཡང་ཆད་པ་མེད། །མཁའ་ལ་བྱེ་བྲག་ཐ་དད་ཡོད་པ་མིན། །དེ་ནི་མཁའ་འདྲའི་བློ་ཡི་སྟོབས་དང་ལྡན། །
མཁའ་ལ་མཐར་ཐུག་རྩ་བ་མེད་པ་སྟེ། །ནམ་མཁའ་ལ་ནི་མཐའ་དབུས་ཡོད་པ་མིན། །མཁའ་ལ་རྣམ་པ་ཐ་དད་དེ་བཞིན་མེད། །ཡེ་ཤེས་སྟོབས་ཀྱང་ནམ་མཁའ་དེ་དང་འདྲ། །བརྟན་པས་དེ་འདྲའི་ཆོས་ཉིད་རབ་ཤེས་
ཏེ། །ཇི་ལྟར་ནམ་མཁའ་སྐྱེས་པ་མྱེད་པ་དང་། །ཇི་ལྟར་ནམ་མཁའ་འགག་པ་མེད་ཚུལ་དུ། །དེ་འདྲའི་ཆོས་ཉིད་དམ་པ་དེས་ཐོབ་བོ། །ནམ་མཁའ་འདྲ་བའི་ཆོས་ལ་དེ་གནས་ཤིང་། །ཕྱོགས་རྣམས་ཀུན་གྱི་འགྲོ་བ་ཀུན་
སྟོན་ཏོ། །བདུད་ཀྱི་དཀྲུགས་མ་ཐམས་ཅད་བཅོམ་བྱས་ཤིང་། །མཁའ་འདྲའི་བཟོད་པའི་ཚུལ་ལ་ཤིན་ཏུ་བརྟན། །དེས་ནི་མཁའ་འདྲར་མཚན་ཉིད་མེད་པ་ཀུན། །འཇིག་རྟེན་ཇི་སྙེད་མཚན་ཉིད་ཐ་དད་པ། །མཚན་ཉིད་

མཚན་འདས་མཚན་མ་མེད་ཚུལ་དུ། །ཀུན་ཀྱང་ཡང་དག་མཁའ་དང་འདྲ་བར་བྱེད། །གང་ལ་དུས་གསུམ་ཐམས་ཅད་གནས་པ་ཡིན། །ཆོས་ཉིད་མཁའ་འདྲ་དེས་ནི་ཤེས་བྱས་ཤིང་། །དེ་ནི་རྣམ་པར་
ཕྱེ་བ་གཅིག་ཚུལ་གྱིས། །འགྲོ་བ་ཐམས་ཅད་ནམ་མཁའི་ཚུལ་དུ་ཤེས། །དེ་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་ལུས། །དེ་ནི་ནམ་མཁའ་ལྟ་བུའི་སྒྲ་དབྱངས་ལྡན། །དེ་ནི་ནམ་མཁའི་རང་བཞིན་ལུས་ཅན་ཏེ། །ཡེ་ཤེས་ནམ་
མཁའ་ལྟ་བུ་ཞི་བས་གནས། །རྒྱལ་བའི་སྲས་ཀྱི་སྤྱད་པ་སྤྱོད་པའི་ཚེ། །བཟོད་པ་བཅུ་པོ་འདི་དག་དེ་དག་གི །བཟོད་པའི་སྟོབས་ལ་དེ་དག་རབ་གནས་པ། །འཇིག་རྟེན་ཕན་པའི་དོན་དུ་བཤད་ཅིང་བསྟན། །འདིའི་ཚུལ་ལ་
བརྟན་པ་བསླབས་པ་རྣམས། །ཡེ་ཤེས་འདི་ལ་ཤིན་ཏུ་མཐུ་ཆེ་སྟེ། །ཆོས་ཀྱི་མཐུ་དང་ཡེ་ཤེས་མཐུར་ཡང་ལྡན། །བྱང་ཆུབ་ཚུལ་རྗེས་བསམ་པའི་སེམས་དང་ལྡན། །བཟོད་པ་འདི་ཡི་ཚུལ་ལ་ཞུགས་པ་ནི། །ཡེ་
ཤེས་སྟོབས་ཀྱི་ཆགས་པ་མེད་ལ་འཇུག །འཇིག་རྟེན་ལྷར་བཅས་དེ་ཡི་ཟིལ་གྱིས་ནོན། །འཇིག་རྟེན་དག་ཏུ་འཁོར་ལོ་བླ་མེད་བསྐོར། །དེ་དག་སྤྱོད་ཚུལ་ཤིན་ཏུ་རྒྱ་ཆེ་བས། །དེ་དག་ཚད་ནི་འཇིག་རྟེན་ཀུན་ན་མེད། །
སྐྱེས་བུ་འདུལ་བ་དཔེ་ཟླ་མེད་པ་ཡི། །ཡེ་ཤེས་རྒྱ་མཚོའི་ཚུལ་ལ་དེ་དག་ཞུགས། །བདག་མེད་སེམས་ཀྱི་འཇིག་རྟེན་སྤྱོད་པའི་ཚེ། །ཆོས་ཀྱི་རྣམ་དག་གྱུར་པའི་ཡིད་ལྡན་པས། །བརྟན་པ་དེ་དག་འདི་འདྲའི་ཆོས་ལ་འཇུག །
ཆོས་ཉིད་དེས་ཀྱང་འཇིག་རྟེན་ཚིམ་པར་བྱེད། །འགྲོ་བའི་ཚད་ནི་ཐམས་ཅད་ཤེས་པར་ནུས། །སེམས་ཅན་མ་ལུས་ཐམས་ཅད་བགྲད་པར་ནུས། །རྡུལ་གཅིག་རྩེ་ལ་མ་ལུས་ཞིང་བགྲད་ནུས། །མཁས་པའི་ཡོན་ཏན་དེ་

དག་མཐའ་ཡས་སོ། །སངས་རྒྱས་སྲས་པོ་སྐྱེས་བུ་ཆེན་པོ་ལ། །བཟོད་པ་བཅུ་པོ་འདི་དག་ཡོད་པ་ནི། །ཡེ་ཤེས་སྤྱོད་ཡུལ་སྒོར་ཡང་འགྲོ་ཀུན་གྱིས། །ཚད་དུ་བགྲང་བར་ནུས་པ་ཡོད་པ་མིན། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །
སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། བཟོད་པའི་ལེའུ་ཞེས་བྱ་བ་སྟེ། སུམ་ཅུ་ལྔ་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་དགུ་པ།
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲངས་མ་མཆིས་པ་ཤིན་ཏུ་བསྟན་པ་ཞེས་བགྱི་བ་དང་། གྲངས་མ་མཆིས་པའི་གྲངས་མ་མཆིས་པ་
ཞེས་བགྱི་བ་དེ། བཅོམ་ལྡན་འདས་ཇི་ལྟར་ན་གྲངས་མ་མཆིས་པ་བསྟན་པ་ལགས། ཚད་མ་མཆིས་པ་དང་། མུ་མ་མཆིས་པ་དང་། ཀུན་ཏུ་མཐའ་ཡས་པ་དང་། བགྲང་དུ་མི་རུང་བ་དང་། མཚུངས་པ་མ་མཆིས་པ་དང་།
བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པའི་ཡང་བརྗོད་དུ་མ་མཆིས་པ་ལགས་ན། ཇི་ལྟར་བསྟན་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་
དཔའ་སེམས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་གྲངས་ཀྱི་རྗེས་སུ་འཇུག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་
ཀྱིས་མཁྱེན་པའི་དོན་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བར་བསམ་པ་ལེགས་སོ་ལེགས་སོ། །དེ་བས་ན་སྐྱེས་བུ་དམ་པ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུངས་ཤིག་དང་བསྟན་

པར་བྱའོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །སྐྱེས་བུ་དམ་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། བརྒྱ་སྟོང་ཕྲག་བརྒྱན་བྱེ་བའོ། །བྱེ་བ་བྱེ་བ་ན་ཁོད་ཁོད་དོ། །ཁོད་ཁོད་ཁོད་ཁོད་ན་ཐ་དགུའོ། །ཐ་དགུ་ཐ་དགུ་ན་ཁྲིག་ཁྲིག་གོ། །ཁྲིག་ཁྲིག་ཁྲིག་ཁྲིག་ན་ཐམས་ཐམས་
སོ། །ཐམས་ཐམས་ཐམས་ཐམས་ན་མྱད་མྱིད་དོ། །མྱད་མྱིད་མྱད་མྱིད་ན་གང་ཡའོ། །གང་ཡ་གང་ཡ་ན་བན་བུན་ནོ། །བན་བུན་བན་བུན་ན་ཕྱར་ཕྱུར་རོ། །ཕྱར་ཕྱུར་ཕྱར་ཕྱུར་ན་ལྕག་ལྕིག་གོ །ལྕག་ལྕིག་
ལྕག་ལྕིག་ན་བྱང་བྱིང་ངོ་། །བྱང་བྱིང་བྱང་བྱིང་ན་ཆེམ་ཆེམ་མོ། །ཆེམ་ཆེམ་ཆེམ་ཆེམ་ན་ཕྱལ་ཕྱོལ་ལོ། །ཕྱལ་ཕྱོལ་ཕྱལ་ཕྱོལ་ན་ཁྱུད་ཁྱུད་དོ། །ཁྱུད་ཁྱུད་ཁྱུད་ཁྱུད་ན་ཟར་ཟེར་རོ། །ཟར་ཟེར་ཟར་ཟེར་ན་ཁྲིབ་ཁྲིབ་བོ། །
ཁྲིབ་ཁྲིབ་ཁྲིབ་ཁྲིབ་ན་ཡ་གངས་སོ། །ཡ་གངས་ཡ་གངས་ན་ཆོ་མའོ། །ཆོ་མ་ཆོ་མ་ན་ཁྲམ་ཁྲིམ་མོ། །ཁྲམ་ཁྲིམ་ཁྲམ་ཁྲིམ་ན་ནབ་ནུབ་བོ། །ནབ་ནུབ་ནབ་ནུབ་ན་སང་སང་ངོ་། །སང་སང་སང་སང་ན་བརྒྱུད་ཡས་སོ། །
བརྒྱུད་ཡས་བརྒྱུད་ཡས་ན་གཏང་ཡས་སོ། །གཏང་ཡས་གཏང་ཡས་ན་བཀྲ་ཡར་རོ། །བཀྲ་ཡར་བཀྲ་ཡར་ན་གསའ་ཡས་སོ། །གསའ་ཡས་གསའ་ཡས་ན་མཚུངས་མེད་དོ། །མཚུངས་མེད་མཚུངས་མེད་ན་ལམ་
ལུམ་མོ། །ལམ་ལུམ་ལམ་ལུམ་ན་ཡལ་ཡོལ་ལོ། །ཡལ་ཡོལ་ཡལ་ཡོལ་ན་ཁྲལ་ཁྲུལ་ལོ། །ཁྲལ་ཁྲུལ་ཁྲལ་ཁྲུལ་ན་ཐུད་ཐུད་དོ། །ཐུད་ཐུད་ཐུད་ཐུད་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བྲང་བྲེང་

ངོ་། །བྲང་བྲེང་བྲང་བྲེང་ན་བགྲོད་ཡས་སོ། །བགྲོད་ཡས་བགྲོད་ཡས་ན་བསྔོ་ཡས་སོ། །བསྔ