Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 005_འདུལ་བ།_ཅ
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་ འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཡོངས་སུ་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཡིན་ནོ། །དགེ་སློང་འདི་ནི་གཉི་གའི་ཆ་ལས་རྣམ་ པར་གྲོལ་བ་ཡིན་ནོ། །དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཀྱིས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་དག་ཐོབ་བམ། ཐོབ་བོ། །འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས་རེ་ཞིག་རང་གི་བུ་དག་ལས་ཀྱང་ཕྲོགས་ཏེ། དེ་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་སོ། །སངས་ རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ལ་ཆོས་ཉིད་ཀྱིས་ཉན་ཐོས་རྣམས་ཀྱི་འདུས་པ་ཆེན་པོ་གཉིས་ཡོད་དེ། གཅིག་ནི་དབྱར་ཟླ་འབྲིང་པོའི་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེའོ། །གཉིས་པ་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལའོ། །དེ་ལ་གང་དག་དབྱར་ཟླ་འབྲིང་ པོའི་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེ་གདམས་ངག་མནོས་ཏེ། གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་གནས་པར་ཁས་ལེན་པ་དེ་དག་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལ་ལྷགས་ནས་ཇི་ལྟར་ཐོབ་པ་ནི་རྗོད་པར་བྱེད། མ་ཐོབ་པ་ནི་ཐོབ་པར་བྱ་བའི་ཕྱིར་ འོག་ཏུ་འདྲི་བར་བྱེད་དོ། །དེ་ནས་དགེ་སློང་གང་དག་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ཞིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། འོད་མ་ཅན་གྱི་གྲོང་ག་ལ་བ་དེར་རྒྱུ་ཞིང་འདོང་བ་ན་མཐར་གྱིས་རྒྱུ་ཞིང་འདོང་བའི་ཚེ་འོད་མ་ཅན་གྱི་གྲོང་དུ་ཕྱིན་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། ། མཐོང་ནས་ཀྱང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཉེས་གཤིན་པས་བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བསུ་ནས་ལྷུང་བཟེད་དང་། ཆོས་གོས་དང་། ཁར་བ་དང་། གཏུར་བུ་དང་། རིལ་བ་སྤྱི་བླུགས་དང་། འབྲུ་མར་སྣོད་དང་། ཞྭ་དང་། ལྷམ་ཡུ་ཆད་དང་། མཆིལ་ ལྷམ་ལེན་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །ཚེ་དང་ལྡན་པ་དག་ཚུར་ཤེག་འོངས་པ་ལེགས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་གང་ནས་ད་ལྟར་འདིར་འོངས། ཁྱེད་ཅག་གང་དུ་དབྱར་གནས་པར་ཁས་བླངས། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་སྤོང་བྱེད་ཀྱི་གྲོང་ནས་ འདིར་འོངས་སོ། །བདག་ཅག་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་བླངས་སོ། །ཚེ་དང་ལྡན་པ་དག་ཇི་ལྟར་སྤོང་བྱེད་ཀྱི་གྲོང་དུ་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་སམ། ཁྱེད་ཅག་བསོད་སྙོམས་ཀྱིས་ངལ་བར་མ་གྱུར་ཏམ། ཚེ་དང་ལྡན་པ་ ཀུན་དགའ་བོ་བདག་ཅག་སྤོང་བྱེད་ཀྱི་གྲོང་དུ་ཏེ་པོར་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་མོད་ཀྱི་བདག་ཅག་བསོད་སྙོམས་ཀྱིས་ངལ་བར་གྱུར་ཏོ། །ཚེ་དང་ལྡན་པ་དག་དེ་ཁོ་ན་ལྟར་སྣང་སྟེ་འདི་ལྟར་བསོད་སྙོམས་ཀྱིས་བྲེལ་བས་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐོམ་པ་དང་། ལུས་མ་ཐོབ་པ་དང་། པགས་པ་དང་། ཤ་དང་། ཁྲག་བྲི་བར་གྱུར་ཏོ། །དགེ་སློང་གང་དག་ཉ་པའི་གྲོང་གི་ཉེན་ཀོར་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་ཀྱང་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ཞིང་ ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་འོད་མ་ཅན་གྱི་གྲོང་ག་ལ་བ་དེར་རྒྱུ་ཞིང་འདོང་བ་ན། མཐར་གྱིས་རྒྱུ་ཞིང་འདོང་བའི་ཚེ་འོད་མ་ཅན་གྱི་གྲོང་དུ་ཕྱིན་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་ དག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཉེས་གཤིན་པས་བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བསུ་ནས་ལྷུང་བཟེད་དང་། ཆོས་གོས་དང་། ཁར་བ་དང་། གཏུར་བུ་དང་། རིལ་པ་སྤྱི་བླུགས་དང་། འབྲུ་མར་སྣོད་ དང་། ཞྭ་དང་། ལྷམ་ཡུ་ཆད་དང་། མཆིལ་ལྷམ་ལེན་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །ཚེ་དང་ལྡན་པ་དག་ཚུར་ཤེག །འོངས་པ་ལེགས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་གང་ནས་ད་ལྟར་འདིར་འོངས། ཁྱེད་ཅག་དབྱར་གང་དུ་གནས་པར་ཁས་བླངས་ ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ཉ་པའི་གྲོང་ནས་འདིར་འོངས་སོ། །བདག་ཅག་ཉ་པའི་གྲོང་དུ་དབྱར་གནས་པར་ཁས་བླངས་སོ། །ཚེ་དང་ལྡན་པ་དག་ཇི་ལྟར་ཉ་པའི་གྲོང་དུ་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་སམ། ཁྱེད་ཅག་བསོད་སྙོམས་ཀྱིས་ངལ་བར་ མ་གྱུར་ཏམ། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ཉ་པའི་གྲོང་དུ་ཏེ་བོར་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་ཏེ། བདག་ཅག་བསོད་སྙོམས་ཀྱིས་ཀྱང་ངལ་བར་མ་གྱུར་ཏོ། །ཚེ་དང་ལྡན་པ་དག་དེ་ཁོ་ན་ལྟར་སྣང་སྟེ། འདི་ལྟར་བསོད་སྙོམས་ཀྱིས་བྲེལ་བ་མེད་པས་ཚོ་ བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་ད་ལྟར་མུ་གེ་ཉམ་ང་བ། དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་། བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ན་ འདིར་ཚེ་དང་ལྡན་པ་ཁྱེད་ཅག་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་གྱུར་པའི་རྒྱུ་ནི་གང་ཡིན་རྐྱེན་ནི་གང་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་གིས་ཉེ་དུ་རྣམས་ཀྱི་མདུན་དུ་གཅིག་གིས་གཅིག་གི་ཡོན་ཏན་བསྒྲག་པར་བྱས་ཏེ། དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་དང་། མི་རྟག་ པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་ དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་ དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཡོངས་སུ་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ ཟད་པ་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཡིན་ནོ། །དགེ་སློང་འདི་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་གཅིག་གིས་གཅིག་གི་ཡོན་ཏན་བསྒྲག་པ་བྱས་སོ། །ཅི་ཡང་དག་པས་སམ། ཡང་དག་པ་མ་ཡིན་ པས་ཡང་དག་པ་མ་ཡིན་པས་སོ། །ཁྱེད་ཅག་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲར་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་སྨྲས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཟང་ཟིང་ཅུང་ཟད་ཙམ་ གྱི་ཕྱིར་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་ འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་གནས་པའི་དགེ་སློང་རྣམས་ལ་རྨས་ པ། དགེ་སློང་དག་ཁྱོད་ཀྱིས་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་ མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་དོ། །དགེ་སློང་དག་གསུམ་པོ་འདི་དག་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་རྐུན་པོ་རྐུན་པོ་ཆེན་པོ་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ལ་རྐུན་པོ་འཁོར་བརྒྱ་དང་ལྡན་པའམ། འཁོར་སྟོང་དང་ལྡན་ པ་དེ་བརྒྱ་འམ་སྟོང་གི་མདུན་དུ་སོང་སྟེ། ཁྱིམ་འབུགས་པར་བྱེད། མདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། ལམ་སྒུགས་ཤིང་འདུག་པར་བྱེད། མེ་གཏོང་བར་བྱེད། ལམ་པ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། གྲོང་ཁྱེར་འཇོམས་པར་བྱེད། ཡུལ་འཇོམས་པར་བྱེད་པ་དེ་ནི་དགེ་སློང་དག་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་རྐུན་པོ་རྐུན་པོ་ཆེན་པོ་དང་པོ་ཡིན་ནོ། །དགེ་སློང་དག་གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ཡང་ལྡན་པ་མ་ཡིན་ལ། དེ་བརྒྱའམ། སྟོང་གི་མདུན་དུ་སོང་སྟེ། ཁྱིམ་འབུགས་པར་མི་བྱེད། མདུད་པ་འགྲོལ་བར་མི་བྱེད། རིལ་གྱིས་འཕྲོག་པར་མི་བྱེད། ལམ་སྒུགས་ཤིང་འདུག་པར་མི་བྱེད། མེ་གཏོང་བར་མི་བྱེད། ལམ་པ་འཇོམས་པར་མི་བྱེད། རྒྱལ་པོའི་མཛོད་རྐུ་བར་མི་བྱེད། གྲོང་འཇོམས་པར་མི་ བྱེད། གྲོང་ཁྱེར་འཇོམས་པར་མི་བྱེད། ཡུལ་འཇོམས་པར་མི་བྱེད་མོད་ཀྱི། འོན་ཀྱང་དགེ་འདུན་གྱི་རྩྭ་འམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་བཙོངས་ཤིང་འཚོ་བར་བྱེད་པ་དང་། དེས་ཁྱིམ་མི་གསོ་ བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་རྐུན་པོ་རྐུན་པོ་ཆེན་པོ་གཉིས་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན་ལ། དེ་བརྒྱའམ། སྟོང་གི་མདུན་དུ་སོང་སྟེ། ཁྱིམ་འབུགས་པར་ མི་བྱེད། མདུད་པ་འགྲོལ་བར་མི་བྱེད། རིལ་གྱིས་འཕྲོག་པར་མི་བྱེད། ལམ་སྒུགས་ཤིང་འདུག་པར་མི་བྱེད། མེ་གཏོང་བར་མི་བྱེད། ལམ་པ་འཇོམས་པར་མི་བྱེད། རྒྱལ་པོའི་མཛོད་རྐུ་བར་མི་བྱེད། གྲོང་འཇོམས་པར་མི་བྱེད། གྲོང་ཁྱེར་འཇོམས་པར་མི་བྱེད། ཡུལ་འཇོམས་པར་མི་བྱེད། དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེས་བཙོངས་ཤིང་བཙོངས་ཤིང་འཚོ་བར་མི་བྱེད། དེས་ཁྱིམ་མི་གསོ་བར་མི་བྱེད་མོད་ཀྱི། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་ དུ་སྨྲ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་རྐུན་པོ་རྐུན་པོ་ཆེན་པོ་གསུམ་པ་ཡིན་ནོ། །དགེ་སློང་དག་རྐུན་པོ་རྣམས་ཀྱི་ནང་ན་རྐུན་པོ་གང་འཁོར་བརྒྱ་དང་ལྡན་པའམ། འཁོར་སྟོང་དང་ལྡན་པའམ། བརྒྱ་འམ་སྟོང་གི་མདུན་དུ་སོང་སྟེ། ཁྱིམ་འབུགས་ པར་བྱེད། མདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། ལམ་སྒུགས་ཤིང་འདུག་པར་བྱེད། མེ་གཏོང་བར་བྱེད། ལམ་པ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། གྲོང་ཁྱེར་འཇོམས་པར་བྱེད། ཡུལ་འཇོམས་ པར་བྱེད་པ་དེ་ནི་ཅུང་ཟད་ཙམ་ཡིན་ནོ། །རྐུན་པོ་རྣམས་ཀྱི་ནང་ན་རྐུན་པོ་གང་དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་བཙོངས་ཤིང་འཚོ་བར་བྱེད་པ་དང་། དེས་ཁྱིམ་མི་གསོ་བར་བྱེད་པ་དེ་ ཡང་ཅུང་ཟད་ཙམ་ཡིན་ནོ། །དགེ་སློང་དག་རྐུན་པོ་རྣམས་ཀྱི་ནང་ན་གང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་པ་དེ་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་ པའི་ནང་ན་རྐུན་པོ་རྐུན་པོ་ཆེན་པོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པར། །བདག་ཉིད་དགྲ་བཅོམ་ཡིན་ཞེས་རྗོད་ བྱེད་པ། །དེ་ནི་ཚངས་བཅས་འཇིག་རྟེན་རྐུན་པོ་སྟེ། །ཚུལ་ཁྲིམས་འཆལ་པ་ཡིན་པར་བརྗོད་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་ པས་ངས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནས། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཞེས་བྱ་བའི་ བར་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་ སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །དགེ་སློང་རབ་ཏུ་མང་པོ་གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ན་རྣལ་འབྱོར་གྱི་རྗེས་སུ་བརྩོན་པར་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་མནན་པས་དེས་ན་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་དེ་ དག་གི་རྒྱུད་ལ་ཀུན་དུ་མི་འབྱུང་ནས་དེའི་འོག་ཏུ་དེ་དག་གིས་གཅིག་ལ་གཅིག་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །དགོན་པ་པ་དག་གིས་ཐོབ་པར་བྱ་བ་གང་ཡིན་པ་དེ་བདག་ཅག་གིས་ཐོབ་སྟེ། བདག་ཅག་སྐྱེ་བ་ནི་ཟད། ཚངས་པར་སྤྱད་པ་ནི་བསྟེན། བྱ་བ་ནི་བྱས་སྲིད་པ་འདི་ལས་ གཞན་ནི་མི་ཤེས་ཀྱིས། ཚུར་ཤེག་བདག་ཅག་གནས་མལ་དགོན་པ་དག་བཏང་སྟེ། གནས་མལ་གྲོང་མཐའ་བ་དག་ཏུ་འཇུག་པར་བྱའོ་ཞེས་བརྗོད་ནས། དེ་དག་གིས་གནས་མལ་དགོན་པ་དག་བཏང་སྟེ། གནས་མལ་གྲོང་མཐའ་བ་དག་ཏུ་ཞུགས་པ་དང་། དེར་དེ་དག་ཡང་དང་ ཡང་དུ་བུད་མེད་ཀྱི་ཡུལ་མཐོང་ཞིང་ཀུན་དགའ་ར་བ་པའི་དགེ་ཚུལ་རྣམས་དང་། ལྷན་ཅིག་འདྲེ་ཞིང་གནས་པ་དག་ལ་ཡང་ཉོན་མོངས་པ་དག་བྱུང་བར་གྱུར་ཏེ། འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་བྱུང་བར་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཚེ་དང་ ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བ་མཛད་དེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་བྱེ་བྲག་ ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བཅའ་བ་མཛད་ན། བདག་ཅག་གནས་མལ་དགོན་པ་ནགས་ཁྲོད་དང་། རི་ དྲུང་དང་། བས་མཐའ་དག་ན་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་ཏུ་མི་འབྱུང་ནས། བདག་ཅག་གིས་གཅིག་ལ་གཅིག་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །དགོན་པ་པ་དག་གིས་ཐོབ་པར་བྱ་བ་གང་ཡིན་པ་དེ་བདག་ཅག་གིས་ཐོབ་སྟེ། བདག་ཅག་སྐྱེ་བ་ནི་ཟད། ཚངས་པར་སྤྱད་པ་ནི་བསྟེན། བྱ་བ་ནི་བྱས། སྲིད་པ་འདི་ལས་གཞན་ནི་མི་ཤེས་ཀྱིས། ཚུར་ཤེག་བདག་ཅག་གནས་མལ་དགོན་པ་དག་བཏང་སྟེ། གནས་མལ་གྲོང་མཐའ་བ་དག་ཏུ་འཇུག་པར་བྱའོ་ཞེས་བརྗོད་ནས། བདག་ཅག་གིས་གནས་མལ་དགོན་པ་དག་བཏང་སྟེ། གནས་མལ་གྲོང་མཐའ་བ་དག་ཏུ་ཞུགས་པ་དང་། དེར་བདག་ཅག་ཡང་དང་ཡང་དུ་བུད་ མེད་ཀྱི་ཡུལ་མཐོང་ཞིང་། ཀུན་དགའ་ར་བ་པའི་དགེ་ཚུལ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་དག་ལ་ཡང་ཉོན་མོངས་པ་དག་བྱུང་བར་གྱུར་ཏེ། འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་བྱུང་བར་གྱུར་ན། བདག་ཅག་ལ་ཕམ་པར་གྱུར་པའི་ལྟུང་བ་ བྱུང་བར་མ་གྱུར་ཏམ། ཚུར་ཤེག་བདག་ཅག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་ཞིང་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དོན་དེ་ཡོངས་སུ་དྲི་བར་བྱ་སྟེ། བདག་ཅག་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཇི་སྐད་དུ་ལུང་སྟོན་པར་འགྱུར་བ་དེ་ཁོ་ན་བཞིན་དུ་གཟུང་བར་བྱའོ་ སྙམ་ནས། དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་ བཅའ་བ་མཛད་དེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་། །ཞེས་ ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ། །ཞེས་ཟེར་ ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བཅའ་བ་མཛད་ན། བདག་ཅག་གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ན་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་མི་འབྱུང་ནས། བདག་ཅག་གིས་གཅིག་ལ་གཅིག་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །དགོན་པ་པ་དག་གིས་ཐོབ་པར་བྱ་བ་ གང་ཡིན་པ་དེ་བདག་ཅག་གིས་ཐོབ་སྟེ། བདག་ཅག་སྐྱེ་བ་ནི་ཟད། ཚངས་པར་སྤྱད་པ་ནི་བསྟེན། བྱ་བ་ནི་བྱས། སྲིད་པ་འདི་ལས་གཞན་ནི་མི་ཤེས་ཀྱིས། ཚུར་ཤེག་བདག་ཅག་གནས་མལ་དགོན་པ་དག་བཏང་སྟེ། གནས་མལ་གྲོང་མཐའ་བ་དག་ཏུ་འཇུག་པར་བྱའོ་ཞེས་ བརྗོད་ནས། བདག་ཅག་གིས་གནས་མལ་དགོན་པ་དག་བཏང་སྟེ། གནས་མལ་གྲོང་མཐའ་བ་དག་ཏུ་ཞུགས་པ་དང་། དེར་བདག་ཅག་ཡང་དང་ཡང་དུ་བུད་མེད་ཀྱི་ཡུལ་མཐོང་ཞིང་ཀུན་དགའ་ར་བ་པའི་དགེ་ཚུལ་རྣམས་དང་། ལྷན་ཅིག་འདྲེ་ཞིང་གནས་པ་དག་ ལ་ཡང་ཉོན་མོངས་པ་དག་བྱུང་བར་གྱུར་ཏེ། འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་བྱུང་བར་གྱུར་ན། བདག་ཅག་ལ་ཕམ་པར་གྱུར་པའི་ལྟུང་བ་བྱུང་བར་མ་གྱུར་ཏམ། ཚུར་ཤེག་བདག་ཅག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་འདོང་ཞིང་ཕྱིན་ནས་ཚེ་ དང་ལྡན་པ་ཀུན་དགའ་བོ་ལ་དོན་དེ་ཡོངས་སུ་དྲི་བར་བྱ་སྟེ། བདག་ཅག་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཇི་སྐད་དུ་ལུང་སྟོན་པར་འགྱུར་བ་དེ་ཁོ་ན་བཞིན་དུ་གཟུང་བར་བྱའོ་སྙམ་ནས། བདག་ཅག་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དོན་དེ་ཡོངས་སུ་འདྲི་ན། ཚེ་དང་ལྡན་པ་བདག་ཅག་ ལ་ཕམ་པར་གྱུར་པའི་ལྟུང་བ་བྱུང་བར་མ་གྱུར་ཏམ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་དག་ཁྲིད་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། ། མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བ་མཛད་དེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ ལ་མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་། །ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་ དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ། །ཞེས་ཟེར་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ་ཞེས་ བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ན། ཚེ་དང་ལྡན་པ་གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ན་གནས་པ་འདི་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་ བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བགྱིད་པས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་མི་འབྱུང་ནས། འདི་དག་གིས་གཅིག་ལ་གཅིག་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །དགོན་པ་པ་དག་གིས་ཐོབ་པར་ བྱ་བ་གང་ཡིན་པ་དེ་བདག་ཅག་གིས་ཐོབ་སྟེ། བདག་ཅག་སྐྱེ་བ་ནི་ཟད། ཚངས་པར་སྤྱད་པ་ནི་བསྟེན། བྱ་བ་ནི་བྱས། སྲིད་པ་འདི་ལས་གཞན་ནི་མི་ཤེས་ཀྱིས། ཚུར་ཤེག་བདག་ཅག་གནས་མལ་དགོན་པ་དག་བཏང་སྟེ་གནས་མལ་གྲོང་མཐའ་བ་དག་ཏུ་འཇུག་པར་ བྱའོ་ཞེས་བརྗོད་ནས། འདི་དག་གིས་གནས་མལ་དགོན་པ་དག་བཏང་སྟེ་གནས་མལ་གྲོང་མཐའ་དག་ཏུ་ཞུགས་པ་དང་། དེར་འདི་དག་ཡང་དང་ཡང་དུ་བུད་མེད་ཀྱི་ཡུལ་མཐོང་ཞིང་ཀུན་དགའ་ར་བ་པའི་དགེ་ཚུལ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་དག་ལ་ཡང་ཉོན་མོངས་པ་དག་ བྱུང་བར་གྱུར་ཏེ། འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་བྱུང་བར་གྱུར་ནས། འདི་དག་བདག་ཅག་ལ་ཕམ་པར་གྱུར་པའི་ལྟུང་བ་བྱུང་བར་མ་གྱུར་ཏམ། སྙམ་དུ་འགྱོད་པ་སྐྱེས་པར་གྱུར་ན་དེའི་སླད་དུ་བདག་བཅོམ་ལྡན་འདས་ལ་དོན་འདི་ཡོངས་སུ་ཞུ་སྟེ། འདི་དག་ལ་ཕམ་པར་གྱུར་པའི་ལྟུང་བ་བྱུང་བར་མ་གྱུར་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་མངོན་པའི་ང་རྒྱལ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་རྗེས་སུ་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱའོ། །ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་ དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་ སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་བཞི་པོ་དག་ལས་ཞེས་བྱ་བ་ ནས་དོན་གྱི་སྐབས་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་དུ་དགོངས་ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེས་ན་ཡང་དགེ་སློང་གང་ཞེས་གསུངས་སོ། །མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ལ་ཅི་ ཞིག་མངོན་པར་མི་ཤེས་ཤིང་ཞེ་ན། གཟུགས་མངོན་པར་མི་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་མི་ཤེས་ཤིང་། ཡོངས་སུ་མི་ཤེས་ལ་ཞེས་བྱ་བ་ལ་ཅི་ཞིག་ཡོངས་སུ་མི་ཤེས་ལ་ཞེ་ན། གཟུགས་ཉིད་ཡོངས་ སུ་མི་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་ཤེས་པའོ། །མིའི་ཆོས་ཞེས་བྱ་བ་ནི་མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་མི་རྣམས་ཀྱིས་འཐོབ་ཀྱི་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་དག་ གིས་ཀྱང་མི་འཐོབ་ན་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡིད་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །མཐའ་ཞེས་བྱ་བ་ལ་མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །འཕགས་པ་ཞེས་བྱ་བ་ལ་འཕགས་པ་ནི་སངས་རྒྱས་རྣམས་དང་། སངས་ རྒྱས་ཀྱི་ཉན་ཐོས་རྣམས་སོ། །བྱེ་བྲག་ཐོབ་པ་ཞེས་བྱ་བ་ལ་བྱེ་བྲག་ཐོབ་པ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་པོ་དག་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དོ། །ཤེས་ པ་ཞེས་བྱ་བ་ནི་ཤེས་པ་བཞི་པོ་དག་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པའོ། །མཐོང་བ་ཞེས་བྱ་བ་ནི་མཐོང་བ་བཞི་པོ་དག་སྟེ། སྡུག་བསྔལ་མཐོང་བ་དང་། ཀུན་འབྱུང་བ་མཐོང་བ་དང་། འགོག་པ་ མཐོང་བ་དང་། ལམ་མཐོང་བའོ། །རེག་པར་སྤྱོད་པ་ཞེས་བྱ་བ་ལ་རེག་པར་སྤྱོད་པ་ནི་བསམ་གཏན་བཞི་པོ་དག་སྟེ། སྙོམས་པར་འཇུག་པ་ལས་ཡིན་གྱི་སྐྱེ་བ་ལས་ནི་མ་ཡིན་ནོ། །མེད་ལ་ཞེས་བྱ་བ་ནི་དེའི་དངོས་པོ་མེད་ལའོ། །མེད་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ལའོ། ། འདི་ཤེས་སོ་ཞེས་བྱ་བ་ལ་ཅི་ཞིག་ཤེས་ཞེ་ན། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་སོ་ཞེས་སོ། །འདི་མཐོང་ངོ་ཞེས་བྱ་བ་ལ་ཅི་ཞིག་མཐོང་ངོ་ཞེ་ན། ལྷ་རྣམས་མཐོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་ རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་། །ལྷ་རྣམས་ཀྱིས་ ཀྱང་བདག་མཐོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་ སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་ དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་ བལྟ་བའི་ཕྱིར་འགྲོའོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་ དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་ བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ལྷ་རྣམས་བདག་དང་ལྷན་ཅིག་ གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་ མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་ པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་ དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རྫུ་འཕྲུལ་ གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཡོངས་སུ་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་བོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་པའོ། །ཁས་འཆེས་ པ་ལས་ཞེས་བྱ་བ་ནི་ཁས་བླངས་པ་ལས་སོ། །དེ་ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའིའོ། །རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ ཞེས་བྱ་བ་ནི་དེ་བདག་ཉིད་ལ་འགྱོད་པ་དང་། ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། རབ་ཏུ་འགྱོད་པ་སྐྱེས་པས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ། །ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མ་མཐོང་བར་ མཐོང་ངོ་ཞེས་སྨྲས་ཏེ། ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་བྱ་བ་དེ་དག་ནི་སྨྲས་པའི་རྣམ་གྲངས་ཀྱི་ཚིག་ཡིན་ནོ་ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ། །མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་བཞག་སྟེའོ། ། དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པ་སྟེ། སྔ་མ་བཞིན་ནོ། །དེ་ཡང་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་ཡིན་ནོ། །ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གནས་པར་མི་བྱའོ་ཞེས་བྱ་བ་ཡང་གང་ཟག་ བཅུ་གཉིས་པོ་དག་གིས་བསྐོ་བས་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྡོམ་ལ། འདུ་ཤེས་བསྒྱུར་དང་དགོན་པ་དང་། །ཁྱིམ་རྣམས་སུ་ནི་སྟན་བཀྲ་དང་། །རང་གི་ མཚན་ཉིད་འཛིན་པ་དང་། །བདག་ཉིད་ཉེ་བར་སྟོན་པའོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་ངོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་ཀྱི་སྒྲ་ཐོས་སོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་གྱི་སྒྲ་ཐོས་སོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ་ཞེས་ ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་ སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་བདག་བལྟ་བའི་ཕྱིར་འོང་ངོ་ཞེས་ཟེར་ན་ཕམ་པར་འགྱུར་ རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱང་བདག་བལྟ་བའི་ཕྱིར་འོང་ངོ་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་དང་། ལྷན་ ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དང་ལྷན་ཅིག་ གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཕམ་པར་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་ དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་ བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་ཡང་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་ པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཕམ་པར་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱང་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་ཐོབ་བོ་ཞེས་ ཟེར་ན་ཕམ་པར་འགྱུར་རོ། །མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ནས་སྔ་མ་བཞིན་དུ་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་བར་དུ་ཐོབ་བོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་ པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་ཐོབ་བོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། སྔ་མ་བཞིན་དུ་བདག་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ་ཞེས་ཟེར་ན་ཕམ་པར་འགྱུར་རོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་བཞི་པ། འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་གྲོང་མེད་པའི་དགོན་པའི་གནས་ཤིག་ན་གནས་ཤིང་དེ་ན་དེ་དག་ལ་མི་མ་ཡིན་པ་དག་གིས་འཚེ་བ་ན། དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་མི་མ་ཡིན་པ་དག་གིས་འཚེ་བར་མི་བྱེད་ནས་དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་ བསྒྱུར་ཏེ་འདི་སྐད་ཅེས་བདག་ཀྱང་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་ཏེ། དེ་ན་བདག་ལ་མི་མ་ཡིན་པ་རྣམས་འཚེ་བར་མི་བྱེད་དོ་ཞེས་ཟེར་ན་ཕམ་པར་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་མགྲོན་དུ་བོས་ཏེ་ཟ་བར་བྱེད་ཅིང་། དེ་ན་དེ་དག་ ལ་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་བཤམས་ཤིང་། དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་ནས། དགེ་སློང་གིས་འདུ་ཤེས་བསྒྱུར་ཅིང་བཟོད་ པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་ཀྱང་ཁྱིམ་དེར་མགྲོན་དུ་བོས་ཤིང་ཟོས་ཏེ་དེ་ན་བདག་ལ་ཡང་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་དོ། །ཞེས་ཟེར་ན་ཕམ་པར་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དགོན་ པ་ན་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་མི་འབྱུང་ནས། དགེ་སློང་གིས་འདུ་ཤེས་བསྒྱུར་ ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་ཀྱང་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་ཤིང་བདག་གིས་ཀྱང་དེ་ན་གནས་པ་ན་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་བདག་གི་རྒྱུད་ལ་ཡང་ཀུན་དུ་མི་འབྱུང་ངོ་ཞེས་ཟེར་ན། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་ པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་གིས་ལྷ་རྣམས་མཐོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་ རྣམས་ཀྱི་བར་དུ་མཐོང་བ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་གིས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། ། དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་གིས་ལྷ་རྣམས་ཀྱི་སྒྲ་ཐོས་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་ པོར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་གྱི་སྒྲ་ཐོས་པ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་གིས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ ཐོས་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་ལྷ་ རྣམས་བལྟ་བའི་ཕྱིར་འགྲོ་བ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་བལྟ་བའི་ཕྱིར་འགྲོ་བ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོ་བ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་ལ་ལྷ་རྣམས་བལྟ་བའི་ཕྱིར་འོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་བལྟ་བའི་ཕྱིར་འོང་བ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་ལ་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འོང་བ་ཡོད་དོ་ཞེས་ ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་ལྷ་རྣམས་དང་ལྷན་ ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་ བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐ་ན་ འདི་སྐད་ཅེས་དགེ་སློང་གང་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་ བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་དང་ལྷན་ཅིག་ལྷ་རྣམས་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་ཡང་ལྷན་ཅིག་གཏམ་ འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་དང་ལྷན་ཅིག་རྡུལ་ཁྲོད་ཀྱི་ཤ་ཟ་ རྣམས་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་ བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་གིས་མི་རྟག་པའི་འདུ་ཤེས་ཐོབ་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་རྟག་པའི་འདུ་ཤེས་ཇི་ལྟ་ བ་དེ་བཞིན་དུ་གང་གིས་སྔ་མ་བཞིན་དུ་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་བར་དུ་ཐོབ་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་ དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་གིས་བསམ་གཏན་དང་པོ་ཐོབ་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །བསམ་གཏན་དང་པོ་ཇི་ལྟ་བ་དེ་བཞིན་དུ་གང་གིས་སྔ་མ་བཞིན་ དུ་གཉིས་པ་དང་། གསུམ་པ་དང་། བཞི་པ་ནས་དགེ་སློང་གང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་བར་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ ལྟར་དགེ་སློང་རབ་ཏུ་མང་པོ་དག་གྲོང་མེད་པའི་དགོན་པའི་གནས་ཤིག་ན་གནས་ཤིང་དེ་ལ་དེ་དག་ན་མི་མ་ཡིན་པ་དག་གིས་འཚེ་བ་ན་དེ་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་མི་མ་ཡིན་པ་ དག་གིས་འཚེ་བར་མི་བྱེད་ནས་དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་པ་དེ་ལ་དེ་ན་མི་མ་ཡིན་པ་ རྣམས་འཚེ་བར་མི་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་མགྲོན་དུ་བོས་ཏེ་ཟ་བར་བྱེད་ཅིང་དེ་ན་དེ་དག་ལ་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་བཤམས་ཤིང་དེ་ན་དགེ་སློང་ གང་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་ནས། དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་ དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་ཁྱིམ་དེར་མགྲོན་དུ་བོས་ཤིང་ཟོས་ཏེ། དེ་ན་དེ་ལ་ཡང་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་དགེ་ སློང་རབ་ཏུ་མང་པོ་དག་དགོན་པ་ན་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་ མི་འབྱུང་ནས་དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་དགེ་སློང་གང་གིས་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་ཤིང་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་ འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་མི་འབྱུང་བ་དེ་ཡོད་དོ་ཞེས་ཟེར་ཞིང་། འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ།། །།སྡོམ་ལ། ཕན་ཚུན་ཞེ་ནི་འགྲས་པ་དང་། །ཆར་འབབ་པ་དང་མཚན་གྱུར་དང་། །རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་དང་། །གླང་ཆེན་རྣམས་ཀྱི་སྒྲ་སྐད་དོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་ན་ལུས་ འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཕན་ཚུན་ཞེ་འགྲས་པར་གྱུར་ཏོ། །དེ་ནས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་དཔུང་གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་སྤོང་བྱེད་གཞོམ་པར་བརྩམས་པ་དང་། ཡུལ་སྤོང་བྱེད་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་ཤེས་ལྡན་དག་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་དཔུང་ གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་ཡུལ་སྤོང་བྱེད་འཇོམས་པར་བྱེད་དོ་ཞེས་ར་མདའ་བ་བཟློག་གོ། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ཐོས་ནས་དེ་དག་གིས་ཀྱང་དཔུང་ གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡངས་པ་ཅན་ནས་འབྱུང་བར་བརྩམས་པ་དང་། དེ་དག་འབྱུང་བ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་ བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་འདི་ནི་མཆོག་གསུམ་པ་ཡིན་ཏེ། འདིས་མི་ཤེས་པའམ། མ་མཐོང་བའམ། མ་རིག་པའམ། རྣམ་པར་མི་ཤེས་པ་ཅུང་ཟད་ཀྱང་མེད་དོ་ཞེས་གྲག་གིས་བདག་ཅག་གིས། འདི་ལ་བདག་ཅག་གང་རྒྱལ་བར་འགྱུར་བ་དྲི་བར་བྱའོ་སྙམ་ནས། དེ་དག་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་དྲིས་པ། འཕགས་ པ་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་ཡུལ་སྤོང་བྱེད་འཇོམས་པར་བགྱིས་པས་བདག་ཅག་གཡུལ་འགྱེད་པའི་སླད་དུ་མངོན་དུ་མཆིས་ན། བདག་ཅག་གང་རྒྱལ་བར་འགྱུར། མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། བ་སིཥྛའི་རིགས་དག་ཁྱེད་ཅག་རྒྱལ་ བར་འགྱུར་རོ། །དེ་དག་འཕགས་པ་མཽད་གལ་གྱི་བུ་ཆེན་པོས་བདག་ཅག་རྒྱལ་བར་ལུང་བསྟན་ཏོ་ཞེས་རངས་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། མགུ་བ་དང་། ཡིད་བདེ་བ་སྐྱེས་ནས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་མ་བརྩིས་པར་ ཚམ་ཚོམ་མེད་པ་ཁོ་ནར་དེའི་སྟེང་དུ་བརྟུལ་བ་དང་། དེ་ནས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ཕམ་པ་དང་། སྐྲག་པ་དང་། བཅོམ་པ་དང་། གཞན་རྒྱལ་བ་དང་། རྒྱབ་ཀྱིས་ཕྱོགས་པར་བྱས་ཏེ། ཆུ་ཀླུང་གང་གཱའི་འགྲམ་དུ་ཕྱིན་ཏོ། །ཡངས་ པ་ཅན་གྱི་ལིཙྪ་བཱི་རྣམས་རྒྱ་ཆེར་རབ་ཏུ་དགའ་བའི་ཡིད་ཀྱིས་ཕྱི་བཞིན་ཁོ་ནར་འབྲང་བ་དང་། ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་བསམས་པ། ཡངས་པ་ཅན་གྱི་ལིཙྪ་བཱི་འདི་དག་ནི་གདུག་ཅིང་རྣམ་པར་གནོན་པ་ཡིན་པས་གལ་ཏེ་བདག་གང་གཱའི་ ནང་དུ་ཞུགས་ན་ཡང་འོད་དག་གིས་རྒྱ་མོ་འམ་མཆིལ་པས་དབྱུང་བས་འབྱིན་པར་བྱེད་ཅིང་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་བའི་གནས་ཡོད་ཀྱིས་བདག་མངོན་དུ་ཕྱོགས་ཏེ་ཤི་བ་ནི་ལེགས་སོ་སྙམ་དུ་རིག་ནས། དེས་འཆི་བའི་ཤུགས་ཀྱིས་བསྔོས་པ་དང་། དཔུང་ ཐམས་ཅད་ཕྱིར་ལོག་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཕམ་པ་དང་། སྐྲག་པ་དང་། བཅོམ་པ་དང་། གཞན་རྒྱལ་བ་དང་། རྒྱབ་ཀྱིས་ཕྱོགས་པར་བྱས་ནས། གར་ཡང་མ་འཁོར་བར་ཡངས་པ་ཅན་དུ་ཞུགས་ནས། སྒོ་དག་བཅད་དེ་ར་བའི་ཁར་སྦྲེངས་ནས་འདུག་ གོ། །ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་གཡུལ་ལས་རྣམ་པར་རྒྱལ་ཞིང་ཡུལ་སྤོང་བྱེད་བཅོམ་ནས་རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ན་འཕགས་པ་ མཽད་གལ་གྱི་བུ་ཆེན་པོས་ཁྱེད་ཅག་རྒྱལ་བར་འགྱུར་རོ། །ཞེས་བདག་ཅག་ལ་ལུང་བསྟན་ན། དེ་ཅི་གལ་ཏེ་བདག་ཅག་གི་ཡངས་པ་ཅན་ཕྲོགས་པར་གྱུར་ན་དེ་ལྟ་ན་རྒྱལ་བར་འགྱུར་རམ་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དེ་དག་སྨོད་པར་བྱེད་ པ་ན་དྲུག་སྡེ་དག་ཀྱང་བསོད་སྙོམས་ལ་ཞུགས་ནས་དེ་དག་གིས་དེ་དག་འཕྱ་བ་ཐོས་ནས་དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སུ་ལ་སྨོད། ཁྱེད་ཅག་ལའོ། །འཕགས་པ་མཽད་གལ་གྱི་བུ་ཆེན་པོས་ཁྱེད་ཅག་རྒྱལ་བར་འགྱུར་རོ་ཞེས་བདག་ཅག་ལ་ལུང་བསྟན་ན། དེ་ཅི་ གལ་ཏེ་བདག་ཅག་གི་ཡངས་པ་ཅན་ཕྲོགས་པར་གྱུར་ན་དེ་ལྟ་ན་རྒྱལ་བར་འགྱུར་རམ། དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་དང་པོར་གཡུལ་སྤྲད་པ་གང་ཡིན་པ་དེར་སུ་རྒྱལ། ཁོ་བོ་ཅག་གོ། །གལ་ཏེ་ཁྱེད་ཅག་རྒྱལ་ན་དེའི་འོག་ཏུ་ཅིའི་ཕྱིར་ལྡོག་པར་མི་བྱེད། ཅི་ཡུལ་མ་ག་ དྷཱ་བཅོམ་སྟེ་རྒྱལ་པོའི་ཁབ་ལེན་པར་འདོད་དམ། ཁྱེད་ཅག་གིས་ཧ་ཅང་མནན་ན་ཝ་ཡང་སེང་གེ་ལྟ་བུར་འགྱུར་རོ་ཞེས་བྱ་བ་མ་ཐོས་སམ། དེ་དག་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འཁོད་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་དེ་དག་ལ་གོ་བར་བྱས་ཟིན་མོད་ ཀྱི་འོན་ཀྱང་དོན་ཉུང་ངུ་དེ་ལ་ལྟུང་བ་བྱུང་གིས་ཚུར་ཤེག་དེའི་གན་དུ་དོང་ལ་འཆགས་སུ་གཞུག་གོ་ཞེས་དེ་དག་ཟས་ཀྱི་བྱ་བ་བྱས་ནས་ཕྱག་འཚལ་ཏེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། ། གནས་བརྟན་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ། གནས་བརྟན་ཇེ་སྐབས་ཕྱེ་ཤིག །ཚེ་དང་ལྡན་པ་དག་ལྟུང་བ་སྡེ་ལྔ་དག་ལ་སྐབས་ཕྱེའོ། །གནས་བརྟན་གྱིས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་རྒྱལ་བར་ལུང་བསྟན་ཏམ། ལུང་བསྟན་ཏོ། །ཅི་གལ་ཏེ་དེ་ དག་གི་ཡངས་པ་ཅན་ཕྲོགས་པར་གྱུར་ན་དེ་ལྟ་ན་རྒྱལ་བར་འགྱུར་རམ། ཁྱོད་ལྷུང་བཟེད་ནག་པོས་འཚོ་བར་མི་བྱེད་པས་དེས་ན་ཀུན་ཤེས་པ་བརྡ་སྤྲོད་པར་བྱེད་ཅིང་དེ་ཡང་འབྲས་བུ་མེད་པར་གྱུར་ཏེ། ཁྱོད་ཀྱིས་སྤྱོད་ཡུལ་བསྲེགས་པས་བདག་ཅག་གིས་བསོད་སྙོམས་ཀྱང་མི་རྙེད་ ཀྱིས། ཁྱོད་ལ་ལྟུང་བ་བྱུང་བ་དེ་ཆོས་བཞིན་དུ་སླར་མཛོད་ཅིག །ཚེ་དང་ལྡན་པ་དག་ལྟུང་བ་མ་མཐོང་ངོ་། །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ་ཞེས་གསུངས་པས་དེའི་ཕྱིར་འདི་ ལ་ཅིའི་ཕྱིར་ལྷག་པར་བཏང་སྙོམས་སུ་བྱ། ཁང་སྐྱོང་སུ་ཡིན། ཆེ་གེ་མོ་ཞིག་གོ། །བོས་ཤིག །བོས་སོ། །ཚེ་དང་ལྡན་པ་གཎྜཱི་རྡུངས་ཤིག །མཽད་གལ་གྱི་བུ་ཆེན་པོ་དོན་ཉུང་ངུ་ལ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་པས། དེ་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་ དབྱུང་བའི་ལས་བྱའོ། །ཁང་སྐྱོང་དགེ་འདུན་གྱི་གནས་བརྟན་གྱི་གན་དུ་སོང་བ་དང་། དྲུག་སྡེ་དག་ཀྱང་དེ་དང་ལྷན་ཅིག་དོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་དེ། དེ་རྟག་ཏུ་གཎྜཱི་བརྡུངས་པ་ན་ཚེ་དང་ལྡན་པ་སུ་ཞིག་ཡོངས་སུ་གནས་པ་འམ། གཞི་ནས་ཡོངས་སུ་གནས་པ་འམ། མགུ་བར་བྱ་བ་འམ། གཞི་ནས་མགུ་བར་བྱ་བ་འམ། འབྱིན་པར་བྱེད་ཅེས་ཆོས་ཀྱི་དབང་དུ་བྱས་ཏེ་རྨེད་པར་བྱེད་དོ། །དྲུག་སྡེ་དག་གིས་སྨྲས་པ། གནས་བརྟན་སུ་འང་ཡོངས་སུ་གནས་པ་འམ། གཞི་ནས་ཡོངས་སུ་གནས་པ་འམ། མགུ་ བར་བྱ་བ་འམ། གཞི་ནས་མགུ་བར་བྱ་བ་འམ། འབྱིན་པར་མི་བགྱིད་དེ། འདི་ལྟར་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདྲུམས་པ་ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འདྲལ་བར་བགྱིད་དེ། ལྷུང་བཟེད་ནག་པོས་འཚོ་བར་མི་བགྱིད་པས་དེས་ན་མིའི་ ཆོས་བླ་མ་དམ་འཆའ་ཞིང་ཀུན་ཤེས་པ་བརྡ་སྤྲོད་པར་བགྱིད་དེ། དེ་ཡང་འབྲས་བུ་མ་མཆིས་པར་གྱུར་ནས་དེས་སྤྱོད་ཡུལ་བསྲེགས་པས་བདག་ཅག་གིས་བསོད་སྙོམས་ཀྱང་མི་རྙེད་དེ། དེ་ལ་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་པས་དེ་ལྟུང་བ་མ་མཐོང་བའི་སླད་དུ་གནས་ནས་ དབྱུང་བའི་ལས་བགྱིའོ། །ཚེ་དང་ལྡན་པ་དག་དགེ་སློང་གནས་བརྟན་ལ་ཐོ་མ་བཙམས་པར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་དག་ལ་བླ་ན་མེད་པའི་མངའ་བརྙེས་པ། ཐེ་ཚོམ་ཐམས་ཅད་གཅོད་ པར་མཛད་པ་ཡིན་གྱིས་དེའི་སྤྱན་སྔར་དོང་ལ་དོན་འདི་ཞུས་ཤིག །བཅོམ་ལྡན་འདས་ཀྱིས་ཁྱེད་ལ་ཇི་སྐད་ལུང་སྟོན་པ་དེ་དེ་ཁོ་ན་བཞིན་དུ་ཟུང་ཤིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ གཡུལ་ངོར་དང་པོར་མི་མ་ཡིན་པ་དག་གཡུལ་འགྱེད་ཅིང་། དེའི་འོག་ཏུ་མི་རྣམས་གཡུལ་འགྱེད་དེ། གང་དུ་མི་མ་ཡིན་པ་རྣམས་རྒྱལ་བར་འགྱུར་བ་དེར་མི་རྣམས་ཀྱང་རྒྱལ་བར་འགྱུར་བས་དེའི་ཕྱིར་དགེ་སློང་མཽད་གལ་གྱི་བུ་ཆེན་པོས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་ལུང་བསྟན་ པ་དེའི་ཚེ་ན་ཡངས་པ་ཅན་པའི་མི་མ་ཡིན་པ་རྣམས་ཀྱིས་རྒྱལ་པོའི་ཁབ་པའི་མི་མ་ཡིན་པ་རྣམས་ཕམ་པར་བྱས་སོ། །གང་གི་ཚེ་དེ་དག་གང་གཱའི་འགྲམ་དུ་ཕྱིན་པ་དེའི་ཚེ་རྒྱལ་པོའི་ཁབ་པའི་མི་མ་ཡིན་པ་དག་གིས་ཡངས་པ་ཅན་པའི་མི་མ་ཡིན་པ་དག་ཕམ་པར་བྱས་སོ། །གལ་ཏེ་ དགེ་སློང་མཽད་གལ་གྱི་བུ་ཆེན་པོ་ལ་དེ་ཡང་དྲིས་པར་གྱུར་ན། དགེ་སློང་མཽད་གལ་གྱི་བུ་ཆེན་པོས་དེ་ཡང་ལུང་སྟོན་པར་འགྱུར་རོ། །དགེ་སློང་དག་དགེ་སློང་མཽད་གལ་གྱི་བུ་ཆེན་པོས་འདུ་ཤེས་དེ་ལྟ་བུས་ལུང་བསྟན་པ་ལ་ལྟུང་བ་མེད་དོ། །ཇི་ལྟར་ཡངས་པ་ཅན་པ་དག་གིས་སྔར་རྒྱལ་ བར་བྱས་ནས། ཕྱིས་རྒྱལ་པོ་མ་སྐྱེས་དགྲས་གང་གཱའི་འགྲམ་དུ་འཆི་བའི་ཤུགས་ཀྱིས་བསྔོས་པས་ཕམ་པར་བྱས་པ་དེ་བཞིན་དུ་རྒྱལ་པོ་མ་སྐྱེས་དགྲས་སྔར་རྒྱལ་བར་བྱས་ནས། ཕྱིས་ཡངས་པ་ཅན་པ་དེ་དག་གིས་གང་གཱའི་འགྲམ་དུ་འཆི་བའི་ཤུགས་ཀྱིས་བསྔོས་ནས་ཕམ་ པར་བྱས་པ་ཡང་དེ་བཞིན་རྒྱས་པར་སྦྱར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་ན་མུ་སྟེགས་ཅན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཐན་པ་འབྱུང་བར་བསྟན་ཏོ། །ཚེ་དང་ལྡན་ པ་མཽད་གལ་གྱི་བུ་ཆེན་པོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་ལ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་དྲིས་པ། འཕགས་པ་ཡུན་ཇི་སྲིད་ཀྱིས་ལྷས་ཆར་འབེབས་པར་འགྱུར། དེས་སྨྲས་པ། ཤེས་ལྡན་དག་ཉི་མ་བདུན་འདས་ནས་སོ། །དེ་དག་འཕགས་པ་མཽད་གལ་གྱི་བུ་ཆེན་པོས་ཉི་མ་བདུན་འདས་ནས་ལྷས་ཆར་འབེབས་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ་ཞེས་དེ་དག་གིས་ཁྱིམ་དང་བང་བ་ན་འདུག་པའི་འབྲུ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་རོལ་དུ་ཁྱེར་ཏེ་བོར་རོ། ། ཇི་ཙམ་ན་ཉི་མ་བདུན་འདས་ནས་ལྷས་འབྲུག་བསྒྲགས་ཤིང་སྒྲ་བྱུང་ནས་ས་རྒྱས་བཏབ་སྟེ་བཏང་བ་དང་། དེ་དག་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ན་ཤེས་ལྡན་དག་མུ་སྟེགས་ཅན་རྣམས་དམ་པ་ཡིན་གྱི། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་དེ་ལྟ་མ་ ཡིན་ཏེ། རྟག་ཏུ་འགྲོ་བའི་ཤིང་ལྗོན་པ་བཞིན་དུ་ངུར་སྨྲིག་དག་གིས་ལུས་དག་དཀྲིས་ཤིང་འཁོད་པར་ཟད་ཀྱི་ཅུང་ཟད་ཀྱང་མི་ཤེས་སོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དེ་དག་སྨོད་པར་བྱེད་པ་ན་དྲུག་སྡེ་དག་ཀྱང་བསོད་སྙོམས་ལ་ཞུགས་ ནས་དེ་དག་གིས་དེ་དག་སྨོད་པ་ཐོས་ནས་དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སུ་ལ་སྨོད། ཁྱེད་ཅག་ལའོ། །ངེད་ཀྱིས་ཅི་བྱས། མུ་སྟེགས་ཅན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཐན་པ་འབྱུང་བར་བསྟན་ན་འཕགས་པ་མཽད་གལ་གྱི་བུ་ཆེན་པོས་ཉི་མ་བདུན་འདས་ ནས་ལྷས་ཆར་འབེབས་པར་འགྱུར་རོ་ཞེས་ལུང་བསྟན་ནས། བདག་ཅག་གིས་ཁྱིམ་དང་བང་བ་ན་འདུག་པའི་འབྲུ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་རོལ་དུ་ཁྱེར་ཏེ་བོར་ན་ལྷས་ཆར་མ་ཕབ་བོ། །དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་མུ་སྟེགས་ཅན་ཀུན་དུ་ སྤྱོད་པ་ནི་གལ་ཏེ་སྤྲིན་ཀྱང་ཡོད། སྤྲིན་ལས་འབྲུག་ཀྱང་གྲག །གློག་ཀྱང་འབྱུང་། ཕྱོགས་བཞི་ནས་རླུང་བསིལ་བདག་ཀྱང་ལྡང་། ལྷས་ཁད་ཀྱིས་དལ་བུ་དལ་བུས་ཆར་ཅུང་ཟད་འབེབས་པ་དེའི་ཚེ་ན་དེ་དག་དང་། འཇིག་རྟེན་དག་ཀྱང་ལྷས་གདོན་མི་ཟ་བར་ཆར་འབེབས་སོ་ཞེས་ ཟེར་ན། ཆར་ཆེར་བབ་ཅིང་ས་རྒྱས་བཏབ་པར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ། །འདི་ལྟར་ཇི་འཕགས་པ་མཽད་གལ་གྱི་བུ་ཆེན་པོས་ལོ་ཏོག་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏམ། དེ་དག་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འཁོད་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་དེ་དག་ལ་གོ་བར་བྱས་ཟིན་མོད་ཀྱི་འོན་ཀྱང་དོན་ཉུང་ངུ་དེ་ལ་ལྟུང་བ་བྱུང་གིས་ཚུར་ཤེག །དེའི་གན་དུ་དོང་ལ་འཆགས་སུ་གཞུག་གོ། །ཞེས་དེ་དག་ཟས་ཀྱི་བྱ་བ་བྱས་ནས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་ དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ། གནས་བརྟན་ཇི་སྐབས་ཕྱེ་ཤིག །ཚེ་དང་ལྡན་པ་དག་ལྟུང་བ་སྡེ་ལྔ་པོ་དག་ལ་སྐབས་ཕྱེའོ། །མུ་སྟེགས་ཅན་རྣམས་ ཀྱིས་ལོ་བཅུ་གཉིས་སུ་ཐན་པ་འབྱུང་ངོ་ཞེས་བསྟན་ན། ཁྱོད་ཀྱིས་ཆར་འབབ་པར་འགྱུར་རོ་ཞེས་ལུང་བསྟན་གྱིས། ཆོས་གོས་ཀྱི་གྲྭ་རྫབ་ཀྱིས་མ་རུངས་པར་གྱུར་ན་མི་རུང་གིས་ཐེག་ཤིག །ཁྱོད་ལྷུང་བཟེད་ནག་པོས་འཚོ་བར་མི་བྱེད་པས་དེས་ན་ཀུན་ཤེས་པ་བརྡ་སྤྲོད་པར་བྱེད་ཅིང་ དེ་ཡང་འབྲས་བུ་མེད་པར་གྱུར་ཏེ། ཁྱོད་ཀྱིས་སྤྱོད་ཡུལ་བསྲེགས་པས་བདག་ཅག་གིས་བསོད་སྙོམས་ཀྱང་མི་རྙེད་ཀྱིས། ཁྱོད་ལ་ལྟུང་བ་བྱུང་བ་དེ་ཆོས་བཞིན་དུ་སླར་མཛོད་ཅིག །ཚེ་དང་ལྡན་པ་དག་ལྟུང་བ་མ་མཐོང་ངོ་། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ ལྡན་འདས་ཀྱིས་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ་ཞེས་གསུངས་པས་དེའི་ཕྱིར་འདི་ལ་ཅིའི་ཕྱིར་ལྷག་པར་བཏང་སྙོམས་སུ་བྱ། ཁང་སྐྱོང་སུ་ཡིན། ཆེ་གེ་མོ་ཞིག་གོ། །བོས་ཤིག །བོས་སོ། །ཚེ་དང་ལྡན་པ་དག་གཎྜཱི་རྡུངས་ཤིག །མཽད་གལ་ གྱི་བུ་ཆེན་པོ་དོན་ཉུང་ངུ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་པས་དེ་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ། །ཁང་སྐྱོང་དགེ་འདུན་གྱི་གནས་བརྟན་གྱི་གན་དུ་སོང་བ་དང་། དྲུག་སྡེ་དག་ཀྱང་དེ་དང་ལྷན་ཅིག་དོང་ངོ་། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་ འདུན་གྱི་གནས་བརྟན་བྱེད་དེ། དེ་རྟག་ཏུ་གཎྜཱི་བརྡུངས་པ་ན་ཚེ་དང་ལྡན་པ་སུ་ཞིག་ཡོངས་སུ་གནས་པ་འམ། གཞི་ནས་ཡོངས་སུ་གནས་པ་འམ། མགུ་བར་བྱ་བ་འམ། གཞི་ནས་མགུ་བར་བྱ་བ་འམ། འབྱིན་པར་བྱེད་ཅེས་ཆོས་ཀྱི་དབང་དུ་བྱས་པ་རྨེད་པར་བྱེད་དོ། ། དྲུག་སྡེ་དག་གིས་སྨྲས་པ། གནས་བརྟན་སུ་ཡང་ཡོངས་སུ་གནས་པ་འམ། གཞི་ནས་ཡོངས་སུ་གནས་པ་འམ། མགུ་བར་བྱ་བ་འམ། གཞི་ནས་མགུ་བར་བྱ་བའམ། འབྱིན་པར་མི་བགྱིད་དེ། འདི་ལྟར་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདྲུམས་པ་ལྟུང་བས་ བཅོམ་ལྡན་འདས་ཀྱི་བསྟན་པ་འདྲལ་བར་བགྱིད་དེ། ལྷུང་བཟེད་ནག་པོས་འཚོ་བར་མི་བགྱིད་པས་དེས་ན་མིའི་ཆོས་བླ་མ་དམ་འཆའ་ཞིང་ཀུན་ཤེས་པ་བརྡ་སྤྲོད་པར་བགྱིད་དེ་དེ་ཡང་འབྲས་བུ་མ་མཆིས་པར་གྱུར་ནས། དེས་སྤྱོད་ཡུལ་བསྲེགས་པས་བདག་ཅག་གིས་བསོད་ སྙོམས་ཀྱང་མི་རྙེད་དེ། དེ་ལ་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་པས་དེ་ལྟུང་བ་མ་མཐོང་བའི་སླད་དུ་གནས་ནས་དབྱུང་བའི་ལས་བགྱིའོ། །ཚེ་དང་ལྡན་པ་དག་དགེ་སློང་གནས་བརྟན་ལ་ཐོ་མ་བཙམས་པར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་ པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་། ཤེས་བྱ་དག་ལ་བླ་ན་མེད་པའི་མངའ་བརྙེས་པ་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་ཡིན་གྱིས་དེའི་སྤྱན་སྔར་དེང་ལ་དོན་འདི་ཞུས་ཤིག །བཅོམ་ལྡན་འདས་ཀྱིས་ཁྱེད་ལ་ཇི་སྐད་ལུང་སྟོན་པ་དེ་དེ་ཁོ་ན་བཞིན་དུ་ཟུང་ཤིག །སྐབས་ དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ནི་ལྟས་མཁན་དག་གིས་ལྷས་ཆར་འབེབས་པར་འགྱུར་རོ། །ཞེས་སྟོན་ཀྱང་མི་རྟོག་པ་ཐན་པ་ཆེན་པོའི་རྒྱུ་ལྔ་དང་རྐྱེན་ལྔ་ཡིན་ཏེ། ལྔ་གང་ ཞེ་ན། འདི་ལྟར་སྤྲིན་ཀྱང་ཡོད། གློག་ཀྱང་འབྱུང་། སྤྲིན་ལས་འབྲུག་ཀྱང་གྲག །ཕྱོགས་བཞི་ནས་རླུང་བསིལ་བ་དག་ཀྱང་ལྡང་། ལྟས་མཁན་དག་ཀྱང་ལྷས་ཆར་འབེབས་པར་འགྱུར་རོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ས་གཞི་ཆེན་པོ་འདི་ལས་མེའི་ཁམས་མངོན་པར་འཕགས་ ནས་དེས་ཆར་པ་དེ་བར་མ་དོར་ཁོ་ནར་སྐམས་པར་བྱེད་དེ། འདི་ནི་ལྟས་མཁན་དག་གིས་ལྷས་ཆར་འབེབས་པར་འགྱུར་རོ། །ཞེས་སྟོན་ཀྱང་མི་རྟོགས་པ་ཐན་པ་ཆེན་པོའི་རྒྱུ་དང་པོ་དང་རྐྱེན་དང་པོ་ཡིན་ནོ། །གཞན་ཡང་སྤྲིན་ཡང་ཡོད། གློག་ཀྱང་འབྱུང་། སྤྲིན་ལས་འབྲུག་ཀྱང་གྲག ། ཕྱོགས་བཞི་ནས་རླུང་བསིལ་བ་དག་ཀྱང་ལྡང་། ལྟས་མཁན་དག་ཀྱང་ལྷས་ཆར་འབེབས་པར་འགྱུར་རོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ནམ་མཁའ་ལ་མི་མཉམ་པའི་རླུང་དག་ལྡང་ཞིང་དེས་ཆར་པ་དེ་དཎྜ་ཀའི་དགོན་པ་དག་དང་། ཀ་ལིང་ཀའི་དགོན་པ་དག་དང་། མ་ཏང་ཀའི་དགོན་པ་དག་ཏུ་ འབེབས་པར་བྱེད་དེ། འདི་ནི་ལྟས་མཁན་དག་གིས་ལྷས་ཆར་འབེབས་པར་འགྱུར་རོ་ཞེས་སྟོན་ཀྱང་མི་རྟོགས་པ་ཐན་པ་ཆེན་པོའི་རྒྱུ་གཉིས་པ་དང་། རྐྱེན་གཉིས་པ་ཡིན་ནོ། །གཞན་ཡང་སྤྲིན་ཡང་ཡོད། གློག་ཀྱང་འབྱུང་། སྤྲིན་ལས་འབྲུག་ཀྱང་གྲག །ཕྱོགས་བཞི་ནས་རླུང་བསིལ་བ་ དག་ཀྱང་ལྡང་། ལྟས་མཁན་དག་ཀྱང་ལྷས་ཆར་འབེབས་པར་འགྱུར་རོ། །ཞེས་སྟོན་མོད་ཀྱི་འོན་ཀྱང་ལྷའི་བུ་ཆར་གྱི་ཤུགས་ཅན་དག་རབ་ཏུ་མྱོས་པར་གནས་པ་དང་། བག་མེད་པར་གནས་ཤིང་དེ་དག་རབ་ཏུ་མྱོས་པར་གནས་པ་དང་། བག་མེད་པར་གནས་པས་ལྷས་དུས་དང་དུས་སུ་ཆུའི་ རྒྱུན་ལེགས་པར་འབེབས