Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 005_འདུལ་བ།_ཅ
Văn bản gốc(Tây Tạng)
Trang 3 / 19 (50.000 ký tự/trang)
པས། མིའི་བུད་མེད་གསོན་པོ་ཉམས་པ་ལ་ཟག་བྱེད་བར་དང་བཅས་པས་བར་ཆད་དང་བཅས་པ་ དང་། བར་དང་བཅས་པས་བར་ཆད་མེད་པ་དང་། བར་མེད་པས་བར་ཆད་དང་བཅས་པ་དང་། བར་མེད་པས་བར་ཆད་མེད་པ་ཟག་བྱེད་དམ། ཁའམ། བཤང་བའི་ལམ་དུ་འཇུད་ན་བཅུག་མ་ཐག་ཏུ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གི་སེམས་སྟེན་པ་ལ་གཞོལ་བ་ དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་ཅིང་། དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་མིའི་བུད་མེད་ཤི་བ་མ་ཉམས་པ་ལ་ཟག་བྱེད་བར་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་དང་བཅས་པས་བར་ ཆད་མེད་པ་དང་། བར་མེད་པས་བར་ཆད་དང་བཅས་པ་དང་། བར་མེད་པས་བར་ཆད་མེད་པ་ཟག་བྱེད་དམ། ཁའམ། བཤང་བའི་ལམ་དུ་འཇུད་ན་བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །དགེ་སློང་གི་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ ལ་བབ་པར་གྱུར་ཅིང་། དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་མིའི་བུད་མེད་ཤི་བ་ཉམས་པ་ལ་ཟག་བྱེད་བར་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་དང་བཅས་པས་བར་ཆད་མེད་པ་དང་། བར་མེད་པས་བར་ཆད་ དང་བཅས་པ་དང་། བར་མེད་པས་བར་ཆད་མེད་པ་ཟག་བྱེད་དམ། ཁའམ། བཤང་བའི་ལམ་དུ་འཇུད་ན་བཅུག་མ་ཐག་ཏུ་ཉེས་པ་སྦོམ་པོར་འགྱུར་རོ། །མིའི་བུད་མེད་གསོན་པོ་དང་ཤི་བ་ལ་ཇི་ལྟ་བ་དེ་བཞིན་དུ་མི་མ་ཡིན་པ་མོ་གསོན་པོ་དང་། ཤི་བ་དང་། དུད་འགྲོའི་ སྐྱེས་གནས་སུ་སྐྱེས་པ་མོ་གསོན་པོ་དང་། ཤི་བ་ལ་ཡང་དེ་བཞིན་ནོ། །སྐྱེས་པ་གསོན་པོ་དང་། ཤི་བ་ལ་རྨའི་སྒོ་གཉིས་སུ་ཡང་དེ་བཞིན་ནོ། །སྐྱེས་པ་གསོན་པོ་དང་། ཤི་བ་ལ་རྨའི་སྒོ་གཉིས་སུ་ཇི་ལྟ་བ་དེ་བཞིན་དུ་མི་མ་ཡིན་པ་ཕོ་གསོན་པོ་དང་། ཤི་བ་ལ་ རྨའི་སྒོ་གཉིས་སུ་དང་། དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་ཕོ་གསོན་པོ་དང་། ཤི་བ་ལ་རྨའི་སྒོ་གཉིས་སུ་ཡང་དེ་བཞིན་ནོ། །སྐྱེས་པ་ལ་ཇི་ལྟ་བ་དེ་བཞིན་དུ་མིའི་མ་ནིང་ཕོ་གསོན་པོ་དང་། ཤི་བ་ལ་རྨའི་སྒོ་གཉིས་སུ་དང་། མི་མ་ཡིན་པའི་མ་ནིང་ཕོ་གསོན་ པོ་དང་། ཤི་བ་ལ་རྨའི་སྒོ་གཉིས་སུ་དང་། དུད་འགྲོའི་སྐྱེས་གནས་སུ་སྐྱེས་པའི་མ་ནིང་ཕོ་གསོན་པོ་དང་། ཤི་བ་ལ་རྨའི་སྒོ་གཉིས་སུ་ཡང་དེ་བཞིན་ནོ། །དགེ་སློང་གི་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཡང་མ་ཤེས། བར་དུ་ཡང་ མ་ཤེས། ཐ་མར་ཡང་མ་ཤེས་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཤེས་ཤིང་བར་དུ་ཡང་མ་ཤེས། ཐ་མར་ཡང་མ་ཤེས་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། ། དགེ་སློང་གིས་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཡང་ཤེས། བར་དུ་ཡང་ཤེས་ཤིང་ཐ་མར་མ་ཤེས་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་ དེ་དང་པོར་ཡང་ཤེས། བར་དུ་ཡང་ཤེས། ཐ་མར་ཡང་ཤེས་ལ་ཤེས་ནས་ཀྱང་བདག་གིར་མི་བྱེད་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཡང་ཤེས། བར་དུ་ཡང་ཤེས་ ཐ་མར་ཡང་ཤེས་ལ་ཤེས་ནས་ཀྱང་བདག་གིར་བྱེད་ན་གཉི་ག་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་མས་དགེ་སློང་དང་། དགེ་ཚུལ་ལ་དང་། དགེ་ཚུལ་མས་དགེ་ སློང་དང་། དགེ་ཚུལ་ལ་དང་། དགེ་ཚུལ་གྱིས་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །དགེ་སློང་གིས་དགེ་སློང་འབྲུའི་ཆང་གིས་མྱོས་པར་བྱེད་དུ་བཅུག་སྟེ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཡང་མ་ ཤེས། བར་དུ་ཡང་མ་ཤེས། ཐ་མར་ཡང་མ་ཤེས་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་འབྲུའི་ཆང་གིས་མྱོས་པར་བྱེད་དུ་བཅུག་སྟེ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཤེས་ཤིང་བར་དུ་ཡང་མ་ཤེས། ཐ་མར་ཡང་མ་ཤེས་ན་གང་རྩོལ་ བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་འབྲུའི་ཆང་གིས་མྱོས་པར་བྱེད་དུ་བཅུག་སྟེ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཡང་ཤེས། བར་དུ་ཡང་ཤེས། ཐ་མར་ཡང་ཤེས་ལ་ཤེས་ནས་ཀྱང་བདག་གིར་མི་བྱེད་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་ བྱའོ། །དགེ་སློང་གིས་དགེ་སློང་འབྲུའི་ཆང་གིས་མྱོས་པར་བྱེད་དུ་བཅུག་སྟེ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཡང་ཤེས། བར་དུ་ཡང་ཤེས། ཐ་མར་ཡང་ཤེས་ལ་ཤེས་ནས་ཀྱང་བདག་གིར་བྱེད་ན་གཉི་ག་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ལ་ཇི་ལྟ་བ་ བཞིན་དུ་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་སློབ་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་ཚུལ་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། ། འབྲུའི་ཆང་གིས་ཇི་ལྟ་བ་བཞིན་དུ་བཅོས་པའི་ཆང་དང་། སྦྱར་བའི་ཆང་དང་། རྩ་བའི་བཏུང་བ་དང་། སྡོང་བུའི་བཏུང་བ་དང་། འདབ་མའི་བཏུང་བ་དང་། མེ་ཏོག་གི་བཏུང་བ་དང་། འབྲས་བུའི་བཏུང་བས་སམ། གསང་སྔགས་དག་དང་། རིག་སྔགས་དང་། སྨན་གྱིས་ སེམས་འཁྲུགས་པར་བྱས་པའམ། གཉིད་ལོག་པར་བྱས་ཏེ་ཡང་དེ་བཞིན་ནོ། །དགེ་སློང་གིས་དགེ་སློང་གྱ་ཚོམ་དུ་མཐུས་བཟུང་སྟེ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་འཇུད་པ་ན་བདག་གིར་བྱེད་ན་གཉི་ག་བསྙིལ་བར་བྱའོ། །འཇུད་པ་ན་མི་བྱེད་ཀྱང་བཅུག་པ་ན་བདག་གིར་ བྱེད་ན་གཉི་ག་བསྙིལ་བར་བྱའོ། །འཇུད་པ་ན་ཡང་མི་བྱེད། བཅུག་པ་ན་ཡང་མི་བྱེད་མོད་ཀྱི་འབྱིན་པ་ན་བདག་གིར་བྱེད་ན་གཉི་ག་བསྙིལ་བར་བྱའོ། །འཇུད་པ་ན་ཡང་བདག་གིར་མི་བྱེད། བཅུག་པ་ན་ཡང་མི་བྱེད། འབྱིན་པ་ན་ཡང་མི་བྱེད་ན་གང་རྩོལ་བ་དེ་བསྙིལ་བར་ བྱའོ། །དགེ་སློང་གིས་དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་སློབ་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་ཚུལ་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་ཚུལ་གྱིས་དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་གཉིས་པ། སྡོམ་ལ། རྒྱབ་མཉེན་དང་ནི་འཕྱང་བ་ཅན། །མཛེས་དགའ་ཚོགས་ཅན་ རྒན་མོ་དང་། །དགེ་སློང་གཉིད་ཀྱིས་ལོག་པ་ལ། །ལྕི་ཐུན་མས་བཙལ་ཉེས་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དུས་གཞན་ཞིག་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་ པ་ལས་ཁྱེའུ་ཞིག་བྱུང་བ་དེའི་རྒྱབ་འདི་ལྟ་སྟེ། དཔེར་ན་རི་བོང་ངམ། བྱི་ལའི་ལྟར་མཉེན་པ་དང་། ཤིན་དུ་མཉེན་པར་གྱུར་ཏོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་ གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདིའི་རྒྱབ་འདི་ལྟ་སྟེ། དཔེར་ན་རི་བོང་ངམ། བྱི་ལའི་ལྟར་མཉེན་པ་དང་། ཤིན་ཏུ་མཉེན་པ་དེའི་ཕྱིར། ཁྱེའུའི་མིང་རྒྱབ་མཉེན་ཞེས་བྱའོ། །ཞེས་དེའི་མིང་རྒྱབ་མཉེན་ཞེས་བྱ་ བར་བཏགས་སོ། །དེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་ པོར་གྱུར་པ་དེའི་ཚེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་བྱུང་ནས་དེ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པའི་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ལུས་མ་ བསྲུངས། དབང་པོ་དག་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར་བསོད་སྙོམས་ལ་ཞུགས་སོ། །དེས་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་ལ་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པར་ལྷུང་བཟེད་དང་ཆོས་གོས་མཁོས་ སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ། ནང་དུ་ཡང་དག་འཇོག་གི་ཕྱིར་གནས་སུ་ཞུགས་སོ། །དེའི་སེམས་གང་གི་ཚེ་འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་པ་དེའི་ཚེ་དེས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། རང་གི་ཁར་བཅུག་ནས་རྩོལ་བར་བྱེད་ དོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་གནས་ཉུལ་ཞིང་རྒྱུ་བ་དག་དགེ་སློང་དེའི་གནས་ག་ལ་བ་དེར་ཕྱིན་པ་དང་། དགེ་སློང་དེ་དག་གིས་དགེ་སློང་དེ་དེ་ལྟར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་ཡིད་མི་དགའ་ཞིང་མངོན་པར་མ་མགུ་ནས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་ཅི་བྱེད། རེག་པ་བདག་གིར་བྱེད་དོ། །ཚེ་དང་ལྡན་པ་འོ་ན་བཅོམ་ལྡན་འདས་ཀྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་མ་བཀག་གམ། ཚེ་དང་ལྡན་པ་དག་བཀག་སྟེ། དེ་ནི་གཞན་གྱི་ལ་ཡིན་གྱི་རང་གི་ལ་ནི་མ་ཡིན་ནོ། །དགེ་སློང་དེ་དག་དེ་ལ་མངོན་པར་བསྟོད་པར་ཡང་ མི་བྱེད། ཕྱིར་ཟློག་པར་ཡང་མི་བྱེད་ཅིང་། མངོན་པར་བསྟོད་པ་ཡང་མ་བྱས། ཕྱིར་ཟློག་པ་ཡང་མ་བྱས་པར་དོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་རེ་ཞིག་གཞན་གྱི་ལ་ཡང་བཀག་ན་རང་གི་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་གཏི་མུག་ཅན་དེ་ནི་ཕམ་པར་གྱུར་ཏོ། ། དགེ་སློང་གི་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་ཅིང་། དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ་རང་གིའམ། གཞན་གྱི་ཁར་ བཅུག་ནས་རྩོལ་བར་བྱེད་ན་བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དུས་གཞན་ཞིག་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་ པ་ལས་ཁྱེའུ་ཡན་ལག་གི་རྣམ་པ་ཚད་ལས་ཤིན་ཏུ་འདས་པ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་ སེམས་ཏེ། གང་གི་ཕྱིར་ཁྱེའུ་འདིའི་ཡན་ལག་གི་རྣམ་པ་ཚད་ལས་ཤིན་ཏུ་འདས་པ་དེའི་ཕྱིར་ཁྱེའུ་འདི་འཕྱང་བ་ཅན་ཞེས་བྱའོ་ཞེས་དེའི་མིང་འཕྱང་བ་ཅན་ཞེས་བྱ་བར་བཏགས་སོ། །དེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་བྱུང་ནས་དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་ བཟེད་དང་ཆོས་གོས་ཐོགས་ཏེ། གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པའི་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ལུས་མ་བསྲུངས་དབང་པོ་དག་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར་བསོད་སྙོམས་ལ་ཞུགས་སོ། །དེས་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་ལ་ བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་ནང་དུ་ཡང་དག་འཇོག་གི་ཕྱིར་གནས་སུ་ཞུགས་སོ། །དེའི་སེམས་གང་གི་ཚེ་འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་ པར་གྱུར་པ་དེའི་ཚེ་དེས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ་རང་གི་བཤང་བའི་ལམ་དུ་བཅུག་ནས་རྩོལ་བར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་གནས་ཉུལ་ཞིང་རྒྱུ་བ་དག་དགེ་སློང་དེའི་གནས་ག་ལ་བ་དེར་ཕྱིན་པ་དང་། དགེ་སློང་དེ་དག་གིས་ དགེ་སློང་དེ་དེ་ལྟར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་ཡིད་མི་དགའ་ཞིང་མངོན་པར་མ་མགུ་ནས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཅི་བྱེད། རེག་པ་བདག་གིར་བྱེད་དོ། །ཚེ་དང་ལྡན་པ་འོ་ན་བཅོམ་ལྡན་འདས་ཀྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་མ་བཀག་ གམ། ཚེ་དང་ལྡན་པ་དག་བཀག་སྟེ། དེ་ནི་གཞན་གྱི་ལ་ཡིན་གྱི་རང་གི་ལ་ནི་མ་ཡིན་ནོ། །དགེ་སློང་དེ་དག་དེ་ལ་མངོན་པར་བསྟོད་པར་ཡང་མི་བྱེད། ཕྱིར་ཟློག་པར་ཡང་མི་བྱེད་ཅིང་། མངོན་པར་བསྟོད་པ་ཡང་མ་བྱས་ཕྱིར་བཟློག་པ་ཡང་མ་བྱས་པར་དོང་ནས་བཅོམ་ལྡན་འདས་ ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་ངས་རེ་ཞིག་གཞན་གྱི་ལ་ཡང་བཀག་ན་རང་གི་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་གཏི་མུག་ཅན་དེ་ནི་ཕམ་པར་གྱུར་ཏོ། །དགེ་སློང་གི་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་ཅིང་། དེ་སེམས་ སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། རང་གིའམ། གཞན་གྱི་བཤང་བའི་ལམ་དུ་བཅུག་ནས་རྩོལ་བར་བྱེད་ན་བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་འཕགས་རྒྱལ་ན་དེད་དཔོན་དགའ་བོ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་ དང་ལྡན་པ་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་ ཡང་མེད་བུ་མོ་ཡང་མེད་ནས། དེ་བུ་མེད་ཅིང་བུ་མངོན་པར་འདོད་པས་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དག་ལ་གསོལ་བ་འདེབས་ཤིང་། ལྷའི་བྱེ་བྲག་གཞན་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དག་དང་། ཚལ་གྱི་ལྷ་དག་ དང་། བཞི་མདོའི་ལྷ་དག་དང་། སུམ་མདོའི་ལྷ་དག་དང་། གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པ་དག་དང་། ཆོས་མཐུན་པ་དག་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་གསོལ་བ་འདེབས་པའི་རྒྱུ་ལས་ བུ་དང་། བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དེ། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འདི་ལྟར་གནས་གསུམ་པོ་དག་མངོན་ དུ་གྱུར་པ་ལས་བུ་དང་། བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་ཤིང་འཇུག་འདོད་པ་སྟེ། གནས་གསུམ་པོ་དེ་དག་མངོན་དུ་གྱུར་པ་ ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན་སེམས་ཅན་ཞིག་ཀྱང་ལྷའི་རིས་ནས་ཤི་འཕོས་ཏེ་དེའི་སྐྱེ་དགུའི་བདག་མོའི་མངལ་དུ་ཞུགས་སོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ། དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་ནི་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་ དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེའུར་འགྱུར་གྱིས་དགྱེས་པ་བསྐྱེད་དུ་གསོལ། དེ་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་རོ་སྟོད་བསྲང་སྟེ། ལག་པ་གཡས་པ་བརྐྱང་ནས་འདི་སྐད་ཅེས་ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་པའི་བུའི་ངོ་མཐོང་བ་དང་། ཁོ་ བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་ངུའམ་མང་ པོ་ཡང་རུང་བའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་ འདི་ལྟ་སྟེ། མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་ མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་། རྒྱན་གྱིས་བཀླུབས་པའི་ལུས་ལྷའི་ བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཛུད་དོ། །དེ་ཟླ་བ་བརྒྱད་དམ། དགུ་འདས་ ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ་ཞིག་བྱུང་ངོ་། །དེའི་ ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཡུལ་དབུས་ན་གང་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་དེ་ལ་མཛེས་པ་ཞེས་བྱའོ་ཞེས་ཀུན་ ཏུ་སྤྱོད་པས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ལ། དེད་དཔོན་དགའ་བོའི་བུ་ཡིན་པ་དེའི་ཕྱིར་ཁྱེའུའི་མིང་མཛེས་དགའ་ཞེས་བྱའོ། །ཞེས་དེའི་མིང་མཛེས་དགའ་ཞེས་བྱ་བར་བཏགས་སོ། ། ཁྱེའུ་མཛེས་དགའ་མ་མ་བརྒྱད་པོ། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང་། ཞོ་དང་ མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་ལ་ཉེ་བར་ཞུགས་ནས། དེ་ཡི་གེའི་མཐར་ཕྱིན་ཅིང་འབྱེད་པ་དང་། ཀློག་པ་དང་། མཁས་པ་དང་། སྤྱོད་པ་གསལ་བ་དང་། བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་ བརྟག་པ་དང་། ཤིང་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །ཕས་དེའི་ཆུང་མའི་འཁོར་གསུམ་པོ་རབ་དང་། འབྲིང་དང་། ཐ་མ་དག་རྣམ་པར་གཞག་གོ། །འདུག་པའི་གནས་གསུམ་པོ་དགུན་གྱི་ དང་། དཔྱིད་ཀྱི་དང་། དབྱར་གྱི་དག་བྱེད་དུ་བཅུག་གོ། །སྐྱེད་མོས་ཚལ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་དག་བྱེད་དུ་བཅུག་གོ། །དེ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་སྐྱེས་པ་མེད་པར་སིལ་སྙན་གྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་ པར་བྱེད་དོ། །དེད་དཔོན་དགའ་བོ་རྟག་ཏུ་རྩིས་ལ་ཆགས་ཤིང་འདུ་བ་དང་། འགོད་པ་དག་ཀྱང་སྦྱོང་བར་བྱེད་ནས་མཛེས་དགའས་སྨྲས་པ། ཡབ་ཁྱོད་ཅིའི་སླད་དུ་རྟག་ཏུ་རྩིས་ལ་ཆགས་ཤིང་བཞུགས། དེས་སྨྲས་པ། བུ་ཅི་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་རྩེ་བ་ཉིད་ཀྱིས་ ནོར་བསྒྲུབ་པར་བྱར་ནུས་སམ། ངས་ཁྱིམ་གྱི་བྱ་བ་ལོས་ཀྱང་བསམ་དགོས་སོ། །མཛེས་དགའས་དོན་གྱིས་འདིས་བདག་ལ་བསྐུལ་ཏོ་སྙམ་དུ་རིག་ནས་དེས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡབ་གལ་ཏེ་དེ་ལྟར་རྗེས་སུ་གནང་ན་ཡུལ་གཞན་དུ་མཆིས་ལ་ནོར་བསྒྲུབ་པར་ བགྱིའོ། །དེས་སྨྲས་པ། བུ་ནོར་གྱི་རྣམ་པ་མང་པོ་ཡོད་ན་ཅིའི་ཕྱིར་ཡུལ་གཞན་དུ་འགྲོ། འདུག་ཤིག་དེས་སྨྲས་པ། ཡབ་ངན་བུ་གོར་མ་བཀུམ་པར་མཆིའོ། །དེད་དཔོན་དགའ་བོས་འདི་འདོད་པ་ལ་བབ་པར་བྱའོ་སྙམ་དུ་བསམས་ནས། དེས་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་ལ་ སོགས་པ་བླངས་ཏེ། དབྱིག་དང་། གསེར་བྱས་པ་དང་མ་བྱས་པ་དེའི་མཛོད་གང་བ་བདུན་ཕྱེ་སྟེ་བསྟན་ནས་སྨྲས་པ། བུ་མཛེས་དགའ་ནོར་གྱི་རྣམ་པ་འདི་སྙེད་ཡོད་ཀྱིས་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་ལ་ཡང་ལོངས་སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ ཤིག །ཡུལ་གཞན་དུ་འགྲོ་མི་དགོས་སོ། །དེས་སྨྲས་པ། ཡབ་ཁྱོད་ངན་བུ་ལ་སྟོན་པར་མཛད་ན། ངན་བུས་བུ་རྣམས་ལ་ཅི་ཞིག་བསྟན་པར་བགྱི། དེད་དཔོན་དགའ་བོས་དེ་ཟེར་བ་བཟང་སྟེ། བདག་འདས་ནས་འདིས་ཁྱིམ་གྱི་བྱ་བ་སྦྱོང་བར་འགྱུར་བས་དེའི་ཕྱིར་ཇི་སྲིད་བདག་གསོན་པ་ དེ་སྲིད་དུ་ཟོང་མནོས་ཤིང་ཡུལ་གཞན་དུ་འགྲོ་ལ་རག་སྟེ། ཡུལ་གཞན་དུ་འདི་ལ་ཕའི་གྲོགས་དག་ཀྱང་མངོན་དུ་གྱུར་པས་དེ་ལྟ་ན་བདག་འདས་ནས་འདིའི་འགྲོ་བའི་ཕྱོགས་མུན་པ་མེད་པར་འགྱུར་རོ་སྙམ་དུ་ཤེས་ཤིང་རིག་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་འདས་ནས་མཛེས་དགའས་ ཁྱིམ་གྱི་བྱ་བ་སྦྱོང་བར་འགྱུར་བས་དེའི་ཕྱིར་ཇི་སྲིད་ཁོ་བོ་གསོན་པ་དེ་སྲིད་དུ་ཟོང་མནོས་ཤིང་ཡུལ་གཞན་དུ་འགྲོ་ལ་རག་སྟེ། ཡུལ་གཞན་དུ་འདི་ལ་ཕའི་གྲོགས་ཀྱང་མངོན་དུ་གྱུར་པས་དེ་ལྟ་ན་ཁོ་བོ་འདས་ནས་འདི་འགྲོ་བའི་ཕྱོགས་མུན་པ་མེད་པར་འགྱུར་རོ། །དེས་སྨྲས་པ། རྗེའི་སྲས་ མ་ནོངས་ཏེ་དེ་བཞིན་མཆི་ལ་རག་གོ། །དེ་ནས་དེད་དཔོན་དགའ་བོས་མཛེས་དགའ་བོས་ཏེ་སྨྲས་པ། བུ་ཁྱོད་ཀྱིས་ཟོང་མནོས་ཏེ་ཡུལ་གཞན་དུ་འགྲོའོ་སྙམ་དུ་སེམས་བསྐྱེད་པ་མཉེས་ཏེ། ཁོ་བོ་འདས་ནས་ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་སྦྱོང་བར་འགྱུར་བས་དེའི་ཕྱིར་ཇི་སྲིད་ཁོ་བོ་གསོན་པ་དེ་ སྲིད་དུ་ཟོང་མནོས་ཤིང་ཡུལ་གཞན་དུ་འགྲོ་ལ་རག་སྟེ། ཡུལ་གཞན་དུ་ཁྱོད་ལ་ཕའི་གྲོགས་དག་ཀྱང་མངོན་དུ་གྱུར་པས་དེ་ལྟ་ན་ཁོ་བོ་འདས་ནས་ཁྱོད་ཀྱི་འགྲོ་བའི་ཕྱོགས་མུན་པ་མེད་པར་འགྱུར་རོ། །མཛེས་དགའས་སྨྲས་པ། ཡབ་བཀའ་བཞིན་འཚལ་མཆིའོ། །དེ་ནས་དེད་དཔོན་ དགའ་བོས་འཕགས་རྒྱལ་དུ་དྲིལ་བསྒྲག་པ་བྱེད་དུ་བཅུག་སྟེ། འཕགས་རྒྱལ་ན་གནས་པ་དང་། ཕྱོགས་ཐ་དད་པ་ནས་ལྷགས་པའི་ཚོང་པ་རྣམས་ལ་ཤེས་ལྡན་དག་ཉོན་ཅིག །དེད་དཔོན་མཛེས་དགའས་ཟོང་མནོས་ཤིང་ཡུལ་གཞན་དུ་འགྲོས། ཁྱེད་ཅག་ ལས་དེད་དཔོན་མཛེས་དགའ་དང་ལྷན་ཅིག་ཏུ་ཤོ་གམ་མེད་པ་དང་། ལ་གཅན་མེད་པ་དང་། གྲུ་བཙས་མེད་པར་ཡུལ་གཞན་དུ་འགྲོ་བར་སྤྲོ་བ་གང་ཡིན་པ་དེས་ཡུལ་གཞན་དུ་འགྲོ་བ་དང་མཐུན་པའི་ཟོང་བསྡོགས་ཤིག །ཚོང་པ་ལྔ་བརྒྱས་ཡུལ་གཞན་དུ་འགྲོ་བ་དང་། མཐུན་པའི་ ཟོང་བསྡོགས་སོ། །དེད་དཔོན་དགའ་བོས་ཚོང་པ་དེ་དག་མགྲོན་དུ་བོས་ཏེ་ཟས་བྱིན་ནས་སྨྲས་པ། ཤེས་ལྡན་དག་ཇི་ལྟར་མཛེས་དགའ་འདི་ཁོ་བོའི་བུ་ཡིན་པ་དེ་ཁོ་ན་བཞིན་དུ་ཁྱེད་ཀྱི་ཡང་ཡིན་གྱིས། ཚོང་པ་ཡུལ་གཞན་དུ་དོང་བ་རྣམས་ཀྱི་བར་ཆད་ནི་གསུམ་ཡོད་དེ། རྒྱན་པོ་དང་། འཇུད་མཐུན་མ་དང་། ཆང་གི་གནས་སོ། །ཁྱེད་ཅག་གིས་འདི་གནོད་པ་ལས་ངེས་པར་བཟློག་པར་བྱ་ཞིང་ཕན་པ་ལ་ཡང་དག་པར་སྦྱོར་བར་བྱའོ། །གལ་ཏེ་གནོད་པ་ལས་ངེས་པར་བཟློག་ཅིང་ཕན་པ་ལ་ཡང་དག་པར་སྦྱོར་བར་བྱེད་པ་ན་རབ་ཏུ་གནས་པར་གྱུར་ན་དེ་ལྟ་ན་ལེགས། གལ་ཏེ་རབ་ཏུ་མི་གནས་པར་གྱུར་ན་ཁྱེད་ཀྱིས་ཟོང་རྣམ་པར་སྤོངས་ཤིང་རིན་མནོས་ཏེ་འགྲོ་བར་བྱའོ། །མཛེས་དགའ་ལ་ཡང་སྨྲས་པ། བུ་མཛེས་དགའ་ཇི་ལྟར་ཁྱོད་ཁོ་བོའི་བུ་ཡིན་པ་དེ་ཁོ་ན་བཞིན་དུ་ཚོང་པ་འདི་དག་གི་ཡང་ཡིན་གྱིས། ཁྱོད་ཀྱིས་འདི་དག་གི་ཚིག་དང་བས་མཉན་ ཅིང་བྱ་བར་སེམས་ཤིག །དེད་དཔོན་མཛེས་དགའས་ཡབ་བཀའ་བཞིན་འཚལ་ཞེས་དེད་དཔོན་དགའ་བོ་ལས་མཉན་ནས་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་བྱས་ཏེ། ཤིང་རྟ་དག་དང་། ཁུར་དག་དང་། སྤྱད་དག་དང་། གླེ་བ་དག་དང་། རྔ་མོ་དག་དང་། བ་ ལང་དག་དང་། བོང་བུ་དག་གིས་ཟོང་མང་པོ་བླངས་ཏེ། ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཡུལ་གཞན་དུ་འཕགས་སོ། །དེ་མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གི་གནས་དག་ཏུ་ཁད་ཀྱིས་རྒྱུ་བ་ན་མཉན་ཡོད་དུ་ཕྱིན་ནས་མཉན་ཡོད་དུ་མཛོད་ ཅིག་ཏུ་ཟོང་བཙུད་དེ་འདུག་གོ། །དེའི་ཚེ་ན་མཉན་ཡོད་ན་གཟུགས་འཚོང་མ་བཟང་མོ་ཞེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་དགའ་བ་ཞིག་འདུག་སྟེ། དེ་ཀཱར་ཥཱ་པ་ཎ་ལྔ་བརྒྱས་སྐྱེས་པ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །དེས་འཕགས་རྒྱལ་ན་ དེད་དཔོན་དགའ་བོ་ཞེས་བྱ་བ་འདུག་པ་དེའི་བུ་མཛེས་དགའ་ཞེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་དེ་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་འདིར་ཕྱིན་ནས་མཛོད་ཆེ་གེ་མོ་ཞིག་ཏུ་ཟོང་མཁོས་སུ་ཕབ་སྟེ་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གལ་ ཏེ་བདག་གིས་དེའི་ཟོང་ཐམས་ཅད་མ་ཕྲོགས་ན་བཟང་མོ་ཞེས་བྱ་བའི་མིང་མི་གཟུང་ངོ་སྙམ་མོ། །དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་དེད་དཔོན་མཛེས་དགའ་ཞེས་བྱ་བ་འབྱོར་པ་རྒྱ་ཆེན་པོ་དང་ལྡན་པས། ཟོང་ཁྱེར་ཏེ་འོངས་ནས་མཛོད་ཆེ་གེ་མོ་ཞིག་ཏུ་བཙུད་ཀྱིས། དྲི་དང་། ཕྲེང་ བ་རྒྱུ་ཐོགས་ཏེ་དེའི་དྲུང་དུ་སོང་ལ་འདི་སྐད་ཅེས་ཇོ་མོ་བཟང་མོ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ཞིང་། རྗེའི་སྲས་ཀྱིས་ཅིའི་སླད་དུ་རང་གི་ཕོ་བྲང་སྤངས་ཏེ་མི་ཕལ་པ་བཞིན་དུ་མཛོད་ན་བཞུགས། འདི་ནི་ཁྱོད་ཉིད་ཀྱི་ཕོ་བྲང་ལགས་ཀྱིས་ཚུར་སྤྱོན་ཅིག་ཅེས་ཀྱང་མཆིའོ་ཞེས་གྱིས་ཤིག །ཇོ་མོ་ བཀའ་བཞིན་འཚལ་ཞེས་བུ་མོ་མངག་གཞུག་མ་དེས་གཟུགས་འཚོང་མ་བཟང་མོ་ལས་མཉན་ཏེ། དྲི་དང་། ཕྲེང་བ་རྒྱུ་ཐོགས་ནས་དེད་དཔོན་མཛེས་དགའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེད་དཔོན་མཛེས་དགའ་ལ་འདི་སྐད་ཅེས་སྨྲས་སོ། །ཇོ་མོ་བཟང་མོ་ཁྱོད་ཀྱི་ཞབས་ལ་ཕྱག་ འཚལ་ཞིང་། དྲི་དང་། ཕྲེང་བ་རྒྱུ་འདི་ཡང་བསྐུར། རྗེའི་སྲས་ཀྱིས་ཅིའི་སླད་དུ་ཕོ་བྲང་སྤངས་ཏེ་མི་ཕལ་པ་བཞིན་དུ་མཛོད་ན་བཞུགས། འདི་ནི་ཁྱོད་ཀྱི་ཕོ་བྲང་ལགས་ཀྱིས་ཚུར་སྤྱོན་ཅིག་ཅེས་ཀྱང་མཆིའོ། །མཛེས་དགའས་སྨྲས་པ། བུ་མོ་སོང་ཤིག་དང་། ཁོ་བོ་དྲི་དང་། ཕྲེང་བ་རྒྱུ་འདི་བཏགས་ཏེ་འོང་ངོ་། །དེ་ནས་བུ་མོ་མངག་གཞུག་མ་དེ་གཟུགས་འཚོང་མ་བཟང་མོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེས་དེད་དཔོན་མཛེས་དགའ་དང་ལྷན་ཅིག་སྐབས་ཀྱི་གཏམ་ཇི་སྙེད་བྱས་པར་གྱུར་པ་དེ་དག་ཐམས་ཅད་གཟུགས་འཚོང་མ་བཟང་མོ་ལ་བསྙད་དོ། །དེ་ ནས་གཟུགས་འཚོང་མ་བཟང་མོས་བུ་མོ་མངག་གཞུག་མ་ལས་ཐོས་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཁྱིམ་བྱུག་པས་བསྐུས་ཤིང་བྱི་དོར་བྱེད་དུ་བཅུག་ནས་མེ་ཏོག་སྣ་ཚོགས་བཀྲམ་ཞིང་བདུག་སྤོས་ཞིམ་པོས་བདུགས་ཏེ། བླ་རེ་བྲེས་པ་དང་བཅས་པའི་ མལ་བཤམས་ནས་གཙོ་ཆེར་དེད་དཔོན་མཛེས་དགའ་ལ་སྟོད་ཅིང་འདུག་གོ། །དེད་དཔོན་མཛེས་དགའ་ཡང་དྲི་དང་། ཕྲེང་བ་རྒྱུ་དང་། རྒྱན་གྱིས་བཀླུབས་ཏེ་བཞོན་པ་ལ་ཞོན་ནས་ཁྱེའུ་མངག་གཞུག་པས་ཡོངས་སུ་བསྐོར་ཅིང་ལང་ཚོའི་གཟུགས་མཆོག་ཏུ་སྡུག་པས་རྣམ་པར་མཛེས་ ཤིང་གཟུགས་འཚོང་མ་བཟང་མོའི་གནས་ག་ལ་བ་དེར་སོང་ངོ་། །གཟུགས་འཚོང་མ་བཟང་མོས་དེད་དཔོན་མཛེས་དགའ་ལང་ཚོའི་གཟུགས་མཆོག་ཏུ་སྡུག་པས་རྣམ་པར་མཛེས་པ་མཐོང་ངོ་། །མཐོང་ནས་ཀྱང་བྲན་མོ་མངག་གཞུག་མ་ལ་དྲིས་པ། བུ་མོ་འདི་དེད་དཔོན་མཛེས་དགའ་ ཡིན་ནམ། དེས་སྨྲས་པ། ཇོ་མོ་དེད་དཔོན་མཛེས་དགའ་ནི་འདི་ཁོ་ན་ལགས་སོ། །དེ་ནས་གཟུགས་འཚོང་མ་བཟང་མོ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཚིགས་སུ་བཅད་པ་སྨྲས་པ། རིགས་སྐྱེས་རིགས་མིན་སྐྱེས་པའམ། །ནོར་ཉམས་ནོར་གྱིས་འབྱོར་པའང་རུང་། །གཟུགས་ ཀྱིས་ཕྱུག་པ་མཐོང་བས་ནི། །བུད་མེད་རྣམས་ཀྱི་ཡིད་འཕྲོག་བྱེད། །དེ་བཞོན་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་དག་ཁོ་ནས་གཟུགས་འཚོང་མ་བཟང་མོའི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། དེས་མྱུར་བ་མྱུར་བར་ཁང་ཐོག་ནས་བབས་ ཏེ་དེ་བསུ་ནས་ཡན་ལག་ཐམས་ཅད་ཀྱིས་འཁྱུད་དེ། ཁྱིམ་གྱི་ནང་དུ་ཁྲིད་ནས་བུད་མེད་ཀྱི་ཁྲི་ལ་བཞག་སྟེ་སྨྲས་པ། རྗེའི་སྲས་ཀྱི་མཚན་ཅི། དེས་སྨྲས་པ། མཛེས་དགའོ། །དེས་སྨྲས་པ། ཨེ་མ་ཁྱོད་ཀྱི་མཚན་ནི་གཟུགས་དང་འདྲ་ལ། གཟུགས་ཀྱང་མཚན་དང་འདྲ་སྟེ། གལ་ཏེ་ཡབ་ཡུམ་དག་གིས་ཁྱོད་ཀྱི་མཚན་མཛེས་དགའ་ཞེས་བགྱི་བར་མ་གསོལ་བར་གྱུར་ན། དེང་བདག་གིས་ཁྱོད་ཀྱི་མཚན་མཛེས་དགའ་ཞེས་བགྱི་བར་གསོལ་བར་འགྱུར་རོ། །དེས་སྨྲས་པ། ཁྱོད་ཀྱི་མཚན་ཅི། དེས་སྨྲས་པ། བཟང་མོའོ། །དེས་སྨྲས་པ། ཨེ་མའོ། །ཁྱོད་ཀྱི་ མཚན་ནི་གཟུགས་དང་འདྲ་ལ། གཟུགས་ཀྱང་མཚན་དང་འདྲ་སྟེ། གལ་ཏེ་ཡབ་ཡུམ་དག་གིས་ཁྱོད་ཀྱི་མཚན་བཟང་མོ་ཞེས་བགྱི་བར་མ་གསོལ་བར་གྱུར་ན་དེང་བདག་གིས་ཁྱོད་ཀྱི་མཚན་བཟང་མོ་ཞེས་བགྱི་བར་གསོལ་བར་འགྱུར་རོ། །མཛེས་དགའས་སྨྲས་པ། བཟང་མོ་དགུང་ གཅིག་གི་གླ་ཅི་ཙམ། དེས་སྨྲས་པ། རྗེའི་སྲས་ཀྱིས་མི་ཕལ་པ་བཞིན་དུ་མི་གཤའ་བ་ཞིག་བཀའ་སྩལ་ཏོ། །དེའི་བུ་མོ་མངག་གཞུག་མས་སྨྲས་པ། དགུང་རེད་ཞིག་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ལྔ་བརྒྱའོ། །དེས་མི་ལ་ཁྱོད་ཀྱིས་ཉིན་རེ་ཞིང་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་བསྐུར་བར་ བྱའོ་ཞེས་བསྒོ་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །འདོད་པ་དག་ནི་བསྟེན་པ་ན་ལྡོག་པའམ། ངོམས་པའམ། མཐར་ཐུག་པ་མེད་པས་དེ་ཉི་མ་མང་པོ་འདས་ཀྱང་ངོམས་པར་མ་གྱུར་ཅིང་། མིས་ཀྱང་ཉིན་རེ་ཞིང་ཀཱར་ཥཱ་ པ་ཎ་ལྔ་བརྒྱ་ལྔ་བརྒྱ་འབུལ་བ་ཁོ་ནར་བྱེད་དོ། །ཚོང་པ་དག་གིས་སྨྲས་པ། ཤེས་ལྡན་དག་དེད་དཔོན་མཛེས་དགའ་མི་སྣང་ན། དེ་བདག་ཅག་ལ་གྲོགས་པོས་གཏད་པས་ཀུན་ཏུ་བཙལ་བར་བྱའོ། །ཚོང་པ་དག་གིས་དེའི་གཡོག་དག་ལ་དྲིས་པ། དེད་དཔོན་གར་བཞུད། དེ་དག་ གིས་སྨྲས་པ། དེད་དཔོན་ཉི་མ་གང་ཁོ་ན་ལ་མཉན་ཡོད་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་འཇུད་མཐུན་མའི་ཁྱིམ་དུ་ཞུགས་ཏེ་འདུག་ན་ཁྱེད་ཅག་གིས་དེང་གཟོད་དྲན་ནམ། ཚོང་པ་དག་གིས་སྨྲས་པ། ཤེས་ལྡན་དག་ཡུ་བུ་ཅག་གིས་དེད་དཔོན་མཛེས་དགའ་ཡལ་བར་བོར་བ་ནི་མ་ལེགས་པ་བྱས་ཏེ། འདིའི་ཕས་ཡུ་བུ་ཅག་ལ་ཀླན་ཀར་འགྱུར་རོ། །ཚོང་པ་དག་གིས་མཛེས་དགའ་ལ་དོན་མཐུན་རྣམས་ཀྱི་མཆིད་ནས་ཚུར་སྤྱོན་ཅིག་ཅེས་མཆིའོ་ཞེས་བང་ཆེན་བཏང་ངོ་། །བང་ཆེན་དེས་མཛེས་དགའ་ལ་བསྒོ་ནས་མཛེས་དགའ་འབྱུང་བར་བརྩམས་པ་དང་། བཟང་མོས་གོས་ཀྱི་མཐའ་ནས་བཟུང་སྟེ་ སྨྲས་པ། རྗེའི་སྲས་འདོད་པ་དག་ནི་རྒྱུ་གཉིས་ཀྱིས་བསྟེན་པར་བགྱི་སྟེ། གཟུགས་བཟང་བ་ཉིད་དང་། ལང་ཚོ་ཉིད་ཀྱིས་སོ། །ཁྱོད་ནི་གཟུགས་བཟང་བ་དང་། ལང་ཚོ་ལ་བབ་པ་ལགས་ན་གཞོན་པའི་གནས་སྐབས་སུ་རེ་ཞིག་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པ་མཛོད་ལ་བགྲེས་པའི་ གནས་སྐབས་སུ་ནོར་སྒྲུབ་པ་མཛོད་ཅིག །མཛེས་དགའས་བང་ཆེན་དེ་ལ་སྨྲས་པ། ཀྱེ་ཁྱོད་སོང་ཤིག་དང་འོང་ངོ་། །བང་ཆེན་དེ་སོང་སྟེ་ཚོང་པ་རྣམས་ལ་སྨྲས་པ། དེད་དཔོན་གྱི་ཞལ་ནས་སོང་ཤིག་དང་འོང་ངོ་ཞེས་གསུང་ངོ་། །ཚོང་པ་དེ་དག་འདུས་ཏེ། སྡོད་པ་ན་མཛེས་ དགའ་ཐོགས་ནས། ཚོང་པ་དེ་དག་ཐམས་ཅད་འདུས་ཏེ་འཇུད་མཐུན་མའི་ཁྱིམ་དུ་དོང་ནས་ཚོང་པ་དེ་དག་གིས་སྒོར་བསྡད་དེ། མི་ལ་སྨྲས་པ། ཀྱེ་ཁྱོ་ག་སོང་ལ་དེད་དཔོན་ལ་ཚོང་པའི་ཚོགས་རྣམས་སྒོ་ན་སྡོད་ཅིང་དེད་དཔོན་བལྟ་བར་འཚལ་ལོ། །ཞེས་གྱིས་ཤིག །མི་དེས་སོང་སྟེ་མཛེས་ དགའ་ལ་བརྗོད་ནས་མཛེས་དགའས་འབྱུང་བར་བརྩམས་པ་དང་། ཡང་གཟུགས་འཚོང་མ་བཟང་མོས་གོས་ཀྱི་མཐའ་ནས་བཟུང་སྟེ་སྨྲས་པ། རྗེའི་སྲས་ཚོང་པ་དེ་དག་ཀྱང་བདག་དང་ལྷན་ཅིག་དགའ་མགུར་སྤྱོད་འཚལ་ཏེ། དེ་དག་དང་ལྷན་ཅིག་དགའ་མགུར་སྤྱད་དུ་ག་ལ་རུང་བཞུགས་ ཤིག །འདོད་པ་དག་ནི་བསྟེན་པ་ན་ཀུན་དུ་སྦྱོར་བ་དག་འཕེལ་བར་བྱེད་པ་ཡིན་པས་མཛེས་དགའས་སྨྲས་པ། གང་གི་ཚེ་ཁོ་བོ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་འབྱུང་བར་འགྱུར་རོ། །མི་དེས་སོང་སྟེ་ཚོང་པའི་ཚོགས་རྣམས་ལ་སྨྲས་པ། དེད་དཔོན་གྱི་ཞལ་ནས་ གང་གི་ཚེ་ཁོ་བོ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་འབྱུང་ངོ་ཞེས་གསུང་ངོ་། །ཚོང་པ་དག་གིས་སྨྲས་པ། ཀྱེ་མ་མཛེས་དགའ་འདི་བྱ་བ་མ་ཡིན་པ་ལ་ཞུགས་ཀྱིས་འདོང་ངོ་ཞེས་དེ་དག་གིས་ཟོང་རྣམ་པར་སྤངས་ནས་རིན་བླངས་ཏེ་འཕགས་སོ། །དེ་ནས་མི་གང་གིས་ཉི་མ་ རེ་རེ་ཞིང་བཟང་མོ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་ཕུལ་བར་གྱུར་པ་དེས་ཕྱིན་ཆད་འབུལ་བར་མི་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་བཟང་མོས་མི་དེ་ལ་དྲིས་ཤིང་སྨྲས་པ། ཀྱེ་ཁྱོ་ག་ཅིའི་ཕྱིར་ཕྱིན་ཆད་ཀཱར་ཥཱ་པ་ཎ་དག་འབུལ་བར་མི་བྱེད། དེས་སྨྲས་པ། དོན་མཐུན་དག་དོང་བས་ བདག་གིས་ག་ལས་དབུལ། ཅི་དོན་མཐུན་དག་གིས་མཛེས་དགའི་ཟོང་ཡང་ཁྱེར་རམ། ཁྱེར་རོ། །བཟང་མོས་མཛེས་དགའ་དང་ལྷན་ཅིག་ཉི་མ་གཉིས་སམ། གསུམ་དགའ་མགུར་སྤྱད་ནས་སྨྲས་པ། རྗེའི་སྲས་བདག་ལ་ཞིང་ཡང་མ་མཆིས། ལས་ཀྱི་མཐའ་བགྱིད་པ་དག་ཀྱང་ མ་མཆིས། གྲོང་མི་ཟོང་མནོས་ཏེ་ཡུལ་གཞན་དུ་མཆི་བ་དག་ཀྱང་མ་མཆིས་ཏེ། ཁྱོད་ལྟ་བུ་དག་གི་དྲུང་ནས་གང་ཐོབ་པ་དེས་བདག་འཚོ་བར་འགྱུར་བ་ཁོ་ནར་བས་ན་ཡང་ན་ནི་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག །ཡང་ན་ནི་སྐྱེས་པ་གཞན་གྱིས་སྐབས་དབྱེ་བ་མཛོད་ཅིག །མཛེས་དགའས་ སྨྲས་པ། བཟང་མོ་ཁྱོད་ལ་སྡུག་པ་འགའ་ཡང་མེད་དམ། བཟང་མོས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས། ཚོགས་ཅན་རྣམས་ལ་སྡུག་པ་མེད། །དེ་དག་རང་བཞིན་རིང་མི་གནས། །བྱ་རྣམས་འབྲས་མེད་ལྗོན་པ་བཞིན། །དེ་དག་རྙིང་པ་རྣམ་པར་སྤོང་། །ཞེས་བགྱི་བ་མ་གསན་ ཏམ། མཛེས་དགའས་སྨྲས་པ། བཟང་མོ་ཁྱོད་ལ་ཇི་སྲིད་དུ་ནོར་སྦྱིན་པར་བྱེད་པ་དེ་སྲིད་དུ་ཁྱོད་སྐྱེས་པའི་དབང་དུ་འགྱུར་རམ། བཟང་མོས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས། ཇི་སྲིད་བརྒྱ་བྱིན་ཆར་འབེབས་པ། །དེ་སྲིད་རི་ཀླུང་ཆུ་འབེབས་ལྟར། །ཇི་སྲིད་ནོར་ནི་སྦྱིན་བྱེད་པ། །དེ་ སྲིད་འཇུད་མཐུན་སྐྱེས་བུ་དབང་། །ཞེས་བགྱི་བ་མ་གསན་ཏམ། མཛེས་དགའས་སྨྲས་པ། བཟང་མོ་ཁྱོད་སུ་ལ་ཡང་ཡིད་འབེབས་པར་མི་བྱེད་དམ། བཟང་མོས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས། འཇུད་མཐུན་དགོངས་ཀར་རང་ལུས་བཞིན། །གཅུགས་དང་གཏམ་གྱིས་ དགའ་བར་བྱེད། །དེ་ནས་ནམ་ཕྱེད་དབུས་གནས་ཤིང་། །ནམ་ནངས་ཕན་ཆད་རྩྭ་བཞིན་སྤོང་། །ཞེས་བགྱི་བ་མ་གསན་ཏམ། མཛེས་དགའས་སྨྲས་པ། བཟང་མོ་ཁྱོད་ནོར་དང་བཅས་པའི་མི་དག་ལ་སྤྱོད་པར་བྱེད་དམ། བཟང་མོས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས། ནོར་ དང་བཅས་པའི་མི་དག་དང་། །ནོར་མ་སྤྱད་པ་རྣམས་ལ་ཡང་། །སར་པའི་རྩྭ་ལ་བ་ལང་བཞིན། །བདག་ཅག་རྣམས་ཀྱིས་སྤྱད་པར་བྱ། །ཞེས་བགྱི་བ་མ་གསན་ཏམ། མཛེས་དགའས་འབྱུང་བར་བརྩམས་པ་དང་། བཟང་མོས་བསམས་པ། མཛེས་དགའ་འདི་ནི་ གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་པས་ཤིན་ཏུ་ཐག་རིང་བར་སོང་ཡང་སྐྱེས་བུ་འདི་ལྟ་བུ་དང་ལྷན་ཅིག་རྩེ་བར་བྱ། དགའ་བར་བྱ། དགའ་མགུར་སྤྱད་པར་བྱ་བ་ཡིན་པས་དེའི་ཕྱིར་ཇི་སྲིད་དུ་གཞན་ཀཱར་ཥཱ་པ་ཎ་དག་ཐོགས་ཏེ་མི་འོང་བ་དེ་སྲིད་དུ་འདི་དང་ལྷན་ ཅིག་རྩེ་བར་བྱ། དགའ་བར་བྱ། དགའ་མགུར་སྤྱད་པར་བྱའོ་སྙམ་དུ་ཤེས་ཤིང་རིག་ནས། བཟང་མོས་མཛེས་དགའི་གོས་ཀྱི་མཐའ་ནས་བཟུང་སྟེ་འཛིན་ཅིང་སྨྲས་པ། རྗེའི་སྲས་ཁྱོད་ལ་ཁབ་ན་བཞད་གད་མི་བགྱིད་དམ། དེ་ནི་བདག་གིས་བཞད་གད་བགྱིད་ པ་ལགས་ཀྱིས་གཞེས་ཤིག །མ་བཞུད་ཅིག །མཛེས་དགའ་འདོད་ཆགས་ཤས་ཆེན་པོ་འདུག་པ་དང་། སྐྱེས་པ་གཞན་ཞིག་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་དེར་ཞུགས་ནས། དེས་བཟང་མོ་དགའ་མགུར་སྤྱད་ཀྱིས་བཞུད་ཅེས་སྨྲས་པ་དང་། བཟང་མོས་མཛེས་དགའ་ཉིད་ཀྱི་ མདུན་དུ་ཡོལ་བས་བཅད་དེ་དགའ་མགུར་སྤྱད་པར་བརྩམས་ནས། མཛེས་དགའས་འདི་བདག་ཁོ་ནའི་མདུན་དུ་སྐྱེས་པ་འདི་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ་སྙམ་དུ་ཤེས་ཤིང་རིག་ནས་སོང་ངོ་། །མཛེས་དགའ་ལམ་པོ་ཆེ་ལ་མི་མཁས་པས་གང་དུ་འགྲོ་བར་བྱ་བ་ མི་ཤེས་ནས། ཇི་ཙམ་ན་དགེ་སློང་ཞིག་མཉན་ཡོད་དུ་བསོད་སྙོམས་ལ་བརྒྱུས་ནས་ཕྱིར་བྱུང་བ་དེ་མཛེས་དགའས་མཐོང་ནས་དགེ་སློང་དེའི་ཕྱིར་ཐོག་ཐག་རྗེས་སུ་སོང་ངོ་། །དེ་ནས་དགེ་སློང་དེ་གཙུག་ལག་ཁང་དུ་སོང་སྟེ། ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་ནས་སྣམ་ སྦྱར་སྤྲུགས་ཏེ། རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ། ཆུ་བཙགས་ནས་ལོ་མ་ལྷགས་པ་དག་བླངས་ཏེ། འདུག་ནས་ཟས་ཀྱི་བྱ་བ་བྱ་བར་བརྩམས་པ་དང་། མཛེས་དགའ་དེའི་མདུན་ན་འགྲེང་ངོ་། །དགེ་སློང་དེས་མཛེས་དགའ་ལ་སྨྲས་པ། བཞིན་བཟངས་ ལྷུང་བཟེད་ཀྱི་ལྷག་མ་འདོད་དམ། མཛེས་དགའས་གལ་ཏེ་མ་ཟོས་ན་བཀྲེས་པས་འཆི་བར་འགྱུར་བར་ཤེས་ཤིང་རིག་ནས་སྨྲས་པ། འཕགས་པ་འཚལ་ལོ། །དགེ་སློང་དེས་མཛེས་དགའ་ལ་ལྷུང་བཟེད་ཀྱི་ལྷག་མ་བྱིན་པ་དང་། མཛེས་དགའས་ཟོས་སོ། །ཟོས་ནས་དྲིས་པ། བཞིན་བཟངས་ཁྱོད་ག་ལས་འོང་། མཛེས་དགའས་སྨྲས་པ། འཕགས་པ་བདག་ནི་ཡུལ་སྲུང་བྱེད་དག་ན་གྲོང་ཁྱེར་འཕགས་རྒྱལ་ཞེས་བགྱི་བ་དེ་ན་དེད་དཔོན་དགའ་བོ་ཞེས་བགྱི་བ་མཆིས་པ་དེའི་བུ་མཛེས་དགའ་ཞེས་བགྱི་བ་ལགས་ཏེ། བདག་ཟོང་མང་པོ་འཚལ་ཏེ་མཆིས་ པ་ལས་འཇུད་མཐུན་མས་ཚུལ་མ་ལགས་པས་གནོད་པ་བསྒྲུབས་པར་གྱུར་ཏོ། །དགེ་སློང་དེས་སྨྲས་པ། བཞིན་བཟངས་ཅིའི་ཕྱིར་རབ་ཏུ་མི་འབྱུང་། མཛེས་དགའས་གལ་ཏེ་བདག་འཕགས་རྒྱལ་དུ་སོང་བར་གྱུར་ན་སུ་ཞིག་མཆིལ་མ་དག་ས་ལ་འདོར་བར་འགྱུར་ཏེ། བདག་ ཁོ་ནའི་སྟེང་འབའ་ཞིག་དུའོ་སྙམ་དུ་ཤེས་ཤིང་རིག་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་ངོ་། །དགེ་སློང་དེས་མཛེས་དགའ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ནས་དེའི་འོག་ཏུ་ཉི་མ་གཉིས་སམ། གསུམ་དུ་ཀུན་དུ་སྤྱད་པའི་ཆོས་དག་སློབ་དུ་བཅུག་ནས་སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་། ཡབ་ཀྱི་ཡུལ་ཡིན་གྱིས་བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །མཛེས་དགའ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ ཞུགས་སོ། །གཟུགས་འཚོང་མ་བཟང་མོ་ཡང་འགྱོད་པ་སྐྱེས་ཏེ། བདག་གིས་ཀཱར་ཥཱ་པ་ཎ་འདོད་པའི་རྒྱུས་དེད་དཔོན་མཛེས་དགའ་དེ་ཙམ་དུ་མཛེས་ཤིང་ལང་ཚོ་ལ་བབ་པ་དེ་བསྐྲད་པ་ནི་མ་ལེགས་པ་བྱས་ཏེ། ཤིན་ཏུ་ཐག་རིང་བར་སོང་ཡང་སྐྱེས་བུ་དེ་ལྟ་བུ་དང་ལྷན་ཅིག་དགའ་ མགུར་སྤྱད་པར་བྱ་བ་ཡིན་པར་ཤེས་ཤིང་རིག་ནས། བུ་མོ་མངག་གཞུག་མ་ལ་བུ་མོ་གལ་ཏེ་དེད་དཔོན་མཛེས་དགའ་མཐོང་ན་ཡང་འཇུག་ཏུ་ཆུག་ཤིག་ཅེས་བསྒོའོ། །མཛེས་དགའ་སྤྱོད་ཡུལ་ལ་མི་མཁས་པས་བསོད་སྙོམས་སྒྲུབ་པ་ན་འཇུད་མཐུན་མའི་ཁྱིམ་དེ་ཉིད་དུ་ཕྱིན་པ་དང་། བུ་མོ་མངག་གཞུག་མ་དེས་མཐོང་ནས་ཡོངས་སུ་དགའ་བས་བཟང་མོ་ལ་ཇོ་མོ་མཛེས་དགའ་ཁབ་སྒོར་མཆིས་སོ་ཞེས་སྦྲན་ཏོ། །བཟང་མོས་སྨྲས་པ། འཇུག་ཏུ་ཆུག་ཤིག །བུ་མོས་སྨྲས་པ། རབ་ཏུ་བྱུང་ངོ་། །བཟང་མོས་སྨྲས་པ། རབ་ཏུ་བྱུང་ཡང་འཇུག་ཏུ་ཆུག་ཤིག ། མངག་གཞུག་མ་དེས་མཛེས་དགའ་འཇུག་ཏུ་བཅུག་ནས་གཟུགས་འཚོང་མ་བཟང་མོ་མཐོང་བ་དང་། བཟང་མོས་བྲང་བརྡུངས་ཏེ་སྨྲས་པ། མཛེས་དགའ་ཁྱོད་ཀྱིས་ཅིའི་སླད་དུ་ངན་བུ་སྤངས་ཏེ་རབ་ཏུ་བྱུང་། མཛེས་དགའས་སྨྲས་པ། སྐལ་ཆད་མ་ཁྱོད་ཁོ་བོ་ཁོ་ནའི་མདུན་དུ་ སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་ན་ཁོ་བོ་ཇི་ལྟར་རབ་ཏུ་མི་འབྱུང་། བཟང་མོས་སྨྲས་པ། རྗེའི་སྲས་བུད་མེད་ཀྱི་ཡུལ་ནི་རྟག་ཏུ་ནོངས་པ་མཆིས་པས་བདག་ལ་ནོངས་པ་མཆིས་པ་དེ་བཟོད་པར་མཛོད་ཅིག །ད་ནི་བདག་གི་རྫས་ཀྱང་ཁྱོད་ ལགས་ཀྱིས་ཚུར་སྤྱོན་བདག་དང་ལྷན་ཅིག་དགའ་མགུར་སྤྱད་དུ་གསོལ། མཛེས་དགའས་སྨྲས་པ། དེའི་ཚེ་ཡང་ཁྱོད་ཀྱིས་ཁོ་བོ་རེ་ཞིག་ནོར་དང་དོན་མཐུན་དག་ལ་ཡོངས་སུ་ཉམས་པར་བྱས་ན། ཅི་ད་ཚུལ་ཁྲིམས་ལས་ཀྱང་ཡོངས་སུ་ཉམས་པར་བྱེད་འདོད་དམ། བཟང་མོས་ སྨྲས་པ། འཕགས་པ་སླད་རོལ་དུ་དྲུད་ཅིང་ནང་དུ་ཕོ་ལ། ནང་དུ་དྲུད་ཅིང་སླད་རོལ་དུ་ཕོ་ཞིག་དང་འདིས་ཚུལ་ཁྲིམས་འཆལ་པ་ཅི་མཆིས། མཛེས་དགའས་དགེ་སློང་གནས་བརྟན་ནོ་ཅོག་འདིར་བསོད་སྙོམས་ལ་འཇུག་པ་དེ་དག་ཀྱང་གོར་མ་ཆག་པར་འདི་ལྟར་བྱེད་པས་དེས་ན་འདི་སྐད་ ཅེས་ཟེར་རོ་སྙམ་དུ་ཤེས་ཤིང་རིག་ནས། མཛེས་དགའས་ལྷུང་བཟེད་དང་ཆོས་གོས་མཐའ་གཅིག་ཏུ་བཞག་སྟེ། ཕྱི་རོལ་དུ་དྲུད་ཅིང་ནང་དུ་ཕོ། ནང་དུ་དྲུད་ཅིང་ཕྱི་རོལ་དུ་ཕོ་ནས་ཡ་མཚན་དང་བྲལ་བར་གྱུར་ཏོ། །དེ་ནས་བཟང་མོས་བཅའ་བ་དང་བཟའ་བ་གཙང་མ་བསོད་པས་ ལྷུང་བཟེད་འགེངས་སུ་བཅུག་སྟེ་བྱིན་ནས། འཕགས་པ་གལ་ཏེ་ཡང་བཞེད་པར་གྱུར་ན་སྤྱོན་ཅིག་ཅེས་ཀྱང་སྨྲས་སོ། །མཛེས་དགའས་བསོད་སྙོམས་བླངས་ཏེ་སོང་ངོ་། །ཇི་ཙམ་ན་བཅོམ་ལྡན་འདས་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་ བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ། །ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་འདོད་ ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དང་། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་ རབ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཚེ་དང་ལྡན་པ་མཛེས་དགའ་ཅུང་ཟད་འགྱོད་པར་གྱུར་རྣམ་པར་འགྱོད་པར་གྱུར། རབ་ཏུ་འགྱོད་པར་གྱུར་ཅིང་འདུག་ལ། འགྱོད་པ་དང་ལྡན། འགྱོད་པ་ཐོབ་ཅིང་ཅང་མི་སྨྲ་བར་གྱུར། ཡུལ་ཡུལ་པོར་གྱུར། ཕྲག་པ་ཀློད། གདོང་ སྨད། སྤོབས་པ་མེད། སེམས་ཁོང་དུ་ཆུད་ཅིང་འདམ་བུ་སྔོན་པོར་བརྔས་པ་རྙིངས་པར་འགྱུར། སྐམ་པར་འགྱུར་བ་ལྟར་འདུག་གོ། །དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་མཛེས་དགའ་ཁྱོད་ལ་ལུས་ཀྱི་གནོད་པའམ། སེམས་ཀྱི་ཡོངས་སུ་གདུང་བ་འགའ་ ཞིག་མེད་དམ། དེ་ངོ་ཚ་བས་སྨྲ་བར་མི་བྱེད་ཅིང་འགའ་ཡང་མེད་དོ་ཞེས་ཟེར་རོ། །སྨན་པ་ཞིག་ཕྱོགས་དེར་འོངས་པ་དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་གཞོན་ནུ་འདི་ནད་ཅི་ཡིན་པ་དེ་ལྟོས་ཤིག །སྨན་པ་དེས་དེ་བརྟག་པར་བརྩམས་པ་དང་། དབང་པོ་ གསལ་བ་མཐོང་ནས་སྨྲས་པ། འཕགས་པ་དག་འདིའི་དབང་པོ་དག་གསལ་བས་འདི་ལ་ལུས་ཀྱི་ནད་ནི་འགའ་ཡང་མ་མཆིས་ཀྱི། འདི་ལ་སེམས་ཀྱི་ཡོངས་སུ་གདུང་བ་ནི་གོར་མ་བཀུམ་པར་མཆིས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་འདིའི་སེམས་ཀྱི་ ཡོངས་སུ་གདུང་བ་ཇི་ལྟ་བུ་ཡིན། སྨན་པས་སྨྲས་པ། འཕགས་པ་དག་བདག་ཅག་སྨན་པ་དག་ནི་ལུས་གསོ་བར་བགྱིད་པ་ལགས་ཀྱི་སེམས་གསོ་བར་བགྱིད་པ་མ་ལགས་ཏེ། འདི་ལྟར་འཕགས་པ་དག་ཉིད་སེམས་གསོ་བར་མཛད་པ་ལགས་པས་འཕགས་པ་དག་ཉིད་ཀྱིས་ མཁྱེན་པར་འགྱུར་རོ་ཞེས་སྨྲས་ཏེ་སོང་ངོ་། །དགེ་སློང་རྣམས་ཀྱིས་མཛེས་དགའ་ལ་སྨྲས་པ། ཚེ་དང་ལྡན་པ་འདི་ན་ཁྱོད་ཀྱི་ཕ་ཡང་མེད། མ་ཡང་མེད། རྩ་ལག་གཞན་ཡང་མེད་དེ། ཚངས་པ་མཚུངས་པར་སྤྱོད་པ་ངེད་ཅག་ཁོ་ནར་ཟད་པས་ངེད་ཀྱིས་ཁྱོད་ཀྱི་བསྙེན་བཀུར་ བྱས་ཇི་ལྟར་གྱུར་པ་སྨྲོས་ཤིག །མཛེས་དགའས་དགེ་སློང་དེ་ལ་སྐབས་དེ་དག་རྒྱས་པར་བརྗོད་དོ། །དགེ་སློང་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ནི་འབྲས་བུ་ཁོ་ནས་ཚ་བར་གྱུར་ཏེ། ཚེ་དང་ལྡན་པས་རབ་ཏུ་བྱུང་བ་ཙམ་ཉིད་ཀྱིས་བསྟན་པ་ལ་ཆུ་བུར་ཕྱུང་བར་གྱུར་ཏོ་ཞེས་དགེ་ སློང་དེ་དག་མཛེས་དགའས་སྨྲས་པ་ལ་མངོན་པར་བསྟོད་པར་ཡང་མི་བྱེད། ཕྱིར་བཟློག་པར་ཡང་མི་བྱེད་ཅིང་མངོན་པར་བསྟོད་པར་མ་བྱས། ཕྱིར་བཟློག་པ་ཡང་མ་བྱས་པར་དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེས་ཀྱང་མི་གཏི་ མུག་ཅན་དེ་ཕམ་པར་གྱུར་ཏོ། །དགེ་སློང་གིས་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་ཅིང་དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་ཟག་བྱེད་ཟག་བྱེད་ཀྱི་ཕྱི་རོལ་དུ་དྲུད་ཅིང་ནང་དུ་ འབོ་བ་དང་། ནང་དུ་དྲུད་ཅིང་ཕྱི་རོལ་དུ་འབོ་བར་བྱེད་ན་ཕམ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་པ་ དང་། ཆུང་མ་དེ་རང་གི་ལས་དག་གིས་དུས་ལ་བབ་བོ། །གཉིས་པ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །དེ་བཞིན་དུ་ཆུང་མ་བདུན་པའི་བར་དུ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །ཁྱིམ་བདག་དེ་ཡང་སྐུར་བ་གདབ་པར་འགྱུར་བའི་ལས་དག་གིས་ཆུང་མ་གསོད་པ་ཆུང་མ་གསོད་ པ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཁྱིམ་བདག་དེས་ཡང་བུ་མོ་བསླངས་པ་དང་། མི་སྟེར་ཅིང་ངེད་ཀྱིས་ཅིའི་ཕྱིར་བུ་མོ་ཡོངས་སུ་གཏང་མི་སྦྱིན་ནོ་ཞེས་ཀྱང་ཟེར་རོ། །ཁྱིམ་བདག་དེས་ཡུགས་ས་མོ་དག་བསླངས་པ་དང་། ཡུགས་ས་མོ་དེ་དག་ཀྱང་ཁོ་མོ་ཅག་གིས་ཅིའི་ཕྱིར་བདག་ཡོངས་ སུ་གཏང་ན་ཁྱོད་ཀྱི་ཁྱིམ་དུ་འཇུག་ཅེས་ཟེར་རོ། །ཁྱིམ་བདག་དེ་རྣམ་པ་ཐམས་ཅད་དུ་ཡི་ཆད་ནས་རང་ཉིད་ཀྱིས་ཁྱིམ་གྱི་སོ་ཚིས་དག་བྱ་བར་བརྩམ་པ་དང་། དུས་གཞན་ཞིག་ན་ཁྱིམ་བདག་དེའི་ཆུང་པོ་གྲོགས་ཤིག་འོངས་ནས་དེས་ཁྱིམ་བདག་དེ་མཐོང་ནས་དྲིས་པ་དང་། ཁྱོད་ཅི་བྱེད། ཁྱིམ་གྱི་སོ་ཚིས་དག་བྱེད་དོ། །དེས་སྨྲས་པ། ཁྱོད་ཅིའི་ཕྱིར་རང་ཉིད་ཀྱིས་ཁྱིམ་གྱི་སོ་ཚིས་བྱེད། ཁྱིམ་བདག་གིས་སྨྲས་པ། ཁོ་བོས་ཆུང་མ་གཅིག་བླངས་པ་དང་དེ་རང་གི་ལས་དག་གིས་དུས་ལ་བབ་བོ། །གཉིས་པ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །དེ་བཞིན་དུ་ཆུང་མ་བདུན་ པའི་བར་དུ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །དེས་སྨྲས་པ། གཞན་དག་ཅིའི་ཕྱིར་མི་སློང་། ཁྱིམ་བདག་གིས་སྨྲས་པ། བསླངས་ན་མི་སྟེར་ཅིང་ངེད་ཀྱིས་ཅིའི་ཕྱིར་བུ་མོ་ཡོངས་སུ་གཏང་མི་སྦྱིན་ནོ་ཞེས་ཟེར་རོ། །དེས་སྨྲས་པ། ཡུགས་ས་མོ་དག་ཅིའི་ཕྱིར་མི་སློང་། ། ཁྱིམ་བདག་གིས་སྨྲས་པ། བསླངས་ཏེ་དེ་དག་ཀྱང་ཁོ་མོ་ཅག་གིས་ཅིའི་ཕྱིར་བདག་ཡོངས་སུ་གཏང་ན་ཁྱོད་ཀྱི་ཁྱིམ་དུ་འཇུག་ཅེས་ཟེར་རོ། །ཁྱིམ་བདག་དེའི་ཁྱིམ་གྱི་ཧ་ཅང་ཡང་མི་རིང་བ་ན་ཚོགས་ཅན་མ་རྒན་མོ་ཞིག་འདུག་ནས་ཆུང་པོ་གྲོགས་དེས་ཁྱིམ་བདག་ལ་སྨྲས་པ། ཚོགས་ཅན་མ་རྒན་མོ་དེ་ཅིའི་ཕྱིར་འཇུག་ཏུ་མི་གཞུག །ཁྱིམ་བདག་གིས་སྨྲས་པ། ཅི་ཁོ་བོས་འཇུད་མཐུན་མའི་ཁྱིམ་བྱའམ། དེས་སྨྲས་པ། ཚོགས་ཅན་མ་དེ་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་ལས་ཕྱིར་ལོག་གིས་འཇུག་ཏུ་ཆུག་ཤིག །ཁྱིམ་བདག་དེ་ཆུང་པོ་གྲོགས་དེས་ནན་ གྱིས་མནན་པ་ན་ཚོགས་ཅན་མ་དེའི་གན་དུ་སོང་སྟེ་བདེ་ལེགས་བདེ་ལེགས་ཞེས་སྨྲས་པ་དང་། རྒན་མོས་སྨྲས་པ། བྱོན་པ་ལགས་སོ་ཅི་བཞེད། ཁྱིམ་བདག་གིས་སྨྲས་པ། ཁྱོད་འཚལ་ན་ཁྱོད་སུའི། རྒན་མོས་སྨྲས་པ། བདག་ལ་ཟས་དང་གོས་སྦྱིན་པ་གང་ལགས་པའིའོ། ། ཁྱིམ་བདག་གིས་སྨྲས་པ། ཁྱོད་སྔོན་གྱི་ཉོན་མོངས་པ་དག་ཀུན་དུ་མི་སྤྱོད་དམ། རྒན་མོས་སྨྲས་པ། ཅི་བདག་གིས་སྐྱེས་པ་མི་མཐོང་ངམ། བདག་སྡིག་པ་ཅན་དམ་པ་མ་ལགས་པའི་ཆོས་དེ་ལས་ནི་ཕྱིར་ལོག་གོ། །ཁྱིམ་བདག་གིས་སྨྲས་པ། ཚུར་སྤྱོན་བཞུད་བདག་གིས་ཁྱོད་ཀྱི་ན་ བཟའ་དང་བཤོས་གསོལ་གྱིས། ཁྱོད་ཀྱིས་བདག་གི་ཁྱིམ་གྱི་སོ་ཚིས་དག་མཛོད་ཅིག །ཁྱིམ་བདག་དེས་ཚོགས་ཅན་མ་རྒན་མོ་དེ་ཁྱིམ་དུ་བཅུག་སྟེ། ལྡེ་མིག་དང་ལྡེ་མིག་ཀྱོག་པོ་དག་གཏད་ནས་སྨྲས་པ། འདི་ཁྱོད་ཀྱི་ཁྱིམ་ཡིན་གྱིས་ཁྱོད་ཀྱིས་བྱིན་པས་ཁོ་བོ་བྱ་བ་བྱེད་དོ། །ཚོགས་ ཅན་མ་རྒན་མོ་དེས་ཁྱིམ་བདག་དེའི་ཁྱིམ་གྱི་སོ་ཚིས་དག་བྱ་བར་བརྩམས་ནས། དེའི་འོག་ཏུ་གོས་དང་ཟས་བཟང་པོས་དུས་ཡུན་མི་རིང་བ་ཞིག་གིས་པགས་པ་དང་། ཤ་དང་། ཁྲག་དག་བརྟས་པར་གྱུར་ཏོ། །དེའི་སྒོའི་ཉེན་ཀོར་ནས་བུ་མོ་རབ་ཏུ་མང་པོ་དག་ཅིག་རྒྱལ་ བྱེད་གྱི་ཚལ་དུ་འདོང་བ་ཚོགས་ཅན་མ་རྒན་མོས་མཐོང་ནས་གར་འདོང་ཞེས་དྲིས་པ་དང་། བུ་མོ་དག་གིས་སྨྲས་པ། རྒྱལ་བྱེད་ཀྱི་ཚལ་དུ་འདོང་ངོ་། །རྒན་མོས་སྨྲས་པ། ཁོ་མོ་གོས་དང་རྒྱན་ཐོགས་ཀྱི་བར་དུ་རེ་ཞིག་སྡོད་ཅིག །རྒན་མོས་གོས་དང་རྒྱན་ཐོགས་པ་དེའི་བར་དུ་བུ་མོ་ དག་ཐལ་ཏེ་དོང་ངོ་། །རྒན་མོ་ཡང་གོས་དང་རྒྱན་ཐོགས་ནས་ཕྱི་བཞིན་མྱུར་བ་མྱུར་བར་འཕགས་སོ། །ཇི་ཙམ་ན་བུ་མོ་དེ་དག་གཙུག་ལག་ཁང་དུ་ཞུགས་པ་ན། གཙུག་ལག་ཁང་དེ་ན་དགེ་སློང་ཞིག་གནས་ཁང་སྒོ་མ་བཅད་པ་ན་གཉིད་ལོག་པར་གྱུར་པ་དེའི་གོས་རྣམ་པར་འཐོར་ བར་གྱུར་ཅིང་། དེའི་ཡན་ལག་གི་རྣམ་པ་ཡང་ལས་སུ་རུང་བར་གྱུར་པ་བུ་མོ་དེ་དག་གིས་མཐོང་ནས་བུ་མོ་དེ་དག་དགོད་ཅིང་གཙུག་ལག་ཁང་ནས་ཕྱིར་བྱུང་ངོ་། །ཚོགས་ཅན་མ་རྒན་མོ་ཡང་འཇུག་ཅིང་རྒན་མོས་བུ་མོ་དེ་དག་མཐོང་ནས་སྨྲས་པ། ཁྱེད་ཅག་ཅི་ལ་དགོད་གང་བསྟི་ གནས་སུ་དགོད་པ་དེ་སོ་སྟོ་མར་འགྱུར་རོ་ཞེས་བྱ་བ་ཁྱེད་ཀྱིས་མ་ཐོས་སམ། བུ་མོ་དེ་དག་ཅང་མི་སྨྲ་བ་ཉིད་དུ་བྱུང་སྟེ་དོང་ངོ་། །ཚོགས་ཅན་མ་རྒན་མོས་བུ་མོ་དེ་དག་གིས་འདིར་བྱ་གག་གམ། སྤྲེའུ་ཞིག་མཐོང་བར་གྱུར་གོར་མ་ཆག་སྙམ་དུ་ཤེས་ཤིང་རིག་ནས་སེམས་གཏོད་ཅིང་ངེས་ པར་རྟོག་བཞིན་དུ་ཞུགས་པ་དང་། ཇི་ཙམ་ན་དགེ་སློང་དེ་དེ་ལྟར་རྣམ་པར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་འདོད་པའི་ཆོས་སྐྱེས་ནས་ཚོགས་ཅན་མ་རྒན་མོ་དེས་དགེ་སློང་དེའི་སྟེང་དུ་བགྲད་དེ་བརྩལ་བར་བརྩམས་པ་དང་། དགེ་སློང་དེ་གཉིད་སྟུག་པོས་ནོན་པས་ཕྱིར་ མ་སད་དོ། །ཚོགས་ཅན་མ་རྒན་མོས་བདག་ཅག་ཚོགས་ཅན་མ་དག་གིས་ནི་སྒྱུ་རྩལ་དྲུག་བཅུ་རྩ་བཞི་མངོན་པར་ཤེས་ན་རབ་ཏུ་བྱུང་བ་འདིས་ཀོ་སྒྱུ་རྩལ་དྲུག་བཅུ་རྩ་ལྔ་ཤེས་ཏེ་འདི་ལྟར་རེག་པ་ནི་བདག་གིར་བྱེད་ལ་ཚིག་ནི་མི་སྟེར་ཏོ་སྙམ་དུ་ཤེས་ཤིང་རིག་ནས། གང་གི་ཚེ་ཚོགས་ ཅན་མ་རྒན་མོ་དེ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་དགེ་སློང་དེ་སད་པར་བྱས་ཏེ་སྨྲས་པ། འཕགས་པ་བདག་གི་སྡུམ་པ་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱིས། གལ་ཏེ་ཡང་བཞེད་པར་གྱུར་ན་སྤྱོན་ཅིག །དགེ་སློང་དེས་སྨྲས་པ། སྐལ་ཆད་མ་བསྟི་གནས་སུན་པར་བྱེད་པ་དེ་ཡང་ རེ་ཞིག་ཁོ་བོ་བདག་གིར་མི་བྱེད་ན། ཁྱོད་ཀྱི་ཁྱིམ་དུ་འོང་བར་འགྱུར་རེ་སྐན། དགེ་སློང་དེ་བདག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས་དེས་དགེ་སློང་རྣམས་ལ་སྐབས་དེ་རྒྱས་པར་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་རེག་པ་བདག་གིར་མ་བྱས་སམ། དེས་གསོལ་པ། བཙུན་པ་བདག་གིས་རེག་པ་བདག་གིར་མ་བགྱིས་ཏེ། བདག་དང་པོ་ཉིད་ནས་གཉིད་སྟུག་པོས་ནོན་པས་རེག་པ་བདག་གིར་བགྱིད་ པར་ག་ལ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རེག་པ་བདག་གིར་མ་བྱས་པ་འདི་ལ་ནི་ལྟུང་བ་མེད་མོད་ཀྱི། འོན་ཀྱང་ངས་དགེ་སློང་གྲོང་མཐའ་པའི་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་གྲོང་མཐའ་ པ་ཉིན་པར་གློས་ཕབ་སྟེ་གཉིད་ལོག་པས་སྒོ་སྒོ་གཏན་གྱིས་གཅད་པར་བྱ་བ་འམ། སྲུང་མ་དགེ་སློང་གཞག་པར་བྱ་བའམ། གོས་བཅིང་བར་བྱའོ། །སྒོ་སྒོ་གཏན་གྱིས་གཅོད་པར་མི་བྱེད་དམ། སྲུང་མ་དགེ་སློང་འཇོག་པར་མི་བྱེད་དམ་གོས་འཆིང་བར་མི་བྱེད་པར་ཉིན་པར་ དེ་བཞིན་དུ་གློས་ཕབ་སྟེ་གཉིད་ལོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་དགོན་པ་པ་བསམ་གཏན་བཞི་པ་ཐོབ་པ་ཞིག་འདུག་ པ་དེ་ཡང་དང་ཡང་དུ་བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་བྱ་བའི་ཕྱིར་ཉེ་བར་འགྲོ་བས་དེ་དགེ་སློང་གསར་བུ་གསར་བུ་དག་གིས་ངོ་ཤེས་པར་བྱས་སོ། །དེ་ལ་དུས་གཞན་ཞིག་ན་གཡན་པའི་ནད་བྱུང་ནས་དེ་ལ་དགེ་སློང་གསར་བུ་ གསར་བུ་དེ་དག་གིས་སྨྲས་པ། གནས་བརྟན་ཁྱོད་ལ་གཡན་པའི་སྙུན་བྱུང་ངམ། དེས་སྨྲས་པ། བཞིན་བཟངས་དག་དེ་དེ་བཞིན་ནོ། །དེ་དག་གིས་སྨྲས་པ། གནས་བརྟན་ཅིའི་སླད་དུ་སྨན་པ་ལ་རྨས་ཏེ་བྱ་བ་མི་མཛད། དེས་སྨྲས་པ། བཞིན་བཟངས་དག་སྐྱེ་བོ་ མང་པོ་མི་འདོད་པ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོ་ལ་མི་སྡུག་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་འཇིག་རྟེན་ཐམས་ཅད་དང་ཐུན་མོང་བ་འདི་ལྟ་སྟེ། འཆི་བ་ཞེས་བྱ་བའི་ཆོས་དེ་འོང་བར་འགྱུར་ཞིང་དེས་ནད་འདི་དང་ཁོ་བོ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ ཕ་རོལ་དུ་ཁྲིད་པར་འགྱུར་བས་བྱ་བ་བྱར་ཅི་ཡོད། དེ་དག་གིས་སྨྲས་པ། གནས་བརྟན་འོ་ན་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡུན་རིང་པོ་ཇི་སྲིད་དུ་འཚོ་བ་དེ་སྲིད་དུ་བསོད་ནམས་མང་པོ་འཕེལ་ཞིང་ཇི་སྲིད་དུ་བསོད་ནམས་མང་པོ་འཕེལ་བ་དེ་སྲིད་དུ་ ཡུན་རིང་པོར་མཐོ་རིས་དག་ཏུ་དགའ་བར་འགྱུར་རོ་ཞེས་མ་གསུངས་སམ། བཞུད་ལ་བྱ་བ་མཛོད་ཅིག །དེ་དེ་དག་གིས་ནན་གྱིས་མནན་པ་ན་སྨན་པའི་གན་དུ་སོང་བ་དང་། སྨན་པས་དེ་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་ལ་གཡན་པའི་སྙུན་བྱུང་ངམ། དེས་སྨྲས་པ། བཞིན་བཟངས་ དེ་བཞིན་ཏེ། དེའི་དོན་ཁོ་ནར་ཁོ་བོ་འོངས་ཀྱིས་བདག་ལ་སྨན་སྟོན་ཅིག །འཕགས་པ་བཤོས་བསོད་པ་གསོལ་ལ་ཡུངས་མར་གྱིས་སྐུ་དག་བསྐུས་ཏེ་གདུགས་ལ་བཞུགས་ཤིག་དང་ཁྱོད་སོས་པར་འགྱུར་རོ། །བཞིན་བཟངས་ཁོ་བོ་ལ་ཡུངས་མར་སྩོལ་ཅིག །འཕགས་པ་བདག་ཅག་སྨན་ པ་དག་ནི་སྨན་སྟོན་པ་ལགས་ཀྱི་འབུལ་བ་ནི་མ་ལགས་ཏེ། གལ་ཏེ་རེ་རེ་ལ་ཡང་འབུལ་ན་བདག་ཅག་ལ་འཚལ་མ་ཡང་མ་མཆིས། རད་པ་ཡང་མ་མཆིས་པར་འགྱུར་རོ། །འདི་ལྟར་ཁྱིམ་བདག་ཆེ་གེ་མོ་ཞིག་ལ་བྲོ་ནད་འདི་ལྟ་བུ་བྱུང་བར་གྱུར་ནས། བདག་གིས་དེའི་གཡན་པའི་ ནད་རབ་ཏུ་ཞི་བར་འགྱུར་བའི་ཡུངས་མར་བསྐོལ་གྱིས་དེའི་གན་དུ་བཞུད་ལ་སློངས་ཤིག །བཞིན་བཟངས་མི་སྟེར་བར་འགྱུར་རོ། །འཕགས་པ་བཞུད་ཅིག་དང་དེ་དད་པ་ཅན་ལགས་པས་འབུལ་བར་འགྱུར་རོ། །བཞིན་བཟངས་ཨ་རོག་གྱ་དོན་གྱིས་ན་ཁྱོད་ཉིད་ཀྱིས་བྱིན་ནོ་ཞེས་སྨྲས་ ཏེ་སོང་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང་། ཁྱིམ་བདག་དེས་དེ་ཐག་རིང་པོ་ནས་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་ལ་གཡན་པའི་སྙུན་བྱུང་ངམ། བཞིན་བཟངས་དེ་དེ་བཞིན་ནོ། །འཕགས་པ་ཡུངས་མར་གྱིས་སྐུ་དག་བསྐུས་ཏེ་གདུགས་ལ་བཞུགས་ཤིག་དང་ཁྱོད་ སོས་པར་འགྱུར་རོ། །བཞིན་བཟངས་དེའི་དོན་ཁོ་ནར་ཁོ་བོ་འོངས་ཏེ་ཁོ་བོས་ཁྱོད་ལ་གཡན་པའི་ནད་རབ་ཏུ་ཞི་བར་འགྱུར་བའི་ཡུངས་མར་ཡོད་པར་ཤེས་ཀྱིས་དེ་བྱིན་ཅིག་དང་། ཁྱོད་ལ་བསོད་ནམས་སུ་འགྱུར་རོ། །འཕགས་པ་དམ་ཚིག་ལ་དབུལ་བར་བགྱིད་དེ། གལ་ཏེ་ བདག་ལས་བསོད་སྙོམས་གསོལ་བར་འགྱུར་ནའོ། །བཞིན་བཟངས་བཟའ་བར་བྱའོ། །ཁྱིམ་བདག་དེས་དེ་ཟས་བསོད་པས་ཚིམ་པར་བྱས་ནས་གཡན་པའི་ནད་རབ་ཏུ་ཞི་བར་འགྱུར་བའི་ཡུངས་མར་གྱིས་ལྷུང་བཟེད་ཆུང་ངུ་འགེངས་སུ་བཅུག་སྟེ་བྱིན་ནོ། །དགེ་སློང་དེས་ཨ་རོག་གྱ་ ཞེས་བརྗོད་དེ་སོང་ནས་དགོན་པའི་གནས་སུ་སོང་སྟེ་དམ་དུམ་དག་གྱོན་ནས་ཡུངས་མར་དེས་ལུས་བསྐུས་ཏེ་ཉི་མ་ལ་འདུག་པ་དང་དེ་ལ་བདེ་བའི་འདུ་ཤེས་སྐྱེས་པར་གྱུར་ནས་གཉིད་ལོག་པ་དང་དེའི་ཡན་ལག་གི་རྣམ་པ་སྲོག་ཆགས་ཨུད་ཙ་ཏིང་གས་ཟིན་ཅིང་ལས་སུ་རུང་བར་གྱུར་ནས་ དེའི་གོས་ཀྱང་འཐོར་བར་གྱུར་པ་དང་། ཇི་ཙམ་ན་གཞོན་ནུ་མ་ཆེན་མོ་ཞིག་ལྕི་བ་ཐུ་བ་ན་ཕྱོགས་དེར་སོན་པ་དང་། དགེ་སློང་དེ་དེ་ལྟར་རྣམ་པར་གྱུར་པ་མཐོང་ངོ་། །མཐོང་ནས་དེ་ལ་འདོད་པ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྐྱེས་ནས་དེས་དགེ་སློང་དེའི་སྟེང་དུ་བརྩལ་བར་བརྩམས་པ་ དང་། དགེ་སློང་དེ་སད་ན་ཉམ་ཆུང་བས་ཕྱིར་བཟློག་པར་མ་ནུས་སོ། །གང་གི་ཚེ་དེ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་སྨྲས་པ། འཕགས་པ་བདག་གི་སྡུམ་པ་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱི་གལ་ཏེ་ཡང་བཞེད་པར་གྱུར་ན་སྤྱོན་ཅིག །དགེ་སློང་དེས་སྨྲས་པ། སྐལ་ ཆད་མ་བསྟི་གནས་སུན་པར་བྱེད་པ་ཁོ་བོ་རེ་ཞིག་དེ་ཡང་བདག་གིར་མི་བྱེད་ན། ཁྱོད་ཀྱི་ཁྱིམ་དུ་འོང་བར་འགྱུར་རེ་སྐན། དགེ་སློང་དེ་བདག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས་དེས་དགེ་སློང་རྣམས་ལ་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་རེག་པ་བདག་གིར་མ་བྱས་སམ། དེས་གསོལ་པ། བཙུན་པ་བདག་གིས་རེག་པ་བདག་གིར་མ་བགྱིས་ཏེ། བདག་དང་པོ་ཉིད་ནས་ འདོད་པ་ལས་འདོད་ཆགས་དང་བྲལ་བས་བདག་རེག་པ་བདག་གིར་ག་ལ་བགྱིད། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རེག་པ་བདག་གིར་མི་བྱེད་པ་འདི་ལ་ནི་ལྟུང་བ་མེད་མོད་ཀྱི་འོན་ཀྱང་ངས་དགེ་སློང་དགོན་པ་པའི་ཀུན་དུ་སྤྱོད་ པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་དགོན་པ་པ་ཉིན་པར་གློས་ཕབ་སྟེ། གཉིད་ལོག་པས་ཕྱོགས་དེ་ཡལ་ག་དག་གམ། སེག་དག་གམ། རེ་ལྡེ་དག་གིས་བསྐོར་བར་བྱ་བའམ། སྲུང་མ་དགེ་སློང་གཞག་པར་བྱ་བའམ། གོས་བཅིང་བར་བྱའོ། །ཕྱོགས་དེ་ཡལ་ག་དག་ གམ། སེག་དག་གམ། རེ་ལྡེ་དག་གིས་བསྐོར་བར་མི་བྱེད་དམ། སྲུང་མ་དགེ་སློང་འཇོག་པར་མི་བྱེད་དམ། གོས་འཆིང་བར་མི་བྱེད་པར་དེ་བཞིན་དུ་གློས་ཕབ་སྟེ། གཉིད་ལོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་ གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གལ་ཏེ་དགེ་སློང་འདི་རེ་ཞིག་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལགས་ན་ཅིའི་སླད་དུ་དེའི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདོད་ཆགས་དང་མ་བྲལ་ བའི་ཡན་ལག་གི་རྣམ་པ་ནི་རྒྱུ་ལྔས་ལས་སུ་རུང་བར་འགྱུར་ལ། འདོད་ཆགས་དང་བྲལ་བའི་ནི་རྒྱུ་བཞིས་སོ། །འདོད་ཆགས་དང་མ་བྲལ་བའི་རྒྱུ་ལྔ་གང་ཞེ་ན། བཤང་བས་ཉེ་བར་ནོན་པ་དང་། གཅི་བས་ཉེ་བར་ནོན་པ་དང་། རླུང་གིས་ཉེ་བར་ནོན་པ་དང་། སྲོག་ཆགས་ཨུད་ཙ་ཏིང་གས་ཟིན་པ་ དང་། འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཉིད་ནི་ལྔ་པ་སྟེ། འདོད་ཆགས་དང་མ་བྲལ་བའི་རྒྱུ་ལྔ་པོ་དེ་དག་གིས་སོ། །འདོད་ཆགས་དང་བྲལ་བའི་རྒྱུ་བཞི་པོ་གང་ཞེ་ན། བཤང་བས་ཉེ་བར་ནོན་པ་དང་། གཅི་བས་ཉེ་བར་ནོན་པ་དང་། རླུང་གིས་ཉེ་བར་ནོན་པ་དང་། སྲོག་ཆགས་ ཨུད་ཙ་ཏིང་གས་ཟིན་པ་སྟེ། འདོད་ཆགས་དང་བྲལ་བའི་ནི་རྒྱུ་བཞི་པོ་དེ་དག་གིས་སོ། །དགེ་སློང་འདིའི་ཡན་ལག་གི་རྣམ་པ་ནི་དེའི་ཚེ་སྲོག་ཆགས་ཨུད་ཙ་ཏིང་གས་ཟིན་པས་དེས་ན་འདིའི་ལས་སུ་རུང་བར་གྱུར་ཏོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་གསུམ་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་དགེ་སློང་གི་དགེ་འདུན་སྐྱོན་མ་མཆིས་ཤིང་ཆུ་བུར་མ་མཆིས་པ་ལ་དེའི་དང་པོར་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་ ཆུ་བུར་ཕྱུང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་ཀྱི་འདི་ལྟར་འདས་པའི་དུས་ན་ཡང་འདིས་འཇིག་རྟེན་སྐྱོན་མེད་ཅིང་ཆུ་བུར་མེད་པ་ལ་དེའི་དང་པོར་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་ཆུ་བུར་ཕྱུང་བ་སྟེ་དེ་ཉོན་ཅིག །དགེ་སློང་དག་འཇིག་ རྟེན་འདི་འཇིག་པའི་དུས་གང་ཡིན་པ་དེ་ཡང་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་དག་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེའོ། །དེ་དག་དེ་ན་གཟུགས་ཅན་ཡིད་ལས་བྱུང་བ། མ་ཚང་བ་མེད་པ། དབང་པོ་མ་ཉམས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། བཟང་ བ། ཁ་དོག་དང་ལྡན་པ། རང་ལས་འོད་འབྱུང་བ། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ན་ས་ཆེན་པོ་འདི་ཆུ་འབའ་ཞིག་དང་རྒྱ་མཚོ་འབའ་ཞིག་ཏུ་གྱུར་ཏེ། ས་ཆེན་པོ་ཆུ་འབའ་ཞིག་དང་། རྒྱ་མཚོ་འབའ་ ཞིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཀུན་དུ་འཆགས་པར་བྱེད། ཀུན་དུ་འཐས་པར་བྱེད། ཀུན་དུ་ཁྱབ་པར་བྱེད་དེ་འདི་ལྟ་སྟེ། དཔེར་ན་འོ་མ་བསྐོལ་བ་གྲངས་པར་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཀུན་དུ་འཆགས་པར་བྱེད། ཀུན་དུ་འཐས་པར་བྱེད། ཀུན་དུ་ཁྱབ་པར་བྱེད་པ་དེ་བཞིན་དུ་ ས་ཆེན་པོ་ཆུ་འབའ་ཞིག་དང་། རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་ཡང་རླུང་གིས་པྲིས་མ་ཀུན་དུ་འཆགས་པར་བྱེད། ཀུན་དུ་འཐས་པར་བྱེད། ཀུན་དུ་ཁྱབ་པར་བྱེད་དོ། །དེ་ནི་སའི་བཅུད་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་ཡིན་ཏེ། ཁ་དོག་ གིས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་མར་ལྟ་བུའོ། །རོས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དགེ་སློང་དག་འཇིག་རྟེན་འདི་འཆགས་པའི་དུས་གང་ཡིན་པ་དེ་ཡང་ཡོད་དེ། འཇིག་རྟེན་འཆགས་པ་ ན་འོད་གསལ་གྱི་ལྷའི་རིས་དེ་ནས་སེམས་ཅན་ཁ་ཅིག་ཚེ་ཟད་ལས་ཟད་བསོད་ནམས་ཟད་པས་ཤི་འཕོས་ཏེ། འདི་ལྟ་བུ་ཉིད་དུ་མི་རྣམས་དང་སྐལ་བ་མཐུན་པ་ཉིད་དུ་འོང་ཞིང་འདིར་ཡང་གཟུགས་ཅན་ཡིད་ལས་བྱུང་བ། མ་ཚང་བ་མེད་པ། དབང་པོ་མ་ཉམས་པ། ཡན་ ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། བཟང་བ། ཁ་དོག་དང་ལྡན་པ། རང་ལས་འོད་འབྱུང་བ། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ན་འཇིག་རྟེན་དུ་ཉི་མ་དང་། ཟླ་བ་དག་ཀྱང་མ་བྱུང་ངོ་། །འཇིག་ རྟེན་དུ་རྒྱུ་སྐར་དག་ཀྱང་མ་བྱུང་། མཚན་མོ་དང་ཉིན་མོ་དག་ཀྱང་མ་བྱུང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དག་ཀྱང་མ་བྱུང་། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་དག་ཀྱང་མ་བྱུང་ངོ་། །བུད་མེད་ཀྱང་མེད། སྐྱེས་པ་ཡང་མེད་དེ། སེམས་ཅན་སེམས་ཅན་ཞེས་བྱ་བ་ འབའ་ཞིག་གི་གྲངས་སུ་འགྲོའོ། །དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་ཞིག་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་ཏོ། ། སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེ་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་པ་ན། ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་པ་དང་། ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་མཐོང་ངོ་། །མཐོང་ནས་སེམས་ཅན་དེ་ དག་ཀྱང་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་ཏོ། །གང་གི་ཕྱིར་སེམས་ཅན་དེ་དག་གིས་སའི་བཅུད་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་ པར་གྱུར་པ་དེའི་ཕྱིར་དེ་དག་གི་ལུས་ལ་སྲ་བ་ཉིད་དང་ལྕི་བ་ཉིད་བྱུང་ཞིང་དེ་དག་གི་ཁ་དོག་གསལ་བ་བཟང་པོ་གང་ཡིན་པ་དེ་ཡང་མེད་པར་གྱུར། འཇིག་རྟེན་དུ་མུན་པ་ཡང་བྱུང་བར་གྱུར་ཏོ། །དགེ་སློང་དག་ཆོས་ཉིད་ཀྱིས་ན་འཇིག་རྟེན་དུ་མུན་པ་བྱུང་ན་འཇིག་རྟེན་དུ་ཉི་མ་དང་ཟླ་བ་དག་ཀྱང་ འབྱུང་བར་འགྱུར་རོ། །འཇིག་རྟེན་དུ་རྒྱུ་སྐར་དག་དང་། མཚན་མོ་དང་། ཉིན་མོ་དག་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དག་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་ དུ་གནས་སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་ཉིད་ལ་བརྟེན་ནས་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་གཉིས་ཉིད་དུ་གྱུར་པ་ན་སེམས་ཅན་ གྱིས་སེམས་ཅན་ལ་ཀྭའེ་སེམས་ཅན་ང་ནི་ཁ་དོག་དང་ལྡན་པ་ཡིན་ལ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་སའི་བཅུད་མེད་པར་ གྱུར་ཏོ། །དགེ་སློང་དག་སེམས་ཅན་དེ་དག་སའི་བཅུད་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་འདི་སྐད་ཅེས་ཀྱེ་མའོ་བཅུད། ཀྱེ་མའོ་བཅུད་ཅེས་ཀྱང་ཟེར་ཏེ། འདི་ལྟ་སྟེ། དཔེར་ན་དེང་སང་མི་དག་ཟས་ཞིམ་ པ་བཟང་པོ་ཅུང་ཞིག་རྙེད་ནས་ཡི་གེ་དང་སྦྱར་བ་དང་ཚིག་རྙིང་པ་དེ་དག་ཉིད་ཀྱིས་རྗེས་སུ་ཐ་སྙད་འདོགས་ཤིང་འདི་སྐད་ཅེས་ཀྱེ་མའོ་བཅུད། ཀྱེ་མའོ་བཅུད་ཅེས་ཀྱང་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་ཀྱང་སའི་བཅུད་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ ལུག་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་འདི་སྐད་ཅེས་ཀྱེ་མའོ་བཅུད། ཀྱེ་མའོ་བཅུད་ཅེས་ཟེར་ཡང་སྨྲས་པ་འདིའི་དོན་ནི་འདིའོ། །སྨྲས་པ་འདིའི་དོན་ནི་འདིའོ་ཞེས་སྨྲས་པའི་དོན་ནི་མི་ཤེས་སོ། །དགེ་སློང་དག་སེམས་ཅན་དེ་དག་གི་སའི་བཅུད་མེད་པར་གྱུར་པ་ན་ས་ཞག་ཁ་དོག་ཕུན་སུམ་ཚོགས་ པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་གིས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་ལྟ་བུའོ། །རོས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་ རིང་ཞིང་ཡུན་རིང་དུ་གནས་སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་ཉིད་ལ་བརྟེན་ནས་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་པ་གཉིས་ཉིད་དུ་གྱུར་ པ་ན་སེམས་ཅན་གྱིས་སེམས་ཅན་ལ་ཀྭའེ་སེམས་ཅན་ང་ནི་ཁ་དོག་དང་ལྡན་པ་ཡིན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་ས་ཞག་མེད་པར་ གྱུར་ཏོ། །དགེ་སློང་དག་སེམས་ཅན་དེ་དག་ས་ཞག་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་འདི་སྐད་ཅེས་ཀྱེ་མའོ། །ཀྱེ་མའོ་ཞེས་ཀྱང་ཟེར་རོ། །འདི་ལྟ་སྟེ། དཔེར་ན་དེང་སང་མི་དག་སྡུག་བསྔལ་དང་། ཡིད་མི་བདེ་བ་འགའ་ ཞིག་གིས་རེག་པ་ན་ཡི་གེ་དང་སྦྱར་བ་དང་ཚིག་རྙིང་པ་དེ་དག་ཉིད་ཀྱིས་རྗེས་སུ་ཐ་སྙད་འདོགས་ཤིང་འདི་སྐད་ཅེས་ཀྱེ་མའོ། །ཀྱེ་མའོ་ཞེས་ཀ