Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 005_འདུལ་བ།_ཅ
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
ྱང་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་ཀྱང་ས་ཞག་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་འདོན་ པར་བྱེད་ཅིང་འདི་སྐད་ཅེས་ཀྱེ་མའོ། །ཀྱེ་མའོ་ཞེས་ཟེར་ཡང་། སྨྲས་པ་འདིའི་དོན་ནི་འདིའོ། །སྨྲས་པ་འདིའི་དོན་ནི་འདིའོ་ཞེས་སྨྲས་པ་དེའི་དོན་ནི་མི་ཤེས་སོ། །དགེ་སློང་དག་སེམས་ཅན་དེ་དག་གིས་ཞག་མེད་པར་གྱུར་པ་ན་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་གིས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་ཀ་དམ་བུ་ཀའི་མེ་ཏོག་ལྟ་བུའོ། །རོས་ནི་འདི་ལྟ་བུ་སྟེ་འདི་ལྟ་སྟེ། དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་ སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་ཉིད་ལ་བརྟེན་ནས་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་གཉིས་ཉིད་དུ་གྱུར་པ་ན་སེམས་ཅན་གྱིས་སེམས་ ཅན་ལ་ཀྭའེ་སེམས་ཅན། ང་ནི་ཁ་དོག་དང་ལྡན་པ་ཡིན་ལ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་མྱུ་གུའི་ཚལ་མེད་པར་གྱུར་ཏོ། །དགེ་ སློང་དག་སེམས་ཅན་དེ་དག་མྱུ་གུའི་ཚལ་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་འདི་སྐད་ཅེས་ཕར་སོང་ཕར་སོང་ཞེས་ཀྱང་ཟེར་ཏེ། འདི་ལྟ་སྟེ། དཔེར་ན་དེང་སང་མི་དག་སྨད་པ་རྣོན་པོ་འགའ་ཞིག་གིས་སྨད་པ་ན་ཡི་གེ་ དང་སྦྱར་བ་དང་ཚིག་རྙིང་པ་དེ་དག་ཉིད་ཀྱིས་རྗེས་སུ་ཐ་སྙད་འདོགས་ཤིང་། འདི་སྐད་ཅེས་ཕར་སོང་ཕར་སོང་ཞེས་ཀྱང་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་ཀྱང་མྱུ་གུའི་ཚལ་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་ཅིང་ འདི་སྐད་ཅེས་ཕར་སོང་ཕར་སོང་ཞེས་ཟེར་ཡང་སྨྲས་པ་འདིའི་དོན་ནི་འདིའོ། །སྨྲས་པ་འདིའི་དོན་ནི་འདིའོ་ཞེས་སྨྲས་པ་དེའི་དོན་ནི་མི་ཤེས་སོ། །དགེ་སློང་དག་སེམས་ཅན་དེ་དག་གི་མྱུ་གུའི་ཚལ་མེད་པར་གྱུར་པ་ན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་སོ་བ་མེད་པ། སྦུན་པ་མེད་ པ། དག་པ་གཙང་བ། སོར་བཞི་པ་ཀུན་ནས་མ་དཀྲིས་པ་ནུབ་བརྔས་ན་ནང་རྒྱལ་ཞིང་ཕྱིར་སྐྱེ་ལ་ནང་བརྔས་ན་ནུབ་རྒྱལ་ཞིང་ཕྱིར་སྐྱེ་བ། བརྔས་སོ་ཅོག་ཕྱིར་སྐྱེ་བ། བརྔས་པར་ཡང་མི་མངོན་པ་བྱུང་བར་གྱུར་ཏེ། དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ གི་ཕྱིར་སེམས་ཅན་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་དེའི་ཕྱིར་དེ་དག་ལ་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏེ། ཁ་ཅིག་ནི་ཕོའི་དབང་པོ་དང་ལྡན། ཁ་ཅིག་ནི་མོའི་དབང་པོ་དང་ལྡན་ནོ། །དེ་ན་གང་དག་ཕོའི་དབང་པོ་དང་ལྡན་པ་དང་། གང་དག་མོའི་དབང་པོ་དང་ལྡན་པ་དེ་དག་གཅིག་ལ་གཅིག་མིག་གིས་མིག་ལ་བརྟེན་ཏེ་ལྟ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་གཅིག་ལ་གཅིག་མིག་གིས་མིག་ལ་བརྟེན་ཏེ་ལྟ་བར་བྱེད་པ་དེ་ལྟ་དེ་ལྟར་ཀུན་དུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་དུ་ཆགས་པ་དེ་ལྟ་དེ་ལྟར་ དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་ལོག་པར་ཞུགས་སོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་སེམས་ཅན་ལ་ལོག་པར་ཞུགས་པ་མཐོང་ངོ་། །མཐོང་ནས་སས་ཀྱང་འཐོར་བར་བྱེད། བོང་བ་དང་། གསེག་མ་དང་། གྱོ་མོ་དང་། གྱོ་དུམ་དག་ཀྱང་འཕེན་པར་བྱེད་ཅིང་། འདི་སྐད་ཅེས་སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། ཀྭའེ་སེམས་ཅན་ཁྱོད་ཅིའི་ཕྱིར་སེམས་ཅན་སུན་པར་བྱེད་ཅེས་ཀྱང་ཟེར་ཏེ། འདི་ལྟ་སྟེ། དཔེར་ན་དེང་སང་སེམས་ཅན་དག་བག་སར་བག་མར་ལེན་པ་ན་ཕྱེ་མས་ཀྱང་འཐོར་ བར་བྱེད། དྲི་དང་། མེ་ཏོག་དང་། འབྲས་ཡོས་དག་གིས་ཀྱང་འཐོར་བར་བྱེད་ཅིང་། འདི་སྐད་ཅེས་སྲུ་བདེ་བར་གྱུར་ཅིག་ཅེས་ཀྱང་ཟེར་བ་དེ་བཞིན་དུ་སེམས་ཅན་དེ་དག་གིས་ཀྱང་སེམས་ཅན་སེམས་ཅན་ལ་ལོག་པར་ཞུགས་པ་མཐོང་ནས་སས་ཀྱང་འཐོར་བར་བྱེད། བོང་བ་དང་། གསེག་མ་ དང་། གྱོ་མོ་དང་། གྱོ་དུམ་དག་ཀྱང་འཕེན་པར་བྱེད་ཅིང་འདི་སྐད་ཅེས་སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། ཀྭའེ་སེམས་ཅན་ཁྱོད་ཅིའི་ཕྱིར་སེམས་ཅན་སུན་པར་བྱེད་ཅེས་ཀྱང་ཟེར་རོ། །དགེ་སློང་དག་དེ་ལྟར་ན་སྔོན་ཆོས་མ་ཡིན་ པར་གྲགས་པ་གང་ཡིན་པ་དེ་ནི་དེང་སང་ཆོས་སུ་གྲགས་ལ། སྔོན་འདུལ་བ་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་ནི་དེང་སང་འདུལ་བར་གྲགས། སྔོན་སྨད་པར་བྱ་བ་གང་ཡིན་པ་དེ་ནི་དེང་སང་བསྟོད་པར་བྱ་བ་ཡིན་ནོ། །དེ་ཉི་མ་གཅིག་ཙམ་སྤོང་བར་བྱེད། ཉི་མ་གཉིས་སམ། གསུམ་མམ་ བདུན་ཙམ་སྤོང་བར་བྱེད་དོ། །གང་གི་ཕྱིར་སེམས་ཅན་དེ་དག་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་ལ་ཤིན་དུ་སྡང་བར་བྱེད་པས་བརྟུལ་ཞུགས་ལ་ཞུགས་པ་དེའི་ཕྱིར་དེ་དག་ཁྱིམ་རྩིག་པ་ལ་ཞུགས་ཏེ། བདག་ཅག་གིས་འདིར་བྱ་བ་མ་ཡིན་པ་བྱའོ། །བདག་ཅག་གིས་འདིར་བྱ་བ་མ་ཡིན་པ་ བྱའོ། །ཞེས་ཟེར་བ་ལས་ཁྱིམ་ཁྱིམ་ཞེས་བྱ་བའི་མིང་བྱུང་ངོ་། །དགེ་སློང་དག་འདི་ནི་ཁྱིམ་གྱི་ལས་ཀྱི་མཐའ་དག་འཇིག་རྟེན་དུ་འབྱུང་བའི་དང་པོ་རྩོམ་པ་ཡིན་ཏེ། དེ་ཡང་ཆོས་ཀྱིས་ཡིན་གྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །དེ་ལ་ཆོས་ནི་འདི་ཡིན་ཏེ་རྒྱལ་བ་དབང་པོ་རྣམས་ཀྱི་ཆོས་མཆོག་ ཡིན་ནོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་གང་གིས་དེའི་དང་པོར་སེམས་ཅན་སུན་ཕྱུང་བར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་ནི་ཀ་ལན་ད་ཀའི་བུ་བཟང་བྱིན་ཡིན་ཏེ། འདིས་དེའི་ཚེ་ཡང་འཇིག་རྟེན་སྐྱོན་མེད་ཅིང་ཆུ་བུར་མེད་པ་ལ་དེའི་དང་པོར་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པའི་ རྐྱེན་གྱིས་ཆུ་བུར་ཕྱུང་ངོ་། །འདིས་ད་ལྟར་ཡང་དགེ་སློང་གི་དགེ་འདུན་སྐྱོན་མེད་ཅིང་ཆུ་བུར་མེད་པ་ལ་དེའི་དང་པོར་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་ཆུ་བུར་ཕྱུང་ངོ་། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། འདོད་ཆགས་སྤང་བའི་ཕྱིར་འབད་པར་བྱའོ། ། ཞེ་སྡང་སྤང་བའི་ཕྱིར་དང་། གཏི་མུག་སྤང་བའི་ཕྱིར་འབད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ནི་ལྟུང་བ་མེད་དོ། །ཕམ་པར་འགྱུར་བ་དང་པོ་ རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་གནས་སོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་ རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་དུ་ཞུགས་པ་དང་། རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་གིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། རྩྭ་དང་། ཤིང་ཐམས་ཅད་ ཀྱང་ཁྱེར་རོ། །དེའི་འོག་ཏུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོང་བ་དང་། སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། རྩྭ་དང་། ཤིང་ཐམས་ཅད་ཀྱང་ཁྱེར་བ་མཐོང་ངོ་། །མཐོང་ནས་ཡང་རྩྭ་དང་། ཤིང་བླངས་ཏེ་སྤྱིལ་བུ་གཞན་བྱེད་དོ། །སྔོན་རྫ་མཁན་ དགེ་སློང་ནོར་ཅན་ལན་གཉིས་ལན་གསུམ་དུ་རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་དུ་ཞུགས་པ་དང་། རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་ གིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། རྩྭ་དང་། ཤིང་ཐམས་ཅད་ཀྱང་ཁྱེར་རོ། །དེའི་འོག་ཏུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་པ་དང་། སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། རྩྭ་དང་། ཤིང་ཐམས་ཅད་ཀྱང་ཁྱེར་བ་མཐོང་ངོ་། ། དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་དུ་ཞུགས་པ་དང་རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་ བའི་མི་དག་གིས་ལན་གསུམ་གྱི་བར་དུ་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། རྩྭ་དང་། ཤིང་ཐམས་ཅད་ཀྱང་ཁྱེར་བ་ནི་ཀྱེ་མའོ་སྡུག་བསྔལ། ཀྱེ་མའོ་མི་བཟད་དེ། བདག་ཕའི་བཟོའི་གནས་དང་། ལས་ཀྱི་གནས་ལ་མཁས་ཀྱིས་བདག་གིས་གནས་ཁང་ཐམས་ཅད་ས་ལས་བྱས་པ་ ཞིག་བྱའོ་སྙམ་མོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་ལུས་ཀྱིས་ས་དག་བསྐྱས་ཤིང་བསྐྱས་ཤིང་སྲོག་ཆགས་མེད་པའི་ཆུས་སྦངས་ཏེ། དེ་གནས་ཁང་གི་གཞིའི་རྨང་དང་། ཐོག་དང་། ཀ་བ་དང་། སྟེང་རིམ་རྩིག་པར་བྱེད་ཅིང་། ཆོས་གོས་ཀྱི་གདང་ཁུང་དང་། ཆོས་གོས་ཀྱི་ གདང་དང་། སྟེགས་དང་། ཁྲི་དང་། ཁྲིའུ་དང་། ཨན་ཁྲིའུ་དང་། སྒོ་སྐྱེས་དག་ཀྱང་བྱེད་དོ་དེ་སྐམས་པར་རིག་ནས་ཁ་དོག་ཅན་གྱིས་སྐུད་པར་བྱེད་ཅིང་ཁ་དོག་ཅན་གྱིས་བསྐུས་ནས་ཤིང་དང་། ལྕི་བ་དང་། རྩྭ་སྐམ་པོ་དག་བཅེར་ཏེ་སོ་གཏོང་བར་བྱེད་དོ། །དེའི་གནས་ཁང་དེ་ཚོས་པ་ཤིན་ཏུ་ ཚོས་པ། གྲུབ་པ་མཆོག་ཏུ་གྲུབ་པ། དམར་བ། མདོག་དམར་བ། འོད་དམར་བ་འདི་ལྟ་སྟེ། དཔེར་ན་མེ་ཏོག་བན་དྷུ་ཛི་བ་ཀ་འདྲའོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་གནས་ཁང་ཚོས་པ་ཤིན་ཏུ་ཚོས་པ། གྲུབ་པ་མཆོག་ཏུ་གྲུབ་པ། དམར་བ། མདོག་དམར་བ། འོད་དམར་བ་འདི་ལྟ་སྟེ། དཔེར་ན་མེ་ཏོག་བན་དྷུ་ཛི་བ་ཀ་འདྲས། བདག་གིས་ད་ནི་གནས་ཁང་གི་དུས་སྟོན་བྱའོ་སྙམ་མོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་དགེ་སློང་ཉེན་ཀོར་བ་དག་ལ་གནས་ཁང་ལྟར་བཅུག་སྟེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ལྗོངས་ རྒྱུར་སོང་ངོ་། །ཆོས་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་ནི་གདུལ་བར་གྱུར་པའི་དབང་གིས་དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུར་གཤེགས་པ་དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། ལྗོངས་རྒྱུ་བ་དང་། ཆུ་ཀླུང་རྒྱུ་བ་དང་། དགོན་པར་རྒྱུ་བ་དང་། དུར་ཁྲོད་རྒྱུ་བ་དང་། རི་རྒྱུ་བ་དང་། གཙུག་ལག་ཁང་རྒྱུར་གཤེགས་སོ། །དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་པར་བཞེད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ད་གཙུག་ལག་ཁང་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་། ཐབས་ཅིག་གཙུག་ལག་ཁང་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་ བོས་བཅོམ་ལྡན་འདས་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། ལྡེ་མིག་ཀྱོག་པོ་ཐོགས་ཏེ་ཀུན་དགའི་ར་བ་ནས་ཀུན་དགའ་ར་བར་གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ་འཆགས་ནས་འཆག་སར་གོལ་བར་འགྲོ་ཞིང་དྲང་པོར་འགྲོ་བ་ ན་དགེ་སློང་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་དེ་གཙུག་ལག་ཁང་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་གཙུག་ལག་ཁང་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག །དགེ་སློང་དེ་དག་གིས་ཚེ་དང་ལྡན་ པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས་མཉན་ནས་ཆོས་གོས་བླངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེ་ནས་བཅོམ་ལྡན་འདས་དགེ་སློང་རབ་ཏུ་མང་པོ་དག་དང་ཐབས་ཅིག་གཙུག་ལག་ཁང་རྒྱུར་གཤེགས་ཏེ། མཐར་གྱིས་གཙུག་ལག་ཁང་ རྒྱུ་ཞིང་གཤེགས་པ་ན་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱི་གནས་ཁང་ཚོས་པ་ཤིན་ཏུ་ཚོས་པ། གྲུབ་པ་མཆོག་ཏུ་གྲུབ་པ། དམར་བ། མདོག་དམར་བ། འོད་ དམར་བ་འདི་ལྟ་སྟེ། དཔེར་ན་མེ་ཏོག་བན་དྷུ་ཛི་བ་ཀ་འདྲ་བ་གཟིགས་སོ། །གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནས་ཁང་འདི་སུའི་ཡིན། བཙུན་པ་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱི་ལགས་སོ། །དགེ་སློང་དག་ང་ལ་གཞི་འདིས་མུ་སྟེགས་ཅན་དག་དགེ་ སྦྱོང་གཽ་ཏ་མ་འདུག་བཞིན་དུ་ཉན་ཐོས་རྣམས་ལ་ཟག་པའི་གནས་ལྟ་བུའི་ཆོས་ཁ་ཅིག་བྱུང་བར་གྱུར་ཏོ། །ཞེས་ཁ་ཟེར་བར་འགྱུར་གྱིས་གནས་ཁང་ཤིག་ཅིག་རྣམ་པར་དཀྲུགས་ཤིག །དགེ་སློང་དེ་དག་གིས་འདི་ལྟ་སྟེ། སྟོན་པའི་བཀའ་ལུང་གིས་གནས་ཁང་བཤིག་ཅིང་རྣམ་པར་དཀྲུགས་ སོ། །བཅོམ་ལྡན་འདས་ཀྱང་གནས་ཁང་བཤིག་ཅིང་རྣམ་པར་དཀྲུགས་ནས་གཤེགས་སོ། །སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་པ་དང་། སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་གནས་ཁང་བཤིག་ཅིང་རྣམ་པར་དཀྲུགས་པ་མཐོང་ངོ་། །མཐོང་ནས་དགེ་སློང་ཉེན་ཀོར་བ་རྣམས་ལ་ སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་གནས་ཁང་སུས་བཤིག་ཅིང་རྣམ་པར་དཀྲུགས། ཚེ་དང་ལྡན་པ་འདི་ལྟ་སྟེ། སྟོན་པའི་བཀའ་ལུང་གིས་དགེ་སློང་དག་གིས་སོ། །གལ་ཏེ་བཅོམ་ལྡན་འདས་ཆོས་ཀྱི་རྗེ་བདེ་བར་གཤེགས་པ་ཆོས་ཀྱི་རྗེས་བཤིག་ན་བཤིག་པ་ལེགས་སོ། །དེའི་ཚེ་ན་ གྲོང་ཁྱེར་རྒྱལ་པོའི་ཁབ་ན། ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱི་གཏམ་འདྲེས་པ། ཕེབས་པར་སྨྲ་བ། སྨོས་འདྲིན་འགྲོགས་བཤེས་ཤིག་འདུག་གོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་འདི་སྙམ་དུ་སེམས་ཏེ། གྲོང་ཁྱེར་རྒྱལ་པོའི་ ཁབ་ན་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་བདག་གི་གཏམ་འདྲེས་པ། ཕེབས་པར་སྨྲ་བ། སྨོས་འདྲིན་འགྲོགས་བཤེས་ཤིག་ཡོད་ཀྱིས་བདག་གིས་གནས་ཁང་ཐམས་ཅད་ཤིང་ལས་བྱས་པ་ཞིག་བྱའོ་སྙམ་དུ་ཤེས་ཤིང་རིག་ནས། ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ག་ལ་ བ་དེར་སོང་སྟེ་ཕྱིན་ནས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་པོ་ཤེས་པར་གྱིས་ཤིག །ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་བདག་ལ་ཤིང་དག་བྱིན་པ་དེ་དག་འདྲེན་པར་འདོད་ཀྱིས་བདག་ལ་བྱིན་ཅིག །འཕགས་ པ་གལ་ཏེ་ལྷས་ཁྱོད་ལ་ཞུགས་ཤིང་དག་གསོལ་ན་གསོལ་བ་ལེགས་ཀྱིས་ཁྱོད་ཅི་བདེར་སྣོམས་ཤིག །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་འདྲུམས་པ་བཅོས་པའི་ ཕྱིར་བྲེལ་བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་པ་གང་ཡིན་པ་སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་འདྲེན་པར་བྱེད་དོ། །གྲོང་ཁྱེར་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ཞིག་གྲོང་ཁྱེར་ རྒྱལ་པོའི་ཁབ་ཀྱི་མཁར་ཕྱིའི་ལམ་ཉུལ་བ་ན་ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་འདྲུམས་པ་བཅོས་པའི་ཕྱིར་བྲེལ་བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་པ་གང་ཡིན་པ་ སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་མཐོང་ངོ་། །མཐོང་ནས་དེ་འདི་ལྟར་ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་འདྲུམས་པ་བཅོས་པའི་ཕྱིར་བྲེལ་ བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་པ་གང་ཡིན་པ་སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་ལས་ན། ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་ རྒྱལ་པོའི་ཁབ་ཏུ་ཐོང་མི་པའམ། ཆོམ་རྐུན་པའམ། དགྲ་བོ་འགའ་ཞིག་ཞུགས་པར་མ་གྱུར་ཏམ་སྙམ་དུ་འཇིགས་པར་གྱུར། སྔངས་པར་གྱུར། སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། །དེ་ནས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཤིང་སྲུང་བའི་མི་སྣ་ ཆེན་པོ་ལ་གཏོགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་པོ་ཤེས་པར་གྱིས་ཤིག །བདག་འདི་ན་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་མཁར་ཕྱིའི་ལམ་ཉུལ་བ་ན་ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་། འདྲུམས་པ་བཅོས་པའི་ཕྱིར་བྲེལ་བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་བ་གང་ཡིན་པ་སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་མཐོང་ངོ་། །མཐོང་ནས་བདག་འདི་ལྟར་ལུས་འཕགས་ མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་འདྲུམས་པ་བཅོས་པའི་ཕྱིར་བྲེལ་བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་པ་གང་ཡིན་པ་སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིང་ཁ་ཅིག་ ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་ལས་ན། ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་ཐོང་མི་པའམ། ཆོམ་རྐུན་པའམ། དགྲ་བོ་འགའ་ཞིག་ཞུགས་པར་མ་གྱུར་ཏམ་སྙམ་དུ་འཇིགས་པར་གྱུར། དངངས་པར་གྱུར། སྤུ་ ཟིང་ཞེས་བྱེད་པར་གྱུར་ན། ཀྱེ་ནང་པོ་ཁྱོད་ཀྱིས་ཤིང་དག་སུ་ལ་ཡང་མ་བྱིན་ནམ། ཀྱེ་ནང་པོ་སུ་ལ་ཡང་མ་བྱིན་ཏེ་འོན་ཀྱང་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་ནས་དེ་འདི་སྐད་ཅེས་ཀྱེ་ནང་པོ་ཤེས་པར་གྱིས་ཤིག །ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་ བདག་ལ་ཤིང་དག་བྱིན་པ་དེ་དག་འདྲེན་པར་འདོད་ཀྱིས་བདག་ལ་བྱིན་ཅིག་ཅེས་ཟེར་ནས། བདག་གིས་དེ་ལ་འདི་སྐད་ཅེས་འཕགས་པ་གལ་ཏེ་ལྷས་ཁྱོད་ལ་ཞུགས་ཤིང་དག་གསོལ་ན། གསོལ་བ་ལེགས་ཀྱིས་ཁྱོད་ཅི་བདེར་སྣོམས་ཤིག་ཅེས་བརྗོད་པས་དེས་དྲངས་པའམ་ཅིག་ཏུ་ མ་གྱུར་ཏམ། དེ་ནས་གྲོང་ཁྱེར་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་ མཛོད་ཅིག །བདག་འདི་ན་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་མཁར་ཕྱིའི་ཤུལ་ཉུལ་བ་ན་ལྷའི་ཞུགས་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་། འདྲུམས་པ་བཅོས་པའི་སླད་དུ་ཐུགས་བྲེལ་བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་ པ་གང་ལགས་པ་སུ་ལ་ཡང་སྩལ་བར་སླ་བ་མ་ལགས་པ་དེ་དག་ལས་ཞུགས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་མཐོང་ངོ་། །མཐོང་ནས་བདག་འདི་ལྟར་ལྷའི་ཞུགས་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་། འདྲུམས་པ་བཅོས་པའི་སླད་ དུ་ཐུགས་བྲེལ་བའི་དོན་དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་པ། གང་ལགས་པ་སུ་ལ་ཡང་སྩལ་བར་སླ་བ་མ་ལགས་པ་དེ་དག་ལས་ཞུགས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་ལས་ན། ལྷའི་གྲོང་ཁྱེར་རྒྱལ་ པོའི་ཁབ་ཏུ་ཐོང་མི་པའམ། ཆོམ་རྐུན་པའམ། དགྲ་བོ་འགའ་ཞིག་ཞུགས་པར་མ་གྱུར་ཏམ་སྙམ་དུ་འཇིགས་པར་གྱུར། དངངས་པར་གྱུར། སྤུ་ཟིང་ཞེས་བགྱིད་པར་གྱུར་ནས། ཞུགས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ག་ལ་བ་དེར་མཆིས་ཏེ་མཆིས་ནས། ཞུགས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ལ་འདི་སྐད་ཅེས་ཀྱེ་ནང་པོ་ཤེས་པར་གྱིས་ཤིག །བདག་འདི་ན་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་མཁར་ཕྱིའི་ལམ་ཉུལ་བ་ན་ལྷའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་། འདྲུམས་པ་བཅོས་པའི་ཕྱིར་བྲེལ་བའི་དོན་ དུ་བཞག་པ། སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ་ཤིན་ཏུ་བསྲུངས་པ་གང་ཡིན་པ་སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིང་ཁ་ཅིག་ཕྱུང་སྟེ་བཅད་ཅིང་གཤགས་ནས་དྲངས་པ་མཐོང་ན། ཀྱེ་ནང་པོ་ཁྱོད་ཀྱིས་ཤིང་དག་སུ་ལ་ཡང་མ་བྱིན་ནམ་ཞེས་བགྱིས་ ན། དེ་འདི་སྐད་ཅེས་ཀྱེ་ནང་པོ་སུ་ལ་ཡང་མ་བྱིན་ཏེ། འོན་ཀྱང་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་ནས། དེ་འདི་སྐད་ཅེས་ཀྱེ་ནང་པོ་ཤེས་པར་གྱིས་ཤིག །ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་བདག་ལ་ཤིང་དག་བྱིན་པ་དེ་དག་འདྲེན་ པར་འདོད་ཀྱིས་བདག་ལ་བྱིན་ཅིག་ཅེས་ཟེར་ནས། བདག་གིས་དེ་ལ་འདི་སྐད་ཅེས་འཕགས་པ་གལ་ཏེ་ལྷས་ཁྱོད་ལ་ཞུགས་ཤིང་དག་གསོལ་ན། གསོལ་བ་ལེགས་ཀྱིས་ཁྱོད་ཅི་བདེར་སྣོམས་ཤིག །ཅེས་བརྗོད་པས་དེས་དྲངས་པའམ་ཅིག་ཏུ་ མ་གྱུར་ཏམ་ཞེས་མཆི་ན། ལྷས་ཞུགས་ཤིང་དག་སུ་ལ་སྩལ་ཏམ། ཀྭའེ་ནང་རྗེ་སུ་ལ་ཡང་མ་བྱིན་ནོ། །ལྷ་ཞུགས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་དེ་སྐད་མཆིའོ། །དེ་ནས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་མི་ཞིག་ལ་སྨྲས་ པ། ཀྭའེ་ནང་རྗེ་ཚུར་ཤོག །ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ག་ལ་བ་དེར་སོང་ལ་ཕྱིན་ནས། ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ལ་འདི་སྐད་ཅེས། ཀྭའེ་ནང་རྗེ་ཁྱོད་ལ་ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་གསུང་ངོ་། །ཞེས་ གྱིས་ཤིག །མི་དེས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ལ་འདི་སྐད་ཅེས་ སྨྲས་སོ། །ཀྱེ་ནང་པོ་ཤེས་པར་གྱིས་ཤིག །ཁྱོད་ལ་ལུས་འཕགས་མའི་བུ་མ་ག་ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་གསུང་ངོ་། །ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པས་ཀྱེ་ནང་པོ་བཀའ་བཞིན་འཚལ་ཞེས་མི་དེ་ལས་མཉན་ནས་ལུས་འཕགས་མའི་བུ་མ་ག་ དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་དྲུང་དུ་འཕགས་སོ། །དེའི་ཚེ་ན་སྔོན་རྫ་མཁན་དགེ་སློང་ནོར་ཅན་བྱ་བ་འགའ་ཞིག་ལ་རྒྱལ་པོའི་ཁབ་ཏུ་འཕགས་པར་གྱུར་པ་དང་། ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པས། སྔོན་རྫ་མཁན་དགེ་སློང་ནོར་ཅན་ཐག་རིང་པོ་ ཁོ་ན་ནས་མཐོང་ངོ་། །མཐོང་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཁྱེན་པར་མཛོད་ཅིག །བདག་ནི་ཞུགས་ཤིང་དེ་དག་གི་སླད་དུ་བཀུག་གོ། །ཀྱེ་ནང་པོ་ཁྱོད་སོང་ཤིག་དང་བདག་ཀྱང་འོང་ངོ་། །དེ་ནས་ཤིང་སྲུང་བའི་མི་ སྣ་ཆེན་པོ་ལ་གཏོགས་པ་དང་། སྔོན་རྫ་མཁན་དགེ་སློང་ནོར་ཅན་དང་། མི་དེ་ཡང་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་གནས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་རྒྱལ་པོའི་སྒོར་བསྡད་དོ། །དེ་ནས་མི་དེ་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་ རྒྱལ་པོ་མ་སྐྱེས་དགྲ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཞུགས་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་དེ་ཆབ་སྒོ་ན་སྡོད་དོ། །རབ་ཏུ་བྱུང་བ་དེ་ཡང་མ་སྦྲན་པ་ཉིད་དུ་མཆིས་ སོ། །ཀྭའེ་ནང་རྗེ་ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་རེ་ཞིག་ཞོག་ལ་རབ་ཏུ་བྱུང་བ་དེ་འཇུག་ཏུ་ཆུག་ཤིག །མི་དེས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་ག་ ལ་བ་དེར་སོང་སྟེ་ཕྱིན་ནས། སྔོན་རྫ་མཁན་དགེ་སློང་ནོར་ཅན་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་གསུང་ངོ་། །སྔོན་རྫ་མཁན་དགེ་སློང་ནོར་ཅན་གྱིས་ཀྱེ་ ནང་པོ་བཀའ་བཞིན་འཚལ་ཞེས་མི་དེ་ལས་མཉན་ནས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཨ་རོག་གྱ་ཞེས་བྱས་ཏེ་མཐའ་གཅིག་ཏུ་འདུག་ གོ། །སྔོན་རྫ་མཁན་དགེ་སློང་ནོར་ཅན་མཐའ་གཅིག་ཏུ་འདུག་པ་ལ། ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་སྨྲས་སོ། །འཕགས་པས་ཤིང་མ་བྱིན་པ་དག་བླང་དུ་རུང་ངམ། ལྷ་མི་རུང་ངོ་། །འོ་ན་ཁྱོད་ཀྱིས་ཅིའི་ཕྱིར་བླངས། ལྷས་སྩལ་བ་དག་གོ། །འཕགས་པ་མི་དྲན་ནོ། །བདག་གིས་ལྷས་དགོངས་པར་བགྱིའོ། །ལྷས་ཡབ་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་མངའ་བདག་ཏུ་མངའ་བཞེས་པར་གྱུར་ནས་རིང་པོ་མ་ལགས་པར་ངའི་མངའ་རིས་ན་དགེ་སྦྱོང་དང་། བྲམ་ཟེ་རང་བཞིན་བཟང་ བར་གྲགས་པ་རྩྭ་དང་། ཤིང་དང་། ཆུ་མ་བྱིན་པ་ཡོངས་སུ་མི་སྤྱོད་པ་གང་དག་འཁོད་པ་དེ་དག་དེང་ཕྱིན་ཆད་ཅི་བདེར་སྤྱོད་ཅིག་ཅེས་དེ་ལྟ་བུའི་ཁྱུ་མཆོག་གི་བཀའ་རྒྱ་ཆེན་པོ་བཏགས་ཏེ། གཅིག་ཏུ་དང་དུ་བཞེས་ཤིང་འཁོར་གྱི་ནང་དུ་ཡང་དག་པར་སེང་ གེའི་སྒྲ་བསྒྲགས་པ་ལྷས་དགོངས་ཤིག །འཕགས་པ་དེ་ནི་ཁོ་བོས་ཡོངས་སུ་མ་བཟུང་བ་ལས་བསམས་ཏེ་སྨྲས་ཀྱི། འདི་ནི་ཡོངས་སུ་བཟུང་བ་དང་བཅས་པ་ཡིན་ནོ། །ལྷ་རེ་ཞིག་ཡོངས་སུ་མ་བཟུང་བ་གང་ལགས་པ་དེ་ལ་ལྷས་ཅི་ཞིག་བགྱིར་མཆིས། དེ་ སྐད་ཅེས་སྨྲས་པ་དང་། ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡིད་མི་དགའ་ནས་དཔྲལ་བར་དཔྲལ་རྩ་གསུམ་བསྒྲེང་ཞིང་ཁྲོ་གཉེར་བསྡུས། བཞིན་བསྒྱུར། མིག་བགྲད་དེ་ལག་མཐིལ་གཉིས་འདྲིལ་ཞིང་ འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་བསད་པའི་རིགས་པ་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟ་མ་བྱེད་ཅིག །དེ་ནས་འཁོར་དེས་ཤེས་ལྡན་དག་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་འདི་ཙམ་དུ་གཏུམ་པ་འདི་ཙམ་དུ་རྟུན་ངས་པ། འདི་ཙམ་དུ་དྲག་ ཤུལ་ཆེ་བ། འདི་ཙམ་དུ་ཚམ་ཚོམ་མེད་པ་དེས་དགེ་སྦྱོང་བསད་པའི་རིགས་པ་ཁྱོད་ཅེས་བྱ་བའི་ཚིག་སྙིང་པོ་མེད་པས་སྤྱོས་ཏེ་བཏང་བ་ནི་ངོ་མཚར་ཏོ་ཞེས་སྐད་པོ་ཆེས་སྐད་ཕྱུང་ཞིང་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་ཕྱུང་བར་གྱུར་ཏོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ ནོར་ཅན་གཙུག་ལག་ཁང་དུ་སོང་སྟེ་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་ཁོ་བོ་གྱོད་ལ་སྐྲིན་ཅིང་སྲོག་དང་བྲལ་བར་དེའུ་བྱས་སོ། །དགེ་སློང་དག་གིས་ཅིའི་ཕྱིར་ཞེས་དྲིས་པ་དང་། དེས་ སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྣམ་སྦྱར་གྱོན་ཏེ་དགེ་སློང་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཞིག་དང་ སོང་ལ་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་དང་། བཀའ་འདོགས་པའི་གནས་དག་ཏུ་འདུག་ལ། དད་པ་ཅན་དག་དང་། མ་དད་པ་དག་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ དང་། གྲོང་རྡལ་པ་དག་དང་། ཡུལ་མི་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་ལ་ཤེས་ལྡན་དག་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་ཇི་ཙམ་མ་བྱིན་པར་བླངས་པས། གྱོད་ལ་སྐྲིན་ཅིང་སྲོག་དང་བྲལ་བར་བྱེད་ ཅེས་དྲིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་དང་། བཀའ་འདོགས་པའི་ གནས་དག་ཏུ་འདུག་ནས་དད་པ་ཅན་དག་དང་། མ་དད་པ་དག་དང་། བྲམ་ཟེ་དང་། ཁྱིམ་བདག་དག་དང་། གྲོང་རྡལ་པ་དག་དང་། ཡུལ་མི་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་ལ་རྨས་པ། ཤེས་ལྡན་དག་ལུས་འཕགས་མའི་བུ་ མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་ཇི་ཙམ་མ་བྱིན་པར་བླངས་པས་གྱོད་ལ་སྐྲིན་ཅིང་སྲོག་དང་བྲལ་བར་བྱེད། དེ་དག་གིས་སྨྲས་པ། བཙུན་པ་ཀུན་དགའ་བོ་མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་པོའི་ཁབ་ ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བདག་ད་གཟོད་སྣམ་སྦྱར་འཚལ་ཏེ་དགེ་སློང་སླད་བཞིན་འབྲང་བའི་དགེ་སློང་ཞིག་དང་། རྒྱལ་པོའི་ཁབ་ཏུ་ཞུགས་ནས་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་དང་། བཀའ་འདོགས་པའི་གནས་དག་ཏུ་ མཆིས་ཏེ། དད་པ་ཅན་དག་དང་། མ་དད་པ་དག་དང་། བྲམ་ཟེ་དང་། ཁྱིམ་བདག་དག་དང་། གྲོང་རྡལ་པ་དག་དང་། ཡུལ་མི་དག་དང་། ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་ལ་ཤེས་ལྡན་དག་ལུས་འཕགས་མའི་བུ་མ་ག་ ངྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་ཇི་ཙམ་མ་བྱིན་པར་བླངས་པས་གྱོད་ལ་སྐྲིན་ཅིང་སྲོག་དང་འབྲལ་བར་བགྱིད་ཅེས་རྨས་ན། དེ་དག་གི་མཆིད་ནས་བཙུན་པ་ཀུན་དགའ་བོ་མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ་ཞེས་མཆིའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན། དགེ་སློང་གི་དགེ་འདུན་སྡུད་པར་མཛད་དེ། འདི་ལྟ་སྟེ། ངའི་ཉན་ཐོས་རྣམས་ཀྱིས་ཀུན་ཤེས་པ་ ཉིད་དུ་བྱ་བའི་ཕྱིར་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་ བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔོན་རྫ་མཁན་དགེ་སློང་ནོར་ཅན་ལ་རྨས་པ། ནོར་ཅན་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་ མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ནོར་ཅན་ངས་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་དང་། ཞེ་སྡང་ འདོད་ཆགས་དང་བྲལ་བར་བྱ་བ་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བར་བྱ་བའི་ཆོས་བསྟན་པ་ལ་ཁྱོད་ཀྱིས་ཅིའི་ཕྱིར་མི་མཛེས་པ། དེ་ལྟ་བུ་དེ་བྱས་པར་གྱུར་ཅེས་རྣམ་པར་སྨད་པ་མཛད་ དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། འདི་ ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ངའི་ཚངས་པར་ སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གཞན་དག་གི་གྲོང་ ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ། བླངས་ན་ཇི་ཙམ་མ་བྱིན་པར་བླངས་པས། དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ། ། ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་བཞི་པོ་མིང་གི་དགེ་སློང་དང་། ཁས་འཆེ་བའི་ དགེ་སློང་དང་། སློང་བའི་ཕྱིར་དགེ་སློང་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ལས་ཞེས་བྱ་བ་ནས། དོན་འདིར་ནི་གསོལ་བ་དང་། བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་དུ་དགོངས་ ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེས་ན་ཡང་དགེ་སློང་གང་ཞེས་གསུངས་སོ། །གཞན་དག་གི་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་དག་གིའོ། །གྲོང་ན་འདུག་པའམ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པའོ། །དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ ར་བའི་ཕྱི་རོལ་ན་འདུག་པའོ། །མ་བྱིན་པ་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ། བུད་མེད་དམ། མ་ནིང་གང་གིས་ཀྱང་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ། །བླངས་ན་ཞེས་བྱ་ བ་ནི་ལེན་ནའོ། །ཇི་ཙམ་མ་བྱིན་པར་བླངས་པས་ཞེས་བྱ་བ་ནི་མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ། །དེ་རྒྱལ་པོའམ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ ཡིན་ལ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོས་ཞེས་བྱ་བ་ནི་དེ་ལས་གཞན་པ་བློན་པོ་དང་། རྩིས་མཁན་ དང་། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་དེ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གིས་སོ། །བཟུང་ནས་ཞེས་བྱ་བ་ནི་བླངས་ནས་སོ། །དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ ཞེས་བྱ་བ་དེ་དག་ནི་སྤྱོ་བའི་ཚིག་གོ། །ཟེར་ཞིང་ཞེས་བྱ་བ་ནི་རྗོད་ཅིང་ངོ་། །གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ་གསུམ་པོ་ལྕགས་ལས་བྱས་པ་དང་། ཤིང་ལས་བྱས་པ་དང་། རྩྭ་ལས་བྱས་པ་དག་གིས་སོ། ། སྤྱུགས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཡུལ་མེད་པར་བྱེད་ཀྱང་རུང་སྟེའོ། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པ་གང་ཡིན་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་ བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་གང་ཡིན་པ་དང་། གང་ཟག་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ཟློག་པ་དང་། ཕྱིར་མི་ཟློག་པ་ཉིད་དང་། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ། །དེ་ཡང་ཞེས་བྱ་བ་ནི་ཉེ་ བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་དེ་ཡང་ངོ་། །ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི། དེ་མཐར་གྱུར་པ་དང་། ལྟུང་བ་དང་། དམན་པ་དང་། འཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པ་གང་ཡིན་པའོ། །ཡང་གང་ གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ། ལྟུང་བ། ཕམ་ པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་བས་དེས་ན་ཕམ་པར་གྱུར་པ་ཡིན་གྱིས་ཞེས་གསུངས་སོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་དེ་དང་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་ དང་གཉིས་དང་། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱ་བའོ། །ཡང་གང་ཟག་བཅུ་གཉིས་པོ་དག་ཏུ་སྐོ་བས་བསྐོ་བར་མི་བྱ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྤྱི་སྡོམ་ལ། བདག་ཉིད་ ས་དང་ནམ་མཁའ་དང་། །ས་ཡི་གཅལ་དང་གཞོན་དང་གྲུ། །སྟོན་ཀ་འབྱུང་དང་ཆུ་དང་ནི། །རྐུ་དང་ས་གཞི་འཆོལ་བ་དང་། །རྐང་མེད་དང་ནི་གདོལ་པ་དང་། །འཕྱང་བར་གྱུར་པ་ཐ་མ་ཡིན།། །།སྡོམ་ལ། བདག་ཉིད་དང་ནི་མ་བྱིན་དང་། །སེམས་དང་ཡོངས་སུ་ བཟུང་བ་དང་། །འདུ་ཤེས་དང་ནི་བཞི་པ་བཞི། །ལྔ་པ་གཉིས་སུ་བྱས་པ་ཡིན། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གསུམ་གང་ཞེ་ན། བདག་ཉིད་ཀྱིས་དང་། ཞལ་ཏ་བྱས་ཏེ་དང་། མངགས་ པས་སོ། །ཇི་ལྟར་བདག་ཉིད་ཀྱིས་ཤེ་ན། བདག་ཉིད་ཀྱིས་རྐུ་བ་དང་། བདག་ཉིད་ཀྱིས་རྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་བདག་ཉིད་ཀྱིས་སོ། །ཇི་ལྟར་ཞལ་ཏ་བྱས་ཏེ་ཞེ་ན། ཞལ་ཏ་བྱས་ཏེ་རྐུ་བ་དང་། ཞལ་ཏ་ བྱས་ཏེ་རྐུར་འཇུད་པ་དང་། ཞལ་ཏ་བྱས་ཏེ་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ཞལ་ཏ་བྱས་ཏེའོ། །ཇི་ལྟར་མངགས་པས་ཤེ་ན། མངགས་པས་རྐུ་བ་དང་། མངགས་པས་རྐུར་འཇུད་པ་དང་། མངགས་པས་གནས་ནས་གནས་སུ་སྦེད་པར་ བྱེད་པ་སྟེ། དེ་ལྟར་མངགས་པས་སོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། ། གསུམ་གང་ཞེ་ན། མ་བྱིན་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་པའོ། །ཇི་ལྟར་མ་བྱིན་པ་ཡིན་ཞེ་ན། དེ་ལ་སྐྱེས་པའམ། བུད་མེད་དམ། མ་ནིང་གང་གིས་ཀྱང་མ་བྱིན་པ་སྟེ། དེ་ལྟར་མ་བྱིན་པ་ཡིན་ནོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་ གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གསུམ་གང་ཞེ་ན། སེམས་པར་བྱེད་པ་དང་། རྩོལ་བར་བྱེད་པ་ དང་། གནས་ནས་གནས་སུ་སྦེད་པའོ། །ཇི་ལྟར་སེམས་པར་བྱེད་ཅེ་ན། དེ་ལ་རྐུ་སེམས་ཉེ་བར་གནས་པར་གྱུར་པ་སྟེ། དེ་ལྟར་སེམས་པར་བྱེད་དོ། །ཇི་ལྟར་རྩོལ་བར་བྱེད་ཅེ་ན། ལག་པ་དག་དང་། རྐང་པ་དག་གིས་རྩོལ་བར་བྱེད་པ་སྟེ། དེ་ལྟར་རྩོལ་བར་ བྱེད་དོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་གསུམ་ གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གསུམ་གང་ཞེ་ན། གཞན་གྱིས་ཡོངས་སུ་བཟུང་བ་དང་། ལྕི་བ་དང་། གནས་ནས་གནས་སུ་ སྦེད་པའོ། །ཇི་ལྟར་གཞན་གྱིས་ཡོངས་སུ་བཟུང་བ་ཡིན་ཞེ་ན། འདི་ལྟ་སྟེ། ཡོ་བྱད་ལྕི་བ་དག་གཞན་སྐྱེས་པའམ། བུད་མེད་དམ། མ་ནིང་དག་གིས་ཡོངས་སུ་བཟུང་བར་གྱུར་པ་སྟེ། དེ་ལྟར་གཞན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ། །ཇི་ལྟར་ལྕི་བ་ ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་གསུམ་གྱིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གསུམ་ གང་ཞེ་ན། གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་པའོ། །ཇི་ལྟར་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་འདི་ལྟར་ཡོ་བྱད་ལྕི་བ་འདི་དག་གཞན་སྐྱེས་ པའམ། བུད་མེད་དམ། མ་ནིང་དག་གིས་ཡོངས་སུ་བཟུང་བར་འདུ་ཤེས་པ་སྟེ། དེ་ལྟར་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ཡིན་ནོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་ གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་གསུམ་གྱིས་མ་བྱིན་པར་ལེན་ན་ ཕམ་པར་འགྱུར་རོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །བཞི་གང་ཞེ་ན། གཞན་གྱིས་ཡོངས་སུ་བཟུང་བ་དང་། གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་དང་། ལྕི་བ་དང་། གནས་ནས་ གནས་སུ་སྦེད་པའོ། །ཇི་ལྟར་གཞན་གྱིས་ཡོངས་སུ་བཟུང་བ་ཡིན་ཞེ་ན། འདི་ལྟ་སྟེ། ཡོ་བྱད་ལྕི་བ་དག་གཞན་སྐྱེས་པའམ། བུད་མེད་དམ། མ་ནིང་དག་གིས་ཡོངས་སུ་བཟུང་བར་གྱུར་པ་སྟེ། དེ་ལྟར་གཞན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ། །ཇི་ལྟར་གཞན་ གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་འདི་ལྟར་ཡོ་བྱད་ལྕི་བ་འདི་དག་གཞན་སྐྱེས་པའམ། བུད་མེད་དམ། མ་ནིང་དག་གིས་ཡོངས་སུ་བཟུང་བར་འདུ་ཤེས་པ་སྟེ། དེ་ལྟར་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ཡིན་ནོ། །ཇི་ལྟར་ ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ནས་གནས་ སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །བཞི་གང་ཞེ་ན། སེམས་པར་བྱེད་པ་དང་། རྩོལ་བར་བྱེད་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་པའོ། །ཇི་ལྟར་སེམས་པར་བྱེད་ཅེ་ན། དེ་ལ་རྐུ་སེམས་ཉེ་བར་གནས་པར་གྱུར་པ་སྟེ། དེ་ལྟར་སེམས་པར་བྱེད་དོ། །ཇི་ལྟར་རྩོལ་བར་བྱེད་ཅེ་ན། ལག་པ་དག་དང་། རྐང་པ་དག་གིས་རྩོལ་བར་བྱེད་པ་སྟེ། དེ་ལྟར་རྩོལ་བར་བྱེད་དོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་ སྟེ། དེ་ལྟར་གནས་ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །བཞི་གང་ཞེ་ན། བསྲུངས་པ་དང་། བདག་གིར་བྱས་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་པའོ། །ཇི་ལྟར་བསྲུངས་པ་ཡིན་ཞེ་ན། འདི་ལྟ་སྟེ། མི་རྣམས་ཀྱི་ཡོ་བྱད་ལྕི་བ་དག་སྣོད་འདི་ལྟ་སྟེ། ཟངས་པོ་ཆེ་དང་། ཟངས་དང་། རྫ་བོ་དང་། སྒྲོམ་དང་། ཀོ་ལྤགས་ སུ་བཅུག་པར་གྱུར་ཅིང་། དེར་ཡང་སྲུང་མ་འདི་ལྟ་བུ་འདི་ལྟ་སྟེ། གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་བཀོད་པར་གྱུར་ཅིང་། དེ་དག་དེ་ན་སྲུང་བར་བྱེད་པ་སྟེ། དེ་ལྟར་བསྲུངས་ པ་ཡིན་ནོ། །ཇི་ལྟར་བདག་གིར་བྱས་པ་ཡིན་ཞེ་ན། འདི་ལྟ་སྟེ། མི་རྣམས་ཀྱི་ཡོ་བྱད་ལྕི་བ་དག་སྔོན་འདི་ལྟ་སྟེ། ཟངས་པོ་ཆེ་དང་། ཟངས་དང་། རྫ་བོ་དང་། སྒྲོམ་དང་། ཀོ་ལྤགས་སུ་བཅུག་པར་གྱུར་ཅིང་། དེ་དག་གིས་འདི་དག་བདག་ཅག་གི་ཡིན་ནོ་ ཞེས་དེ་དག་བདག་གིར་བྱེད་པ་སྟེ། དེ་ལྟར་བདག་གིར་བྱས་པ་ཡིན་ནོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་ དེ་ནས་སྤགས་ཤིང་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་གིས་གཞན་དག་གི་ཡོ་བྱད་ ལྕི་བ་དག་རྒྱུ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །བཞི་གང་ཞེ་ན། བསྲུངས་ཤིང་བདག་གིར་མ་བྱས་པ་དང་། བདག་གིར་བྱས་ཤིང་མ་བསྲུངས་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་དོ། །ཇི་ལྟར་བསྲུངས་ཤིང་བདག་གིར་མ་བྱས་པ་ཡིན་ཞེ་ ན། འདི་ལྟ་སྟེ། ཆོམ་རྐུན་པ་དག་གིས་གྲོང་གཞོམ་པ་དང་། གྲོང་ཁྱེར་གཞོམ་པ་དང་། ཡུལ་གཞོམ་པར་བྱས་ཏེ་དགོན་པར་ཀུན་ནས་འདུ་བར་བྱེད་ཅིང་དེར་མི་ཁ་ལུངས་པ་ལ་གཅན་པ་དག་གིས་དེ་དག་ལས་རྐུན་རྫས་ཕྲོགས་ཏེ་སྤུངས་ནས་སྲུང་བར་བྱེད་ཅིང་བདག་གིར་ མི་བྱེད་པ་སྟེ། དེ་ལྟར་བསྲུང་ཞིང་བདག་གིར་མ་བྱས་པ་ཡིན་ནོ། །ཇི་ལྟར་བདག་གིར་བྱས་ཤིང་མ་བསྲུངས་པ་ཡིན་ཞེ་ན། འདི་ལྟ་སྟེ། མི་རྣམས་ཀྱི་ཡོ་བྱད་ལྕི་བ་དག་སྔོན་འདི་ལྟ་སྟེ། ཟངས་པོ་ཆེ་དང་། ཟངས་དང་། རྫ་བོ་དང་། སྒྲོམ་དང་། ཀོ་ལྤགས་སུ་བཅུག་ པར་གྱུར་ཅིང་། དེ་དག་གིས་འདི་དག་བདག་ཅག་གི་ཡིན་ནོ་ཞེས་དེ་དག་བདག་གིར་བྱེད་ཅིང་། སྲུང་མ་འདི་ལྟ་བུ་འདི་ལྟ་སྟེ། གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་བཀོད་པར་ནི་མ་གྱུར་པ་སྟེ། དེ་ལྟར་ བདག་གིར་བྱས་ཤིང་མ་བསྲུངས་པ་ཡིན་ནོ། །ཇི་ལྟར་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གནས་གཞན་ དག་ཏུ་འཇོག་པར་བྱེད་པ་སྟེ། དེ་ལྟར་གནས་ནས་གནས་སུ་སྦེད་དོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་ལྔས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། ། ལྔ་གང་ཞེ་ན། རང་གི་འདུ་ཤེས་ཀྱིས་ལེན་པར་མི་བྱེད་པ་དང་། ཡིད་གཅུགས་པའི་འདུ་ཤེས་ཀྱིས་ལེན་པར་མི་བྱེད་པ་དང་། རེ་ཞིག་གི་འདུ་ཤེས་ཀྱིས་ལེན་པར་མི་བྱེད་པ་དང་། ལེན་པ་ན་གཞན་ལ་གོ་བར་མི་བྱེད་པ་དང་། དེ་ལ་རྐུ་སེམས་ཉེ་བར་གནས་པར་གྱུར་པ་ སྟེ། དགེ་སློང་གིས་གཞན་དག་གི་ཡོ་བྱད་ལྕི་བ་དག་རྒྱུ་དེ་ལྔས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ། །རྒྱུ་ལྔས་ནི་ལྟུང་བ་མེད་དེ། ལྔ་གང་ཞེ་ན། རང་གི་འདུ་ཤེས་ཀྱིས་ལེན་པར་བྱེད་པ་དང་། ཡིད་གཅུགས་པའི་འདུ་ཤེས་ཀྱིས་ལེན་པར་བྱེད་པ་དང་། རེ་ཞིག་གི་འདུ་ ཤེས་ཀྱིས་ལེན་པར་བྱེད་པ་དང་། ལེན་པ་ན་གཞན་ལ་གོ་བར་བྱེད་པ་དང་། དེ་ལ་རྐུ་སེམས་ཉེ་བར་གནས་པར་མ་གྱུར་པ་སྟེ། རྒྱུ་དེ་ལྔས་ལྟུང་བ་མེད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་པ། སྡོམ་ལ། ས་ལ་འདུག་དང་སྣོད་འདུག་དང་། ། གཡུལ་ན་འདུག་དང་དོང་ན་འདུག །རྩ་བའི་སྨན་ནི་ལྔ་པ་སྟེ། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །འདི་ལྟར་གཞན་དག་གི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ ཏིག་གི་ཆུན་པོ་དག་ས་ལ་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་ པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་ སྦོམ་པོར་འགྱུར་རོ། །གལ་ཏེ་ས་དེ་འཇམ་ཞིང་མུ་གཅིག་པ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་གྱོང་གྲུགས་སམ། གས་པའམ། ཡི་གེ་བྲིས་པའམ། ཚོན་སྣ་ཚོགས་བཀྲ་བ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །འདི་ལྟར་གཞན་ དག་གི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་སྣོད་ན་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་ བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་ བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སྣོད་དེ་འཇམ་ཞིང་དུམ་བུ་གཅིག་པ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་གྱོང་གྲུགས་སམ། གས་པའམ། མཚམས་ཅན་ནམ། ཡི་གེར་བྲིས་པའམ། ཚོན་སྣ་ཚོགས་བཀྲ་བ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །འདི་ལྟར་གཞན་དག་གི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་ དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་གཡུལ་ན་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་ བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིང་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་གཡུལ་དེ་འབྲུ་ཁ་དོག་གཅིག་པས་གང་བ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་འབྲུ་ཁ་དོག་སྣ་ཚོགས་ཀྱིས་གང་བ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །འདི་ལྟར་གཞན་དག་གི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་དོང་ན་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་ བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དོང་དེ་འབྲུ་ཁ་དོག་གཅིག་པས་གང་བ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་འབྲུ་ཁ་དོག་སྣ་ཚོགས་ཀྱིས་གང་བ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་ བྱའོ། །གལ་ཏེ་དོང་དེ་གང་ཞིང་མུ་དང་ཁ་ང་ཆད་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་མ་གང་བ་ཡིན་ན་དེ་ལ་ཤིང་བུས་བར་དུ་ཆོད་པའམ། སེག་གིས་བར་དུ་ཆོད་པའམ། རེ་ལྡེས་བར་དུ་ཆོད་པ་གང་དག་ཡིན་པ་དེ་དག་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །འདི་ ལྟར་མི་རྣམས་ཀྱི་རྩ་བའི་ལས་ཀྱི་མཐའ་འདི་ལྟ་སྟེ། གླ་སྒང་ངམ། ཤུ་དག་གམ། ཡུང་ངམ། སྒེའུ་གཤེར་རམ། བོང་ང་དཀར་པོ་དེ་ལྟ་བུ་དེ་དག་ཉེ་བར་གནས་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་ བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད། འབྱིན་པར་བྱེད། ཁུར་འདྲག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་ སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་། དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། ནམ་མཁའ་ལ་ནི་གསུམ་དུ་བྱ། །བྱ་རྣམས་ཀྱིས་ནི་རྒྱན་གསུམ་དང་། །གསང་ སྔགས་དག་གིས་འདྲེན་བྱས་ཏེ། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །འདི་ལྟར་མི་རྣམས་ཀྱི་ཁང་ཐོག་དག་ཏུ་གོས་ཁ་དོག་སྣ་ཚོགས་དག་བཏིང་བ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། ཡ་གད་འཛུགས་པར་བྱེད། ཁྲི་འཕང་དང་ཐག་སྐས་འཆའ་བར་བྱེད། དཔྱང་ཐག་འདོར་བར་བྱེད། འཛེག་པར་བྱེད་ཅིང་། ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད། གོས་དག་སྡུད་པར་བྱེད། བམ་པོ་སྒྲེ་བར་བྱེད་ཅིང་ཇི་སྲིད་དུ་གནས་ནས་ གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་བཙོ་བླག་མཁན་ གྱི་གོས་དག་བཏིང་བ་རླུང་གིས་ཁྱེར་ཞིང་དེ་དག་དགེ་སློང་རྣམས་ཀྱི་འཆག་ས་དག་གམ། དགར་དག་གམ། སྒོ་ཁང་དག་ཏུ་ལྷུང་བ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་ མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད། གོས་དག་སྡུད་པར་བྱེད། བམ་པོ་སྒྲེ་བར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་ པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་མི་རྣམས་ཀྱི་ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པའི་སྟེང་དུ་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་བཞག་པ་ལ། དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། ཡ་གད་འཛུགས་པར་བྱེད། ཁྲི་འཕང་དང་ཐག་ སྐས་འཆའ་བར་བྱེད། དཔྱང་ཐག་འདོར་བར་བྱེད། འཛེག་པར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་ཇི་སྲིད་དུ་ཉེས་པ་སྦོམ་པོར་ འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་མི་རྣམས་ཀྱི་ཁྱིམ་དག་གམ། ཆུའི་གནས་དག་ཏུ་འཇུག་པའི་ཤིང་ལྗོན་པ་ དག་བསྐྱེད་པ་རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་གིས་བརྒྱན་པ་དེ་ལས་ཟས་ལ་ཆགས་པའི་བྱས་རྒྱན་གང་ཡང་རུང་བ་ཁྱེར་བ་ལ་དགེ་སློང་གིས་ དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། བྱ་འཛིན་པར་བྱེད་ཅིང་ཇི་སྲིད་དུ་རྒྱན་ལ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་ ལ། དེ་འདི་སྙམ་དུ་བྱ་ལས་བརྐུ་བར་བྱའི་མི་ལས་མ་ཡིན་ནོ་སྙམ་དུ་སེམས་ན་ཉེས་བྱས་སུ་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་ཚང་ན་ ཉེས་བྱས་སུ་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་ལ་རྒྱན་ག་ལ་ཡོད་སྙམ་དུ་སེམས་ན་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་ བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་མི་རྣམས་ཀྱི་ཁང་ཐོག་དག་གམ། སྐོན་པ་དག་ཏུ་རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་ དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་བཞག་པ་དེ་ལས་ཟས་ལ་ཆགས་པའི་བྱས་རྒྱན་གང་ཡང་རུང་བ་ཁྱེར་བ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། བྱ་འཛིན་པར་བྱེད་ཅིང་ཇི་སྲིད་དུ་རྒྱན་ལ་ ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་ལ། དེ་འདི་སྙམ་དུ་བྱ་ལས་བརྐུ་བར་བྱའི་མི་ལས་མ་ཡིན་ནོ་སྙམ་དུ་སེམས་ན་ཉེས་བྱས་སུ་འགྱུར་རོ། །གནས་ ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་ལ་རྒྱན་ག་ལ་ཡོད་སྙམ་དུ་སེམས་ན་ཇི་སྲིད་དུ་གནས་ ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་ མི་རྣམས་ཀྱི་ཁྱིམ་དག་གམ། ཆུའི་གནས་དག་ཏུ་རྩེད་མོའི་བྱ་འདི་ལྟ་སྟེ། ནེ་ཚོའམ། རི་སྐེགས་སམ། ཁུ་བྱུག་གམ། ཤང་ཤང་ཏེའུའམ། རྨ་བྱ་དག་བཞག་པ་དེ་དག་ལ་རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་ རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་གིས་བརྒྱན་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། བྱ་འཛིན་པར་བྱེད་ཅིང་ཇི་སྲིད་དུ་རྒྱན་ལ་ནོམ་པར་མི་བྱེད། ཉུག་པར་ མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་ལ། དེ་འདི་སྙམ་དུ་བྱ་ལས་བརྐུ་བར་བྱའི་མི་ལས་མ་ཡིན་ནོ་སྙམ་དུ་སེམས་ན་ཉེས་བྱས་སུ་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་ལ་རྒྱན་ག་ལ་ཡོད་སྙམ་དུ་སེམས་ན། ཇི་སྲིད་དུ་གནས་ནས་གནས་སུ་སྦེད་ པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གཏེར་གཉིས་པོ་བདག་པོ་དང་བཅས་ པ་དང་། བདག་པོ་མེད་པ་ལས་དགེ་སློང་གིས་བདག་པོ་དང་བཅས་པའི་གཏེར་གྱི་ཕྱིར་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། དཀྱིལ་འཁོར་ཉུག་པར་བྱེད། ཕྱོགས་བཞིར་སེང་ལྡེང་གི་ཕུར་པ་འཛུགས་པར་བྱེད། ཚོན་སྐུད་སྣ་ལྔས་བསྐོར་ཏེ་མེ་སྦར་བར་བྱེད། ཡམ་སྲེག་ཤིང་འཛུད་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། བདག་ལ་བདག་པོ་དང་བཅས་པའི་གཏེར་འོང་བར་གྱུར་ལ། བདག་པོ་མེད་པ་འོང་བར་མ་གྱུར་ཅིག་སྙམ་པ་ལས། གལ་ཏེ་དེ་ལ་བདག་པོ་དང་བཅས་པའི་གཏེར་འོང་བར་གྱུར་ཅིང་བདག་པོ་མེད་པ་ འོང་བར་མི་འགྱུར་ན། ཇི་སྲིད་དུ་མིག་སྔར་སྣང་བར་མ་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་མིག་སྔར་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་བདག་པོ་དང་བཅས་པའི་གཏེར་གྱི་ཕྱིར་སྦྱོར་བ་བྱས་ནས། དེ་འདི་སྙམ་དུ་བདག་ལ་བདག་པོ་མེད་པའི་གཏེར་འོང་བར་གྱུར་ལ། བདག་པོ་དང་བཅས་པ་འོང་བར་མ་གྱུར་ཅིག་སྙམ་པ་ལས། གལ་ཏེ་དེ་ལ་བདག་པོ་མེད་པའི་གཏེར་ འོང་བར་གྱུར་ཅིང་བདག་པོ་དང་བཅས་པ་འོང་བར་མི་འགྱུར་ན། ཇི་སྲིད་དུ་མིག་སྔར་སྣང་བར་མ་གྱུར་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་མིག་སྔར་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་པོ་མེད་པའི་གཏེར་གྱི་ཕྱིར་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། དཀྱིལ་འཁོར་ཉུག་པར་བྱེད། ཕྱོགས་བཞིར་སེང་ལྡེང་གི་ཕུར་པ་འཛུགས་པར་བྱེད། ཚོན་སྐུད་སྣ་ལྔས་བསྐོར་ཏེ་མེ་ སྦར་བར་བྱེད། ཡམ་སྲེག་ཤིང་འཛུད་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་བདག་ལ་བདག་པོ་མེད་པའི་གཏེར་འོང་བར་གྱུར་ལ། བདག་པོ་དང་བཅས་པ་འོང་བར་མ་གྱུར་ཅིག་སྙམ་པ་ལས། གལ་ཏེ་དེ་ལ་བདག་པོ་མེད་པའི་གཏེར་འོང་བར་གྱུར་ཅིང་བདག་པོ་དང་ བཅས་པ་འོང་བར་མི་འགྱུར་ན། ཇི་སྲིད་དུ་མིག་སྔར་སྣང་བར་མ་གྱུར་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་མིག་སྔར་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་བྱས་སུ་ འགྱུར་རོ། །དགེ་སློང་གིས་བདག་པོ་མེད་པའི་གཏེར་གྱི་ཕྱིར་སྦྱོར་བ་བྱས་ནས་དེ་འདི་སྙམ་དུ། བདག་ལ་བདག་པོ་དང་བཅས་པའི་གཏེར་འོང་བར་གྱུར་ལ། བདག་པོ་མེད་པ་འོང་བར་མ་གྱུར་ཅིག་སྙམ་པ་ལས། གལ་ཏེ་དེ་ལ་བདག་པོ་དང་བཅས་པའི་གཏེར་འོང་བར་གྱུར་ ཅིང་བདག་པོ་མེད་པར་འོང་བར་མི་འགྱུར་ན། ཇི་སྲིད་དུ་མིག་སྔར་སྣང་བར་མ་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་མིག་སྔར་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། ས་ཡི་གཅལ་དང་རྡོ་དང་ནི། །སྤང་ལེབ་དང་ནི་རྩིག་རྨང་དང་། །རྩིག་པ་སྟེང་དང་གཡོགས་མ་དང་། །རིམ་པ་ཆོས་གོས་གདང་ཁུང་དང་། །ཆོས་གོས་གདང་དང་ཟུང་དང་། །ལྕགས་སྒྱེད་ཁྲི་དང་ཁྲིའུ་དང་ནི། །ཨན་ཁྲི་དང་ནི་ སྒོ་སྐྱེས་དང་། །ཤིང་ལྗོན་རྣམ་པ་གསུམ་པོ་ཡིན། །འདི་ལྟར་མི་རྣམས་ཀྱི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་ལས་གཅལ་བཏིང་བའི་སྟེང་ན་ འདུག་པ་ལ། དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་ པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་གཅལ་དེ་རྩྭ་ཁ་དོག་གཅིག་པ་ དག་གིས་བཀྲམ་པ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་རྩྭ་ཁ་དོག་སྣ་ཚོགས་དག་གིས་བཀྲམ་པ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །འདི་ལྟར་མི་རྣམས་ཀྱི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་ རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་རྡོའི་སྟེང་ན་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད་ཅེས་བྱ་བ་ནས། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གལ་ཏེ་རྡོ་དེ་ འཇམ་ཞིང་མུ་གཅིག་པ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་གྱོང་གྲུགས་སམ། གས་པའམ། མཚམས་ཅན་ནམ། ཡི་གེ་བྲིས་པའམ། ཚོན་སྣ་ཚོགས་བཀྲ་བ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །རྡོ་ལ་ཇི་ལྟ་བ་བཞིན་དུ་ སྤང་ལེབ་དང་། རྩིག་རྨང་དང་། རྩིག་པ་དང་། སྟེང་དང་། གཡོགས་མ་དང་། རིམ་པ་དང་། ཆོས་གོས་ཀྱི་གདང་ཁུང་དང་། ཆོས་གོས་ཀྱི་གདང་དང་། ཟུང་དང་། ལྕགས་སྒྱེད་དང་། ཁྲི་དང་། ཁྲིའུ་དང་། ཨན་ཁྲིའུ་དང་། སྒོ་སྐྱེས་དང་། ཤིང་ལྗོན་པ་གསུམ་པོ་མེ་ཏོག་ གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་དང་། བདུག་པའི་ཤིང་ལྗོན་པ་ལ་ཡང་དེ་བཞིན་ཏེ། དགེ་སློང་གིས་མེ་ཏོག་གི་ཤིང་ལྗོན་པ་ཕྱུང་སྟེ་རྐུ་ན་མེ་ཏོག་གི་ཤིང་ལྗོན་པའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་ འགྱུར་རོ། །མེ་ཏོག་གི་ཤིང་ལྗོན་པ་ལ་ཇི་ལྟ་བ་བཞིན་དུ་འབྲས་བུའི་ཤིང་ལྗོན་པ་དང་། བདུག་པའི་ཤིང་ལྗོན་པ་ལ་ཡང་དེ་བཞིན་ནོ།། །།སྡོམ་ལ། བཞོན་དང་སྲང་གི་ཁང་པ་དང་། །གླང་ཆེན་བཞོན་དང་རྟ་བཞོན་དང་། །ཤིང་རྟའི་བཞོན་དང་རྐང་འགྲོ་དང་། །ཟུང་ ཁྱོགས་བཞོན་དང་ཤིང་རྟ་དང་། །ཁྱོགས་སྤྱིལ་བྱིས་པའི་བཞོན་པ་ཡིན། །འདི་ལྟར་མི་རྣམས་ཀྱི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་བཞོན་པའི་ སྟེང་ན་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། བཞོན་པ་ལ་ཞོན་པར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་ གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ བཞོན་པ་དེ་གོས་ཁ་དོག་གཅིག་པ་དག་གིས་བཤམས་པ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་གོས་ཁ་དོག་སྣ་ཚོགས་དག་གིས་བཤམས་པ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །བཞོན་པ་ལ་ཇི་ལྟ་བ་བཞིན་དུ་སྲང་གི་ཁང་པ་ལ་ཡང་དེ་བཞིན་ནོ། །འདི་ ལྟར་མི་རྣམས་ཀྱི་ཡོ་བྱད་ལྕི་བ་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་གླང་པོ་ཆེའི་བཞོན་པའི་སྟེང་ན་འདུག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་ བྱད་། ཤམ་ཐབས་གྱོན་པར་བྱེད།