Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 005_འདུལ་བ།_ཅ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
ྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །
སློབ་པ་དག་གིས་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ། ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་
འཆའ་འམ་ཟ་ན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །
དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་འགྱུར་ལ། ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་
གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་

ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་
དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།
ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་ལྔ་དང་། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །
ཚེ་དང་ལྡན་པ་དག་བསླབ་པའི་ཆོས་མང་པོ་འདི་དག་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་། །ཤམ་ཐབ་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་
ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང་། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་
པར་བྱའོ། །ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། སྒྲ་སྐྱུང་བ་དང་། མིག་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དག་ཏུ་འགྲོ་བར་བསླབ་པར་བྱའོ། །མགོ་མི་གཡོག་པ་དང་། མི་བརྫི་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང་།
ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མི་མཆོང་བ་དང་། མི་བརྐྱང་བ་དང་། ཙོག་པུས་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ལུས་མི་བསྒྱུར་བ་དང་། ལག་པ་མི་དཀྱོག་པ་དང་། མགོ་མི་

བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ། སྟན་ལ་མ་བརྟགས་པ་དང་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་
བསྣོལ་བ་དང་། ལོང་བའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །ལེགས་པར་ཟས་བླང་བར་བསླབ་པར་བྱ། མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་
པར་མ་ཡིན་པ་དང་། ཐར་ཆགས་སུ་དང་ལྷུང་བཟེད་ལ་བལྟ་བ་དང་། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་
གཟུང་བར་བསླབ་པར་བྱའོ།། །།སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་
ཅང་ཆེ་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །ཙུག་ཙུག་མི་བྱ་བ་དང་། བལྕག་བལྕག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །
འབྲུ་ནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར་བ་མི་སྤོ་བ་དང་། དཀན་མི་གཏོགས་པ་དང་། ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་
བསྐྱོམ་པ་དང་། མཆོད་རྟེན་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།། །།སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་

ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་ཁར་བ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་
དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་
གཞག་པར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་བཀྲུ་བར་
བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ། །མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ཉལ་བར་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་
དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་མགོ་གཡོགས་པ་དང་། བརྫེས་པ་དང་།
གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མགོ་ཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་གླང་པོ་ཆེ་
ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལག་ན་ཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་རལ་གྲི་

ཐོགས་པ་དང་། ལག་ན་དགྲ་སྟ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་
པར་བྱ། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་། མཆིལ་མ་དང་སྣབས་དང་སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་
བསླབ་པའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་
དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ། མངོན་སུམ་དྲན་པ་མ་མྱོས་དང་། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླང་བར་ཡང་བྱ་བའོ། །ཚེ་དང་ལྡན་པ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་
པ་ལས་འབྱུང་ངོ་། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་
ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུ་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་།
འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་

དག་གམ་ཞེས་ལན་གཉིས་ལན་གསུམ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །ཕམ་པར་གྱུར་པའི་ཆོས་བཞི་དང་།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་མདོར་བསྡུས་པ་ནི་འདི་དག་གོ། །གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུན་པ་དང་མཐུན་པ་དང་དགའ་བ་དང་།
མི་རྩོད་པར་སེམས་ཀུན་ཏུ་སྲུང་བ་དང་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་
ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་
གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་
གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་

འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གིས་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་
ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱི་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་
ལམ་ནི་ཐོབ་པར་འགྱུར། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་
ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཏོན། །འདི་ལ་སངས་རྒྱས་རྣམས་དང་གང་། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །
འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་
བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །སོ་སོར་ཐར་པའི་
མདོ་རྫོགས་སྷོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བན་དེ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་བི་བྷང་ག །བོད་སྐད་དུ། འདུལ་བ་རྣམ་པར་འབྱེད་པ། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུལ་བ་རྒྱལ་པོ་རྗེ་ཡི་རིགས་སུ་འཁྲུངས། །སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །སངས་རྒྱས་འདུལ་བའི་གཙོ་
ལ་ཕྱག་འཚལ་ཏེ། །འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ། །ཕ་རོལ་མ་མཐོང་གཏིང་རྟོགས་མ་གྱུར་ཅིང་། །གླགས་པའི་མུན་གནག་སློབ་དཔོན་ཚོགས་རྣམས་ཀྱི། །དབྱེ་བས་ཐ་དད་འདུལ་བ་རྒྱ་མཚོ་ལ། །ཡོན་ཏན་ཀུན་བསྟོད་རྩོལ་བློ་བདག་ལ་མེད། །ཇི་ལྟར་
འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་
འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་རྣམས་ཀྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །འདི་ལ་གནས་པར་འགྱུར་ན་མཐར་ཕྱིན་འགྱུར། །འདི་ལ་མི་གནས་
མཐར་ཕྱིན་ག་ལ་འགྱུར། །ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡིས། །ཆུ་ཀླུང་ཆེ་ཡང་ཟློག་པར་འགྱུར་བ་ལྟར། །དེ་བཞིན་འདུལ་བ་འཕགས་པ་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་ཟློག་པར་འགྱུར། །སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་། །བྱང་ཆུབ་
གང་བརྙེས་ཐུབ་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་། །
བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང་། །མདོ་སྡེའི་ཡན་ལག་དེ་དང་དེ་དག་སྤྱོད། །བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེ་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན། །འཇོག་བྲལ་སེམས་གླང་ལྕགས་ཀྱོ་

འདི་ཡིན་ཏེ། །གདུལ་བྱ་མ་དུལ་བ་ཡི་སྲབ་འདི་ཡིན། །ར་བའི་མཚམས་ཀྱི་འོབས་དང་འདྲ་བ་སྟེ། །ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །
གཉིས་གྱུར་ཕྱག་བྱ་སངས་རྒྱས་ཆོས་གཅིག་གཞན། །གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བཅས་རྗེ་སར་བཅས་གྱུར་ཅིང་། །དེ་ནི་མགོན་པས་མགོན་ཡིན་སྐྱབས་གནས་ཡིན། །དེ་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་ཚོལ་ཅིག །གང་ཞིག་སྟོན་པ་ཐུགས་
རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང་། །བཟླས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་
ལུང་ཚུལ་མིན་བཟླ་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །སོ་སོར་ཐར་བྱ་གང་ཡིན་པ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ཡིན། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་རྣམས་ཀུན་གྱི་
འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཁྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱོ་ཡིན། །མཚོ་བས་ཟབ་པའི་འཁོར་
བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་
འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །འདུལ་འདི་སོ་སོར་ཐར་པ་དེའི། །རྣམ་འབྱེད་ཡིན་པར་དགོངས་པས་ན། །ཐར་འདོད་རྣམས་ཀྱིས་གུས་བྱས་ཏེ། །འདི་ནི་ནན་ཏན་མཉན་པར་བྱ། །

འདུལ་བ་ལ་བསྟོད་པ་རྫོགས་སྷོ།། །།བསྐལ་པ་བྱེ་བ་རྣམས་སུ་ཡང་། །འདུལ་བ་ཐོས་པར་འགྱུར་བ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །
དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་
བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ང་འོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་
བ་རྣམས་སུ་རྒས་གྱུར་དང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །འདུལ་བ་རབ་ཏུ་གདོན་པར་བྱས། །གདུལ་བའི་དོན་དུ་ང་ལ་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་
ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རྟུལ་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་འདུལ་བ་འདི་ཡིན་ནོ། །ཆེ་བ་གང་དག་
ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་
རྣམ་པར་འཁྱམ་པར་འགྱུར། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལོ་བཅུ་གཉིས་སུ་སྐྱོན་མེད་ཅིང་ཆུ་བུར་མེད་ལ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་ཡང་མདོར་བསྡུས་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་

སུམ་ཚོགས་པར་བྱ། །རང་གིས་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་
དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་སྟོན་པར་གྱུར་ཏོ། །
ལོ་བཅུ་གསུམ་ལ་བབ་པ་ན་སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཀ་ལན་ད་ཀའི་གྲོང་ན་བཞུགས་སོ། །དེའི་ཚེ་ན་ཀ་ལན་ད་ཀའི་གྲོང་ན་ཀ་ལན་ད་ཀའི་བུ་བཟང་བྱིན་ཞེས་བྱ་བ་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཐོས་ཀྱི་
བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་འདུན་
ལ་མངོན་པར་དད། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང་། དེས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ཕྱིར་ལོག །མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་།
བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ཕྱིར་ལོག་གོ། །དེ་དད་པ་སྔ་མ་དེ་ཉིད་རྗེས་སུ་སྤེལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་
ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་བྱུང་ནས་འདི་ལྟ་སྟེ། སྔོན་ཁྱིམ་པ་བཞིན་དུ་ཉེ་དུ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་སོ། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་འདི་སྙམ་དུ་སེམས་ཏེ། བདག་ལེགས་པར་གསུངས་པའི་ཆོས་འདུལ་

བ་ལ་རབ་ཏུ་བྱུང་ནས་འདི་ལྟ་སྟེ། སྔོན་ཁྱིམ་པ་བཞིན་དུ་ཉེ་དུ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ནི་བདག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་གྱིས། བདག་ཉེ་དུ་རྣམས་དང་འབྲལ་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ཐོགས་
ཏེ་ལྗོངས་རྒྱུར་འགྲོའོ་སྙམ་མོ། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ཉེ་དུ་རྣམས་དང་འབྲལ་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ངོ་། །དེའི་ཚེ་ན་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་
དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་པ་བྱུང་ངོ་། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་འདི་སྙམ་དུ་སེམས་ཏེ། ད་ལྟར་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་
ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་པ་བྱུང་ལ། བདག་ལ་ཉེ་དུ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་དག་ཡོད་པས་བདག་ཀ་ལན་ད་ཀའི་གྲོང་དུ་སོང་སྟེ། ཉེ་དུ་རྣམས་ཀྱི་གན་དུ་སོང་ལ་དགེ་འདུན་ལ་ཟས་དག་སྦྱོར་དུ་གཞུག་ཅིང་དགེ་
འདུན་ལ་སྐྱོ་མ་དག་དང་། ཐུག་པའི་བཏུང་བ་དག་དང་། རྟག་རེས་འཁོར་དག་དང་། མགྲོན་དུ་བོས་པ་དག་དང་། བརྒྱད་སྟོན་དང་། བཅུ་བཞི་སྟོན་དང་། ཉ་སྟོན་དང་། སྤྱན་གཟིགས་ཕྲན་ཚེགས་ཕྲན་ཚེགས་སྦྱོར་དུ་གཞུག་གོ་སྙམ་མོ། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་
པ་བཟང་བྱིན་ལྗོངས་སུ་ཅི་དགར་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཀ་ལན་ད་ཀའི་གྲོང་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན་མཐར་གྱིས་རྒྱུ་བའི་ཚེ་ཀ་ལན་ད་ཀའི་གྲོང་དུ་ཕྱིན་ནས་ཀ་ལན་ད་ཀའི་གྲོང་ན་དགོན་པའི་སྤྱིལ་བུ་ན་གནས་སོ། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་
ལྡན་པ་བཟང་བྱིན་ཉེ་དུ་རྣམས་ཀྱི་གན་དུ་སོང་སྟེ་ཕྱིན་ནས་དེ་དག་གི་མདུན་དུ་སངས་རྒྱས་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་དེ། དགེ་འདུན་ལ་ཟས་དག་སྦྱོར་དུ་འཛུད་ཅིང་། དགེ་འདུན་ལ་སྐྱོ་མ་དག་དང་། ཐུག་པའི་བཏུང་བ་དག་དང་། རྟག་རེས་

འཁོར་དག་དང་། མགྲོན་དུ་བོས་པ་དག་དང་། བརྒྱད་སྟོན་དང་། བཅུ་བཞི་སྟོན་དང་། ཉ་སྟོན་དང་། སྤྱན་གཟིགས་ཕྲན་ཚེགས་ཕྲན་ཚེགས་སྦྱོར་དུ་འཛུད་དོ། །དེའི་ཚེ་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་དགོན་པ་པ། ཆོས་གོས་གསུམ་པ། ཕྱག་དར་ཁྲོད་པ། བསོད་
སྙོམས་པ་མཐར་ཆགས་ཀྱིས་རྒྱུ་བར་གྱུར་ཏོ། །དེ་དུས་གཞན་ཞིག་ན་དང་པོ་ཁོ་ནར་དགེ་སློང་གི་དགེ་འདུན་ཐུག་པ་བསོད་པས་ཚིམ་པར་བྱས་ནས་སྔ་དྲོ་ཤམ་ཐབས་བགོས་ཏེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ཀ་ལན་ད་ཀའི་གྲོང་དུ་བསོད་སྙོམས་ལ་ཞུགས་པ་ན་
མཐར་གྱིས་ཀ་ལན་ད་ཀའི་གྲོང་དུ་བསོད་སྙོམས་ལ་རྒྱུ་བའི་ཚེ་རང་གི་ཁྱིམ་དུ་ཕྱིན་ཏོ། །དེ་རང་གི་ཁྱིམ་ནས་སྦྱིན་པ་མ་ཐོབ། ཕྱིར་གཏོང་བ་མ་ཐོབ་པར་མྱུར་བ་མྱུར་བར་ཕྱིར་སོང་ངོ་། །དེའི་ཚེ་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་བྱ་བ་འགའ་ཞིག་ལ་ཕྱི་རོལ་དུ་སོང་བར་
གྱུར་ཏོ། །བྲན་མོ་རྙིང་པ་རྒན་མོ་ཞིག་གིས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་རང་གི་ཁྱིམ་ནས་སྦྱིན་པ་མ་ཐོབ། ཕྱིར་གཏོང་བ་མ་ཐོབ་པར་མྱུར་བ་མྱུར་བར་ཕྱིར་སོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ག་ལ་བ་དེར་སོང་སྟེ་ཕྱིན་
ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཇོ་མོ་མཁྱེན་པར་མཛོད་ཅིག །ཇོ་ཅོ་བཟང་བྱིན་འཕྱི་བ་འཕྱི་བར་རང་གི་ཁབ་དུ་བྱོན་ནས། དེ་རང་གི་ཁབ་ནས་སྦྱིན་པ་མ་བརྙེས། སླར་གཏོང་བ་མ་བརྙེས་པར་མྱུར་བ་མྱུར་བར་སླར་སོང་ངོ་། །དེ་ནས་
ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་ཀ་ལན་ད་ཀའི་བུ་བཟང་བྱིན་འདོད་པའམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་པར་གྱུར་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་
པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པའམ། ཅིག་ཏུ་མ་གྱུར་གྲང་སྙམ་དུ་སེམས་ཤིང་རིག་ནས་ཀ་ལན་ད་ཀའི་གྲོང་ནས་བྱུང་སྟེ། ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀ་

ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །བུ་བཟང་བྱིན་གལ་ཏེ་ཁྱོད་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་
བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། ཁྱོད་དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་ལྟ་ན། བུ་བཟང་བྱིན་བུད་མེད་རྣམས་ཀྱི་བུད་མེད་ཀྱི་ནོར་ཞེས་བྱ་བའམ། བུད་མེད་ཀྱི་བག་རྫངས་ཞེས་བྱ་བའམ། བུད་མེད་དབང་བའི་རྫས་ཞེས་བྱ་བ་གང་ཡིན་པ་དེ་ནི་ཁྱོད་ཀྱི་མའི་དབྱིག་
དང་། གསེར་གྱི་ཕུང་པོ་ཆེན་པོ་གང་ལ་མཐའ་གཅིག་ན་འགྲེང་བའི་མིས་མཐའ་གཅིག་ན་འདུག་པའི་མི་མི་མཐོང་ལ། མཐའ་གཅིག་ན་འདུག་པའི་མིས་མཐའ་གཅིག་ན་འགྲེང་བའི་མི་མི་མཐོང་བ་ཡིན་ཏེ། འདི་ནི་ཁྱོད་ཀྱི་མའི་ཡིན་ནོ། །གཞན་ཡང་ཁྱོད་ཀྱི་ཕའི་དབྱིག་དང་། གསེར་
མཚན་མ་བཏབ་པ་ཡང་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མ་དག་ཡོད་ན་གཞན་དང་ཕ་ལ་ལྟ་སྨོས་ཀྱང་ཅི་དགོས། བུ་བཟང་བྱིན་ཚུར་ཤོག །ཁྱོད་འདུག་ལ་འདོད་པ་ལ་ཡང་ལོངས་སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་
དག་ཀྱང་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་ནི་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འཚལ་ཞིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་
སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་འཚལ་བའམ། སྨོད་པའམ། བདག་དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་བར་མི་བྱེད་དོ། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་འདི་སྙམ་དུ་སེམས་ཏེ། བདག་གིས་དེ་སྐད་བྱས་ཀྱང་
བུ་བཟང་བྱིན་ཕྱིར་བཟློག་པར་མ་ནུས་ཀྱིས་བདག་ཁྱིམ་དུ་སོང་ལ་འདིའི་བག་སར་སྦེད་པར་བྱའོ་སྙམ་མོ། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ཁྱིམ་དུ་སོང་སྟེ་མནའ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྲུ་ཁྱོད་གང་གི་ཚེ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་

པ་དེའི་ཚེ་ཁོ་མོ་ལ་སྦྲོན་ཅིག །ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་སྔོན་གྱི་ཆུང་མས་ཡུམ་བཀའ་བཞིན་འཚལ་ཞེས་སྒྱུག་མོ་ལས་མཉན་ཏོ། །དེ་ནས་དུས་གཞན་ཞིག་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་སྔོན་གྱི་ཆུང་མ་དུས་ལ་བབ་ཅིང་ཟླ་མཚན་དང་
ལྡན་པར་གྱུར་ནས། ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་ངན་བུ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པར་གྱུར་ན་བདག་གིས་ཅི་བགྱི་བ་དེ་མཁྱེན་
པར་མཛོད་ཅིག །སྲུ་དེའི་ཕྱིར་ཁྱོད་ཀྱིས་བསྐུ་མཉེ་ཇི་ལྟ་བུས་བསྐུ་མཉེ་བྱས་པ་དང་། ཁྲུས་ཇི་ལྟ་བུས་ཁྲུས་བྱས་པ་དང་། དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། གོས་དང་། རྒྱན་ཇི་ལྟ་བུ་དག་གིས་བརྒྱན་ན་བུ་བཟང་བྱིན་སྔོན་ཁྱིམ་པ་ཉིད་ན་དགའ་བ་དང་།
ཡིད་དུ་འོང་བར་གྱུར་པ་དེ་ལྟ་བུའི་བསྐུ་མཉེས་བསྐུ་མཉེ་གྱིས་ཤིག །དེ་ལྟ་བུའི་ཁྲུས་ཀྱིས་ཁྲུས་གྱིས་ཤིག །དེ་ལྟ་བུའི་དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། གོས་དང་། རྒྱན་དག་གིས་བརྒྱན་པར་གྱིས་ཤིག །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་
ལྡན་པ་བཟང་བྱིན་གྱི་སྔོན་གྱི་ཆུང་མས་སྒྱུག་མོ་ལས་མཉན་ཏེ་སྐུ་མཉེ་ཇི་ལྟ་བུས་བསྐུ་མཉེ་བྱས་པ་དང་། ཁྲུས་ཇི་ལྟ་བུས་ཁྲུས་བྱས་པ་དང་། དྲི་དང་ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། གོས་དང་། རྒྱན་ཇི་ལྟ་བུ་དག་གིས་བརྒྱན་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་
བཟང་བྱིན་སྔོན་ཁྱིམ་པ་ཉིད་ན་དགའ་བ་དང་། ཡིད་དུ་འོང་བར་གྱུར་པ་དེ་ལྟ་བུའི་བསྐུ་མཉེས་བསྐུ་མཉེ་བྱས། དེ་ལྟ་བུའི་ཁྲུས་ཀྱིས་ཁྲུས་བྱས། དེ་ལྟ་བུའི་དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། གོས་དང་། རྒྱན་དག་གིས་བརྒྱན་ནས་ཀ་ལན་ད་ཀའི་
བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་ངན་བུ་འདི་འདྲ་ན་བདག་གིས་ཅི་ཞིག་བགྱི། དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་མནའ་མ་དང་ཤིང་

རྟ་གཅིག་ཏུ་ཞུགས་ཏེ་ཀ་ལན་ད་ཀའི་གྲོང་ནས་བྱུང་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཞོན་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་པ་དག་ཁོ་ནས་ཀ་ལན་ད་ཀའི་
བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་དྲུང་དུ་སོང་ངོ་། །དེའི་ཚེ་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གནས་ཀྱི་ཕྱི་རོལ་བླ་གབ་མེད་པའི་འཆག་ས་ན་འཆགས་སོ། །ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ཐག་རིང་པོ་ཁོ་ན་
ནས་མཐོང་ངོ་། །མཐོང་ནས་ཀྱང་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །བུ་བཟང་བྱིན་གལ་ཏེ་ཁྱོད་མི་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་
འདོད་པར་མི་འགྱུར་ཞིང་། དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་མ་ཡིན་པའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་མ་ཡིན་པའམ། མུས་བྱུང་བ་མ་ཡིན་པའམ། ཐེ་ཚོམ་ཟ་བ་མ་ཡིན་པའམ། སྨོད་པ་མ་ཡིན་པའམ། ཁྱོད་དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་
འདོད་པ་མ་ཡིན་པ་ལྟ་ན། བུ་ཁྱོད་ཀྱི་བག་སར་འདི་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པར་གྱུར་གྱིས་འདི་ལ་ས་བོན་གྱི་ཆོས་ཅུང་ཞིག་རྗེས་སུ་བྱིན་ཅིག །ཁྱོད་ལ་བུ་མེད་པའི་ཕྱིར་དབང་བའི་རྫས་ཐམས་ཅད་དེ་བཞིན་དུའམ། ཇི་ལྟར་ཡང་རུང་བས་རྒྱལ་པོས་དབང་
དུ་བྱས་པར་གྱུར་ན་མི་རུང་ངོ་། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་སྔར་བསླབ་པའི་གཞི་མ་བཅས་ཤིང་། ཉེས་པ་མ་མཐོང་ལ་བུད་མེད་ཀྱི་ཡུལ་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་མཐོང་ནས་འདོད་ཆགས་ཀྱིས་སེམས་ཟིལ་གྱིས་ནོན་ཅིང་
དེ་འདོད་ཆགས་ཀྱིས་སེམས་ཟིལ་གྱིས་ནོན་པས་ཡོངས་སུ་གདུང་བའི་ལུས་དང་། ཡོངས་སུ་གདུང་བའི་སེམས་དང་ལྡན་ཞིང་། དེ་ཡོངས་སུ་གདུང་བཞིན་པའི་ལུས་དང་ཡོངས་སུ་གདུང་བཞིན་པའི་སེམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་གིས་

དེ་ལྟར་བགྱིར་རུང་ངམ། བུ་བཟང་བྱིན་འདི་ལྟ་སྟེ། ས་བོན་གྱི་ཆོས་ལ་བརྟེན་ནས་ཤིན་ཏུ་རུང་ངོ་། །དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱིས་མ་ལས་མཉན་ཏེ་སྔོན་གྱི་ཆུང་མའི་ལག་པ་གཉིས་ནས་བཟུང་སྟེ་ཕྱོགས་གཅིག་ཏུ་སོང་ནས་ཆོས་གོས་
དག་བཞག་སྟེ། དེ་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལན་གཉིས་ལན་གསུམ་དུ་བསྟེན་ཏེ། སེམས་ཅན་སྲིད་པ་ཐ་མ་པ། སྤྱོད་པ་ཚོལ་བ། ཐར་པའི་སྙིང་པོ་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་
ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བ་དོན་དུ་མི་གཉེར་བ་ལུས་ཐ་མ་འཛིན་པ་ཞིག་ཀྱང་ལྷའི་རིས་བཟང་པོ་ཞིག་ནས་ཤི་འཕོས་ཏེ། དེའི་སྐྱེ་དགུའི་བདག་མོའི་མངལ་དུ་ཞུགས་སོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་
ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་
ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་སྒྱུག་མོ་ལ་སྨྲས་པ། ཡུམ་མཁྱེན་པར་མཛོད་ཅིག །
བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེའུར་འགྱུར་རོ། །དེ་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་འདི་སྐད་ཅེས། ཁོ་མོ་ཡུན་རིང་པོ་ནས་མངོན་པར་དད་པའི་ཚ་བོ་ངོ་མཐོང་བ་དང་། ཁོ་མོ་དང་
མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་མོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་མོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་ངུའམ།

མང་པོ་ཡང་རུང་བའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་ཀྱང་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བྱེད་དོ། །དེ་ལ་སེམས་ཅན་
ཞུགས་པར་རིག་ནས་འདི་ལྟ་སྟེ། མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པར་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་
སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་།
རྒྱན་གྱིས་བཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུ་དང་། ཤོད་ཀྱི་ས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཇུག་
གོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ།
སྣའི་གཟངས་མཐོ་བ་ཞིག་བྱུང་ངོ་། །དེ་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་ཁྱེའུ་འདི་ས་བོན་
གྱི་ཆོས་ལ་བརྟེན་ཏེ་རྙེད་པ་དེའི་ཕྱིར་ཁྱེའུའི་མིང་ས་བོན་པ་ཞེས་བྱའོ་ཞེས་དེའི་མིང་ས་བོན་པ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ས་བོན་པ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་

ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་
མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་ལ་ཉེ་བར་ཞུགས་ནས་དེ་ཡི་གེའི་མཐར་ཕྱིན་ཅིང་འབྱེད་པ་དང་། ཀློག་པ་དང་། མཁས་
པ་དང་། སྤྱོད་པ་གསལ་བ་དང་། བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། ཤིང་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་པར་
གྱུར་ཏོ། །དེ་དུས་གཞན་ཞིག་ན་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་འདུན་ལ་མངོན་པར་དད། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་ཞིང་དེས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ཕྱིར་ལོག །མ་བྱིན་
པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ཕྱིར་ལོག་
གོ། །དེ་ཕ་ལས་བྱུང་བའི་དད་པ་སྔ་མ་དེ་ཉིད་རྗེས་སུ་སྤེལ་ཞིང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་
བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ་བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ་བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་

བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་
སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་
བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་
རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ས་བོན་པས་དགྲ་བཅོམ་པ་ཐོབ་ཅིང་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་རིག་པ་ན། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་
རྣམས་ལས་ནི་སྐལ་བ་ཐོབ། །ཡབ་ཀྱི་དཀོར་གྱིས་བདག་མི་སྟོད། །བདག་གིས་ཧ་ཅང་འཕྱི་ནས་ཤེས། །བདག་ནི་ཆུང་དུས་ཤིན་ཏུ་འདས། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཉན་ཐོས་རྣམས་ལ། འདོད་
ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ། །ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་
རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ། །དེའི་ཚེ་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་འཁོར་དེ་ཉིད་དུ་འདུག་ཅིང་མཐུན་པར་གྱུར་ཏོ། །བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་

རྣམ་པར་གྲོལ་བའི་ཆོས་སྟོན་པ་དང་། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་
ཅུང་ཟད་འགྱོད་པར་གྱུར། རྣམ་པར་འགྱོད་པར་གྱུར། རབ་ཏུ་འགྱོད་པར་གྱུར་ཅིང་འདུག་ལ། འགྱོད་པ་དང་ལྡན། འགྱོད་པ་ཐོབ་ཅང་མི་སྨྲ་བར་གྱུར། ཡུལ་ཡུལ་པོར་གྱུར། ཕྲག་པ་ཀློད། གདོང་སྨད། སྤོབས་པ་མེད། སེམས་ཁོང་དུ་ཆུད་ཅིང་འདུག་
གོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་དག་གནས་ཉུལ་ཞིང་རྒྱུ་བ་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་གནས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་
བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བཟང་བྱིན་ཁྱོད་
སྔོན་ཆད་དགེ་སློང་གློ་བུར་དུ་ལྷགས་པ་དག་མཐོང་ན་བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བསུ་ནས་ལྷུང་བཟེད་དང་། ཆོས་གོས་དང་། ཁར་བ་དང་། གཏུར་བུ་དང་། རིལ་བ་སྤྱི་བླུགས་དང་། འབྲུ་མར་སྣོད་དང་། ཞྭ་དང་། ལྷམ་སྒྲོག་གུ་ཅན་དང་། མཆིལ་
ལྷམ་དག་ལེན་པར་བྱེད་ན། ཁྱོད་ད་ལྟར་དགེ་སློང་གློ་བུར་དུ་ལྷགས་པ་དག་མཐོང་ན་ཅུང་ཟད་འགྱོད་པར་གྱུར། རྣམ་པར་འགྱོད་པར་གྱུར། རབ་ཏུ་འགྱོད་པར་གྱུར་ཅིང་འདུག་ལ། འགྱོད་པ་དང་ལྡན། འགྱོད་པ་ཐོབ་ཅང་མི་སྨྲ་བར་གྱུར། ཡུལ་ཡུལ་པོར་གྱུར།
ཕྲག་པ་ཀློད། གདོང་སྨད། སྤོབས་པ་མེད། སེམས་ཁོང་དུ་ཆུད་ཅིང་འདུག་ན། ཚེ་དང་ལྡན་པ་བཟང་བྱིན་ད་ལྟར་ཁྱོད་ལ་ལུས་ཀྱི་གནོད་པའམ། སེམས་ཀྱི་ཡོངས་སུ་གདུང་བ་འགའ་ཞིག་མེད་གྲང་། ཚེ་དང་ལྡན་པ་དག་བདག་ལ་ད་ལྟར་ལུས་ཀྱི་གནོད་པ་ནི་

འགའ་ཡང་མེད་མོད་ཀྱི། འོན་ཀྱང་བདག་ལ་སེམས་ཀྱི་ཡོངས་སུ་གདུང་བ་ཡོད་དོ། །ཚེ་དང་ལྡན་པ་ཁྱོད་ཀྱི་སེམས་ཀྱི་ཡོངས་སུ་གདུང་བ་གང་ཡིན། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དེ་དག་དེ་ལས་མངོན་པར་
བསྟོད་པར་ཡང་མི་བྱེད། ཕྱིར་ཟློག་པར་ཡང་མི་བྱེད་ཅིང་མངོན་པར་བསྟོད་པ་ཡང་མ་བྱས། ཕྱིར་ཟློག་པར་ཡང་མ་བྱས་པར་སྟན་དག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་
འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་རྒྱས་པར་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་
ཏོ། །དགེ་སློང་དག་ཟག་པའི་གནས་ལྟ་བུའི་ཆོས་མང་པོ་རྣམས་ཀྱི་དང་པོ་ནི་ཀ་ལན་ད་ཀའི་བུ་བཟང་བྱིན་གྱིས་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་
དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན་དགེ་སློང་གི་དགེ་འདུན་སྡུད་པར་མཛད་དེ། འདི་ལྟ་སྟེ། ངའི་ཉན་ཐོས་རྣམས་ཀྱི་ཀུན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་
པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་
རྨེད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀ་ལན་ད་ཀའི་

བུ་ཚེ་དང་ལྡན་པ་བཟང་བྱིན་ལ་རྨས་པ། བཟང་བྱིན་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་
མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །བཟང་བྱིན་ངས་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་དང་། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་། གཏི་མུག་འདོད་ཆགས་
དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་ལ་ཁྱོད་ཀྱིས་ཅིའི་ཕྱིར་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ། དུག་དྲག་པ། དུག་རྣོ་བའི་ཁར་རང་གི་ཡན་
ལག་གི་རྣམ་པ་བཅུག་པར་གྱུར་པ་ནི་བླའི། དེ་ལྟར་གྱུར་པས་བུད་མེད་ཀྱི་ཡུལ་ལ་ནི་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་
ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་
མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་
ཟག་པ་རྣམས་བསྡམས་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ངའི་ཉན་ཐོས་

རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་
ན་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །
དེའི་ཚེ་ན་དགེ་སློང་ཞིག་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་འདུག་གོ། །དེ་ནས་དགེ་སློང་དེས་དགོན་པའི་སྤྲ་མོ་ཞིག་ཟས་ཀྱིས་བརྔོད་བརྔོད་ནས་དེ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གནས་ཉུལ་ཞིང་རྒྱུ་བ་ན་
དགེ་སློང་དེའི་སྤྱིལ་བུ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་དགེ་སློང་དེ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ། མཐའ་གཅིག་ཏུ་འཁོད་དོ། །དེ་ནས་སྤྲ་མོ་དེ་སྔོན་གྱི་སྡིག་པ་ཅན་དམ་པ་མ་ཡིན་
པའི་ཆོས་དེ་ཉིད་རྗེས་སུ་དྲན་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་དེའི་གདོང་དུ་རྣམ་པར་ལྟ་བར་བྱེད། རོ་སྨད་སྟོབས་པར་བྱེད་ནས་དགེ་སློང་དེ་འདི་ལྟ་སྟེ། དགེ་སློང་དེ་དག་ལ་ངོ་ཚ་བས་དེ་ཟློག་པར་བྱེད་དོ། །སྤྲ་མོ་དེ་ལན་གཉིས་ལན་གསུམ་དུ་དགེ་
སློང་དེའི་གདོང་དུ་རྣམ་པར་ལྟ་བར་བྱེད། རོ་སྨད་སྟོབས་པར་བྱེད་ནས་དགེ་སློང་དེ་འདི་ལྟ་སྟེ། དགེ་སློང་དེ་དག་ལ་ངོ་ཚ་བས་ལན་གཉིས་ལན་གསུམ་དུ་དེ་ཟློག་པར་བྱེད་དོ། །དེ་ནས་སྤྲ་མོ་དེ་ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡིད་མི་དགའ་ནས། དགེ་སློང་དེའི་གདོང་དང་།
སྣ་དང་ཆོས་གོས་རྐང་པའི་སེན་མོ་དག་གིས་མངོན་པར་བྲད་དེ་མཐའ་གཅིག་ཏུ་སོང་ནས་ངུ་རུ་རུ་ཟེར་ཞིང་ཁྱི་ཚུགས་སུ་འདུག་གོ། །དེ་ནས་དགེ་སློང་དེ་དག་གིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཅིའི་ཕྱིར་དགོན་པའི་སྤྲ་མོ་འདི་ཁྱོད་ཀྱི་གདོང་དུ་རྣམ་པར་

ལྟ་བར་བྱེད། རོ་སྨད་སྟོབས་པར་བྱེད་ནས་ཁྱོད་འདི་ལྟ་སྟེ། ཁོ་བོ་ཅག་ལ་ངོ་ཚ་བས་དེ་ཟློག་པར་བྱེད། ཅིའི་ཕྱིར་དགོན་པའི་སྤྲ་མོ་འདི་ལན་གཉིས་ལན་གསུམ་དུ་ཁྱོད་ཀྱི་གདོང་དུ་རྣམ་པར་ལྟ་བར་བྱེད། རོ་སྨད་སྟོབས་པར་བྱེད་ནས་ཁྱོད་འདི་ལྟ་སྟེ། ཁོ་བོ་ཅག་ལ་ངོ་ཚ་བས་དེ་
ཟློག་པར་བྱེད། འོན་ཀྱང་དགོན་པའི་སྤྲ་མོ་འདི་ཁྱོད་ལ་ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡིད་མི་དགའ་ནས་ཁྱོད་ཀྱི་གདོང་དང་། སྣ་དང་ཆོས་གོས་རྐང་པའི་སེན་མོ་དག་གིས་མངོན་པར་བྲད་དེ་མཐའ་གཅིག་ཏུ་སོང་ནས་ངུ་རུ་རུ་ཟེར་ཞིང་ཁྱི་ཚུགས་སུ་འདུག །དེས་སྐབས་
དེ་དགེ་སློང་དེ་དག་ལ་རྒྱས་པར་བརྗོད་དོ། །དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་དེ་དག་གིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོ་ན་བཅོམ་ལྡན་འདས་ཀྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་མ་བཀག་གམ། ཚེ་དང་ལྡན་པ་དག་བཀག་
སྟེ། དེ་ཡང་མི་ཉིད་ལ་ཡིན་གྱི་དུད་འགྲོར་སྐྱེས་པ་ལ་ནི་མ་ཡིན་ནོ། །དགེ་སློང་དེ་དག་མངོན་པར་བསྟོད་པར་ཡང་མི་བྱེད། ཕྱིར་ཟློག་པར་མི་བྱེད་ཅིང་མངོན་པར་བསྟོད་པར་ཡང་མ་བྱས། ཕྱིར་བཟློག་པར་ཡང་མ་བྱས་པར་སྟན་དག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་
དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་
ངས་རེ་ཞིག་མི་ལ་ཡང་བཀག་ན་དུད་འགྲོར་སྐྱེས་པ་ལ་ལྟ་ཅི་སྨོས་ཏེ། དགེ་སློང་དག་མི་གཏི་མུག་ཅན་དེ་ནི་ཕམ་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་

པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་ཞེས་བྱ་བ་ནས། མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ། དུག་དྲག་པ། དུག་རྣོ་བའི་ཁར་རང་གི་ཡན་ལག་གི་རྣམ་པ་བཅུག་པར་གྱུར་པ་ནི་བླའི། དེ་
ལྟར་གྱུར་པས་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པའོ། །འདི་ནི་
རྗེས་སུ་བཅས་པའོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་
ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་རྣམ་པ་བཞི་པོ་མིང་གི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། སློང་བའི་ཕྱིར་དགེ་
སློང་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ལས་མིང་གི་དགེ་སློང་གང་ཞེ་ན། གང་གི་མིང་དང་། མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་། ཚིག་བླ་དགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་། ཐ་སྙད་དགེ་སློང་ཞེའམ། དགེ་སློང་
གི་རིགས་ཞེའམ། དགེ་སློང་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་ཞེས་བྱའོ། །ཁས་འཆེ་བའི་དགེ་སློང་གང་ཞེ་ན། གང་དགེ་སློང་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་ངོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་དགེ་སློང་དུ་དམ་
འཆའ་བར་བྱེད་པ་དེ་ནི་ཁས་འཆེ་བའི་དགེ་སློང་ཞེས་བྱའོ། །སློང་བའི་ཕྱིར་དགེ་སློང་གང་ཞེ་ན། གང་ཆོས་དང་ལྡན་པས་སློང་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་ཕྱིར་དགེ་སློང་ཞེས་བྱའོ། །ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་གང་ཞེ་ན། གང་གིས་ཟག་

པ་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩ་བ་ནས་བཅད་
པ་དང་། ཤིང་ཏ་ལའི་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ཞེས་བྱའོ། །དོན་འདིར་ནི་གསོལ་བ་དང་། བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པ་གང་
ཡིན་པ་དེ་དགེ་སློང་དུ་དགོངས་ཏེ། དེས་ན་ཡང་དགེ་སློང་གང་ཞེས་གསུངས་སོ། །དགེ་སློང་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ་། །བསླབ་པ་མཚུངས་པར་གྱུར་པས་ཞེས་བྱ་བ་ནི་བསླབ་པ་
གང་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པར་བྱ་བ་དེ་ལ་དེང་བསྙེན་པར་རྫོགས་པས་ཀྱང་། དེང་བསྙེན་པར་རྫོགས་པས་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ངོ་ཞེས་འདི་ལ་ཚུལ་ཁྲིམས་ཉིད་ཀྱིས་
མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དེ་ནི་བསླབ་པ་མཚུངས་པར་གྱུར་པས་ཞེས་བྱ་སྟེ། དེ་ན་བསླབ་པ་མཚུངས་པར་གྱུར་པས་ཞེས་གསུངས་སོ། །བསླབ་པ་མ་ཕུལ་ཞེས་བྱ་བ་ལ།
ཇི་ཙམ་གྱིས་ན་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པས་བསླབ་པ་འབུལ་ན་བསླབ་
པ་མ་ཕུལ་བར་བརྗོད་པར་བྱའོ། །སྨྱོན་པ་ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །གླེན་པ་དང་། ལྐུགས་པ་དང་། འོན་པ་

ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབེན་པར་དབེན་པར་འདུ་ཤེས་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབེན་པར་མི་དབེན་པར་འདུ་ཤེས་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །
མི་དབེན་པར་དབེན་པར་འདུ་ཤེས་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབུས་པས་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ། དབུས་པས་གལ་ཏེ་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་
བར་བརྗོད་པར་བྱའོ། །མཐའ་འཁོབ་པས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། མཐའ་འཁོབ་པས་གལ་ཏེ་དབུས་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་
ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ། དབུས་པས་གལ་ཏེ་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབུས་པས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། མཐའ་འཁོབ་
པས་གལ་ཏེ། དབུས་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །མི་གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་དང་། ལྷ་དང་། སྤྲུལ་པ་དང་། དུད་འགྲོ་དང་། གཟུགས་བརྙན་ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་
བྱའོ། །ཀླག་ཅོར་ཅན་གྱིས་ཀླག་ཅོར་ཅན་ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །གཏོང་བའི་སེམས་མེད་པ་དང་། དགེ་སྦྱོང་གི་ཚུལ་འདོད་པ་དང་། ཁྱིམ་ན་གནས་པ་མི་འདོད་པ་དང་། མི་རང་བཞིན་དུ་གནས་པ་ཤེས་པ་འགའ་ལ་ཡང་
རྣམ་པར་རིག་པར་མི་བྱེད་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱ་སྟེ། དེས་ན་བསླབ་པ་མ་ཕུལ་བ་ཞེས་གསུངས་སོ། །བསླབ་པ་ཉམས་པར་མ་བྱས་པར་ཞེས་བྱ་བ་ལ་བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད། བསླབ་པ་ཉམས་པར་བྱས་ལ་

བསླབ་པ་མ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད་དོ། །དེ་ལ་རེ་ཞིག་བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ནི་འདི་ལྟ་སྟེ། དགེ་སློང་
འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་། དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་
པ་ན་དགེ་སློང་གི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ལོ་ཞེས་ཟེར་ན་བསླབ་པ་ཕུལ་བར་བརྗོད་པར་བྱའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་འབུལ་ལོ་ཞེས་ཟེར་ན་བསླབ་པ་ཕུལ་
བར་བརྗོད་པར་བྱའོ། །མདོ་སྡེ་དང་། འདུལ་བ་དང་། མ་མོ་འབུལ་ལོ་ཞེས་ཟེར་ན་བསླབ་པ་ཕུལ་བར་བརྗོད་པར་བྱའོ། །མཁན་པོ་དང་། སློབ་དཔོན་འབུལ་ལོ་ཞེས་ཟེར་ན་བསླབ་པ་ཕུལ་བར་བརྗོད་པར་བྱའོ། །བདག་ཁྱིམ་པའམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་
ངམ། དགེ་སློང་མ་སུན་ཕྱུང་བའམ། མ་བསད་པའམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ།
རྐུ་ཐབས་སུ་གནས་པའམ། ཐ་དད་པར་གནས་པའམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེ་འམ། ཐ་ན་འདི་སྐད་ཅེས་བདག་ཁྱེད་ལྟ་བུ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ན་བསླབ་པ་ཕུལ་བར་བརྗོད་པར་བྱ་སྟེ། དེ་ལྟར་ན་བསླབ་
པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཡིན་ནོ། །ཇི་ལྟར་ན་བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པའམ། དགེ་

སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་ན་དགེ་སློང་གི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག །ཚངས་པར་སྤྱོད་པ་སྤྱད་དཀའོ། །
རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང་། ཕུ་ནུ་དང་། བུ་སྲིང་
དྲན་ནོ། །བདག་བཟོ་དག་སློབ་ཏུ་ཆུག་ཤིག་བདག་གི་ལས་ཀྱི་མཐའ་དག་ཚོལ་ཅིག །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་དེ་ལྟར་དེ་ལ་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པའམ། དགེ་སྦྱོང་གི་ཚུལ་
གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་།
ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་ནི་རྗོད་པར་བྱེད་ལ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ལོ་ཞེའམ། སངས་རྒྱས་དང་། ཆོས་དང་། དགེ་འདུན་འབུལ་ལོ་ཞེའམ། མདོ་སྡེ་དང་། འདུལ་བ་དང་། མ་མོ་
འབུལ་ལོ་ཞེའམ། མཁན་པོ་དང་། སློབ་དཔོན་འབུལ་ལོ་ཞེའམ། བདག་ཁྱིམ་པའམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། མ་བསད་པའམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པ་
འམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། རྐུ་ཐབས་སུ་གནས་པའམ། ཐ་དད་པར་གནས་པའམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེའམ། ཐ་ན་འདི་སྐད་ཅེས་བདག་ཁྱེད་

ལྟ་བུ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ནི་མི་ཟེར་བ་སྟེ། དེ་ལྟར་ན་བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡིན་ནོ། །ཇི་ལྟར་ན་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་
འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་ན་དགེ་སློང་
གི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག །ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་། རི་དྲུང་དང་། བས་མཐའ་དག་ཏུ་
གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང་། ཕུ་ནུ་དང་། བུ་སྲིང་དག་དྲན་ནོ། །བདག་བཟོ་དག་སློབ་ཏུ་ཆུག་ཤིག །བདག་གི་ལས་ཀྱི་མཐའ་དག་ཚོལ་ཅིག །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་
དེ་ལྟར་དེ་ལ་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་པར་གྱུར་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་
འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དག་ཀྱང་རྗོད་པར་བྱེད་ལ། འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགོངས་
སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ལོ་ཞེའམ། སངས་རྒྱས་དང་། ཆོས་དང་། དགེ་འདུན་འབུལ་ལོ་ཞེའམ། མདོ་སྡེ་དང་། འདུལ་བ་དང་། མ་མོ་འབུལ་ལོ་ཞེའམ། མཁན་པོ་དང་། སློབ་དཔོན་འབུལ་ལོ་ཞེའམ། བདག་ཁྱིམ་

པའམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། མ་བསད་པའམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་
སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། རྐུ་ཐབས་སུ་གནས་པའམ། ཐ་དད་པར་གནས་པའམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེའམ། ཐ་ན་འདི་སྐད་ཅེས་བདག་ཁྱེད་ཅག་ལྟ་བུ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཀྱང་
ཟེར་ན་བསླབ་པ་ཕུལ་བར་བརྗོད་པར་བྱ་སྟེ། དེ་ལྟར་ན་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་ཡིན་ནོ། །ཇི་ལྟར་ན་བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པ་སྟེ། དེས་ན་བསླབ་པ་ཉམས་པར་མ་
བྱས་པ་ཞེས་གསུངས་སོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤྲོད་པའོ། །འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་འཁྲིག་པ་ཡང་ཡིན་ནོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་དེ་ཆོས་ཀྱི་སྒྲར་གསུངས་པའོ། །བསྟེན་ན་ཞེས་བྱ་
བ་ནི་ལྷག་པར་སྤྱད་ནའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་། ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་སྤྲ་མོའམ། སྤྲ་མོ་དང་འདྲ་བར་གཏོགས་པ་དང་ངོ་། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པ་གང་ཡིན་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན།
བསྙེན་པར་རྫོགས་པ་གང་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་གང་ཡིན་
པ་དང་། གང་ཟག་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ལྡོག་པ་དང་། ཕྱིར་མི་འགོག་པ་ཉིད་དང་། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་

ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་དེའོ། །ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི་དེ་མཐར་གྱུར་པ་དང་། ལྟུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་།
ཡིད་དང་མི་མཐུན་པ་ཡིན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་
པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ་དགེ་སློང་
གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་
པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་བས། དེ་ན་ཕམ་པར་གྱུར་པ་ཡིན་གྱིས་ཞེས་གསུངས་སོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་དེ་དང་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་
བཞིའི་ལས་ལ་གནས་པར་མི་བྱའོ། །གང་ཟག་བཅུ་གཉིས་པོ་དག་ཏུ་བསྐོ་བས་བསྐོ་བར་མི་བྱ་བ་སྟེ། དེ་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྡོམ་ལ། འབའ་ཞིག་དང་ནི་གནས་གསུམ་དང་། །བུད་མེད་སྐྱེས་པ་མ་
ནིང་དང་། །སྟེན་ལ་གཞོལ་དང་རྩོལ་བ་དང་། །མྱོས་པར་བྱས་དང་མཐུས་འཛིན་པའོ། །དགེ་སློང་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕམ་པར་འགྱུར་རོ། །དགེ་སློང་གིས་གནས་གསུམ་གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕམ་པར་

འགྱུར་རོ། །ཟག་བྱེད་ཟག་བྱེད་དམ། ཁའམ། བཤང་བའི་ལམ་དུ་འཇུད་ན་བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །དགེ་སློང་གི་བུད་མེད་དང་། སྐྱེས་པ་དང་། མ་ནིང་གསུམ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ན་ཕམ་པར་
འགྱུར་རོ། །དགེ་སློང་གི་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་ཅིང་། དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་མིའི་བུད་མེད་གསོན་པོ་མ་ཉམས་པ་ལ་ཟག་བྱེད་བར་
དང་བཅས་པས་བར་ཆད་དང་བཅས་པ་དང་། བར་དང་བཅས་པས་བར་ཆད་མེད་པ་དང་། བར་མེད་པས་བར་ཆད་དང་བཅས་པ་དང་། བར་མེད་པས་བར་ཆད་མེད་པ་ཟག་བྱེད་དམ། ཁའམ། བཤང་བའི་ལམ་དུ་འཇུད་ན་བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །དགེ་སློང་གི་
སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་ཅིང་དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་