Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 005_འདུལ་བ།_ཅ

Văn bản gốc(Tây Tạng)

Trang 5 / 19 (50.000 ký tự/trang)
 འགྲོ་བར་བྱེད། གླང་པོ་ཆེ་ལ་ཞོན་པར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་
འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིང་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་གླང་པོ་ཆེ་དེ་ཚོ་བ་དང་། པགས་པ་དང་། ཤ་དང་ཁྲག་རྒྱས་པ་ཡིན་ན་
ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་ཡིན་ན་དེ་ལ་སོས་བར་དུ་ཆོད་པའམ། སྣས་བར་དུ་ཆོད་པའམ། རྣ་བས་བར་དུ་ཆོད་པའམ། རྩིབ་མས་བར་དུ་ཆོད་པའམ། རྐེད་པས་བར་དུ་
ཆོད་པའམ། མཇུག་དོས་བར་དུ་ཆོད་པ་གང་དག་ཡིན་པ་དེ་དག་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །གླང་པོ་ཆེའི་རྒྱབ་དེར་ཁང་པ་བརྩེགས་པ་བཅས་ཤིང་ཁང་པ་བརྩེགས་པ་དེར་རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་
དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་བཞག་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། གླང་པོ་ཆེ་ལ་ཞོན་པར་བྱེད། ཁང་པ་བརྩེགས་པར་འཇུག་པར་བྱེད་ཅིང་། ཇི་སྲིད་

དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་
པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཁང་པ་བརྩེགས་པ་དེ་གོས་ཁ་དོག་གཅིག་པ་དག་གིས་བཤམས་པ་ཡིན་ན་ཕྱོགས་གཅིག་པར་བརྗོད་པར་བྱའོ། །གལ་ཏེ་གོས་ཁ་དོག་སྣ་
ཚོགས་དག་གིས་བཤམས་པ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། །ཁང་པ་བརྩེགས་པ་ལ་ཇི་ལྟ་བ་བཞིན་དུ་ཁང་པ་བརྩེགས་པ་ཕྱེད་ལ་ཡང་དེ་བཞིན་ནོ། །གླང་པོ་ཆེའི་བཞོན་པ་ལ་ཇི་ལྟ་བ་བཞིན་དུ་རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་། རྐང་གིས་འགྲོ་
བ་དང་། ཟུང་ཁྱོགས་ཀྱི་བཞོན་པ་དང་། ཤིང་རྟ་དང་། ཁྱོགས་སྤྱིལ་དང་། བྱིས་པའི་བཞོན་པ་ལ་ཡང་དེ་བཞིན་ནོ།། །།སྡོམ་ལ། གྲུ་བསྐྱོད་རྒྱུན་ཕྱོགས་བཟློག་ཕྱོགས་དང་། །ཚུ་རོལ་ཕ་རོལ་སྐམ་ས་དང་། །རྫབ་ཏུ་སྦེད་པར་བྱེད་པ་དང་། །བདེ་བ་མེད་པར་ཆུད་གཟོན་
པའོ། །དགེ་སློང་གིས་རྐུ་སེམས་ཀྱིས་གྲུ་ཕུར་པ་ལ་བཏགས་པ་བསྐྱོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་ཆུའི་རྒྱུན་ཕྱོགས་སུ་ཁྲིད་པར་བྱེད་ན་ཇི་སྲིད་དུ་མིག་སྔར་སྣང་བར་འགྱུར་བ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་མི་སྣང་བར་གྱུར་ན་བརྐུས་པར་བརྗོད་
པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་ཁྲིད་པར་བྱེད་ན་ཇི་སྲིད་དུ་གྲུ་ཚུགས་ལས་འདས་པར་མ་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གྲུ་
ཚུགས་ལས་འདས་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཚུ་རོལ་ནས་ཕ་རོལ་དུ་ཁྲིད་པར་བྱེད་དམ། ཕ་རོལ་ནས་ཚུ་རོལ་དུ་འདྲེན་པར་བྱེད་ན་ཇི་སྲིད་དུ་

མིག་སྔར་སྣང་བར་འགྱུར་བ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་མི་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སྐམ་ས་ལ་ཕྱུང་སྟེ་རྐུ་བར་
བྱེད་ན་ཇི་སྲིད་དུ་མིག་སྔར་སྣང་བར་འགྱུར་བ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་མི་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཕྱིས་
བཀུར་རོ་སྙམ་པས་རྫབ་ཏུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་བདེ་བ་མེད་པར་བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ། བདག་གིར་ཡང་
མ་གྱུར་ཅིག་སྙམ་པས་རྫབ་ཏུ་སྦེད་པར་བྱེད་དམ། སྲེག་པར་བྱེད་དམ། གཅོག་པར་བྱེད་དམ། འཆག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། སྟོན་ཀ་འབྱུང་དང་གྲུ་གསུམ་དང་། །ངང་པ་དང་ནི་ཨུཏྤ་ལ། །ཆུ་ནས་སྐྱེ་དང་སྐམ་ལས་སྐྱེས། །
རྔོན་སྤྱད་དང་ནི་ཉ་སྡང་ངོ་། །འདི་ལྟར་མི་རྣམས་ཀྱི་སྟོན་ཀ་འབྱུང་བའི་ལས་ཀྱི་མཐའ་འདི་ལྟ་སྟེ། སཱ་ལུའི་ལས་ཀྱི་མཐའ་དང་། བུ་རམ་ཤིང་གི་ལས་ཀྱི་མཐའ་དང་། ལན་ཚྭའི་ལས་ཀྱི་མཐའ་དེ་ལྟ་བུ་དེ་དག་ཉེ་བར་གནས་པར་གྱུར་ཅིང་། དེ་དག་ལ་ལན་འགའ་ནི་ཆུ་ཤིན་ཏུ་མོད་
ཅིང་། ལན་འགའ་ནི་ཆུ་ཤིན་ཏུ་དཀོན་པར་གྱུར་པ་ན། དགེ་སློང་གིས་ཆུ་ཤིན་ཏུ་དཀོན་པའི་ཚེ་བདག་གི་འབྱོར་པར་གྱུར་ལ། གཞན་གྱི་རྒུད་པར་གྱུར་ཅིག་སྙམ་པས་བདག་གི་སཱ་ལུའི་རྣང་ལ་ཡུར་བ་གཏོང་བར་བྱེད་ཅིང་གཞན་གྱི་ལ་གཅོད་པར་བྱེད་ན། གལ་ཏེ་དེའི་འབྱོར་པར་གྱུར་
ཅིང་གཞན་གྱི་རྒུད་པར་གྱུར་ན། དེའི་འབྱོར་པའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཆུ་ཤིན་ཏུ་མོད་པའི་ཚེ་བདག་གི་འབྱོར་པར་གྱུར་ལ། གཞན་གྱི་རྒུད་པར་གྱུར་ཅིག་སྙམ་པས་བདག་གི་ལ་གཅོད་

པར་བྱེད་ཅིང་། གཞན་གྱི་ལ་གཏོང་བར་བྱེད་ན། གལ་ཏེ་དེའི་འབྱོར་པར་གྱུར་ཅིང་གཞན་གྱི་རྒུད་པར་གྱུར་ན་དེའི་འབྱོར་པའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་བདེ་བ་མེད་པར་
བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ། བདག་གིར་ཡང་མ་གྱུར་ཅིག་སྙམ་པས་བདག་གི་ལ་ཡང་གཏོང་བར་བྱེད་ཅིང་གཞན་གྱི་ལ་ཡང་གཏོང་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །སཱ་ལུའི་ལས་ཀྱི་མཐའ་ལ་ཇི་ལྟ་བ་བཞིན་དུ་བུ་རམ་ཤིང་གི་ལས་ཀྱི་མཐའ་དང་། ལན་
ཚྭའི་ལས་ཀྱི་མཐའ་ལ་ཡང་དེ་བཞིན་ནོ། །གྲུ་ནི་གསུམ་སྟེ། བུམ་པའི་གྲུ་དང་། རྫ་མའི་གྲུ་དང་། ར་རྐྱལ་གྱིའོ། །ཟོང་ནི་བཞི་སྟེ། ཟོང་ལྕི་ཞིང་རིན་ལྕི་བ་ཡང་ཡོད། ཟོང་ཡང་ཞིང་རིན་ལྕི་བ་ཡང་ཡོད། ཟོང་ལྕི་ཞིང་རིན་ཡང་བ་ཡང་ཡོད། ཟོང་ཡང་ཞིང་རིན་ཡང་
བ་ཡང་ཡོད་དོ། །ཟོང་ལྕི་ཞིང་རིན་ལྕི་བ་གང་ཞེ་ན། འདི་ལྟ་སྟེ། ནོར་བུ་དག་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པ་སྟེ། དེ་ནི་ཟོང་ལྕི་ཞིང་
རིན་ལྕི་བ་ཡིན་ནོ། །ཟོང་ཡང་ཞིང་རིན་ལྕི་བ་གང་ཞེ་ན། འདི་ལྟ་སྟེ། དར་དག་དང་། སྲིན་བལ་དང་། གུར་ཀུམ་དང་། སུག་སྨེལ་ཏེ། དེ་ནི་ཟོང་ཡང་ཞིང་རིན་ལྕི་བ་ཡིན་ནོ། །ཟོང་ལྕི་ཞིང་རིན་ཡང་བ་གང་ཞེ་ན། འདི་ལྟ་སྟེ། ལྕགས་དང་། རྡོ་དང་། ཁྲོ་ཆུ་སྟེ། དེ་ནི་ཟོང་ལྕི་
ཞིང་རིན་ཡང་བ་ཡིན་ནོ། །ཟོང་ཡང་ཞིང་རིན་ཡང་བ་གང་ཞེ་ན། འདི་ལྟ་སྟེ། བལ་དང་། ཤ་ན་དང་། རས་བལ་དང་། ན་མེ་རུ་སྟེ། དེ་ནི་ཟོང་ཡང་ཞིང་རིན་ཡང་བ་ཡིན་ནོ། །དེ་ལ་ཟོང་ལྕི་ཞིང་རིན་ལྕི་བ་གང་ཡིན་པ་དེ་དང་ཟོང་ཡང་ཞིང་རིན་ཡང་བ་གང་ཡིན་པ་དེ་གྲུ་
གཅིག་ཏུ་བཅུག་པར་གྱུར་པ་ལས་དེ་དག་གི་གྲུ་དེ་རྒུད་པར་གྱུར་ཅིང་འབྱོར་པར་མ་གྱུར་ཏེ་ཟོང་འཕྱོ་བ་ན། ཤེས་ལྡན་དག་བྱིང་བ་གང་ཡིན་པ་དེ་ནི་ཁོ་བོ་ཅག་གི་ཡིན་ལ། འཕྱོ་བ་གང་ཡིན་པ་དེ་ནི་ཅི་བདེ་ཁོ་ནར་འབྱིན་ལ་རག་གོ་ཞེས་ཐོབ་རྒྱལ་དུ་སྒྲོགས་པར་བྱེད་པ་ན། དགེ་སློང་

གིས་ཟོང་བྱིང་བའི་ཕྱིར་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། གོས་འཆིང་བར་བྱེད། ཆུར་འཇུག་པར་བྱེད། གཏིང་དུ་འཇུག་པར་བྱེད། འབྱུང་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །
ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་
ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཕྱིས་བཀུར་རོ་སྙམ་པས་རྫབ་ཏུ་འཛུད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་བདེ་བ་མེད་པར་བྱ་བའི་
བསམ་པས་དེ་ཡིར་ཡང་མ་གྱུར་ལ་བདག་གིར་ཡང་མ་གྱུར་ཅིག་སྙམ་པས་རྫབ་ཏུ་འཛུད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལ་ཟོང་ཡང་ཞིང་རིན་ལྕི་བ་གང་ཡིན་པ་དེ་དང་། ཟོང་ལྕི་ཞིང་རིན་ཡང་བ་གང་ཡིན་པ་དེ་གྲུ་གཅིག་ཏུ་བཅུག་པར་གྱུར་པ་ལས་དེ་དག་གི་གྲུ་དེ་
རྒུད་པར་གྱུར་ཅིང་འབྱོར་པར་མ་གྱུར་ཏེ་ཟོང་བྱིང་བ་ན། ཤེས་ལྡན་དག་འཕྱོ་བ་གང་ཡིན་པ་དེ་ནི་ཁོ་བོ་ཅག་གི་ཡིན་ལ། བྱིང་བ་གང་ཡིན་པ་དེ་ནི་ཅི་བདེ་ཁོ་ནར་འབྱིན་ལ་རག་གོ་ཞེས་ཐོབ་རྒྱལ་དུ་སྒྲོགས་པར་བྱེད་པ་ན་དགེ་སློང་གིས་ཟོང་འཕྱོ་བའི་ཕྱིར་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་
གྱོན་པར་བྱེད། འགྲོ་བར་བྱེད། གོས་འཆིང་བར་བྱེད། ཆུར་འཇུག་པར་བྱེད། གཏིང་དུ་འཇུག་པར་བྱེད། འབྱུང་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་
གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཕྱིས་བཀུར་

རོ་སྙམ་པས་རྫབ་ཏུ་འཛུད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་བདེ་བ་མེད་པར་བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ།
བདག་གིར་ཡང་མ་གྱུར་ཅིག་སྙམ་པས་རྫབ་ཏུ་འཛུད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་མི་རྣམས་ཀྱི་ཁྱིམ་དག་གམ། ཆུའི་གནས་དག་ཏུ་རྫིང་བུ་སྣ་ཚོགས་དག་བྱས་ཤིང་རྫིང་བུ་དེ་དག་ཏུ་རྩེད་མོའི་བྱ་སྣ་ཚོགས་འདི་ལྟ་སྟེ། ངང་པ་དག་དང་། ཀཱ་རཎྜ་བ་ཀ་དག་དང་།
ངུར་པ་དག་བཞག་པར་གྱུར་ལ། དེ་དག་ཀྱང་རྒྱན་སྣ་ཚོགས་འདི་ལྟ་སྟེ། མགུལ་གདུབ་དག་དང་། གདུ་བུ་རྒྱན་ཅན་དག་དང་། དཔུང་རྒྱན་དག་དང་། དོ་ཤལ་དག་དང་། སེ་མོ་དོ་དག་དང་། མུ་ཏིག་གི་ཆུན་པོ་དག་གིས་བརྒྱན་པ་ལ། དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་
བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད། གོས་འཆིང་བར་བྱེད། ཆུར་འཇུག་པར་བྱེད། གཏིང་དུ་འཇུག་པར་བྱེད། བྱ་འཛིན་པར་བྱེད་ཅིང་ཇི་སྲིད་དུ་རྒྱན་ལ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་
ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་བྱ་ལས་བརྐུ་བར་བྱའི་མི་ལས་མ་ཡིན་ནོ་སྙམ་དུ་སེམས་ན་ཉེས་བྱས་སུ་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་
ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །གལ་ཏེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་ལ་རྒྱན་ག་ལ་ཡོད་སྙམ་དུ་སེམས་ན། དེ་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་
རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫིང་བུ་དེ་དག་ཏུ་ཕྲེང་བ་རྒྱུ་ཆུ་ནས་སྐྱེ་བ་སྣ་ཚོགས་འདི་ལྟ་སྟེ། ཨུཏྤ་ལ་དང་། ཀུ་

མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་དང་། དྲི་ངད་འཇམ་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པ་སྐྱེ་བོ་ཐམས་ཅད་ལས་བསྐྱབས་པ་དག་བསྐྱེད་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་
བར་བྱེད། གོས་འཆིང་བར་བྱེད། ཆུར་འཇུག་པར་བྱེད། གཏིང་དུ་འཇུག་པར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད་ཅིང་ཇི་སྲིད་དུ་འཐོག་པར་མི་བྱེད། ཁུར་འདྲེག་པར་མི་བྱེད།
གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫིང་བུ་དེ་དག་གི་
འགྲམ་གཉིས་སུ་ཕྲེང་བ་རྒྱུ་སྐམ་ལས་སྐྱེ་བ་སྣ་ཚོགས་འདི་ལྟ་སྟེ། ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། བར་ཤི་ཀ་དང་། མ་ལི་ཀ་དང་། ན་བ་མ་ལི་ཀ་དང་། ཡིད་དགའ་དང་། ཡུ་ཏི་ཀ་དང་། དྷཱ་ནུ་སྐ་རི་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་
པ་སྐྱེ་བོ་ཐམས་ཅད་ལས་བསྐྱབས་པ་དག་བསྐྱེད་པ་ལ་དགེ་སློང་གིས་དེ་ལ་སྦྱོར་བས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད། མེ་
ཏོག་གི་ཤིང་ལ་འཛེག་པར་བྱེད། མེ་ཏོག་འཐོག་པར་བྱེད། ཐུ་བ་འགེངས་པར་བྱེད་ཅིང་། ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མེ་ཏོག་འཐོག་པར་བྱེད་ཅིང་ཐུ་བ་བཀང་སྟེ་གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་
པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་རི་དགས་ཀྱི་རྔོན་པའམ་རི་དགས་ཀྱི་རྔོན་པའི་སློབ་མ་མཁས་པས་དགོན་པ་ན་ནགས་མཆོག་ཏུ་འདི་ལྟ་སྟེ། རི་དགས་མང་པོ་དྲུངས་དབྱུང་བའི་ཕྱིར་དང་།

ཉམས་པར་བྱ་བའི་ཕྱིར་དང་། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་རྔོན་སྤྱད་བཙུགས་པ་ལ་དགེ་སློང་གིས་རྐུ་སེམས་ཀྱིས་རྔོན་སྤྱད་རྐུ་བར་བྱེད་ན་རྔོན་སྤྱད་ཀྱི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་
པོར་འགྱུར་རོ། །གལ་ཏེ་ཕན་པ་མེད་པར་བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ། བདག་གིར་ཡང་མ་གྱུར་ཅིག་སྙམ་པས་སྲེག་པར་བྱེད་དམ། གཅོག་པར་བྱེད་དམ། འཆེག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སྙིང་རྗེའི་བསམ་པས་འདིས་སེམས་ཅན་
འདི་དག་སྲོག་དང་བྲལ་བར་གྱུར་ན་མི་རུང་ངོ་། །གཞི་འདིས་སེམས་ཅན་དེ་ལ་ཡང་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་པས་སྲེག་པར་བྱེད་དམ། གཅོག་པར་བྱེད་དམ། འཆེག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རྔོན་སྤྱད་ལ་ཐོགས་
པའི་རི་དགས་རྐུ་བར་བྱེད་ན། རི་དགས་ཀྱི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་བདེ་བ་མེད་པར་བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ། བདག་གིར་ཡང་མ་གྱུར་ཅིག་སྙམ་པས་གཏོང་
བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སྙིང་རྗེའི་བསམ་པས་འདིས་སེམས་ཅན་འདི་དག་སྲོག་དང་བྲལ་བར་གྱུར་ན་མི་རུང་ངོ་། །གཞི་འདིས་སེམས་ཅན་དེ་ལ་ཡང་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་པས་གཏོང་བར་བྱེད་ན་ཉེས་བྱས་སུ་
འགྱུར་རོ། །འདི་ལྟར་ཉ་པའམ། ཉ་པའི་སློབ་མ་མཁས་པས་ཆུ་ཀླུང་གི་ཁར་རམ། ཡུར་པོ་ཆེའི་ཁར་འདི་ལྟ་སྟེ། ཉ་མང་པོ་དག་དྲུངས་དབྱུང་བའི་ཕྱིར་དང་། ཉམས་པར་བྱ་བའི་ཕྱིར་དང་། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་ཉ་སྡང་བཙུགས་པ་ལ་དགེ་
སློང་གིས་རྐུ་སེམས་ཀྱིས་ཉ་སྡང་རྐུ་བར་བྱེད་ན་ཉ་སྡང་གི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ཕན་པ་མེད་པར་བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ། བདག་གིར་ཡང་མ་གྱུར་ཅིག་སྙམ་

པས་སྲེག་པར་བྱེད་དམ། གཅོག་པར་བྱེད་དམ། འཆེག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སྙིང་རྗེའི་བསམ་པས་འདིས་སེམས་ཅན་འདི་དག་སྲོག་དང་བྲལ་བར་གྱུར་ན་མི་རུང་ངོ་། །གཞི་འདིས་སེམས་ཅན་དེ་ལ་ཡང་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་གྱུར་
ན་མི་རུང་ངོ་སྙམ་པས་སྲེག་པར་བྱེད་དམ། གཅོད་པར་བྱེད་དམ། འཆེག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཉ་སྡང་ལ་ཐོགས་པའི་ཉ་རྐུ་བར་བྱེད་ན་ཉའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་
རོ། །གལ་ཏེ་བདེ་བ་མེད་པར་བྱ་བའི་བསམ་པས་དེ་ཡིར་ཡང་མ་གྱུར་ལ། བདག་གིར་ཡང་མ་གྱུར་ཅིག་སྙམ་པས་གཏོང་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སྙིང་རྗེའི་བསམ་པས་འདིས་སེམས་ཅན་འདི་དག་སྲོག་དང་བྲལ་བར་གྱུར་ན་མི་རུང་ངོ་། །གཞི་འདིས་
སེམས་ཅན་དེ་ལ་ཡང་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་པས་གཏོང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ།། །།སྡོམ་ལ། སྐམ་སར་མི་ཡི་ཆུ་དང་ནི། །དེ་བཞིན་དུད་འགྲོའི་ཆུ་དང་ཡང་། །རྒྱ་མཚོར་མི་ཡི་ཆུ་དག་དང་། །དུད་འགྲོའི་ཆུ་ཡང་དེ་བཞིན་ནོ། །
འདི་ལྟར་ཚོང་པ་རབ་ཏུ་མང་པོ་དག་ཟོང་ཁྱེར་ཏེ་དགོན་པའི་ལམ་དུ་ཞུགས་པ་ན་དེ་ན་ཆུ་དཀོན་ཞིང་རིན་ཆེ་བར་གྱུར་པའི་ཚེ་དེ་དག་གིས་དེར་སྣོད་སྣ་ཚོགས་འདི་ལྟ་སྟེ། རྫ་མ་དག་དང་། ཕྲུ་བ་དག་དང་། རིལ་བ་དག་དང་། ར་རྐྱལ་དག་གིས་ཆུའི་ཚོགས་བྱས་ཤིང་དེ་ན་ཆུའི་ཚད་
མི་ལ་འདི་ཙམ་ཞིག་གོ། །དུད་འགྲོ་ལ་ནི་འདི་ཙམ་ཞིག་གོ་ཞེས་སྦྱིན་པར་བྱེད་པ་ན། དགེ་སློང་གིས་རྐུ་སེམས་ཀྱིས་མིའི་སྐལ་བའི་ཆུ་བདག་གིར་བྱེད་ན། དེའི་གནས་སྐབས་སུ་མིའི་སྐལ་བའི་ཆུའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་
མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དུད་འགྲོའི་སྐལ་བའི་ཆུ་བདག་གིར་བྱེད་ན། དེའི་གནས་སྐབས་སུ་དུད་འགྲོའི་སྐལ་བའི་ཆུའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་

འཛམ་བུའི་གླིང་པའི་ཚོང་པ་རབ་ཏུ་མང་པོ་ནོར་སྒྲུབ་པ་དག་རྒྱ་མཚོའི་གྲུར་ཞུགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་པ་ན་རྒྱ་མཚོ་ཆེན་པོ་ལན་ཚྭའི་རོ་འབའ་ཞིག་ཡིན་པས་དེ་དག་གིས་དེར་སྣོད་སྣ་ཚོགས་འདི་ལྟ་སྟེ། རྫ་མ་དག་དང་། ཕྲུ་བ་དག་དང་། རིལ་བ་དག་དང་།
ར་རྐྱལ་དག་གིས་ཆུའི་ཚོགས་བྱས་ཤིང་དེ་ན་ཆུའི་ཚད་མི་ལ་ནི་འདི་ཙམ་ཞིག་གོ། །དུད་འགྲོ་ལ་ནི་འདི་ཙམ་ཞིག་གོ་ཞེས་སྦྱིན་པར་བྱེད་པ་ན། དགེ་སློང་གིས་རྐུ་སེམས་ཀྱིས་མིའི་སྐལ་བའི་ཆུ་བདག་གིར་བྱེད་ན། དེའི་གནས་སྐབས་སུ་མིའི་སྐལ་བའི་ཆུའི་རིན་ཐང་བརྩི་བར་བྱ་ཞིང་
དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དུད་འགྲོའི་སྐལ་བའི་ཆུ་བདག་གིར་བྱེད་ན། དེའི་གནས་སྐབས་སུ་དུད་འགྲོའི་སྐལ་བའི་ཆུའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ལ། དངོས་པོ་མ་
ཚང་ན་ཉེས་བྱས་སུ་འགྱུར་རོ།། །།སྡོམ་ལ། རྐུ་བ་གོམ་པ་སྲི་བ་དང་། །དེ་བཞིན་གོམ་པ་སྐྱེད་པ་དང་། །གནས་ནས་ཁྱམས་སུ་འགྲོ་ལ་སོགས། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །འདི་ལྟར་མཁན་པོ་དང་སློབ་དཔོན་ལམ་གྱི་བགྲོད་པར་ཞུགས་པ་དེ་དག་གིས་ལྷན་
ཅིག་གནས་པ་དང་། ཉེ་གནས་དག་གི་ལག་ཏུ་ཆོས་གོས་དག་གཏད་པ་ན། དེ་ལ་དེ་དག་རྐུ་སེམས་ཉེ་བར་གནས་པར་གྱུར་ཅིང་དེ་དག་གོམ་པ་སྲི་བས་འགྲོ་ཞིང་སྦྱང་འབྲེང་དུ་འགྲོ་ན་གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་རོ། །ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་ཉེས་
པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མ་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་གོམ་པ་བསྐྱེད་དེ་མདུན་དུ་འགྲོ་ན་གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་
རོ། །ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མ་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་དགེ་

སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་རྐུ་སེམས་ཀྱིས་མཁན་པོ་དང་། སློབ་དཔོན་དག་གི་ཆོས་གོས་དག་རྐུ་བར་བྱེད་ཅིང་དེ་དག་གིས་དེ་དག་ཁྱེར་ཏེ་གནས་ཁང་ནས་ཁྱམས་སུ་དང་། ཁྱམས་ནས་གནས་ཁང་དུ་འཇུག་པ་དང་། གནས་ཁང་ནས་ཡང་ཁྱམས་
སུ་འབྱུང་བ་དང་། སྟེང་གི་གཞིར་འཛེག་པ་དང་། དེ་ནས་ཡང་འབབས་ཤིང་འོག་གི་གཞིར་འབབ་པ་དང་། སྒོ་ཁང་དུ་འཇུག་པ་དང་། སྒོ་ཁང་ནས་ཕྱི་རོལ་གྱི་བང་རིམ་དུ་འབྱུང་བ་དང་། ཕྱི་རོལ་གྱི་བང་རིམ་ནས་ལྕོང་དུ་འབབ་པ་དང་། ལྕོང་ནས་ཐང་ལ་འཛེག་པ་དང་། ཐང་
ནས་ཡང་ལྕོང་དུ་འབབ་པ་དང་། ལྕོང་ནས་ཐིབས་པོར་འཇུག་པ་དང་། ཐིབས་པོ་ནས་བླ་གབ་མེད་པར་འབྱུང་བར་བྱེད་ན་ཐམས་ཅད་དུ་ཡང་གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་རོ། །ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མ་
གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། རྐུན་ཤས་ནོད་པར་བྱེད་པ་དང་། །འགྱོད་པར་གྱུར་ཅིང་ཟློག་བྱེད་དང་། །ཁྱིམ་དུ་སྦྲོན་པར་བྱེད་པ་ཡི། །སྡེ་ཚན་
ཡང་དག་བསྡུས་པ་ཡིན། །འདི་ལྟར་དགེ་སློང་དགོན་པ་ན་གནས་པ་དེ་ལ་ཆོམ་རྐུན་པ་གྲོང་འཇོམས་པ་དག་འོངས་ཏེ་རྨས་པ། འཕགས་པ་གྲོང་ཆེ་གེ་མོ་ཞིག་ཤེས་སམ། ཤེས་སོ། །འཕགས་པ་འོ་ན་གྲོང་དེར་བུད་མེད་མང་བ་དང་། སྐྱེས་པ་ཉུང་བ་དང་། ལ་གཅན་པ་
དང་། ཐག་རིང་བ་དང་། ཁྱི་ཟ་བ་མེད་པ་དང་། འཇུག་སླ་བ་དང་། འབྱུང་སླ་བ་དང་། བདག་ཅག་གིས་དེར་མི་སྨས་མི་ཉམས་པར་ལས་བྱ་བར་ནུས་སམ། བདེ་ལེགས་སུ་ཕྱིར་འོངས་ན་འཕགས་པ་ལ་ཡང་སྐལ་བ་སྦྱིན་ནོ་ཞེས་ཟེར་བ་ལ། གལ་ཏེ་དགེ་སློང་གིས་འདི་
སྐད་ཅེས་ཤེས་ལྡན་དག་གྲོང་དེ་ཏེ་པོར་བུད་མེད་མང་བ་དང་། སྐྱེས་པ་ཉུང་བ་དང་། ལ་གཅན་པ་དང་། ཐག་རིང་བ་དང་། ཁྱི་ཟ་བ་མེད་པ་དང་། འཇུག་སླ་བ་དང་། འབྱུང་སླ་བ་དང་། ཁྱེད་ཅག་གིས་དེར་མི་སྨས་མི་ཉམས་པར་ལས་བྱ་བར་ནུས་སོ་ཞེས་སྨྲས་ཏེ། ཆོམ་

རྐུན་པ་དག་གིས་དེར་ལས་བྱས་ཤིང་བདེ་ལེགས་སུ་ཕྱིར་འོངས་ནས་དགེ་སློང་ལ་རྐུན་ཤས་འབུལ་བར་བྱེད་ཅིང་དགེ་སློང་གིས་རྐུན་ཤས་བདག་གིར་བྱེད་ན། རྐུན་ཤས་ཀྱི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་
པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་དེ་དེ་སྐད་སྨྲས་ནས་འགྱོད་པར་གྱུར་ཅིང་དེ་ཆོམ་རྐུན་པ་དེ་དག་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཤེས་ལྡན་དག་ཤེས་པར་གྱིས་ཤིག །འདི་ལྟ་སྟེ། བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ་བདག་གིས་ཏེ་པོར་གྱ་ཙོམ་དང་བྱུང་
རྒྱལ་གྱིས་སོ་སོར་མ་བརྟགས་པར་ཚིག་སྨྲས་ཏེ། གྲོང་དེ་ནི་ཏེ་པོར་བུད་མེད་ཉུང་བ་དང་། སྐྱེས་པ་མང་བ་དང་། ལ་གཅན་པ་དང་ཐག་ཉེ་བ་དང་། ཁྱི་ཟ་བ་དང་། འཇུག་དཀའ་བ་དང་། འབྱུང་དཀའ་བ་དང་། ཁྱེད་ཅག་གིས་དེར་མི་སྨས་མི་ཉམས་པར་ལས་བྱ་བར་མི་
ནུས་སོ་ཞེས་སྨྲས་ན། ཆོམ་རྐུན་པ་དག་གིས་དེར་ལས་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་དེས་ཆོམ་རྐུན་པ་དེ་དག་བཙལ་བ་ན་མ་མཐོང་ནས་ཁྱིམ་དེར་དོང་སྟེ་འདི་སྐད་ཅེས་ཤེས་ལྡན་
དག་བྱར་གྱིས་ཤིག །ཤེས་ལྡན་དག་བག་གྱིས་ཤིག །དེང་འདིར་ཆོམ་རྐུན་པ་གྲོང་འཇོམས་པ་དག་འོང་བར་འགྱུར་གྱིས། དེ་དག་གིས་ཁྱེད་ཀྱི་རྫས་ཕྲོགས་པར་གྱུར་ཏམ། ཐམས་ཅད་དང་ཐམས་ཅད་དུ་སྲོག་དང་ཕྲལ་བར་གྱུར་ན་མི་རུང་ངོ་ཞེས་སྨྲས་ན་ཆོམ་རྐུན་པ་དག་གིས་
དེར་ལས་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། དགེ་སློང་དེ་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། ཞིང་གི་ས་གཞི་འོག་གཟུར་དང་། །བླ་ཡི་གྲྭ་ཡང་དེ་བཞིན་ཏེ། །ཁྱིམ་གྱི་གཞི་ལའང་རྣམ་གཉིས་དང་། །ཟོང་གི་གཞི་ཡང་རྣམ་གཉིས་ཡིན། །
ས་གཞི་ནི་གསུམ་སྟེ། ཞིང་གི་ས་གཞི་དང་། ཁྱིམ་གྱི་ས་གཞི་དང་། ཟོང་གི་ས་གཞིའོ། །ཞིང་གི་ས་གཞི་ནི་རྣམ་པ་གཉིས་ཀྱིས་བརྐུས་པ་ཡིན་ཏེ། ཤགས་ཀྱིས་དང་། ཡོངས་སུ་བསྐོར་བས་སོ། །ཇི་ལྟར་ཤགས་ཀྱིས་ཤེ་ན། དགེ་སློང་གིས་ཞིང་གི་ས་གཞིའི་ཕྱིར་

ཁྱིམ་པ་དང་ལྷན་ཅིག་འོག་གཟུར་ཤགས་འགྱེད་པར་བྱེད་ན་གལ་ཏེ་དགེ་སློང་ཁྱིམ་པས་ཕམ་པར་བྱས་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་གིས་ཁྱིམ་པ་ཕམ་པར་བྱས་ན་ཇི་སྲིད་དུ་ཁྱིམ་པས་སྦྱོར་བ་མ་བཏང་བ་དེ་སྲིད་དུ་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་
རོ། །ཁྱིམ་པས་སྦྱོར་བ་བཏང་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་སློང་ཁྱིམ་པ་དང་ལྷན་ཅིག་བླའི་གྲྭར་ཤགས་འགྱེད་པར་བྱེད་ན། གལ་ཏེ་དགེ་སློང་ཁྱིམ་
པས་ཕམ་པར་བྱས་ན་ཉེས་པ་སྦོར་པོར་འགྱུར་རོ། །གལ་ཏེ་དགེ་སློང་གིས་ཁྱིམ་པ་ཕམ་པར་བྱས་ན་དགེ་སློང་དག་རྒྱལ་པོ་ནི་རྩོད་པ་ཐམས་ཅད་ཀྱི་དཔོན་པོ་ཡིན་པས་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་
སྦོམ་པོར་འགྱུར་རོ། །དེ་ལྟར་ཤགས་ཀྱིས་སོ། །ཇི་ལྟར་ཡོངས་སུ་བསྐོར་བས་ཤེ་ན། འདི་ལྟར་དགེ་སློང་གིས་ཞིང་གི་ས་གཞི་རྩིག་པ་དག་གམ། ཡ་གད་དག་གམ། སེག་དག་གམ། རེ་ལྡེ་དག་གམ། འོབས་དག་གམ། ཚེར་མ་དག་གིས་ཡོངས་སུ་སྐོར་བར་བྱེད་ན་ཇི་སྲིད་
དུ་མཚམས་ཀྱི་སྣ་དང་། མཚམས་ཀྱི་སྣ་མ་ཕྲད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མཚམས་ཀྱི་སྣ་དང་མཚམས་ཀྱི་སྣར་ཕྲད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །
ཞིང་གི་ས་གཞི་ལ་ཇི་ལྟ་བ་བཞིན་དུ་ཁྱིམ་གྱི་ས་གཞི་དང་། ཟོང་གི་ས་གཞི་ལ་ཡང་དེ་བཞིན་ནོ།། །།སྡོམ་ལ། འཆོལ་དང་ལེན་དང་སྲུང་མ་དང་། །ཀླག་ཅོར་ཕ་མ་མདུན་བྱུང་སློང་། །ཡུག་ཆེན་རྒན་གཞོན་རུང་བྱ་དང་། །དྲི་བྱ་སྒེའུ་ཆུང་སྨོད་པའོ། །གང་གི་ཚེ་བཅོམ་
ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་ཅིང་བསྟན་པ་རྒྱས་པར་མ་གྱུར་པ་དེའི་ཚེ་ན་དགེ་སློང་དག་སྤ་བགོང་སླ་ཞིང་ཁྱིམ་པ་དག་སྤ་བགོང་དཀའ་བའི་ཚེ་ཇི་ཙམ་ན་དགེ་སློང་རབ་ཏུ་མང་པོ་དག་ཚོང་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་ཤོ་གམ་གྱི་གནས་ཀྱི་དྲུང་དུ་

ཕྱིན་པ་དང་། དེ་དག་གིས་ཚོང་པ་རྣམས་ལ་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་ལ་ཤོ་གམ་གཞལ་དགོས་པའི་རྫས་ཅུང་ཞིག་ཡོད་པ་དེ་ཤོ་གམ་པ་དག་གིས་ཤོ་གམ་འཇལ་དུ་འཇུག་པར་མི་འགྱུར་བར་རེ་ཞིག་ཤོ་གམ་གྱི་གནས་ནས་ཟློས་ལ་ཕྱིར་བྱིན་ཅིག །
ཚོང་པ་དག་གིས་སྨྲས་པ། འཕགས་པ་དག་བཀའ་བཞིན་འཚལ། བཟླ་བར་བགྱིའོ། །ཚོང་པ་དེ་དག་གིས་དགེ་སློང་དེ་དག་གི་ཤོ་གམ་གཞལ་དགོས་པའི་རྫས་དེ་ཤོ་གམ་གྱི་གནས་ནས་བཟླས་ཏེ་བྱིན་ནོ། །དགེ་སློང་དག་མཐར་གྱིས་རྒྱུ་ཞིང་འདོང་བ་ན་གཙུག་ལག་ཁང་དུ་ཕྱིར་
ཕྱིན་པ་དང་། དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། ཁྱེད་ཅག་ཤོ་གམ་པ་དག་དང་། ལ་གཅན་པ་དག་དང་། གྲུ་བཙས་གཅོད་པ་དག་གིས་ཡོངས་སུ་གཙེས་པར་མ་གྱུར་ཏམ། དེ་
དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདེ་བར་རྒྱུས་ཏེ། སུས་ཀྱང་ཡོངས་སུ་གཙེས་པར་མ་གྱུར་ཏོ། །ཅི་ཁྱེད་ཅག་ལ་ཤོ་གམ་གཞལ་དགོས་པའི་རྫས་མེད་དམ། དེ་དག་གིས་སྨྲས་པ། བདག་ཅག་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་མོད་ཀྱི་འོན་ཀྱང་ཚོང་པ་བཤེས་
པ་དག་གིས་ཤོ་གམ་གྱི་གནས་ནས་བཟླས་ཏེ་བྱིན་ནོ། །དགེ་སློང་དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་སར་ཕྱིན་པའི་ཤོ་གམ་བཟླར་རུང་ངམ། དེ་དག་གིས་སྨྲས་པ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་བཟླས་སོ། །དགེ་སློང་དེ་དག་བདག་
ཅག་ལ་ཕམ་པར་གྱུར་པའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་དག་ལ་ནི་ལྟུང་བ་མེད་
མོད་ཀྱི། ཡང་དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་བཟླར་གཞུག་པར་མི་བྱའོ། །དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་བཟླར་འཇུད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཤ་པའི་ཚལ་གསེབ་ཏུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་

ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་། མ་ག་དྷཱར་བྱུང་བའི་བྲམ་ཟེ་དང་ཁྱིམ་བདག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་བདེན་པ་དག་ལ་བཀོད་ནས་མཉན་ཡོད་དུ་གཤེགས་ཏེ། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོ་སྡེས་བཏུལ་ནས་དེ་གཉིས་ཀྱིས་དགེ་སློང་
རྣམས་ལ་གཞོན་ནུའི་ཡོངས་སུ་སྤང་བ་བྱིན་ཞིང་དགེ་སློང་མ་རྣམས་ལ་བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་བྱིན་ཏེ། དགེ་སློང་རྣམས་ཤོ་གམ་མེད་པ་དང་། ལ་གཅན་མེད་པ་དང་། གྲུ་བཙས་མེད་པར་བཏང་བ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་གྱུར་ཏེ། ཁྱིམ་
བདག་སྤ་བགོང་སླ་ཞིང་དགེ་སློང་དག་སྤ་བགོང་དཀའ་བའི་ཚེ་ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་དག་ཚོང་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་ཤོ་གམ་གྱི་གནས་ཀྱི་དྲུང་དུ་ཕྱིན་པ་དང་། ཚོང་པ་དེ་དག་གིས་དགེ་སློང་རྣམས་ཀྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་
པ། འཕགས་པ་དག་བདག་ཅག་གྲང་བ་ན་གྲང་བས་སྦྲེབས་བཞིན་པ་དང་། ཚ་བ་ན་ཚ་བས་གདུངས་བཞིན་པ་དང་། བཀྲེས་པ་དང་། སྐོམ་པ་དག་གིས་གནོད་བཞིན་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་དག་གིས་ཉེན་བཞིན་དུ་
ལོངས་སྤྱོད་དག་མངོན་པར་བསྒྲུབ་པའི་སླད་དུ་སྤྲོ་བར་བགྱིད། འབད་པར་བགྱིད། རྩོལ་བར་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་དག་བགྱིའོ་སྙམ་པ་ལགས་པས་དེའི་སླད་དུ་བདག་ཅག་ལ་ཤོ་གམ་གཞལ་འཚལ་བའི་
རྫས་མཆིས་པ་ཤོ་གམ་གྱི་གནས་ནས་བཟླས་ཏེ་སྩལ་བར་རིགས་སོ། །དགེ་སློང་དེ་དག་གིས་སྨྲས་པ། བཞིན་བཟངས་དག་འཇལ་གྱིས་བཟླ་བར་བྱའོ། །དགེ་སློང་དེ་དག་གིས་ཚོང་པ་དེ་དག་གི་ཤོ་གམ་གཞལ་དགོས་པའི་རྫས་ཤོ་གམ་གྱི་གནས་ནས་བཟླས་ཏེ་བྱིན་ནོ། །དགེ་སློང་དག་
མཐར་གྱིས་རྒྱུ་ཞིང་འདོང་བ་ན་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཁྱེད་ཅག་ཤོ་གམ་པ་དག་དང་། ལ་གཅན་པ་དག་དང་། གྲུ་བཙས་གཅོད་པ་དག་

གིས་ཡོངས་སུ་གཙེས་པར་མ་གྱུར་ཏམ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་རེ་ཞིག་གཞན་དག་ཀྱང་དགའ་བར་བྱས་ན་བདག་ཅག་ལྟ་ཅི་སྨོས་ཏེ་སུས་ཀྱང་ཡོངས་སུ་གཙེས་པར་མ་གྱུར་ཏོ། །དགེ་སློང་དེ་དག་གིས་སྨྲས་པ། ཇི་ལྟར་གྱུར་དེ་དག་
གིས་སྐབས་དེ་དགེ་སློང་དེ་དག་ལ་རྒྱས་པར་བརྗོད་དོ། །དགེ་སློང་དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་སར་ཕྱིན་པའི་ཤོ་གམ་བཟླར་རུང་ངམ། དེ་དག་གིས་སྨྲས་པ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་བཟླས་སོ། །དགེ་སློང་དེ་དག་བདག་ཅག་ལ་ཕམ་པར་
འགྱུར་བའི་ལྟུང་བ་མ་བྱུང་ངམ། སྙམ་དུ་འགྱོད་པ་སྐྱེས་ནས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་དག་ལ་ནི་ལྟུང་བ་མེད་མོད་ཀྱི་ཡང་དགེ་སློང་
གིས་སར་ཕྱིན་པའི་ཤོ་གམ་བཟླ་བར་མི་བྱའོ། །དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་བཟླ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་དེ་ལྟར་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་རབ་ཏུ་མང་པོ་དག་ཚོང་པ་དོན་མཐུན་དང་ལྷན་ཅིག་
ལྗོངས་རྒྱུར་འདོང་བ་ན་ཤོ་གམ་གྱི་གནས་ཀྱི་དྲུང་དུ་ཕྱིན་པ་དང་ཚོང་པ་དེ་དག་གིས་དགེ་སློང་རྣམས་ཀྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། འཕགས་པ་དག་བདག་ཅག་གྲང་བ་ན་གྲང་བས་སྦྲེབས་བཞིན་པ་དང་། ཚ་བ་ན་ཚ་བས་གདུངས་བཞིན་པ་དང་། བཀྲེས་པ་དང་སྐོམ་པ་དག་གིས་
གནོད་བཞིན་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་དག་གིས་ཉེན་བཞིན་དུ་ལོངས་སྤྱོད་དག་མངོན་པར་བསྒྲུབ་པའི་སླད་དུ་སྤྲོ་བར་བགྱིད། འབད་པར་བགྱིད། རྩོལ་བར་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་དང་།
ཆོས་དང་། དགེ་འདུན་ལ་མཆོད་པ་དག་བགྱིའོ་སྙམ་པ་ལགས་པས། དེའི་སླད་དུ་བདག་ཅག་ལ་ཤོ་གམ་གཞལ་འཚལ་བའི་རྫས་མཆིས་པ་ཤོ་གམ་གྱི་གནས་ནས་བཟླས་ཏེ་སྩལ་བར་རིགས་སོ། །དགེ་སློང་དེ་དག་གིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་ཡང་

དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་བཟླ་བར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པས་བདག་ཅག་གིས་བཟླ་བར་མི་བྱའོ། །ཚོང་པ་རྣམས་ཀྱིས་འཕགས་པ་འདི་དག་ནི་མི་མཐུན་པར་བྱེད་པ་ཡིན་པས་བཟླ་བར་མི་བྱེད་ཀྱིས་ཐབས་ཀྱི་རྣམ་པ་བྱའོ་སྙམ་དུ་ཤེས་ཤིང་རིག་ནས་དེ་དག་གིས་
ཕན་ཚུན་གྲོས་བྱས་ཏེ་སྨྲས་པ། འཕགས་པ་དག་དེང་བདག་ཅག་བྲེལ་བས་ཁྱེད་ཅག་ལ་བསོད་སྙོམས་དབུལ་བའི་རྔོ་མི་ཐོག་གིས་བཞུད་ལ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མཛོད་ཅིག །དགེ་སློང་དེ་དག་གྲོང་དུ་བསོད་སྙོམས་ལ་ཞུགས་པ་དང་ཚོང་པ་དེ་དག་གིས་དགེ་སློང་བསོད་སྙོམས་
ལ་ཞུགས་པ་དེ་དག་གི་གཏུར་བུ་དག་དང་། ལྷུང་བཟེད་ཀྱི་སྣོད་དག་དང་། བར་བུར་སྣོད་དག་ཏུ་ཤོ་གམ་གཞལ་དགོས་པའི་རྫས་བཅུག་གོ། །དགེ་སློང་དག་བསོད་སྙོམས་བརྒྱུས་ནས་གྲོང་ནས་ཕྱིར་བྱུང་སྟེ། དེ་དག་ཟས་ཀྱི་བྱ་བ་བྱས་ནས་གང་གི་ཚེ་ཤོ་གམ་གྱི་གནས་ནས་འདས་པ་
དེའི་ཚེ་ཚོང་པ་དེ་དག་གིས་དགེ་སློང་དེ་དག་གི་སྣོད་ལ་ནོམ་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་ཅིའི་ཕྱིར་ཁོ་བོ་ཅག་གི་སྣོད་དག་ལ་ནོམ་པར་བྱེད། ཚོང་པ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས་འདིར་ཤོ་གམ་གཞལ་འཚལ་
བའི་རྫས་བཅུག་པ་དེ་འབྱིན་ཏོ། །དགེ་སློང་དག་གིས་སྨྲས་པ། བཞིན་བཟངས་དག་ཁྱེད་ཀྱིས་ཆེད་དུ་བསམས་ཏེ་ཁོ་བོ་ཅག་ལྟུང་བ་དང་བཅས་པར་བྱས་མོད། ཚོང་པ་དག་གིས་སྨྲས་པ། འཕགས་པ་དག་འདི་ལ་ཁྱེད་ཀྱི་ལུས་ཀྱི་ལས་ཀྱང་མ་མཆིས། ངག་གི་ལས་ཀྱང་མ་མཆིས་ན་ཇི་
ལྟར་ཁྱེད་ཅག་ལྟུང་བ་དང་བཅས་པ་ལགས། དགེ་སློང་དེ་དག་བདག་ཅག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས་དེ་དག་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་
པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཁྱེད་ཅག་ཤོ་གམ་པ་དག་དང་། ལ་གཅན་པ་དག་དང་། གྲུ་བཙས་གཅོད་པ་དག་གིས་ཡོངས་སུ་གཙེས་པར་མ་གྱུར་ཏམ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དེ་དག་གིས་ཡོངས་སུ་གཙེས་པར་མ་གྱུར་མོད་ཀྱི་

འོན་ཀྱང་བདག་ཅག་བསོད་སྙོམས་ལ་ཞུགས་པ་དག་གི་གཏུར་བུ་དག་དང་། ཆོས་གོས་ཀྱི་སྣོད་དག་དང་། བར་བུར་སྣོད་དག་ཏུ་ཚོང་པ་དག་གིས་ཤོ་གམ་གཞལ་དགོས་པའི་རྫས་བཅུག་པ་དེ་བདག་ཅག་གིས་མ་ཤེས་ནས་ཤོ་གམ་གྱི་གནས་ནས་བཟླས་པས་དེའི་
ཕྱིར་བདག་ཅག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་སོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་དག་ལ་ནི་ལྟུང་བ་མེད་མོད་ཀྱི། ཡང་དགེ་སློང་
གིས་སྣོད་དག་ཡལ་བར་བོར་ཏེ་འགྲོ་བར་མི་བྱ་བར་སྲུང་མ་དགེ་སློང་གཞག་པར་བྱའོ། །དེ་དག་གིས་དགེ་སློང་བཞག་སྟེ་བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་དེ་གང་གི་ཚེ་བཤང་བའམ། གཅི་བའམ། ཆུ་འཚག་ཏུ་འགྲོ་བ་དེའི་ཚེ་ཚོང་པ་དེ་དག་གིས་དེ་ཁོ་ན་བཞིན་དུ་ཤོ་གམ་གཞལ་
དགོས་པའི་རྫས་དག་གཏུར་བུ་དག་དང་། ལྷུང་བཟེད་ཀྱི་སྣོད་དག་དང་། བར་བུར་སྣོད་དག་ཏུ་འཛུད་པར་བྱེད་ཅིང་དེ་ཁོ་ན་བཞིན་དུ་ཤོ་གམ་གྱི་གནས་ནས་འདས་པ་དེའི་ཚེ་ཚོང་པ་དག་དགེ་སློང་དེ་དག་གི་སྣོད་དག་ལ་ནོམ་པར་བྱེད་ནས་དགེ་སློང་དག་འགྱོད་པར་གྱུར་པ་ན་དགེ་སློང་རྣམས་ལ་
བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་དག་ལ་ནི་ལྟུང་བ་མེད་མོད་ཀྱི་འོན་ཀྱང་སྲུང་མ་དགེ་སློང་གཉིས་གཞག་པར་བྱའོ། །དགེ་སློང་རབ་ཏུ་མང་པོ་དག་ཚོང་པ་དོན་མཐུན་དང་ལྷན་
ཅིག་འདོང་བ་ན་སྲུང་མ་དགེ་སློང་གཉིས་བཞག་སྟེ་བསོད་སྙོམས་ལ་ཞུགས་པ་དང་། དེ་གཉིས་ལས་གཅིག་ཇི་སྲིད་དུ་བཤང་བ་དང་། གཅི་བའམ། ཆུ་འཚག་ཏུ་སོང་བ་དེ་སྲིད་དུ་ཚོང་པ་དེ་དག་གིས་ཅིག་ཤོས་དེའི་ལག་པ་ལ་འཇུ་བར་བྱེད། རྐང་པ་ལ་འཇུ་བར་བྱེད་ཅིང་། གཞན་
གྱིས་སྣོད་དག་ཏུ་འཛུད་པར་བྱེད་དོ། །དགེ་སློང་དེས་ཚངས་པ་མཚུངས་པར་སྤྱོད་པ་ལྷགས་པ་རྣམས་ལ་བཟླ་བར་བྱའོ་སྙམ་དུ་ཤེས་ནས་དགེ་སློང་དེ་དག་ཀྱང་སྤྱོད་ཡུལ་ནས་ལྷགས་པ་དང་། ཚོང་པ་རྣམས་ཀྱིས་ཇི་ནས་ཀྱང་དགེ་སློང་དེ་གཉིས་ཀྱིས་དགེ་སློང་དེ་དག་ལ་བརྗོད་མི་ནུས་པར་

འགྱུར་བ་དེ་ལྟ་བུའི་ཀླག་ཅོར་དག་བྱས་སོ། །དེ་དག་གང་གི་ཚེ་ཤོ་གམ་གྱི་གནས་ནས་འདས་པ་དེའི་ཚེ་སྣོད་དག་ལ་ནོམ་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། བཞིན་བཟངས་དག་ཅིའི་ཕྱིར་སྣོད་དག་ལ་ནོམ་པར་བྱེད། དེ་དག་གིས་སྨྲས་པ། འཕགས་པ་དག་འདིར་བདག་
ཅག་གི་ཤོ་གམ་གཞལ་འཚལ་བའི་རྫས་བཅུག་པ་འབྱིན་ཏོ། །དགེ་སློང་རྣམས་ཀྱིས་སྲུང་མའི་དགེ་སློང་དེ་གཉིས་ལ་ཁྱེད་གཉིས་འདིར་བཞག་པ་དག་གིས་ཁོ་བོ་ཅག་ལྟུང་བ་དང་བཅས་པར་བྱས་སོ། །ཞེས་གྱོད་རྨས་པ་དང་། དེ་གཉིས་ཀྱིས་བྱུང་བའི་མཐའ་ཇི་ལྟ་བ་བཞིན་དུ་བརྗོད་
དོ། །དགེ་སློང་དེ་དག་བདག་ཅག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས་དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
དག་དགེ་སློང་དེ་དག་ལ་ནི་ལྟུང་བ་མེད་མོད་ཀྱི། ཤོ་གམ་གཞལ་དགོས་པའི་རྫས་དེ་ཁྱིམ་པའམ། དགེ་ཚུལ་གྱིས་ཕྱུང་སྟེ་ཚོང་པ་དེ་དག་ལ་ཕྱིར་གཏད་པར་བྱའོ། །ཁྱིམ་པའམ། དགེ་ཚུལ་མེད་ན་རང་ཉིད་ཀྱིས་ཕྱུང་སྟེ་མདུན་དུ་གཞག་པར་བྱ་ཞིང་ཁྱེད་ཀྱི་རྫས་འདི་ཡིན་གྱིས་
ཤེས་པར་གྱིས་ཤིག་ཅེས་ཀྱང་བརྗོད་པར་བྱའོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་
འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལས་བུ་བྱུང་ནས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་
གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་ལྗོངས་རྒྱུར་སོང་བས་རས་ཡུག་ཆེན་གཉིས་ཤིག་རྙེད་ནས། དེས་བཅོམ་ལྡན་འདས་ཀྱིས་

རབ་ཏུ་བྱུང་བས་ཀྱང་ཕ་མ་དག་ལ་མཁོ་བ་བསྟབས་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར་གཅིག་ནི་ཕ་ལ་དབུལ་ལོ། །ཅིག་ཤོས་ནི་མ་ལ་དབུལ་ལོ་སྙམ་དུ་ཤེས་ནས། དེ་ཇི་དགའ་བར་ལྗོངས་སུ་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་ག་ལ་བ་
དེར་རྒྱུ་ཞིང་འགྲོ་བ་ན་མཐར་གྱིས་རྒྱུ་ཞིང་འགྲོ་བའི་ཚེ་ཤོ་གམ་གྱི་གནས་སུ་ཕྱིན་པ་དང་། ཤོ་གམ་པས་སྨྲས་པ། འཕགས་པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མ་མཆིས་སམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་མེད་དོ། །ཤོ་གམ་པས་སྨྲས་པ། བལྟས་
གཞག་ཏུ་གསོལ་ཞེས་དེས་བརྟག་པར་བརྩམས་པ་དང་ཇི་ཙམ་ན་རས་ཡུག་ཆེན་གཉིས་མཐོང་ནས་དེས་སྨྲས་པ། འཕགས་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བས་རས་ཡུག་ཆེན་གཉིས་ཙམ་གྱི་སླད་དུ་བརྫུན་དུ་སྨྲ་བ་གསུང་ངམ། དགེ་སློང་དེས་སྨྲས་པ། བཞིན་
བཟངས་འདི་གཉིས་ནི་ཁོ་བོ་མི་དབང་ངོ་། །འཕགས་པ་འོ་ན་སུ་དབང་། བཞིན་བཟངས་གཅིག་ནི་ཕའི་འོ། །ཅིག་ཤོས་ནི་མའི་འོ། །འཕགས་པ་བདག་གིས་ཡབ་ཀྱང་མ་འཚལ་ཡུམ་ཡང་མ་འཚལ་གྱིས་ཤོ་གམ་སྩོལ་ལ་བཞུད་ཅིག །དགེ་སློང་དེ་ཤོ་གམ་པ་དེས་ཡུན་རིང་ཞིག་
བསྒྱངས་ཏེ་བཏང་ནས་དེ་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དེ་འགྱོད་པ་སྐྱེས་ནས་དེ་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་
ཀྱི། ཡང་དགེ་སློང་གིས་དེ་བཞིན་དུ་འགྲོ་བར་མི་བྱ་བར་འདི་ལྟར་ཤོ་གམ་པའི་མདུན་དུ་ཕ་མའི་བསྔགས་པ་བརྗོད་པར་བྱ་སྟེ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བུའི་ཕ་མ་བསྙོད་པར་བྱེད་པ། གསོ་བར་བྱེད་པ། སྐྱེད་པར་བྱེད་པ། ནུ་མ་སྣུན་པར་བྱེད་པ། འཛམ་
བུའི་གླིང་སྣ་ཚོགས་སྟོན་པར་བྱེད་པ་གཉིས་ནི་བྱ་དཀའ་བ་བྱེད་པ་དག་ཡིན་ཏེ། བུས་ཕྲག་པ་གཅིག་གིས་ནི་ཕ། ཅིག་ཤོས་ཀྱིས་ནི་མ་ལོ་བརྒྱ་ཐམ་པར་ཡོངས་སུ་པང་བ་བྱས་སམ། ས་ཆེན་པོ་འདིར་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་

དང་། དངུལ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པ་དང་། དེ་ལྟ་བུའི་དབང་ཕྱུག་གི་བདག་པོ་ལ་བཀོད་པར་གྱུར་པ་གང་ཡིན་པ་དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་བྱས་པ་དང་ཉེ་བར་བྱས་པར་མི་འགྱུར་གྱི། དེས་ཕ་མ་
མ་དད་པ་གཉིས་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུད། འདུལ་བར་བྱེད། འཇུད་པར་བྱེད། རབ་ཏུ་འགོད་པར་བྱེད་པ་དང་། ཚུལ་ཁྲིམས་འཆལ་པ་གཉིས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་གཉིས་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་
རབ་འཆལ་པ་གཉིས་ཤེས་རབ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུད། འདུལ་བར་བྱེད། འཇུད་པར་བྱེད། རབ་ཏུ་འགོད་པར་བྱེད་ན། དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་བྱས་པ་དང་། ཉེ་བར་བྱས་པར་འགྱུར་ཞེས་གསུངས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་
དེ་ལྟར་ཕ་མ་གཉིས་ཀྱི་བསྔགས་པ་བརྗོད་པ་ན་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཤོ་གམ་གཞལ་ཏེ་འགྲོ་བར་བྱའོ། །དེ་བཞིན་དུ་མི་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་
དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་
ཆུང་མ་ལས་བུ་བཙས་ནས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གང་གི་ཚེ་དེ་ཆེན་པོར་གྱུར་པ་དེའི་ཚེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས།
བསོད་ནམས་དག་ནི་བྱ་བ་སྟེ། །བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་དུ། །བསོད་ནམས་བྱས་པ་དགའ་བར་འགྱུར། །ཞེས་གསུངས་པ་ཐོས་ནས་དགེ་སློང་དག་གིས་འདུན་པ་ལས་བྱུང་བའི་སློང་མོ་བྱས་ཏེ། སངས་རྒྱས་དང་། ཆོས་དང་། དགེ་

འདུན་དག་ལ་མཆོད་པ་དག་བྱ་བར་བརྩམས་ཤིང་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་གྱུར་པ་ན། དགེ་སློང་དེས་དགེ་སློང་འདུན་པ་ལས་བྱུང་བ་སློང་བ་མང་ཞིང་འདི་དག་ཟད་པར་གྱིས་མཉན་ཡོད་ཁྱབ་པར་གྱུར་གྱིས་བདག་ལྗོངས་སུ་འགྲོ་ཞིང་སོང་ནས་ཡང་
དག་པར་སྦྱོར་དུ་གཞུག་གོ་སྙམ་དུ་ཤེས་ནས་དེ་ལྗོངས་སུ་སོང་བ་དང་། དེས་ལྗོངས་དག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཕྱིར་གོས་ཁ་དོག་སྣ་ཚོགས་ཀྱིས་གང་བའི་གཏུར་བུ་གསུམ་ཡང་དག་པར་སྦྱོར་དུ་བཅུག་གོ། །དེ་ལྗོངས་སུ་ཅི་དགར་འདུག་ནས་ལྷུང་བཟེད་དང་
ཆོས་གོས་ཐོགས་ཏེ་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན་མཐར་གྱིས་རྒྱུ་ཞིང་འགྲོ་བའི་ཚེ་ཤོ་གམ་གྱི་གནས་སུ་ཕྱིན་པ་དང་། ཤོ་གམ་པས་སྨྲས་པ། འཕགས་པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མ་མཆིས་སམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་
མེད་དོ། །ཤོ་གམ་པས་སྨྲས་པ། བལྟས་བཞག་ཏུ་གསོལ་ཞེས་དེས་བརྟག་པར་བརྩམས་པ་དང་། ཇི་ཙམ་ན་གོས་ཁ་དོག་སྣ་ཚོགས་ཀྱིས་གང་བ་གཏུར་བུ་གསུམ་མཐོང་ནས། དེས་སྨྲས་པ། འཕགས་པ་གོས་ཁ་དོག་སྣ་ཚོགས་ཀྱིས་གང་བའི་གཏུར་བུ་གསུམ་པོ་འདི་
དག་ནི་ཉུང་བས་གལ་ཏེ་རྔ་མོའི་ཁལ་ལངས་པར་གྱུར་ན་དེ་ལྟར་ན་ཁྱེད་ཀྱིས་ཤོ་གམ་གཞལ་དགོས་པར་འགྱུར་རོ། །དགེ་སློང་དེས་སྨྲས་པ། བཞིན་བཟངས་འདི་དག་ནི་ཁོ་བོ་མི་དབང་ངོ་འཕགས་པ་འོ་ན་སུ་དབང་། བཞིན་བཟངས་གཅིག་ནི་སངས་རྒྱས་ཀྱིའོ། །གཅིག་ནི་ཆོས་
ཀྱིའོ། །གཅིག་ནི་དགེ་འདུན་གྱིའོ། །འཕགས་པ་བདག་གིས་སངས་རྒྱས་ཀྱང་མ་འཚལ། ཆོས་ཀྱང་མ་འཚལ། དགེ་འདུན་ཀྱང་མ་འཚལ་གྱིས་ཤོ་གམ་སྩོལ་ལ་བཞུད་ཅིག །དགེ་སློང་དེ་ཤོ་གམ་པ་དེས་ཡུན་རིང་ཞིག་བསྒྱངས་ཏེ་བཏང་ནས་དེ་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་།
དེ་འགྱོད་པ་སྐྱེས་ནས་དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་ཀྱི་ཡང་དགེ་སློང་གིས་དེ་བཞིན་དུ་འགྲོ་བར་མི་བྱ་བར་འདི་ལྟར་ཤོ་གམ་

པའི་མདུན་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་
བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ་ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་
པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ། ཆོས་ཀྱི་རྗེས་སུ་མཐུན་པར་
སྤྱོད་པ་སྟེ། དགེ་འདུན་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་རྒྱུན་དུ་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ལན་
གཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་ལ་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་
ལ་དགྲ་བཅོམ་པ་དག་ཀྱང་ཡོད་དེ་དེ་ལྟར་དེ་དག་ནི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་
བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཤེས་པ་དང་མཐོང་བ་ཕུན་སུམ་ཚོགས་པ། ཀུན་ནས་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་བླ་ན་མེད་པ། འཇིག་རྟེན་གྱི་

ཡོན་གནས་ཡིན་ནོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་ལྟར་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་པ་ན་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཤོ་གམ་གཞལ་ཏེ་འགྲོ་བར་བྱའོ། །དེ་བཞིན་དུ་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་
སློང་དག་གིས་དཀོན་མཆོག་གསུམ་གྱི་ཕྱིར་ཤོ་གམ་གཞལ་དགོས་པའི་རྫས་བསྐུར་བར་བརྩམས་ཤིང་ཤོ་གམ་གྱི་གནས་སུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་གི་བསྔགས་པ་བརྗོད་པ་ན་མི་གཏོང་ནས། དགེ་སློང་དག་གཅིག་གི་སྐལ་བ་ལས་སྦྱིན་པར་བྱེད་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། གསུམ་ཅར་ལས་ཀྱང་སྤྱིར་སྦྱིན་པར་བྱའོ། །དགེ་སློང་དག་གསུམ་ཅར་ལས་སྤྱིར་སྦྱིན་པར་བྱེད་པ་ན་དོན་མཐུན་དང་ཡོངས་སུ་བྲལ་ནས་དེ་དག་སེང་གེ་དག་དང་། སྟག་དག་དང་། ཆོམ་རྐུན་པ་དག་གིས་བགྲོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། གཅིག་གི་ལས་བྱིན་ལ་ཕྱིས་སྐལ་བ་བསབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྨྲ་བ། རིགས་པ་དང་གྲོལ་བའི་
སྤོབས་པ་དང་ལྡན་པ་ཞིག་འདུག་པ་དེ་ལྗོངས་རྒྱུར་སོང་བ་ན་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་རྒྱལ་པོའི་ཁབ་ཏུ་དབྱར་གནས་ཏེ་ཟླ་བ་གསུམ་འདས་པ་དང་མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འཕགས་པ་ན་དོན་མཐུན་བཙལ་བ་དང་ཇི་ཙམ་ན་དེད་དཔོན་
ཞིག་གིས་རྒྱལ་པོའི་ཁབ་ནས་ཟོང་བླངས་ཏེ་མཉན་ཡོད་དུ་འཕགས་ནས། དེས་དེའི་དྲུང་དུ་སོང་སྟེ་བསོད་ནམས་བྱ་བའི་གཞི་གསུམ་པོ་དག་གི་བསྔགས་པ་བརྗོད་ཅིང་དེ་དག་ལ་བཀོད་ནས་ཅི་ནས་ཀྱང་དེའི་སེམས་མངོན་པར་དད་པར་འགྱུར་བ་དེ་ལྟ་དེ་ལྟར་རྣམ་པར་བཤད་པ་དང་། དེ་དད་པ་
སྐྱེས་པས་དགེ་སློང་དེ་ལ་ཟན་བྱིན་ཏེ་རས་ཡུག་ཆེན་རིན་ཆེ་བ་ཆེ་བར་འོས་པས་བཀབ་ནས་དེའི་འོག་ཏུ་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་གིས་ཅི་བགྱི་བ་བཀའ་སྩོལ་ཅིག །དགེ་སློང་དེས་སྨྲས་པ། བཞིན་བཟངས་བདག་མཉན་ཡོད་དུ་སྟོན་པའི་ཞབས་ལ་

ཕྱག་འཚལ་དུ་འགྲོ་འདོད་ཀྱིས་དེའི་ཕྱིར་བདག་ལ་བྱམས་པས་བསྐྱང་བ་གྱིས་ཤིག །ཁྱིམ་བདག་དེས་སྨྲས་པ། འཕགས་པ་བཀའ་བཞིན་འཚལ་མ་ནོངས་ཀྱིས་གཤེགས་སོ། །དགེ་སློང་དེ་དེད་དཔོན་དེ་དང་ལྷན་ཅིག་འཕགས་པ་དང་། དེད་དཔོན་དེས་སྨྲས་པ། འཕགས་པ་
ཁྱེད་ནི་བསོད་སྙོམས་བཞེད་པ་ལགས་ལ་བདག་ནི་བསོད་ནམས་འཚལ་བ་ལགས་ཀྱིས། རྒྱལ་པོའི་ཁབ་ནས་མཉན་ཡོད་ཀྱི་བར་ཇི་སྲིད་པར་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་པའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་ཐུགས་ལས་ཆུང་ངུར་མཛད་དུ་
གསོལ། དགེ་སློང་དེས་དང་དུ་བླངས་ནས་ཇི་ཙམ་ན་ཤོ་གམ་གྱི་གནས་ཀྱི་དྲུང་དུ་ཕྱིན་པ་དང་། དེད་དཔོན་གྱི་རྫས་ཤོ་གམ་བཅད་ནས་དེད་དཔོན་དེས་བདག་གི་རྫས་ཤོ་གམ་བཅད་ཅིང་། འཕགས་པའི་རས་ཡུག་ཆེན་ནི་ཤོ་གམ་མ་བཅད་པས་བདག་ཁོ་ནས་ཤོ་གམ་གཞལ་དགོས་པར་
འགྱུར་བའི་གནས་དེ་ལྟ་བུ་ཡོད་པས་བདག་ཉིད་ཀྱི་སྣོད་དུ་གཞུག་པར་བྱའོ་སྙམ་དུ་ཤེས་ནས། དེད་དཔོན་དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་རས་ཡུག་ཆེན་སླར་སྩོལ་ཅིག །དགེ་སློང་དེས་སྨྲས་པ། བཞིན་བཟངས་ཅི་ཟེར་ཁྱོད་འགྱོད་པ་སྐྱེས་པར་མ་གྱུར་ཏམ། དེད་
དཔོན་གྱིས་སྨྲས་པ། འཕགས་པ་བདག་ལ་འགྱོད་པ་མ་མཆིས་ཏེ། འདི་ལྟར་བདག་གི་རྫས་ནི་ཤོ་གམ་བཀུམ་ལ། ཁྱོད་ཀྱི་རས་ཡུག་ཆེན་འདི་ནི་ཤོ་གམ་མ་བཀུམ་པས་གལ་ཏེ་ཤོ་གམ་པ་དག་རས་ཡུག་ཆེན་གྱི་ཤོ་གམ་འཚལ་ན་དོན་གྱིས་བདག་ཁོ་ནས་གཞལ་བར་བགྱི་བ་ལགས་
པས་ཤོ་གམ་གྱི་གནས་ནས་བཟླས་ཏེ་དབུལ་བར་བགྱིའོ། །དགེ་སློང་དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ཤོ་གམ་གྱི་གནས་ནས་བཟླ་བར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པས་བདག་ལྟུང་བ་དང་བཅས་པར་
གྱུར་ན་མི་རུང་བས་མི་སྦྱིན་ནོ། །དེད་དཔོན་དེས་འཕགས་པ་དག་ནི་མི་མཐུན་པར་བྱེད་པ་ཡིན་པས་འདི་ལ་བདག་གིས་དུས་ཤེས་པར་འགྱུར་རོ་སྙམ་དུ་ཤེས་ནས་དེད་དཔོན་དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་དེང་བདག་བྲེལ་བས་ཁྱོད་ཀྱི་བསོད་སྙོམས་འགའ་ཡང་བསྒྲུབ་པར་རྔོ་མི་

ཐོག་གིས་བཞུད་ལ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མཛོད་ཅིག །དགེ་སློང་དེ་བསོད་སྙོམས་ལ་ཞུགས་པ་དང་། ཇི་སྲིད་དུ་དེ་ཞུགས་པ་དེའི་བར་དུ་དེད་དཔོན་དེས་རས་ཡུག་ཆེན་དེ་བདག་ཉིད་ཀྱི་སྣོད་དུ་བཅུག་གོ། །ཇི་ཙམ་ན་དགེ་སློང་དེ་ལ་ཤོ་གམ་པས་དྲིས་པ། འཕགས་
པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་རས་ཡུག་ཆེན་གཅིག་ཡོད་དོ། །ཤོ་གམ་པས་སྨྲས་པ། འཕགས་པ་བལྟས་གཞག་ཏུ་གསོལ། དགེ་སློང་དེས་གཏུར་བུར་བརྟགས་པ་དང་། རས་ཡུག་ཆེན་མི་
སྣང་ནས་དེ་བཞིན་བསྒྱུར་ཞིང་ལག་པ་གཉིས་འདྲིལ་བར་བྱེད་དོ། །ཤོ་གམ་པས་སྨྲས་པ། འཕགས་པ་ཅིའི་སླད་དུ་འདི་ལྟར་མཛད། དགེ་སློང་དེས་སྨྲས་པ། བཞིན་བཟངས་ཁོ་བོའི་རས་ཡུག་ཆེན་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་སོ། །ཤོ་གམ་པ་དེས་སྨྲས་པ། འཕགས་
པ་དེ་ནི་ཁྱོད་ཀྱི་མ་བརྐུས་ཀྱི་འདི་ལྟར་བདག་གི་བརྐུས་པ་ལགས་ཏེ། དེས་ན་བདག་གིས་ཤོ་གམ་མ་ཐོབ་བོ། །གང་གི་ཚེ་དགེ་སློང་དེ་ཤོ་གམ་གྱི་གནས་ནས་འདས་པ་དེའི་ཚེ་དེད་དཔོན་དེས་སྨྲས་པ། འཕགས་པ་ཅིའི་སླད་དུ་སེམས་ཁོང་དུ་ཆུད། བཞིན་བཟངས་ཁྱོད་ལ་ཡོངས་སུ་
བཏང་བ་ལས་བྱུང་བའི་བསོད་ནམས་སྐྱེས་མོད་ཀྱི་ཡོངས་སུ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ནི་མ་སྐྱེས་སོ། །འཕགས་པ་ཅིའི་སླད་དུ་ཁོ་བོའི་རས་ཡུག་ཆེན་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་སོ། །དེད་དཔོན་དེས་སྨྲས་པ། འཕགས་པ་དེ་ནི་མ་བྱིན་པར་ལེན་པ་
དག་གིས་མ་བརྐུས་ཏེ། འདི་ལྟར་བདག་གིས་ཤོ་གམ་གྱིས་འཇིགས་པས་རང་གི་སྣོད་དུ་སྩལ་ཏེ་འཚལ་ཏེ་མཆིས་ན་ཇི་ལྟར་བགྱི་དབུལ་ལམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་བདག་ལ་མ་བྱིན་པར་ལེན་པ་དག་གིས་བརྐུས་པ་ནི་ལེགས་ཀྱི་བདག་ལྟུང་བ་དང་བཅས་པར་གྱུར་པ་
ནི་མ་ལེགས་སོ། །འཕགས་པ་འདི་ལ་ཁྱོད་ཀྱི་ལུས་ཀྱི་ལས་ཀྱང་མ་མཆིས། ངག་གི་ལས་ཀྱང་མ་མཆིས་ན་ཅིའི་སླད་དུ་ཁྱོད་ལྟུང་བ་དང་བཅས་པར་འགྱུར། དགེ་སློང་དེ་འགྱོད་པ་སྐྱེས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་

ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དགེ་སློང་དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་
ལ་ལྟུང་བ་མེད་མོད་ཀྱི་འོན་ཀྱང་ངས་དགེ་སློང་ལམ་དུ་ཞུགས་པའི་ཀུན་ཏུ་སྤྱད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ལམ་དུ་ཞུགས་པ་གྲོང་དུ་བསོད་སྙོམས་ལ་འཇུག་པས་སྣོད་ལ་མཚན་མ་བཏབ་སྟེ་འགྲོ་བར་བྱ་ཞིང་ཕྱིར་འོངས་ནས་ཀྱང་སོ་སོར་བརྟག་པར་བྱའོ། །དགེ་སློང་
ལམ་དུ་ཞུགས་པས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་
སློང་རྒན་པོ་ཞིག་དང་གཞོན་ནུ་ཞིག་གཉིས་ལྗོངས་རྒྱུར་འཕགས་སོ། །དེ་ན་རྒན་པོ་ནི་ཤེས་པ་དང་ལྡན་པ། རྫས་མང་བ། ཡོ་བྱད་མང་བ་ཡིན་ལ། གཞོན་ནུ་ནི་ཤེས་པ་ཆུང་བ་ཆོས་གོས་གསུམ་ལ་འཆེལ་བ་ཡིན་པས་རྒན་པོ་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་
ནས་ཅི་ཙམ་ན་མཐར་གྱིས་ཤོ་གམ་གྱི་གནས་ཀྱི་དྲུང་དུ་ཕྱིན་པ་དང་། རྒན་པོས་བདག་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་པས་གལ་ཏེ་ཤོ་གམ་པ་དག་འཕགས་པ་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ་ཞེས་འདྲི་ན། གལ་ཏེ་མེད་དོ་ཞེས་བརྗོད་ན་ནི་བརྫུན་དུ་སྨྲ་
བར་འགྱུར་ལ། གལ་ཏེ་ཡོད་དོ་ཞེས་བརྗོད་ན་ནི་ངེས་པར་ཤོ་གམ་གཞལ་དགོས་པར་འགྱུར་བས་དེའི་ཕྱིར་གང་གིས་ཤོ་གམ་ཡང་གཞལ་མི་དགོས་ལ་བརྫུན་དུ་སྨྲ་བར་ཡང་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་དུ་ཤེས་ནས་དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་འདི་ལ་སྦྱིན་
ཞིང་ཤོ་གམ་གྱི་གནས་ནས་འདས་ན་བླང་བར་བྱའོ་སྙམ་ནས། དེས་གཞོན་ནུ་དེ་ལ་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་ལྷུང་བཟེད་དང་ཆོས་གོས་ལོང་ཤིག །གཞོན་ནུ་དེས་གནས་བརྟན་དལ་བར་འགྱུར་བས་དེས་ན་བདག་ལ་སྦྱིན་གོར་མ་ཆག་སྙམ་དུ་ཤེས་ནས་དེས་

བླངས་ཤིང་དེས་དེ་ཁྱེར་ཏེ་མདུན་དུ་འཕགས་པ་དང་། ཤོ་གམ་པས་མཐོང་ནས་དེས་སྨྲས་པ། འཕགས་པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་མེད་དོ། །ཤོ་གམ་པ་དེས་དགེ་སློང་དེ་ཡལ་
བར་བོར་ནས་ཤོ་གམ་གྱི་གནས་ནས་འདས་པ་དང་། རྒན་པོ་ཡང་སྟོང་བར་འབྲང་ཞིང་འོང་ནས་ཤོ་གམ་པ་དེས་རྒན་པོ་དེ་ལ་ནི་མ་དྲིས་སོ། །རྒན་པོ་དེ་གང་གི་ཚེ་ཤོ་གམ་གྱི་གནས་ནས་འདས་པ་དེའི་ཚེ་སྨྲས་པ། ཚེ་དང་ལྡན་པ་རྫས་ཁྱེར་ཤོག །གཞོན་ནུས་སྨྲས་པ། གནས་བརྟན་ཅི་
ལགས་མཉེལ་བ་སོས་ལགས་སམ། རྒན་པོས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོ་ངལ་བས་ཁྱོད་ལ་བྱིན་པ་ནི་མ་ཡིན་གྱི། འདི་ལྟར་ཁོ་བོ་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་པས་གལ་ཏེ་ཁོ་བོ་ལ་ཤོ་གམ་པ་འཕགས་པ་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ་
ཞེས་འདྲི་ན་གལ་ཏེ་མེད་དོ་ཞེས་བརྗོད་ན་ནི་བརྫུན་དུ་སྨྲ་བར་འགྱུར་ལ། གལ་ཏེ་ཡོད་དོ་ཞེས་བརྗོད་ན་ནི་ངེས་པར་ཤོ་གམ་གཞལ་དགོས་པར་འགྱུར་རོ་སྙམ་པའི་བློ་སྐྱེས་པས་དེའི་ཕྱིར་ཁོ་བོས་ལྷུང་བཟེད་དང་ཆོས་གོས་བྱིན་པ་ཡིན་པས་ད་ནི་ཤོ་གམ་གྱི་གནས་ལས་འདས་པས་དེས་ན་ཡང་ཕྱིར་
ལེན་ཏོ། །གཞོན་ནུས་སྨྲས་པ། དེ་ལྟ་ན་གནས་བརྟན་གྱིས་བདག་ཉིད་ཐར་བར་མཛད་ལ་ངན་བུ་ནི་ལྟུང་བ་དང་བཅས་པར་བགྱིས་སོ། །རྒན་པོས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་མི་ཤེས་པས་འདི་ལ་ཁྱོད་ཀྱི་ལྟུང་བ་ཅི་ཞིག་ཡོད། དགེ་སློང་གཞོན་ནུ་དེ་འགྱོད་པ་སྐྱེས་ནས་མཐར་
གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དགེ་སློང་དེས་སྨྲས་པ། འདིར་ག་ལ་བ་དེ་བར་བརྒྱུས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཅིའི་
ཕྱིར་དེ་སྐད་ཟེར། དགེ་སློང་དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་ཀྱི་ཡང་དགེ་སློང་ལམ་དུ་ཞུགས་པས། མ་དྲིས་

པར་རྫས་བླང་བར་མི་བྱ་བར་ལེན་པ་ཉིད་ན་འདི་ན་ཤོ་གམ་གཞལ་དགོས་པའི་རྫས་ཅུང་ཟད་མེད་དམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་མི་བྱའོ། །ཟླ་བར་བྱེད་ན་འགལ་
ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་མི་བྱའོ་ཞེས་བཀའ་སྩལ་པ་ན། དགེ་སློང་དྲུག་བཅུ་ལྗོངས་རྒྱུ་ཞིང་འདོང་བའི་ཚེ་རི་བྲགས་ཤིག་ཏུ་ཕྱིན་པ་དང་། རི་བྲགས་དེ་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་
སྤྱོད་ཆེ་བ་ཞིག་འདུག་ཅིང་དེ་ཡང་དད་པ་དང་ལྡན་པ་ཡིན་པས་དེས་དགེ་སློང་དེ་དག་མགྲོན་དུ་བོས་ཏེ་ཟས་བྱིན་ནས་རེ་རེ་ལ་གོས་ཕྲུགས་རེ་བསྐོན་པར་བྱས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་
མི་བྱའོ་ཞེས་དགག་པ་མཛད་པས་དེའི་ཕྱིར་བདག་ཅག་གིས་ཇི་ལྟར་བླང་བར་བྱ། ཁྱིམ་བདག་དེ་ཅང་མི་སྨྲ་བར་འདུག་པ་དང་། དགེ་སློང་རྣམས་ཀྱིས་ཡོན་བཤད་པ་བྱས་ཏེ་དོང་ནས་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་
ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། དེ་དག་གིས་སྨྲས་པ། བདེ་བར་བརྒྱུས་མོད་ཀྱི། འོན་ཀྱང་ཁྱིམ་བདག་ཅིག་གིས་བདག་ཅག་ལ་ཟན་བྱིན་ཏེ་གོས་ཕྲུགས་རེ་བསྐོན་པར་བྱས་ན། དེ་ལ་བདག་ཅག་གིས་ཁྱིམ་བདག་
བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་མི་བྱའོ། །ཞེས་དགག་པ་མཛད་པས་དེའི་ཕྱིར་བདག་ཅག་གིས་ཇི་ལྟར་བླང་བར་བྱ་ཞེས་མ་བླངས་སོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་རུང་བར་བྱས་ཏེ་ལམ་དུ་བཟླ་བར་བྱའོ། །དགེ་སློང་དག་ཚོན་རྩི་དང་། ཤིང་དང་། ཟངས་དང་། བུམ་པ་དག་ཚོལ་བ་ན་ལམ་གྱིས་དུབ་ཅིང་སྒྱིད་ལུག་པ་དང་དོན་མཐུན་དང་བྲལ་བར་གྱུར་ནས་དེ་དག་སེང་གེ་དག་དང་། སྟག་

དག་དང་། ཆོམ་རྐུན་པ་དག་གིས་བགྲོད་པར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ཆགས་སམ་རང་ཆགས་བྱས་ཏེ་འགྲོ་བར་བྱའོ། །ཉེས་དམིགས་དེ་ཉིད་དུ་གྱུར་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བ་ལང་གི་ལྕི་བ་བཙིར་བས་རུང་བར་བྱ་བའམ་བཀྲུ་བར་བྱའོ། །དེ་ལྟ་ན་ཡང་ཉེས་དམིགས་དེ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་ན་ཁ་ཚར་རམ་ཕུན་ཚར་ཡང་གཅད་པར་བྱའོ། །ངས་ཕོངས་པ་དག་ཏུ་རྗེས་སུ་གནང་
བ་གང་ཡིན་པ་དེ་གནས་སྐབས་ཐ་མལ་པ་དག་ཏུ་ལྷག་པར་སྤྱད་པར་མི་བྱའོ། །ལྷག་པར་སྤྱོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་
སློང་ཞིག་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་ཁས་བླངས་ནས་དེ་དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་མ་རྙེད་པ་ཁོ་ནར་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འཕགས་པ་དང་དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཆོས་གོས་ཀྱི་རྙེད་པ་མ་
ཐོབ་ཀྱི་བར་དུ་ཁྱོད་མ་རིངས་ཤིག །དེ་མངོན་པར་མི་དགའ་བས་མི་སྡོད་པ་དང་། དེ་ལ་དགེ་སློང་ཞིག་གིས་རས་ཡུག་ཆེན་བྱིན་ནས། དེས་གལ་ཏེ་འདི་རུང་བར་བྱེད་ན་ཚངས་པ་མཚུངས་པར་སྤྱོད་པ་དག་མི་མཐོང་བར་འགྱུར་བས་དགེ་སློང་བཤེས་པ་ཞིག་ལ་རུང་བར་བྱེད་དུ་
གཞུག་གོ་སྙམ་དུ་ཤེས་ནས། དེས་དགེ་སློང་བཤེས་པ་ལ་སྨྲས་པ། ཁོ་བོ་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ལྟ་བའི་བར་དུ། རས་ཡུག་ཆེན་འདི་རུང་བར་གྱིས་ལ་གཏུར་བུར་ཆུག་ཤིག །དེ་ལེ་ལོ་ཅན་ཞིག་ཡིན་པས་དེས་རུང་བར་མ་བྱས་པ། ཁོ་ནར་གཏུར་བུར་བཅུག་
གོ། །ཇི་ཙམ་ན་དགེ་སློང་དེས་གཏུར་བུ་ཐོགས་ཏེ་འཕགས་ནས། མཐར་གྱིས་ཤོ་གམ་གྱི་གནས་སུ་ཕྱིན་པ་དང་། ཤོ་གམ་པས་སྨྲས་པ། འཕགས་པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ། བཞིན་བཟངས་མེད་དོ། །བལྟས་གཞག་ཏུ་གསོལ།

དེས་བརྟག་པར་བརྩམས་པ་དང་། རས་ཡུག་ཆེན་མཐོང་ནས་དེས་སྨྲས་པ། འཕགས་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ཇི་ལྟར་རས་ཡུག་ཆེན་གྱི་སླད་དུ་བརྫུན་དུ་སྨྲ་བ་གསུང་། དགེ་སློང་དེས་སྨྲས་པ། བཞིན་བཟངས་ཁོ་བོས་མི་ཤེས་ཏེ། ཁོ་བོ་
འཕགས་པ་ན་རས་ཡུག་ཆེན་འདི་རྙེད་ནས་ཁོ་བོས་བཤེས་པ་ལ་ཁོ་བོ་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ལྟ་བའི་བར་དུ་རས་ཡུག་ཆེན་འདི་རུང་བར་གྱིས་ལ་གཏུར་བུར་ཆུག་ཤིག་ཅེས་སྨྲས་ན། དེ་ལེ་ལོ་ཅན་ཞིག་པས་དེས་འདི་རུང་བར་མ་བྱས་པ་ཁོ་ནར་གཏུར་བུར་བཅུག་གོ། །
ཤོ་གམ་པས་སྨྲས་པ། འཕགས་པ་དེ་ནི་ཁྱོད་ཀྱི་བཤེས་པ་མ་ལགས་ཀྱི་འདི་ལྟར་དེ་ནི་བདག་གི་བཤེས་པ་ལགས་ཏེ་དེས་ན་བདག་ལ་ཤོ་གམ་བྱུང་གིས་སྩོལ་ལ་བཞུད་ཅིག །དགེ་སློང་དེ་འགྱོད་པ་སྐྱེས་ནས་དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་
པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཅིའི་ཕྱིར་དེ་སྐད་ཟེར། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་
དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་ཀྱི་ཡང་དགེ་སློང་གིས་མ་དྲིས་པར་བླང་བར་མི་བྱ་བར་ཅི་ཁྱོད་ཀྱིས་རུང་བར་བྱས་སམ། འོན་ཏེ་མ་བྱས་ཞེས་དྲི་བར་
བྱའོ། །མ་དྲིས་པར་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་
སྤྲེའུའི་ཞག་གིས་བསྐུས་ཏེ། འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུ་སྦལ་དང་འདྲ་བར་གར་ཡང་མི་འདོང་།

གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང་། སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱིས་ཡུ་བུ་ཅག་དག་ཀྱང་འདོང་ངོ་། །གང་དུ་འདོང་། གང་དུ་དོན་མཐུན་འགྲུབ་པར་རོ། །དེ་དག་གིས་དོན་མཐུན་བཙལ་བར་བརྩམས་
པ་དང་། དེ་དག་གིས་བྱང་ལམ་དུ་འགྲོ་བའི་དོན་མཐུན་མཐོང་ནས་དེའི་དྲུང་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་གང་དུ་འཕགས། འཕགས་པ་དག་བྱང་ལམ་དུའོ། །བཞིན་བཟངས་དག་ཁོ་བོ་ཅག་ཀྱང་ཁྱེད་དང་ལྷན་ཅིག་འདོང་ངོ་། །འཕགས་པ་དག་བྱང་ལམ་ནི་
མཐོན་དམན་ཅན། ཁྱི་ཟ་བ། བུད་མེད་ཀྱི་ཡུལ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ལགས་པས་ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ཡུལ་མཐོང་བར་འགྱུར་བས་འདོང་བར་བྱའོ། །འཕགས་པ་དག་གལ་ཏེ་དེ་ལྟ་ན་ཚུར་སྤྱོན་བཞུད་
དོ། །དྲུག་སྡེ་དག་དོན་མཐུན་དེ་དང་ལྷན་ཅིག་བྱང་ལམ་དུ་འཕགས་ནས་མཐར་གྱིས་བྱང་ལམ་དུ་ཕྱིན་པ་དང་། ཉི་མ་གང་ཁོ་ན་ལ་བྱང་ལམ་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ནས། དེ་དག་ནང་པར་སྔར་ལངས་ཏེ་ལམ་སྲང་དུ་འདོང་བ་དང་། ཚོང་པ་དེ་དག་གིས་
དྲུག་སྡེ་དག་མཐོང་ནས་དེ་དག་གི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་དག་བྱང་ལམ་ཅི་འདྲ། ཁྱེད་ཅག་མངོན་པར་མི་དགྱེས་པར་མ་གྱུར་ཏམ། བཞིན་བཟངས་དག་ཉི་མ་གང་ཁོ་ན་ལ་བྱང་ལམ་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ཏོ། །འཕགས་
པ་དག་བདག་ཅག་གིས་ཁྱེད་ལ་དང་པོ་ཁོ་ན་ནས་བྱང་ལམ་ནི་མཐོན་དམན་ཅན། ཁྱི་ཟ་བ། བུད་མེད་ཀྱི་ཡུལ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ལགས་པས་ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ་ཞེས་མ་བགྱིས་སམ། བཞིན་བཟངས་དག་ཅི་དེ་ལྟར་ན་འགྲོ་འམ་འདོང་ངོ་། །
འཕགས་པ་དག་བདག་ཅག་གིས་ཟོང་མ་བསྒྱུར་ཏེ། དེ་ལྟ་ལགས་མོད་ཀྱི་འོན་ཀྱང་བདག་ཅག་དང་། བཤེས་པའི་ཚོང་པ་གཞན་དག་མཆིས་པ་དེ་དག་གིས་ཟོང་བསྒྱུར་བས་དེ་དག་ལ་གཏད་པར་བགྱིས་དེ་དག་དང་ཐབས་ཅིག་བཞུད་ཅིག །དྲུག་སྡེ་དག་གིས་སྨྲས་པ། དེ་

མ་ནོངས་ཀྱིས་དེ་བཞིན་བགྱིའོ། །དྲུག་སྡེ་དག་དོན་མཐུན་དེ་དག་གིས་གཏད་པའི་དོན་མཐུན་དེ་དང་ལྷན་ཅིག་འཕགས་སོ། །དྲུག་སྡེ་དག་གིས་ཀུན་དུ་སྤྱོད་པ་ནི་རྡུལ་གྱིས་འཇིགས་པས་ཡང་ན་ནི་དོན་མཐུན་གྱི་མདུན་དུ་འགྲོའོ། །ཡང་ན་ནི་ཕྱི་ནས་འགྲོ་བས། དེ་དག་ཕྱི་ནས་འགྲོ་
བར་བརྩམས་པ་དང་། ཇི་ཙམ་ན་ཡུལ་དབུས་ནས་ཕྱིར་འོང་བའི་དོན་མཐུན་འོངས་ནས་ཚོང་པ་དེ་དག་གིས་དོན་མཐུན་ཕྱིར་འོང་བ་དེ་དག་ལ་འོངས་པ་ལེགས་སོ་ཞེས་བརྗོད་པས་སོ་སོར་ཡང་དག་པར་དགའ་བར་བྱས་ཏེ་སྨྲས་པ། ཁྱེད་ག་ལས་འོངས། ཡུལ་དབུས་ནས་སོ། །
ཤེས་ལྡན་དག་ཇི་ལྟ་ཡུལ་དབུས་སུ་ཁེ་སྤོགས་མང་པོ་གྲུབ་བམ། ཤོ་གམ་མམ། ལ་གཅན་ནམ། གྲུ་བཙས་ཀྱིས་ཡོངས་སུ་ཡི་ཆད་པ་མེད་དམ། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཡུལ་དབུས་སུ་ཁེ་སྤོགས་མང་པོ་གྲུབ་མོད་ཀྱི་འོན་ཀྱང་དེ་ན་གོས་དཀར་པོ་ཅན་ཆོམ་
རྐུན་པ་ལྟ་བུ་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་ཀྱི་ལྕེ་རྟེན་གྱིས་བདེན་པས་མི་མགུ་བ་དག་འཁོད་པས་རྫས་ཐམས་ཅད་འཕྲོག་པར་བྱེད་པས་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་ཀྱིས་ཡོངས་སུ་ཡི་ཆད་པ་ཡོད་དོ། །དེ་དག