Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 005_འདུལ་བ།_ཅ
Văn bản gốc(Tây Tạng)
Trang 11 / 19 (50.000 ký tự/trang)
དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་རང་བློས་དུས་མཁྱེན་ནས། །ཐུབ་པ་ཁྱུ་མཆོག་དགེ་སྦྱོང་སྐྱེ་དབང་པོ། །ཉན་པའི་སྐྱེ་བོ་སོམ་ཉི་ལྡན་རྣམས་ལ། ། ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་དགེ་བ་དག་གིས་བསལ་དུ་གསོལ། །ཚྭ་ཆུ་རི་རྒྱལ་ལྟ་བུར་བརྟན་པ་ཡིས། །སངས་རྒྱས་མགོན་རྣམས་གློ་བུར་འཛུམ་མི་སྟོན། །བརྟན་པ་ཅི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོའི་ ཚོགས་རྣམས་དེ་ནི་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་ རྐྱེན་མེད་པར་འཛུམ་པ་མི་མཛད་ཀྱིས། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ཆུ་ཀླུང་རྒྱུར་གཤེགས་བཞེད་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་། ཐབས་ཅིག་ཆུ་ཀླུང་རྒྱུར་འགྲོ་བར་སྤྲོ་བ་ དེས་ཆོས་གོས་དག་ལོང་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཆུ་ཀླུང་རྒྱུར་གཤེགས་བཞེད་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཆུ་ཀླུང་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཉིས་པ། དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་ བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུག་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་ བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་ པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་ བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་ པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ་གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་ པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ དུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་བསྐོར་ཏེ་ཆུ་ཀླུང་ཡིད་འོང་ལྡན་ག་ལ་བ་དེར་རྒྱུ་ཞིང་གཤེགས་སོ། །འཁོར་དེས་ཐག་རིང་པོ་ཁོ་ ན་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཐོང་ངོ་། །མཐོང་ནས་ཀྱང་གང་དག་མ་དད་པ་དེ་དག་ནི་དགེ་སྦྱོང་གཽ་ཏ་མ་ལྟད་མོ་དང་བྲལ་ལོ་ཞེས་གྲགས་ན། དེ་ལ་ཡང་ལྟད་མོ་སྐྱེས་ཏེ་ཆུ་སྲིན་ཉའི་རིགས་བལྟ་བའི་ཕྱིར་ཉེ་བར་འོངས་སོ་ཞེས་ ཟེར་རོ། །གང་དག་དད་པ་དང་ལྡན་པ་དེ་དག་ནི་མ་དད་པ་དེ་དག་ལ་ཤེས་ལྡན་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟད་མོ་དང་བྲལ་བ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཆུ་སྲིན་ཉའི་རིགས་ལས་བརྩམས་ཏེ། སྐྱེ་བོའི་ཚོགས་ཆེན་པོ་ལ་ངོ་མཚར་རྨད་དུ་བྱུང་ བའི་ཆོས་ཅུང་ཞིག་སྟོན་པར་བཞེད་གོར་མ་ཆག་གོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཀྱང་སྨྲས་སོ། །ཐུབ་པ་ལྟད་མོ་བྲལ་བའི་དགོངས་ལྡན་པ། །ལྟད་མོ་མེད་ལ་སྐྱེ་ངན་དོན་མེད་སྨྲ། །གཞན་ཕན་དེ་ལ་གཞོལ་བའི་རྒྱལ་བ་འདི། །ལུས་ཅན་ཕན་ཕྱིར་ངེས་པར་ འདིར་གཤེགས་སོ། །དེ་ནས་འཁོར་དེས་བཅོམ་ལྡན་འདས་མཐོང་ནས་འཕྲལ་ཁོ་ན་ལ་མངོན་པར་ལངས་ཏེ། འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པས་ཡབ་དང་། ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མའི་གནས་ལྟ་བུ་དག་ལ་མངོན་པར་བཞེངས་པ་མཛད་མཛད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་འཁོར་དེའི་དབུས་སུ་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་ འདས་ཀྱིས་ཉ་པ་ལྔ་བརྒྱ་པོ་དེ་དག་ལ་བཀའ་སྩལ་པ། བཞིན་བཟངས་དག་རེ་ཞིག་ཁྱེད་ཅག་ནི་ཉེས་པར་བྱས་པའི་ལས་བྱེད་པ་ཡིན་ཏེ། དེས་ན་ད་ལྟར་ཉ་པའི་སྐྱེ་གནས་དམན་པར་སྐྱེས་ཤིང་ཁྱེད་ཅག་ད་ལྟར་དྲག་ཤུལ་ཅན། ལག་པ་ཁྲག་གིས་གོས་པ། ཉམས་པ་རབ་ཏུ་ཉམས་པ་ལ་ཞེན་པ། གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་དེ། འདི་ནས་ཤི་འཕོས་ན་ཁྱེད་ཅག་གི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ཅི་ཞིག་བགྱི་བ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་དང་། རུས་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་པ་གསོད་དང་། ཉ་ཁྱི་བ་ལ་སོགས་པ་ཆུ་ནས་བཏོན་པ་འདི་དག་ཐོང་ཤིག །བཅོམ་ལྡན་འདས་ ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་གཏང་བར་བགྱིའོ་ཞེས་དེ་དག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དུས་ཀྱི་མཇུག་ཐོགས་སུ་དེ་དག་བཏང་ངོ་། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་ཅི་ནས་ཀྱང་ཆུ་སྲིན་ཉའི་རིགས་མ་གཏོགས་པ་ཉ་དང་། རུས་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་པ་གསོད་དང་། ཉ་ཁྱི་བ་ལ་སོགས་པའི་སྲོག་ཆགས་འདི་དག་ཆུ་ཇི་ལྟ་བ་ཁོ་ན་བཞིན་དུ་ཆུ་ཀླུང་ཡིད་འོང་ལྡན་དུ་འཇུག་པར་འགྱུར་བ་དང་། ཆུ་སྲིན་ཉའི་རིགས་ཀྱང་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ཞིང་མིའི་སྐད་རྗོད་པར་ འགྱུར་ལ། ང་དང་ཐབས་ཅིག་སྨྲ་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་ཆུ་སྲིན་ཉའི་རིགས་མ་གཏོགས་པ་ཉ་དང་། རུས་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་ པ་གསོད་དང་། ཉ་ཁྱི་བ་ལ་སོགས་པའི་སྲོག་ཆགས་དེ་དག་ཆུ་ཇི་ལྟ་བ་ཁོ་ན་བཞིན་དུ་ཆུ་ཀླུང་ཡིད་འོང་ལྡན་དུ་འཇུག་པར་འགྱུར་བ་དང་། ཆུ་སྲིན་ཉའི་རིགས་ཀྱང་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ཞིང་མིའི་སྐད་རྗོད་པར་འགྱུར་ལ། བཅོམ་ལྡན་འདས་ དང་ཐབས་ཅིག་སྨྲ་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་སྲིན་ཉའི་རིགས་ལ་བཀའ་སྩལ་པ། བུ་ཁྱོད་སེར་སྐྱ་ཡིན་ནམ། བཅོམ་ལྡན་འདས་བདག་སེར་སྐྱ་ལགས་སོ། །བུ་ཁྱོད་ སེར་སྐྱ་ཡིན་ནམ། བདེ་བར་གཤེགས་པ་བདག་སེར་སྐྱ་ལགས་སོ། །བུ་ཁྱོད་ལ་ལུས་ཀྱིས་ཉེས་པར་སྤྱད་པ་ཡོད་དམ། བཅོམ་ལྡན་འདས་མཆིས་སོ། །བུ་ཁྱོད་ལ་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་ཡོད་དམ། བདེ་བར་གཤེགས་པ་མཆིས་ སོ། །བུ་ཁྱོད་ཀྱིས་ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་ངམ། བཅོམ་ལྡན་འདས་ཉམས་སུ་མྱོང་ངོ་། །བུ་ཁྱོད་ཀྱིས་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་ངམ། བདེ་བར་གཤེགས་ པ་ཉམས་སུ་མྱོང་ངོ་། །འོ་ན་ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། བདག་གི་མ་ལགས་སོ། །དེ་གང་དུ་སྐྱེས་སེམས་ཅན་དམྱལ་བ་རྣམས་སུའོ། །ཁྱོད་གང་དུ་སྐྱེས་དུད་འགྲོར་རོ། །ཇི་སྙམ་དུ་སེམས། ཁྱོད་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་ འགྱུར། བཅོམ་ལྡན་འདས་སེམས་ཅན་དམྱལ་བ་རྣམས་སུའོ། །བདེ་བར་གཤེགས་པ་སེམས་ཅན་དམྱལ་བ་རྣམས་སུའོ་ཞེས་གསོལ་ནས་ངུ་བ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། ཁྱོད་ནི་དུད་འགྲོའི་སྐྱེ་ གནས་སྐྱེས། །མི་ཁོམ་ཞུགས་པར་གྱུར་པ་ལ། །ད་ལྟ་ངས་ཀྱང་ཅི་བྱར་མེད། །དོན་མེད་ངུས་པས་ཅི་ལ་ཕན། །ཐུགས་རྗེ་ལྡན་རྒྱལ་ང་ལ་ནི། །ལེགས་པར་སེམས་ནི་དད་གྱིས་དང་། །དུད་འགྲོའི་སྐྱེ་འདིར་ཆགས་བྲལ་ཞིང་། །དེ་ནས་མཐོ་རིས་འགྲོ་བར་ འགྱུར། །དེས་བཅོམ་ལྡན་འདས་ལ་སེམས་དད་པར་བྱས་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཞིན་བཟངས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་ཚིག་གསུམ་གྱིས་ཆོས་ བསྟན་ཏོ། །དེ་ནས་འཁོར་དེ་མཆོག་ཏུ་ངོ་མཚར་སྐྱེས་ནས་ཤེས་ལྡན་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས་སྔོན་གྱི་སྐྱེ་བ་དྲན་པར་བྱས་ཤིང་མིའི་སྐད་ཀྱང་རྗོད་པར་བྱེད་ལ། བཅོམ་ལྡན་འདས་དང་ཐབས་ཅིག་སྨྲ་བར་བྱེད་པ་འདི་སུ་ཞིག་ཡིན། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་བསྟེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ཡིན་པས་བདག་ཅག་གིས་བཅོམ་ལྡན་འདས་ལ་དོན་དེ་ཞུ་བར་མི་ནུས་ཀྱིས་བདག་ཅག་འཕགས་པ་ཀུན་དགའ་བོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་འཕགས་པ་ཀུན་དགའ་བོ་ལ་དོན་དེ་ཞུ་བར་བྱ་ཞིང་འཕགས་པ་ ཀུན་དགའ་བོས་བདག་ཅག་ལ་ཇི་སྐད་ལུང་སྟོན་པར་འགྱུར་བ་དེ་དེ་ཁོ་ན་བཞིན་དུ་གཟུང་བར་བྱའོ་ཞེས་ཟེར་རོ། །དེ་ནས་འཁོར་དེ་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། ། འཕགས་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། སྔོན་གྱི་སྐྱེ་བ་དྲན་པར་བགྱིས་ཤིང་མིའི་སྐད་ཀྱང་རྗོད་པར་བགྱིད་ལ། བཅོམ་ལྡན་འདས་དང་ཐབས་ཅིག་སྨྲ་བར་བགྱིད་པ་འདི་སུ་ཞིག་ལགས། ཀུན་དགའ་བོས་སྨྲས་པ། ཤེས་ལྡན་དག་བཅོམ་ ལྡན་འདས་ཉིད་ལ་དོན་དེ་ཞུས་ཤིག །འཕགས་པ་ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྟེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ལགས་པས་བདག་ཅག་གིས་བཅོམ་ལྡན་འདས་ལ་དོན་དེ་ཞུ་བར་རྔོ་མི་ཐོག་གོ། །ཤེས་ལྡན་དག་ཁོ་བོ་ལ་ཡང་ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྟེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ཡིན་པས་ཁོ་བོས་ཀྱང་བཅོམ་ལྡན་འདས་ལ་དོན་དེ་ཞུ་བར་མི་ནུས་མོད་ཀྱི། འོན་ཀྱང་ཁྱེད་ཀྱི་དོན་དུ་ཞུ་བར་བྱའོ་ཞེས་སྨྲས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས་སྔོན་གྱི་སྐྱེ་བ་དྲན་པར་བགྱིས་ ཤིང་མིའི་སྐད་ཀྱང་རྗོད་པར་བགྱིད་ལ། བཅོམ་ལྡན་འདས་དང་ཐབས་ཅིག་སྨྲ་བར་བགྱིད་པ་འདི་སུ་ཞིག་ལགས། ཀུན་དགའ་བོ་འདི་ནི་ཆུ་སྲིན་ཉའི་རིགས་ཡིན་ནོ། །ཀུན་དགའ་བོ་ཁྱོད་ཆུ་སྲིན་ཉའི་རིགས་ཀྱི་སྔོན་གྱི་ལས་ཀྱི་རྒྱུ་བ་ལས་བརྩམས་ཏེ་ཆོས་དང་ལྡན་པའི་གཏམ་ཉན་ པར་འདོད་དམ། བཅོམ་ལྡན་འདས་ཀྱིས་ཆུ་སྲིན་ཉའི་རིགས་ཀྱི་སྔོན་གྱི་ལས་ཀྱི་རྒྱུ་བ་ལས་བརྩམས་ཏེ་དགེ་སློང་རྣམས་དང་སྐྱེ་བོའི་ཚོགས་ལ་ཆོས་དང་ལྡན་པའི་བཀའ་མཆིད་བཀའ་སྩལ་པར་གྱུར་ན། བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་རྣམས་དང་སྐྱེ་བོའི་ཚོགས་དག་ འཛིན་པར་འགྱུར་བས་བཅོམ་ལྡན་འདས་དེ་ནི་དུས་ལགས་སོ། །བདེ་བར་གཤེགས་པ་དེ་ནི་དུས་ལགས་སོ། །ཀུན་དགའ་བོ་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །ཀུན་དགའ་བོ་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་ པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིས་བསྐོར་ཅིང་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། ཕྱི་དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེ་ནས་ཤེད་བུ་གསང་ཚིག་འདོད་པ་གསང་ཚིག་ཚོལ་བ་ཞིག་ཡུལ་དབུས་ནས་ལྷོ་ལམ་དུ་སོང་ངོ་། །དེ་ན་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། ཡུལ་ཐ་དད་པ་ན་གནས་ པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་འདུག་ནས། ཤེད་བུ་དེ་བྲམ་ཟེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་ཞི་བ་དང་སྤྱོད་ལམ་ཞི་བས་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །དེ་ནས་བྲམ་ཟེ་དེས་ཤེད་བུ་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་ནས་སྨྲས་པ། ཀྱེ་ཤེད་བུ་ཁྱོད་ག་ལས་འོངས། ཅི་ཞིག་འདོད། ཤེད་བུས་སྨྲས་པ། བདག་ཡུལ་དབུས་ནས་མཆིས་ཏེ་མཁན་པོའི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། །ཅི་ཞིག་གི་ཕྱིར། རིག་བྱེད་བཀླག་པའི་སླད་དུའོ། །ཤེད་བུ་ལེགས་ཀྱིས་དེ་བཞིན་གྱིས་ཤིག །དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། ། ཤེད་བུ་དེས་བྲམ་ཟེ་དེའི་དྲུང་དུ་རིག་བྱེད་བཀླག་པར་བྱ་བར་བརྩམས་སོ། །ཤེད་བུ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་ཡིན་ཏེ། གང་གི་ཚེ་མི་ཀློག་པར་གྱུར་པ་དེའི་ཚེ་ན་ལན་འགའ་ནི་ཆུ་ངོགས་སུ་ཉེ་རེག་བྱེད་དུ་འདོང་ངོ་། །ལན་འགའ་ནི་གྲོང་ཁྱེར་ལྟར་འདོང་ངོ་། །ལན་འགའ་ ནི་ཡམ་སྲེག་ཤིང་ཐུར་འདོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དེ་དག་མི་ཀློག་པར་གྱུར་ནས་དེའི་ཚེ་དེ་དག་ཡམ་སྲེག་ཤིང་ཐུར་དོང་བ་དང་། དེ་དག་ལ་ལམ་གྱི་བར་དུ་བར་སྐབས་ཀྱི་གཏམ་རྗོད་པ་འདི་ལྟ་བུ་འདི་བྱུང་སྟེ། ཀྱེ་ཀུད་སའི་རིགས་དག །བད་སའི་རིགས་དག །ཤན་དི་ལའི་རིགས་ དག །བར་དྭ་ཛའི་རིགས་དག །ལྔ་པའི་རིགས་དག །ཉེ་ལྔའི་རིགས་དག་ཇེ་ཁྱེད་ཅག་ལས་གང་ནི་ཡུལ་ག་ལས་འོངས་པ་དྲི་བར་བྱའོ། །དེ་ན་ཤེད་བུ་གཅིག་གིས་སྨྲས་པ། ཁོ་བོ་ནི་ཡུལ་ཤར་ནས་སོ། །གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ལྷོ་ལམ་ནས་སོ། །ཡང་གཞན་ཞིག་གིས་ སྨྲས་པ། ཁོ་བོ་ནི་ནུབ་ཀྱི་ས་ནས་སོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་བྱང་ལམ་ནས་སོ། །ཤེད་བུ་དེས་སྨྲས་པ། ཁོ་བོ་ནི་ཡུལ་དབུས་ནས་སོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་ཡུལ་ཐམས་ཅད་མཐོང་ཞིང་ཐོས་ན་ཡུལ་དབུས་ནི་མ་མཐོང་མ་ཐོས་སོ། །ཤར་ ན་བློ་ཅན་གནས་པ་སྟེ། །ལྷོ་ལམ་ན་ནི་ཡོན་བྱེད་འདུག །ནུབ་ཀྱི་ཡུལ་ན་ཕྲ་མ་ཅན། །བྱང་ལམ་ན་ནི་ཚིག་རྩུབ་བོ། །ཞེས་ཚིགས་སུ་བཅད་པ་ཡང་སྨྲས་སོ། །དེ་ནས་དྲིས་པ། ཤེད་བུ་ཡུལ་དབུས་ཅི་འདྲ། ཤེས་ལྡན་དག་ཡུལ་དབུས་ནི་ཡུལ་རྣམས་ཀྱི་མཆོག་ཡིན་ཏེ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་བ་ལང་ དང་། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་བ་བརྒྱས་ཁྱབ་པ། དབུས་པའི་སྐྱེ་བོས་གང་བ་མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པ། དེ་ན་ཆུ་ཀླུང་གང་གཱ་ཁ་རྗེ་དང་། བསོད་ནམས་དང་། བཀྲ་ཤིས་དང་། གཙང་བ་དང་། གཙང་བ་ཉིད་ཀྱི་གནས་སུ་གྲགས་པ། འགྲམ་ གཉིས་ནས་རླན་འཕྱོ་བ། དྲང་སྲོང་རྣམས་ཀྱི་བསྟི་གནས་ཞེས་བྱ་བ་ཆུ་དགུར་བཅྭ་བརྒྱད་འབབ་པ་ཡོད་དེ། དེར་དྲང་སྲོང་རྣམས་ཀྱིས་དཀའ་ཐུབ་སྤྱད་ན་རང་གི་ལུས་ཉིད་ཀྱིས་མཐོ་རིས་སུ་འདོང་བ་ཡིན་ནོ། །ཀྱེ་ཤེད་བུ་དེ་ནི་མཇལ་གྱིས་གཞན་འདི་དྲིའོ། །ཡུལ་དབུས་ན་མཁས་པར་ བགྲང་བ་དག་ཡོད་དམ། ཤེས་ལྡན་དག་ཁོ་བོས་དང་པོ་ཉིད་ནས་ཤེས་ལྡན་དག་ཡུལ་དབུས་ནི་དབུས་པའི་སྐྱེ་བོས་གང་བ། འཐབ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པའོ་ཞེས་མ་སྨྲས་སམ། ཤེད་བུ་ཁྱོད་ཀྱིས་དེ་སྐད་སྨྲས་སོ། །ཤེད་བུ་ཡུལ་དབུས་ན་འདི་ལྟ་ སྟེ། དཔེར་ན་བདག་ཅག་གི་མཁན་པོ་དང་འདྲ་བ་སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དམ། ཤེས་ལྡན་དག་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་ལྟ་བར་ཡང་མི་ནུས་པ་སྙན་པར་སྨྲ་བ་སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དོ། །ཤེད་བུ་དེས་དེ་དག་ལ་དེ་ལྟ་དེ་ལྟར་ ཡུལ་དབུས་ཀྱི་བསྔགས་པ་བརྗོད་པ་དང་། འདི་ལྟར་དེ་དག་ཐམས་ཅད་ཡུལ་དབུས་སུ་འདོང་འདོད་པར་གྱུར་ཏོ། །དེ་ནས་ཤེད་བུ་དེ་དག་གིས་ཡམ་སྲེག་ཤིང་དག་བཙལ་ཏེ། ཡམ་སྲེག་ཤིང་གི་ཁུར་ཐོགས་ནས་བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཡམ་སྲེག་ཤིང་གི་ཁུར་མཐའ་གཅིག་ཏུ་ བཞག་སྟེ་བྲམ་ཟེ་དེ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །ཤེད་བུ་འདིས་ཅི་ནས་ཀྱང་བདག་ཅག་ཐམས་ཅད་ཡུལ་དབུས་སུ་མཆི་འཚལ་བར་གྱུར་པ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་དོ། །བྲམ་ཟེ་དེས་སྨྲས་པ། བུ་ དག་ཅི་ཇི་སྙེད་ཐོས་པ་དེ་སྙེད་བགྲོད་པར་བྱ་བ་ཡིན་ནམ། འདི་ལྟར་ཡུལ་དག་ནི་ཐོས་ན་དགའ་བར་འགྱུར་བ་ཡིན་པས་མཉན་པར་བྱའི་བགྲོད་པར་ནི་མི་བྱའོ། །མཁན་པོ་ཤེད་བུ་འདིའི་མཆིད་ནས་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་ལྟ་བར་ཡང་མི་ནུས་པ་སྙན་པར་སྨྲ་བ་སྨྲ་བའི་ ཁྱུ་མཆོག་དེ་ལྟ་བུ་དག་མཆིས་སོ་ཞེས་མཆིའོ། །བུ་དག་ཅི་ཁོ་བོ་ན་རེ་སའི་སྟེང་ན་ཁོ་བོ་གཅིག་པུ་ཁོ་ན་སྨྲ་བ་ཡིན་གྱིས་སྨྲ་བ་གཞན་འགའ་ཡང་མེད་དོ་ཞེས་ཟེར་རམ། ས་ནི་རིན་པོ་ཆེ་མང་པོ་འཛིན་པ་ཡིན་པས་ས་གཞི་ནི་མཛེས་པ་མཛེས་པ་དག་གིས་གང་བ་ཡིན་ནོ། །མཁན་པོ་རེ་ཞིག་ཡུལ་དེ་ཡང་ མཐོང་བར་འགྱུར་ཞིང་ཆུ་ངོགས་སུ་ཉེ་རེག་ཀྱང་བགྱི། སྨྲ་བའི་ཁྱུ་མཆོག་དེ་དག་ལ་ཡང་བསྙེན་བཀུར་བགྱི། རྒོལ་བ་དག་ཀྱང་ཚར་གཅད་པར་བགྱི། རང་གི་གྲགས་པ་ཡང་བསྒྲག་པར་བགྱི། རྙེད་པ་ཡང་བསྒྲུབ་པར་བགྱིས། བདག་ཅག་ཡུལ་དབུས་སུ་མཆིའོ། །བྲམ་ཟེ་དེ་སློབ་མ་ལ་རྗེས་ སུ་ཆགས་པ་དང་བཅས་པ་དང་འཁོར་ཉུང་བ་ཡིན་པས་དེས་ཤེད་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བུ་དག་གལ་ཏེ་དེ་ལྟ་ན་གཡང་གཞི་དག་དང་། ཤིང་ཤུན་དག་དང་། དབྱུག་གུ་དག་དང་། བླུགས་གཟར་དག་དང་། དགང་གཟར་དག་དང་། རིལ་བ་དག་ལོང་ཤིག་ དང་ཡུལ་དབུས་སུ་འདོང་ངོ་། །དེ་དག་གིས་དེ་དག་བླངས་ནས་བྲམ་ཟེ་དེ་ཤེད་བུ་དེ་དག་དང་ལྷན་ཅིག་ཡུལ་དབུས་སུ་འཕགས་པ་དང་། དེས་རྒོལ་བ་ཁ་ཅིག་ནི་ཚར་བཅད་དེ་རྒོལ་བའི་ཤིང་རྟ་ལ་སྦྱོར་བར་བྱེད། ཁ་ཅིག་ནི་མགོར་ཐལ་བའི་བུམ་པ་དག་གིས་བསྣུན། ཁ་ཅིག་ནི་ འཕོང་གི་དཔོང་སར་ཁྭ་བཞིན་དུ་ཐག་རིང་པོ་ནས་ཡོངས་སུ་སྤོང་བར་བྱེད། ཁ་ཅིག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསུ་བར་བྱེད། ཁ་ཅིག་ནི་སློབ་མ་ཉིད་དུ་ཁས་ལེན་པར་བྱེད་ཅིང་དེ་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། དབྱེ་ཚོངས་ དང་། ཚོང་རྡལ་དག་ཏུ་རྒོལ་བ་འདུལ་ཞིང་བཱ་རཱ་ཎ་སཱིར་ཕྱིན་ཏོ། །བྲམ་ཟེ་དེས་བསམས་པ། བདག་གིས་ཅིའི་ཕྱིར་རྩ་བ་སྤངས་ཏེ་ཡལ་ག་དང་། འདབ་མ་དང་། ལོ་མ་ལ་ཉུག་པར་བྱ། རྒོལ་བ་གང་དག་དང་མཁས་པར་བགྲང་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་དང་ཉེ་བ་ཡིན་ གྱིས་བདག་ཀྱང་རྒྱལ་པོའི་གན་དུ་འགྲོའོ་སྙམ་ནས། བྲམ་ཟེ་དེ་རྒྱལ་པོ་ཀྲྀ་ཀཱི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཀྲྀ་ཀཱི་ལ་རྒྱལ་བ་དང་ཚེ་སྤེལ་བར་བྱས་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་རྒྱལ་པོ་ཀྲྀ་ཀཱི་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ལ་བླ་མ་ལས་ཡི་གེ་ཉུང་ ཤས་ཤིག་བླངས་པ་མཆིས་ཏེ་དེའི་སླད་དུ་ལྷའི་སྤྱན་སྔར་རྒོལ་བ་དག་དང་ལྷན་ཅིག་བཀའ་མཆིད་དམ་པར་གཏན་ལ་དབབ་པར་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ངའི་ཡུལ་ན་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་འབེབས་པར་བྱེད་པའི་རྒོལ་བ་འགའ་ ཡོད་དམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རི་བྲགས་ཆེ་གེ་མོ་ཞིག་ན་བྲམ་ཟེ་སེར་སྐྱ་ཞི་བ་ཞེས་བགྱི་བ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་མཆིས་པ། ཞུགས་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བགྱིད་པ། གཞན་གྱི་སྨྲ་བ་ཚར་གཅོད་པར་རྔོ་ཐོག་པ་ཞིག་མཆིས་སོ། ། མཁན་པོ་དེ་བོས་ཤིག །ལྷ་བོད་པར་བགྱིའོ་ཞེས་དེ་དག་གིས་དེ་བོས་ནས། དེ་རྒྱལ་པོ་ཀྲྀ་ཀཱི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཀྲྀ་ཀཱི་ལ་རྒྱལ་བ་དང་། ཚེ་སྤེལ་བ་བྱས་ཏེ་མཐའ་གཅིག་ཏུ་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མཁན་པོ་དེ་འདི་ལགས་སོ། །རྒྱལ་ པོས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་དེ་སྨྲས་པ། མཁན་པོ་ཁྱོད་ཁོ་བོའི་མདུན་དུ་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་ནུས་སམ། སེར་སྐྱ་ཞི་བས་སྨྲས་པ། བདག་གིས་རྔོ་ཅི་ཐོག་པས་རྒྱལ་པོ་དགྱེས་པར་བགྱིའོ། ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོམས་ཤིག །ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་ཞོག་ཤིག །བློན་པོ་རྣམས་ཀྱིས་རྒོལ་བའི་དཀྱིལ་འཁོར་བཤམས་ཤིང་ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་བཞག་གོ། །དེ་ནས་ བློན་པོ་རྣམས་ཀྱིས་རྒྱལ་པོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཕྱོགས་སྔ་མ་གང་བགྱིད་དུ་སྩལ། རྒྱལ་པོས་སྨྲས་པ། བྲམ་ཟེ་འདི་འགྲོན་པོ་ཡིན་གྱིས་འདི་ཕྱོགས་སྔ་མ་བྱེད་དུ་ཆུག་ཤིག །བྲམ་ཟེ་དེ་ཕྱོགས་སྔ་མ་བྱེད་དུ་བཅུག་ནས་དེས་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། ། སེར་སྐྱ་ཞི་བས་ཕྱིར་བཟླས་སོ། །ཁྱོད་ཀྱི་འདི་ནི་རིགས་པ་མེད་པ་ཡིན་ནོ། །འདི་ནི་མི་མཐུན་པ་ཡིན་ནོ། །འདི་ནི་མི་འཐད་པ་ཡིན་ནོ་ཞེས་སྐྱོན་བཏགས་པ་དང་། བྲམ་ཟེ་དེ་ཅང་མི་སྨྲ་བར་འདུག་གོ། །ཚར་གཅད་པའི་གནས་རྣམས་ཀྱི་ནང་ན་འདི་ལྟ་སྟེ་ལན་ལ་སྤོབས་པ་མེད་པ་འདི་ ནི་ཐ་ཅད་ཡིན་ནོ། །དེ་ནས་རྒྱལ་པོ་མངོན་པར་དགའ་ནས་སྨྲས་པ། མཁན་པོ་ཁྱོད་གནས་གང་དུ་གནས། སེར་སྐྱ་ཞི་བས་སྨྲས་པ། ལྷ་རི་བྲགས་ཆེ་གེ་མོ་ཞིག་ཏུའོ། །ཁྱོད་སོང་ལ་རི་བྲགས་དེ་ཁྱོད་ཀྱི་རྒོལ་བའི་ལོངས་སྤྱོད་གྱིས་ཤིག །སེར་སྐྱ་ཞི་བ་རངས་པ་དང་། དགའ་ བ་དང་། མཆོག་ཏུ་དགའ་བར་གྱུར་ནས་སྐྱེ་བོ་མཁས་པ་དག་གིས་ཡོངས་སུ་བསྐོར་ཏེ་རི་བྲགས་དེར་སོང་ངོ་། །འཇིག་རྟེན་ནི་འབྱོར་པ་འདོད་པ་ཡིན་པས་སེར་སྐྱ་ཞི་བ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་ བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་བུ་རལ་པ་སེར་སྐྱ་ཅན་ཞིག་བཙས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། ཁྱེའུ་འདི་བྲམ་ཟེ་སེར་སྐྱ་ཞི་བའི་བུ་ཡིན་ལ་འདིའི་རལ་པ་ཡང་སེར་སྐྱར་འདུག་པས་ཁྱེའུ་འདིའི་མིང་སེར་སྐྱར་གདགས་སོ་ཞེས་དེའི་མིང་སེར་སྐྱར་བཏགས་སོ། །དེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་ སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ན་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། འབྱེད་པ་དང་། ཀློག་པའི་ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། ལག་ལྟང་དང་། ཐོར་ཚུགས་དང་། རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་ བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཛུད་པ་དང་། སྦྱིན་པ་དང་། ལེན་པ་ལ་མཁས་པའི་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ དུ་སོན་པ། མེ་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་ནུས་པར་གྱུར་ཏོ། །དེའི་ཚེ་ན་བྲམ་ཟེ་སེར་སྐྱ་ཞི་བས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་དག་བྲམ་ཟེའི་གསང་ཚིག་དག་འདོན་དུ་བཅུག་གོ། །ཇི་ཙམ་དུས་གཞན་ཞིག་ན། ཤེད་བུ་སེར་སྐྱ་ཀློག་པར་ བྱེད་པས་ཕ་ལ་སྨྲས་པ། ཡབ་རི་ཙ་ཞེས་བགྱི་བ་འདིའི་དོན་ཅི་ལགས། སེར་སྐྱ་ཞི་བས་སྨྲས་པ། བུ་ཡི་གེ་དག་ནི་ཡུན་རིང་པོ་ནས་བྲལ་བ་དག་སྟེ་བླ་མའི་ཚིག་ཤེས་པར་དཀའ་བ་དག་ཡིན་པས་དྲང་སྲོང་དེ་དག་གིས་དོན་དང་བྲལ་བའི་བསྟན་བཅོས་ཉེ་བར་སྦྱར་བ་འདི་ཅི་ཡིན་མི་ཤེས་སོ། ། སེར་སྐྱས་སྨྲས་པ། ཡབ་བདག་གིས་རི་ཙ་ཞེས་བགྱི་བ་འདིའི་དོན་དེ་འཚལ་ཏོ། །བྲམ་ཟེ་སེར་སྐྱ་ཞི་བས་བསམས་པ། འདི་ལྟར་ཕས་བུ་ལ་བདག་དང་མཉམ་པའམ་ཁྱད་པར་དུ་འཕགས་པ་དེ་ནི་འདོད་པར་བྱ་བ་ཡིན་པས་དེའི་ཕྱིར་འདི་བདག་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱིས་ བདག་གིས་འདི་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་གཏད་པར་བྱའོ་སྙམ་དུ་རིག་ནས་བྲམ་ཟེའི་ཁྱེའུ་སེར་སྐྱ་ལ་སྨྲས་པ། བུ་འདི་ལྟར་ཕས་བུ་ལ་བདག་དང་མཉམ་པའམ་ཁྱད་པར་དུ་འཕགས་པ་དེ་ནི་འདོད་པར་བྱ་བ་ཡིན་པས་དེའི་ཕྱིར་ཁྱོད་ཁོ་བོ་བས་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱིས། ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་བྲམ་ཟེའི་གསང་ཚིག་དག་འདོན་དུ་ཆུག་ཤིག །སེར་སྐྱས་སྨྲས་པ། བཀའ་བཞིན་འཚལ་འདོན་དུ་སྩལ་ཏོ་ཞེས་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག །བྲམ་ཟེའི་གསང་ཚིག་དག་འདོན་དུ་གཞུག་པར་བརྩམས་སོ། །བྲམ་ཟེ་སེར་སྐྱ་ཞི་བ་ཡང་ བྱ་བ་མེད་ཅིང་ཅི་དགར་འགྲོ་བ་དང་། སྤྱོད་པས་དགའ་མགུར་སྤྱོད་པར་བརྩམས་སོ། །དེ་དུས་གཞན་ཞིག་ན་དྲང་སྲོང་སྨྲ་བར་སོང་སྟེ་དེར་དགེ་སློང་ཞིག་གི་གན་དུ་སོང་ནས་སྨྲས་པ། སློབ་དཔོན་ཚིག་འདིའི་དོན་ཅི་ལགས། དགེ་སློང་དེས་སྨྲས་པ། ཚེ་དང་ལྡན་པ་དྲི་བ་དེ་ནི་དེ་སྐད་ དྲི་བར་མི་བྱ་སྟེ། དྲི་བ་དེ་དེ་སྐད་དྲིས་ན་ཡོངས་སུ་རྫོགས་པར་མི་འགྱུར་རོ། །འདི་ལྟར་དྲི་བ་དེ་ནི་འདི་སྐད་དྲི་བར་བྱ་སྟེ། དྲི་བ་དེ་འདི་སྐད་དྲིས་ན་ཚིག་འདིའི་དོན་ཡིན་ནོ་ཞེས་ཡོངས་སུ་རྫོགས་པར་འགྱུར་རོ། །བྲམ་ཟེ་སེར་སྐྱ་ཞི་བས་བསམས་པ། བདག་གིས་འདི་དག་ལ་དྲི་བ་ཡང་ འདྲི་བར་མི་ནུས་ན་བདག་གིས་འདི་དག་དང་ལྷན་ཅིག་ཅི་ལྟར་སྨྲ་བ་བྱ་བར་འགྱུར་སྙམ་ནས། དེ་དགེ་སློང་རྣམས་ལ་ཤིན་ཏུ་མངོན་པར་དད་པར་གྱུར་ནས་དུས་དང་དུས་སུ་དགེ་སློང་དག་མགྲོན་དུ་བོས་ཏེ་ཁྱིམ་གཞན་དུ་ཟས་སྦྱིན་པར་བྱེད་དོ། །དེ་དུས་གཞན་ཞིག་ན་ན་བར་གྱུར་ནས་དེས་ཤེད་བུ་ སེར་སྐྱ་ལ་སྨྲས་པ། བུ་ཇི་ཙམ་ན་ཉི་མ་འཆར་བ་དང་། ཇི་ཙམ་ན་ནུབ་པ་དེའི་བར་དུ་ཁྱོད་དང་འདྲ་བའི་སྨྲ་བ་གཞན་མེད་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཁོ་བོ་འདས་ནས་སྨྲ་བ་ཐམས་ཅད་དང་། ལྷན་ཅིག་འཇིགས་པ་མེད་པ་དང་། བག་ཚ་བ་མེད་པར་སྨྲ་བར་བྱའོ། །འོད་སྲུང་གི་དགེ་ སྦྱོང་རྣམས་ནི་མ་གཏོགས་ཏེ། དེ་དག་ནི་རྒྱུད་རྒྱ་ཆེན་པོ་དང་ལྡན་པ། རྒྱུད་ཟབ་མོ་དང་ལྡན་པ། རྒྱུད་བཟང་པོ་དང་ལྡན་པ། འཇིག་རྟེན་པ་ལ་ཕམ་པར་མི་ནུས་པ། འཇིག་རྟེན་ལས་འདས་པ་ལ་གཏིང་མེད་པ་ཡིན་ཏེ། དེ་དག་ནི་མང་བ་དང་། མཐུན་པ་དང་། ལོངས་སྤྱོད་ དག་དོན་དུ་མི་གཉེར་བ་ཡིན་ནོ། །སེར་སྐྱས་སྨྲས་པ། ཡབ་དེ་བཞིན་བགྱིའོ། །བྲམ་ཟེ་སེར་སྐྱ་ཞི་བ་ན་བ་ལས་མ་ལངས་ཏེ། དེ་རྩ་བ་དང་སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་བསྙེན་བཀུར་བྱས་ཀྱང་ཉམས་པ་ཉིད་དུ་གྱུར་ནས། ཇི་ཙམ་ན་བསགས་པ་ ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པོའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ཤེད་བུ་སེར་སྐྱ་དང་ནང་མིས་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་ གིས་ཁྱོགས་སྤྱིལ་བརྒྱན་ཏེ་དུར་ཁྲོད་དུ་བསྐྱལ་ནས་བསྲེགས་ཏེ་དེའི་འོག་ཏུ་མྱ་ངན་བསང་བ་བྱས་ནས་འཁོད་དོ། །ལྷོ་ཕྱོགས་ནས་ལྷགས་པའི་སྨྲ་བ་དེ་དག་གིས་བྲམ་ཟེ་སེར་སྐྱ་ཞི་བ་དུས་ལ་བབ་ཅེས་ཐོས་སོ། །ཐོས་ནས་ཀྱང་ཕན་ཚུན་སྨྲ་བར་བརྩམས་པ། ཤེས་ལྡན་དག་བྲམ་ཟེ་སྨྲ་བ་དེ་ དུས་ལ་བབ་ཀྱིས་ད་ནི་འདོང་བར་བྱའོ་ཞེས་དེ་དག་ཐམས་ཅད་འདུས་ཏེ་རྒྱལ་པོ་ཀྲྀ་ཀཱིའི་གན་དུ་དོང་ངོ་། །དེ་ནས་རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་སྨྲས་པ། ལྷ་བདག་ཅག་ལ་བླ་མ་ལས་ཡི་གེ་ཉུང་ཤས་ཤིག་བླངས་པ་མཆིས་ཏེ་བདག་ཅག་ལྷའི་སྤྱན་སྔར་བཀའ་མཆིད་རྣམ་པར་གཏན་ལ་ དབབ་པ་བགྱིད་པར་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་མཁན་པོ་དེ་བོས་ཤིག །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་བྲམ་ཟེ་སྨྲ་བ་དེ་དུས་ལ་བབ་བོ། །རྒྱལ་པོས་སྨྲས་པ། དེའི་ཕྱིར་འདི་དག་གཡུལ་དུ་ཕུག་རོན་བཞིན་དུ་འདུས་ཏེ་ངའི་དྲུང་དུ་ལྷགས་ཀྱིས། བྲམ་ ཟེ་དེའི་བུའམ་ཕུ་ནུ་བོ་འགའ་ཅི་ཡོད། ལྷ་དེའི་བུ་ཤེད་བུ་སེར་སྐྱ་ཞེས་བགྱི་བ་མཆིས་སོ། །མཁན་པོའི་བུ་དེ་བོས་ཤིག །དེ་དག་གིས་དེ་བོས་ནས་དེས་རྒྱལ་པོ་ལ། རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་མཐའ་གཅིག་ཏུ་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་དེའི་བུ་ཤེད་བུ་སེར་སྐྱ་ཞེས་བགྱི་ བ་འདི་ལགས་སོ། །རྒྱལ་པོས་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་ནས་སྨྲས་པ། མཁན་པོའི་བུ་བྲམ་ཟེ་སྨྲ་བར་འདོད་པ་ཡུལ་ཐ་དད་པ་ན་གནས་པ་འདི་དག་ངའི་དྲུང་དུ་ལྷགས་ན། ཁྱོད་འདི་དག་དང་ལྷན་ཅིག་སྨྲ་བ་བྱེད་པར་ནུས་སམ། རྔོ་ཅི་ཐོག་གིས་ལྷ་དགྱེས་པར་བགྱིའོ། །དེ་ ནས་རྒོལ་བའི་དཀྱིལ་འཁོར་བཤམས་ཤིང་ཕྱོགས་དང་གཞན་གྱི་ཕྱོགས་དག་རྣམ་པར་བཞག་སྟེ་དེ་དག་ཕྱོགས་སྔ་མ་བྱེད་དུ་བཅུག་པ་དང་། སྨྲ་བ་དེ་དག་བྲམ་ཟེ་སེར་སྐྱ་དང་ལྷན་ཅིག་གཞི་གང་དང་གང་ལ་སྨྲ་བ་དེ་དང་དེ་དག་ལ་བྲམ་ཟེ་སེར་སྐྱས་སྤོབས་པ་མེད་པར་བྱས་ནས་དེ་དག་ཅང་མི་སྨྲ་བར་འཁོད་དོ། ། ཚར་གཅད་པའི་གནས་རྣམས་ཀྱི་ནང་ན་འདི་ལྟ་སྟེ། ལན་ལ་སྤོབས་པ་མེད་པ་ཉིད་ནི་ཐ་ཅད་ཡིན་ནོ། །རྒྱལ་པོ་ངོ་མཚར་སྐྱེས་ཏེ། ཨེ་མ་ན་ཚོད་གཞོན་ལ་ཤེས་རབ་ཀྱི་སྤོབས་པ་འདི་དང་འདི་ལྟ་བུ་ཡོད་དོ་ཞེས་ངོ་མཚར་སྐྱེས་ནས་དེའི་འོག་ཏུ་མངོན་པར་དད་པས་གླང་པོ་ཆེའི་གཤུལ་དུ་བསྐྱོན་ཏེ་སྨྲ་ བའི་རྒྱལ་སྲིད་ལ་དབང་བསྐུར་ཏོ། །སེར་སྐྱ་དེའི་མ་སེམས་ཁོང་དུ་ཆུད་ཅིང་རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་དག་ལ་རྣམ་པར་རྟོག་པར་བྱེད་དེ། སེར་སྐྱ་དེས་ཧབ་ཤུར་གྱིས་རྒོལ་བའི་ལོངས་སྤྱོད་འཕྲོག་ཏུ་བཅུག་སྟེ། འོང་བར་མི་འགྱུར་རམ་སྙམ་དུ་དེ་དེ་ལྟར་སེམས་ཁོང་དུ་ཆུད་ ཅིང་རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་དག་ལ། རྣམ་པར་རྟོག་པར་བྱེད་ཅིང་འདུག་པ་ན་ཤེད་བུ་སེར་སྐྱ་སྨྲ་བའི་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་ཏེ། སྐྱེ་བོ་མཁས་པས་ཡོངས་སུ་བསྐོར་ནས་རང་གི་སྡུམ་པར་འོངས་སོ། །དེ་ནས་དེའི་མས་གུས་པར་བསྒྲིམ་པ་དང་བཅས་པས་སྨྲས་ པ། བུ་ཁྱོད་ཀྱིས་སྨྲ་བ་ཐམས་ཅད་ཚར་བཅད་དམ། སེར་སྐྱས་སྨྲས་པ། ཡུམ་ཚར་བཅད་དེ་འོད་སྲུང་གི་དགེ་སྦྱོང་རྣམས་ནི་མ་གཏོགས་སོ། །སེར་སྐྱའི་མ་དེ་བཞིན་སྒྱུར་བར་བྱེད། ལག་མཐིལ་གཉིས་འདྲིལ་བར་བྱེད་དོ། །ཤེད་བུ་སེར་སྐྱས་སྨྲས་པ། ཡུམ་ཁྱོད་ཅིའི་སླད་དུ་བཞིན་ སྒྱུར་བར་མཛད། ལག་མཐིལ་གཉིས་འདྲིལ་བར་མཛད། མས་སྨྲས་པ། བུ་ད་དུང་ཡང་ཁྱོད་འགྲན་ཟླ་དང་བཅས་པ་ཡིན་པས། འོད་སྲུང་གི་དགེ་སྦྱོང་དེ་དག་གིས་རྒོལ་བའི་ལོངས་སྤྱོད་དག་ཕྲོགས་པར་འགྱུར་བའི་གནས་དེ་ལྟ་བུ་ཡོད་ཀྱིས་སོང་ལ་དེ་དག་ཚར་ཆོད་ཅིག །སེར་སྐྱས་སྨྲས་པ། ཡུམ་བདག་ལ་ཕའི་མཆིད་ནས་བུ་ཇི་ཙམ་ན་ཉི་མ་འཆར་བ་དང་། ཇི་ཙམ་ན་ནུབ་པ་དེའི་བར་དུ་ཁྱོད་དང་འདྲ་བའི་སྨྲ་བ་གཞན་མེད་ཀྱིས་དེའི་ཕྱིར་ཁྱོད་ཀྱིས་ཁོ་བོ་འདས་ནས་སྨྲ་བ་ཐམས་ཅད་དང་ལྷན་ཅིག་འཇིགས་པ་མེད་པ་དང་། བག་ཚ་བ་མེད་པར་སྨྲ་བར་བྱའོ། །འོད་སྲུང་གི་ དགེ་སྦྱོང་རྣམས་ནི་མ་གཏོགས་ཏེ། དེ་དག་ནི་རྒྱུད་རྒྱ་ཆེན་པོ་དང་ལྡན་པ། རྒྱུད་ཟབ་མོ་དང་ལྡན་པ། རྒྱུད་བཟང་པོ་དང་ལྡན་པ། འཇིག་རྟེན་པ་ལ་ཕམ་པར་མི་ནུས་པ། འཇིག་རྟེན་ལས་འདས་པ་ལ་གཏིང་མེད་པ་ཡིན་ཏེ། དེ་དག་ནི་མང་བ་དང་། མཐུན་པ་དང་། ལོངས་སྤྱོད་དག་དོན་དུ་མི་ གཉེར་བ་ཡིན་ནོ་ཞེས་མཆིའོ། །མས་སྨྲས་པ། བུ་ཁྱོད་ཀྱི་ཕ་ནི་དགེ་སྦྱོང་གི་བྲན་དུ་གྱུར་པ་ཡིན་ན་ཅི་ཁྱོད་ཀྱང་དགེ་སྦྱོང་གི་བྲན་དུ་འགྱུར་རམ། སོང་ལ་དེ་དག་ཚར་ཆོད་ཅིག །སེར་སྐྱ་དེ་མ་ལ་གུས་པ་ཡིན་པས་དེས་མའི་ཚིག་མདུན་དུ་བྱས་ཏེ། དྲང་སྲོང་སྨྲ་བར་འཕགས་པ་དང་། དགེ་སློང་ ཞིག་ཀྱང་བཱ་རཱ་ཎ་སཱིར་འཕགས་ནས། སེར་སྐྱས་དགེ་སློང་དེ་ལམ་གྱི་བར་དུ་མཐོང་ནས་སྨྲས་པ། ཀྱེ་དགེ་སློང་ག་ལས་འོངས། དྲང་སྲོང་སྨྲ་བ་ནས་སོ། །དྲང་སྲོང་སྨྲ་བ་ན་དགེ་སློང་ཇི་སྙེད་ཡོད། དགེ་སློང་ཉི་ཁྲི་ལྷག་ཙམ་མོ། །རེ་ཞིག་དགེ་སློང་དག་ནི་མང་ན་བསྟན་བཅོས་ཀྱི་ཚད་ཇི་ཙམ། སྡེ་ སྣོད་གསུམ་མོ། །སྡེ་སྣོད་ཀྱི་ཚད་ཇི་ཙམ། སྟོང་ཕྲག་བརྒྱའོ། །ཁྱིམ་པས་གཟུང་དུ་རུང་ངམ། མདོ་སྡེ་དང་ཆོས་མངོན་པ་གཉིས་ནི་རུང་ངོ་། །འདུལ་བ་ནི་ཆོ་གའི་གཞུང་ཡིན་པས་མི་རུང་ངོ་། །སེར་སྐྱས་བསམས་པ། འདི་དག་གི་སྨྲ་བའི་བསྟན་བཅོས་གང་ཡིན་པ་དེ་ནི་ཁྱིམ་པ་ལ་མི་སྟོན་ ཏོ་སྙམ་དུ་རིག་ནས་སྨྲས་པ། ཀྱེ་དགེ་སློང་ཇེ་སངས་རྒྱས་ཀྱི་བཀའ་ལས་ཅུང་ཞིག་སྨྲོས་ཤིག །དགེ་སློང་དེས་བསམས་པ། བྲམ་ཟེ་འདི་ནི་སྨྲ་བ་ཡིན་པས་ཇི་འདི་འཇལ་བར་འདོད་པས་དྲི་བ་འདྲི་འམ། འོན་ཏེ་ཀུན་ཤེས་པར་འདོད་པས་དྲི་བ་འདྲི་བ་ཇེ་བལྟའོ་སྙམ་ནས། དེས་ཚིགས་སུ་བཅད་པ་ སྨྲས་པ། མཚོ་རྣམས་གང་དུ་ལྡོག་པར་འགྱུར། །ལམ་ནི་གང་དུ་ལྡོག་པར་འགྱུར། །གང་དུ་འཇིག་རྟེན་བདེ་སྡུག་བསྔལ། །མ་ལུས་པར་ནི་འགག་པར་འགྱུར། །ཞེས་བརྗོད་དེ་སྨྲས་པ། བྲམ་ཟེ་ཚིགས་སུ་བཅད་པ་འདིའི་དོན་ཅི་ཡིན་སྨྲོས་ཤིག་བྲམ་ཟེས་རིག་པའི་གནས་ཐམས་ཅད་ལ་རྣམ་ པར་དཔྱད་པར་བརྩམས་ན་མཚོ་ཡང་མ་ཤེས། ལམ་ཡང་མ་ཤེས། ལྡོག་པ་ཡང་མ་ཤེས་ནས་དེ་བདག་ལ་ལས་མཐོང་བར་མ་གྱུར་ཏམ་སྙམ་དུ་ཕྱོགས་བཞིར་རྣམ་པར་ལྟ་བར་བྱེད་ཅིང་བསམས་པ། གལ་ཏེ་འདི་ན་གཟུ་བོ་འགའ་ཞིག་ཡོད་པར་གྱུར་དུ་ཟིན་ན་བདག་དེང་ཉིད་དུ་ཚར་བཅད་པར་ འགྱུར་བས་རྣམ་པ་ཐམས་ཅད་དུ་སྤང་བ་བྱའོ་སྙམ་དུ་རིག་ནས་སྨྲས་པ། ཀྱེ་དགེ་སློང་ཚིགས་སུ་བཅད་པ་དེ་ནི་རྒྱུད་རྒྱ་ཆེན་པོ་དང་ལྡན་པ། དོན་ཟབ་མོ་ཉིད་དང་ལྡན་པ་ཡིན་ལ་ཁྱོད་ཀྱང་བཱ་རཱ་ཎ་སཱིར་འཕགས་པ་ཡིན། ཁོ་བོ་ཡང་དྲང་སྲོང་སྨྲ་བར་འཕགས་པ་ཡིན་པས་འདིའི་དོན་འཕྲལ་ཁོ་ནར་ སྨྲ་བར་མི་ནུས་ཀྱིས་སོང་ཤིག་དང་། ཕྱིས་ཀྱང་འདིའི་དོན་སྨྲ་བར་མི་དཀའོ་ཞེས་དྲང་སྲོང་སྨྲ་བར་སོང་བ་དང་། དགེ་སློང་ཀློག་པ་དང་། ཁ་ཏོན་དང་། ཡིད་ལ་བྱེད་པའི་སྦྱོར་བའི་རྗེས་སུ་བརྩོན་པ་དག་མཐོང་ངོ་། །མཐོང་མ་ཐག་ཏུ་དེ་སེམས་མངོན་པར་དད་པར་གྱུར་ནས། བསམས་པ། སུ་ཞིག་སྙིང་རྗེ་མེད་ཅིང་འཇིག་རྟེན་ཕ་རོལ་བཏང་སྟེ། འདི་དག་ལ་རབ་ཏུ་སྡང་བའི་སེམས་སྐྱེད་ཅིང་འདི་དག་དང་ལྷན་ཅིག་རྩོད་པ་སྐྱེད་པར་འགྱུར་སྙམ་དུ་རིག་ནས་རང་གི་ཁྱིམ་དུ་སོང་བ་དང་དེ་ལ་མས་སྨྲས་པ། བུ་ཁྱོད་ཀྱིས་འོད་སྲུང་གི་དགེ་སྦྱོང་དག་ཚར་བཅད་དམ། སེར་སྐྱས་སྨྲས་པ། ཡུམ་ཁྱོད་བདག་གི་རྒོལ་བའི་ལོངས་སྤྱོད་དག་གིས་མི་དགྱེས་སམ། འདི་ལྟར་ཁྱོད་ནི་རྒོལ་བའི་ལོངས་སྤྱོད་དག་འཕྲོག་ཏུ་སྩོལ་བར་བཞེད་པར་གདའོ། །བུ་ཇི་སྐད་ཟེར། ཡུམ་བདག་དེང་དྲང་སྲོང་སྨྲ་བར་འཕགས་པ་དང་། ཇི་ཙམ་ན་བདག་གིས་ཤུལ་གྱི་བར་དུ་དགེ་སློང་ཞིག་མཐོང་ནས་ བདག་གིས་དེ་ལ་ཀྱེ་དགེ་སློང་ཅི་སངས་རྒྱས་ཀྱི་བཀའ་ལས་ཅུང་ཞིག་སྨྲོས་ཤིག་ཅེས་བགྱིས་པ་དང་། དེས་ཚིགས་སུ་བཅད་པ། མཚོ་རྣམས་གང་དུ་ལྡོག་པར་འགྱུར། །ལམ་ནི་གང་དུ་ལྡོག་པར་འགྱུར། །གང་དུ་འཇིག་རྟེན་བདེ་སྡུག་བསྔལ། །མ་ལུས་པར་ནི་འགག་པར་འགྱུར། །ཞེས་ བརྗོད་ནས་བདག་གིས་རིག་པའི་གནས་ཐམས་ཅད་ལ་རྣམ་པར་དཔྱད་པར་བརྩམས་ན་མཚོ་ཡང་མ་འཚལ། ལམ་ཡང་མ་འཚལ། ལྡོག་པ་ཡང་མ་འཚལ་ནས། གལ་ཏེ་དེ་ན་གཟུ་བོ་འགའ་ཞིག་མཆིས་པར་གྱུར་དུ་ལགས་ན་བདག་དེང་ཉིད་དུ་ཚར་བཀུམ་པར་ཡང་འགྱུར་རོ། །བུ་གལ་ ཏེ་དེ་ལྟ་ན་སོང་ལ་སངས་རྒྱས་ཀྱི་བཀའ་ལྷོགས་ཤིག །ཡུམ་ཅི་ཞིག་བཀླག་པར་བགྱི་སྟེ། དེ་དག་གིས་སྨྲ་བའི་བསྟན་བཅོས་གང་ལགས་པ་དེ་ནི་ཁྱིམ་པ་ལ་མི་སྟོན་ཏོ། །བུ་སོང་ལ་རབ་ཏུ་བྱུང་སྟེ་ལྷོགས་ཤིག །ཡུམ་རིགས་མཆོག་ཏུ་གྱུར་ནས་རིགས་ཐ་དད་པ་རྣམས་ ཀྱི་ནང་དུ་ཇི་ལྟར་རབ་ཏུ་འབྱུང་བར་བགྱི། བུ་ཅི་ཁྱོད་ཀྱི་མགོ་ལ་སྨྱིག་མ་དང་རྩྭ་དག་སྐྱེ་བར་འགྱུར་རམ་ཡང་ཕྱིར་བོབས་ཤིག །དེ་མ་ལ་གུས་པས་ནན་གྱིས་མནན་པ་ན་རབ་ཏུ་འབྱུང་ངོ་ཞེས་དྲང་སྲོང་སྨྲ་བར་སོང་སྟེ་དགེ་སློང་གི་དྲུང་དུ་སོང་ནས་སྨྲས་པ། ཀྱེ་དགེ་སློང་བདག་རབ་ཏུ་འབྱུང་བར་ འཚལ་ལོ། །དགེ་སློང་གིས་བསམས་པ། བྲམ་ཟེ་སྨྲ་བ་འདི་རབ་ཏུ་ཕྱུང་ན་བསྟན་པ་ལ་གཅེས་པ་བསྟབས་པར་འགྱུར་རོ་སྙམ་དུ་རིག་ནས་སྨྲས་པ། བྲམ་ཟེ་ལེགས་ཀྱིས་དེ་ལྟར་བྱའོ། །ལོངས་སྤྱོད་དག་ནི་མི་རྟག་པ་ཡིན་པས། རབ་ཏུ་བྱུང་ཤིག །སེར་སྐྱས་སྨྲས་པ། ཀྱེ་དགེ་སློང་ བདག་ནི་རབ་ཏུ་ཤེས་པའི་བྲམ་ཟེ་ལགས་པས་བདག་གིས་འདིར་རབ་ཏུ་འབྱུང་བར་རྔོ་མི་ཐོག་གིས་ལྗོངས་སུ་བཞུད་དོ། །དགེ་སློང་དེས་བྲམ་ཟེ་དེ་ལྗོངས་སུ་ཁྲིད་ནས་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་ཏེ་བཀླག་པ་དང་། ཁ་ཏོན་དག་ལ་ངེས་པར་སྦྱར་ཏོ། །སེར་སྐྱ་དེས་བཀླག་པ་དང་ ཁ་ཏོན་བྱས་པ་ན་སྡེ་སྣོད་གསུམ་པོ་དག་བཀླགས་ཤིང་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །གང་གི་ཚེ་དེ་ཆོས་མཉན་པ་སྦྱིན་པར་འདོད་པ་དེའི་ཚེ་ན་སེང་གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཤོམ་པར་བྱེད། དུང་སྒྲིལ་མ་ འབུད་དུ་འཇུད་པར་བྱེད། རྔ་བོ་ཆེ་རྡུང་དུ་འཇུད་པར་བྱེད་ཅིང་རྒྱལ་པོ་དང་བཅས་པའི་འཁོར་སྡུད་པར་བྱེད། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་མངོན་པར་དད་པར་བྱེད་དོ། །ཆོས་སྒྲོག་པ་སེར་སྐྱས་བསམས་པ། བདག་གིས་ཐོས་པས་ཐོབ་པར་བྱ་བ་གང་ཡིན་པ་དེ་ཐོབ་ཀྱིས་བདག་བཱ་རཱ་ཎ་ སཱིར་སོང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱའོ་སྙམ་ནས། དེ་ལྗོངས་སུ་ཅི་དགར་འདུག་སྟེ་བཱ་རཱ་ཎ་སཱི་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན་མཐར་གྱིས་རྒྱུ་ཞིང་འགྲོ་བའི་ཚེ་བཱ་རཱ་ཎ་སཱིར་ཕྱིན་ཏོ། །དེ་ནས་དེའི་མས་ཐོས་ནས་མ་དེ་བུ་ཚོལ་ཞིང་དྲང་སྲོང་སྨྲ་བར་སོང་ བ་དང་དེས་བུ་མཐོང་ནས་སྨྲས་པ། བུ་ཁྱོད་ཀྱིས་འོད་སྲུང་གི་དགེ་སྦྱོང་རྣམས་ཚར་བཅད་དམ། ཡུམ་བདག་ནི་ལུང་ཙམ་དང་ལྡན་པ་ལགས་ལ་དེ་དག་ནི་ལུང་དང་རྟོགས་པ་དང་ལྡན་པ་ལགས་པས་དེའི་སླད་དུ་བདག་གིས་དེ་དག་ཚར་དགུམ་པར་ཇི་ལྟ་རྔོ་ཐོག །བུ་ཁྱོད་ཀྱིས་དེ་དག་ གདོན་མི་ཟ་བར་ཚར་གཅད་པར་བྱ་བ་དག་ཡིན་གྱིས་ཚར་ཆོད་ཅིག །སེར་སྐྱ་དེ་མ་ལ་གུས་པས་མས་ནན་གྱིས་མནན་པ་དང་། དང་དུ་བླངས་ཏེ་སྨྲས་པ། ཡུམ་གང་གི་ཚེ་སེང་གེའི་ཁྲི་བཤམས་པར་གྱུར། དུང་སྒྲིལ་མ་བུས་པར་གྱུར། རྔ་བོ་ཆེ་བརྡུངས་པར་གྱུར་ཅིང་རྒྱལ་པོ་དང་བཅས་ པའི་འཁོར་འདུས་པར་གྱུར་པ་དེའི་ཚེ་ན་ཁྱོད་སྤྱོན་ཅིག །བུ་ལེགས་ཀྱིས་འོང་བར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་སེར་སྐྱ་ལ་ཆོས་སྒྲོག་པར་གསོལ་བ་བཏབ་ནས་སེང་གེའི་ཁྲི་བཤམས་པར་གྱུར། དུང་སྒྲིལ་མ་བུས་པར་གྱུར། རྔ་བོ་ཆེ་བརྡུངས་པར་གྱུར་ཅིང་། རྒྱལ་པོ་དང་བཅས་ པའི་འཁོར་འདུས་པར་གྱུར་ཏོ། །དེ་ནས་སེར་སྐྱའི་མས་དུང་དང་རྔ་བོ་ཆེའི་སྒྲ་ཐོས་ནས་རིངས་པ་རིངས་པར་དྲང་སྲོང་སྨྲ་བར་སོང་སྟེ། གཙུག་ལག་ཁང་དུ་ཞུགས་ནས་སེང་གེའི་ཁྲིའི་རྒྱབ་ལོགས་སུ་འདུག་གོ། །ཆོས་སྒྲོག་པ་སེར་སྐྱ་ཡང་སེང་གེའི་ཁྲི་ལ་འཛེགས་ཏེ་ཆོས་བསྟན་པར་ བརྩམས་ནས་དེས་ཆོས་ཇི་ཙམ་པ་དེ་ཙམ་ཞིག་བསྟན་ནས་ཆོས་མ་ཡིན་པ་བསྟན་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་མདོ་སྡེའི་མཐའ་ལ་གནོད་པ་མ་བྱེད་ཅིག །ཆོས་ཀྱི་ཁྲིད་བྱེད་རྣམ་པར་དཀྲུག་པར་མ་བྱེད་ཅིག །ཆོས་ཀྱི་མངལ་མ་རྟོལ་ ཅིག །ཆོས་ཀྱི་རྒྱལ་མཚན་མ་རྟིབ་ཤིག །བདུད་ཀྱི་རྒྱལ་མཚན་མ་སྒྲེང་ཤིག །སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག །སེར་སྐྱ་དེ་ཉམ་ང་ནས་བབས་ཏེ་དེའི་འོག་ཏུ་མ་ལ་སྨྲས་པ། ཡུམ་ཁྱོད་ཀྱིས་གཟིགས་སམ། བུ་མཐོང་ངོ་། །བདག་གིས་དང་པོ་ ནས་ཁྱོད་ལ་ཡུམ་བདག་ནི་ལུང་ཙམ་དང་ལྡན་པ་ལགས་ལ་དེ་དག་ནི་ལུང་དང་རྟོགས་པ་དང་ལྡན་པ་ལགས་པས་དེའི་སླད་དུ་བདག་གིས་དེ་དག་ཚར་དགུམ་པར་ཇི་ལྟར་རྔོ་ཐོག་ཅེས་མ་བགྱིས་སམ། བུ་གང་གི་ཚེ་ཁྱོད་ཆོས་སྟོན་པ་དེའི་ཚེ་ན་ཆོས་ཇི་ཙམ་པ་དེ་ཙམ་ཞིག་བསྟན་ནས་ཆོས་མ་ ཡིན་པ་སྟོན་ཅིག །གལ་ཏེ་ཁྱོད་ལ་དེ་དག་ན་རེ་ཚེ་དང་ལྡན་པ་མདོ་སྡེའི་མཐའ་ལ་གནོད་པ་མ་བྱེད་ཅིག །ཆོས་ཀྱི་ཁྲིད་བྱེད་རྣམ་པར་དཀྲུག་པ་མ་བྱེད་ཅིག །ཆོས་ཀྱི་མངལ་མ་རྟོལ་ཅིག །ཆོས་ཀྱི་རྒྱལ་མཚན་མ་རྟིབ་ཤིག །བདུད་ཀྱི་རྒྱལ་མཚན་མ་སྒྲེང་ཤིག ། སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག་ཅེས་ཟེར་ན། དེའི་ཚེ་ཁྱོད་ཀྱིས་ཚིག་གི་མཚོན་གྱིས་གདབ་པར་བྱ་སྟེ། དེ་དག་ནི་ལེགས་པ་མ་ཡིན་པ་བྱེད་པས་འཇིགས་པ་ཡིན་པས་ཅང་མི་སྨྲ་བར་འདུག་པར་འགྱུར་ཏེ། དེས་ན་འཇིག་རྟེན་དག་གི་མིག་ལམ་ན་ཚར་བཅད་ དོ་སྙམ་དུ་ཤེས་པར་འགྱུར་རོ། །ཡུམ་ཐབས་དེ་ནི་བཟང་སྟེ། འོན་ཀྱང་དེའི་ཚེ་ཁྱོད་ཀྱང་ཡང་སྤྱོན་ཅིག །བུ་དེ་ལྟར་བྱ་སྟེ་ཁོ་མོ་ཡང་འོང་ངོ་། །ཇི་ཙམ་ན་ཡང་ཆོས་མཉན་པའི་སེང་གེའི་ཁྲི་བཤམས་ནས་སེར་སྐྱ་ལ་ཆོས་སྒྲོག་པར་གསོལ་བ་བཏབ་སྟེ་དུང་སྒྲིལ་མ་ཡང་བུས། རྔ་བོ་ཆེ་ཡང་ བརྡུངས་ཤིང་རྒྱལ་པོ་དང་བཅས་པའི་འཁོར་འདུས་པ་དང་། སེར་སྐྱའི་མ་དེ་ཡང་སྔ་མ་བཞིན་དུ་འོངས་ཏེ་སེང་གེའི་ཁྲིའི་རྒྱབ་ལོགས་སུ་འདུག་གོ། །ཆོས་སྒྲོག་པ་སེར་སྐྱ་ཡང་སེང་གེའི་ཁྲི་ལ་འཛེགས་ཏེ་ཆོས་བསྟན་པར་བརྩམས་ནས། དེས་ཆོས་ཇི་ཙམ་པ་དེ་ཙམ་ཞིག་བསྟན་ནས་ ཡང་ཆོས་མ་ཡིན་པ་བསྟན་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་མདོ་སྡེའི་མཐའ་ལ་གནོད་པ་མ་བྱེད་ཅིག །ཆོས་ཀྱི་ཁྲིད་བྱེད་རྣམ་པར་དཀྲུག་པར་མ་བྱེད་ཅིག་ཆོས་ཀྱི་མངལ་མ་རྟོལ་ཅིག །ཆོས་ཀྱི་རྒྱལ་མཚན་མ་རྟིབ་ཤིག །བདུད་ཀྱི་རྒྱལ་ མཚན་མ་སྒྲེང་ཤིག །སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག །སེར་སྐྱ་དེ་མས་བསླུས་པས་མི་བཟོད་པ་སྐྱེས་ནས་ཚིག་གི་མཚོན་གྱིས་གདབ་པར་བརྩམས་ཏེ། གླང་པོ་ཆེའི་མགོ་ཅན་ཁྱོད་ཀྱིས་རེ་ཞིག་ཆོས་སམ་ཆོས་མ་ཡིན་པའམ། འདུལ་བ་འམ་འདུལ་བ་མ་ ཡིན་པ་ཅི་ཤེས། རྟའི་མགོ་ཅན། རྔ་མོའི་མགོ་ཅན། བོང་བུའི་མགོ་ཅན། བ་ལང་གི་མགོ་ཅན། སྤྲེའུ་མགོ་ཅན། སེང་གེའི་མགོ་ཅན། སྟག་མགོ་ཅན། དོམ་མགོ་ཅན། དྲེད་མགོ་ཅན། གུང་མགོ་ཅན། བྱི་ལའི་མགོ་ཅན། ར་མགོ་ཅན། ལུག་མགོ་ཅན། རི་དགས་ཀྱི་མགོ་ཅན། མ་ཧེའི་ མགོ་ཅན། ཕག་གི་མགོ་ཅན། ཁྱི་མགོ་ཅན་ཁྱོད་ཀྱིས་ཆོས་སམ། ཆོས་མ་ཡིན་པའམ། འདུལ་བ་འམ། འདུལ་བ་མ་ཡིན་པ་ཅི་ཤེས་ཞེས་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འདིས་ཚིག་གི་མཚོན་གྱིས་གདབ་པར་བརྩམས་ཀྱིས་འདོང་ངོ་ཞེས་ ཟེར་རོ། །དེ་ན་གང་དག་སོ་སོར་རྟོག་པ་མི་མང་བ་དེ་དག་ནི་དོང་ངོ་། །གང་དག་སྤྲོ་རིང་བ་དེ་དག་ནི་གལ་ཏེ་རེ་ཞིག་ཆོས་སྟོན་པར་འགྱུར་ན་ནི་མཉན་པར་བྱའོ། །འོན་ཏེ་ཆོས་མ་ཡིན་པ་སྟོན་པར་འགྱུར་ན་ནི་འདི་ཉིད་ཀྱིར་འགྱུར་བར་ཟད་དོ་ཞེས་དེ་ཉིད་ན་འཁོད་དོ། །དེ་ནས་ཆོས་སྒྲོག་པ་སེར་ སྐྱས་དགེ་སློང་སློབ་པ་དང་མི་སློབ་པ་དག་ལ་ངག་གིས་ཉེས་པར་སྤྱད་པ་བཅྭ་བརྒྱད་བྱས་ནས་སེང་གེའི་ཁྲི་ལས་བབས་ཏེ་མ་ལ་སྨྲས་པ། ཡུམ་ཁྱོད་དགྱེས་པར་གྱུར་ཏམ། བུ་ཁོ་མོ་དགའ་བར་གྱུར་གྱིས་ཚུར་ཤོག་ཁྱིམ་དུ་འདོང་ངོ་། །སེར་སྐྱས་སྨྲས་པ། ཡུམ་བདག་ནི་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་མངོན་པར་དགའས་མི་མཆིའོ། །བུ་ཁྱོད་ཀྱིས་མའི་ཚིག་ཚིག་མ་ཡིན་པར་མི་བྱའོ་ཞེས་བྱ་བ་མ་ཐོས་སམ་ཚུར་ཤོག་འདོང་ངོ་། །སེར་སྐྱས་སྨྲས་པ། ཁོ་བོ་འཁོར་བར་འཁོར་བ་ན་ཁྱོད་འདྲ་བའི་མ་ཡོད་པར་མ་གྱུར་ཅིག །དེང་ མི་དགེ་བའི་བཤེས་གཉེན་ཁྱོད་ལ་བརྟེན་ནས་ཁོ་བོས་གང་ཟག་སློབ་པ་དང་མི་སློབ་པ་དག་ལ་ངག་གི་ལས་རྩུབ་པོ་བརྗོད་པས་དེའི་རྣམ་པར་སྨིན་པ་མི་འདོད་པ་སོ་སོར་མྱོང་བར་འགྱུར་རོ། །སེར་སྐྱའི་མ་དེས་བཱ་རཱ་ཎ་སཱིའི་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ ཏུ་བཱ་རཱ་ཎ་སཱི་ན་གནས་པ་དང་། ཕོ་བྲང་འཁོར་པ་དང་། ཡུལ་མི་ཤེས་ལྡན་དག་ཉོན་ཅིག །འོད་སྲུང་གི་དགེ་སློང་རྣམས་ཀྱིས་ཁོ་མོའི་བུ་ཕྲོགས་ཀྱིས་གྲོགས་གྱིས་ཤིག་ཅེས་ཀུ་ཅོ་འདོན་པར་བརྩམས་སོ། །དེ་ན་གང་དག་དད་པ་ཅན་དེ་དག་ནི་ཡང་དག་པར་དབུགས་འབྱིན་པར་བྱེད་དོ། ། གང་དག་མ་དད་པ་དེ་དག་ནི་ཐོ་བཙམ་པར་བྱེད་དོ། །སེར་སྐྱའི་མ་དེ་ལ་ཐོ་བཙམས་པ་ན་འདི་ལྟ་བུའི་ཀུན་ནས་དཀྲིས་པ་བྱུང་སྟེ། དེས་ཁྲག་ཚ་བ་སྐྱུགས་ནས་དུས་ལ་བབ་སྟེ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཆོས་སྒྲོག་པ་སེར་སྐྱ་ཡང་དགེ་སློང་སློབ་པ་དང་མི་སློབ་ པ་རྣམས་ལ་ངག་གི་ཉེས་པར་སྤྱད་པ་བཅྭ་བརྒྱད་བྱས་པས་དུས་ལ་བབ་སྟེ། དུད་འགྲོ་རྣམས་ཀྱི་ནང་དུ་ཆུ་སྲིན་ཉའི་རིགས་འཇིགས་སུ་རུང་བ་འདིར་སྐྱེས་སོ། །དེ་ནས་འཁོར་དེ་ཡིད་ལ་གཅགས་ཏེ། ཤེས་ལྡན་དག་ཆོས་སྒྲོག་པ་སེར་སྐྱ་སྡེ་སྣོད་གསུམ་དང་ལྡན་པ་རིགས་པ་ དང་གྲོལ་བའི་སྤོབས་པ་ཅན་གྱིས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་གི་རྣ་བའི་སྦུབས་དག་ཚིམ་པར་བྱས་ནས་ངག་གིས་ཉེས་པར་སྤྱད་པ་ཙམ་གྱིས་དུད་འགྲོའི་སྐྱེ་གནས་ངན་པར་སྐྱེས་པར་གྱུར་ན། བདག་ཅག་འདི་ནས་ཤི་འཕོས་པ་རྣམས་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་ཁ་ཅིག་གིས་དྲོ་བར་གྱུར་པ་དག་རྟོགས་པ་དང་། ཁ་ཅིག་གིས་རྩེ་མོ་དག་དང་། ཁ་ཅིག་གིས་བཟོད་པ་དག་ དང་། ཁ་ཅིག་གིས་འཇིག་རྟེན་པའི་ཆོས་ཀྱི་མཆོག་དག་རྟོགས་པ་དང་། ཁ་ཅིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དང་། ཁ་ཅིག་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཁ་ཅིག་གིས་ཕྱིར་མི་འོང་བའི་འབྲས་བུ་དང་། ཁ་ཅིག་གིས་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དང་། ཁ་ཅིག་གིས་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཁ་ཅིག་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་བཞག་པ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་གདུལ་བའི་དོན་ཆེན་པོ་མཛད་ནས་གཤེགས་སོ། །དེ་ནས་ཆུ་སྲིན་ཉའི་རིགས་འདི་སྙམ་ དུ་སེམས་ཏེ། གང་གི་ཕྱིར་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིག་གསུམ་གྱི་ཆོས་ཐོས་ནས་ཟས་ཟ་བར་བྱེད་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས། དེ་ཟས་མི་ཟ་བ་ལ་ཞུགས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་མེ་ནི་རྣོ་བ་ཡིན་པས་དེ་བཀྲེས་པས་ ཉམ་དམས་པ་ན། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་ནས་དུས་ལ་བབ་པ་དང་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོར་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང་། གང་དུ་ སྐྱེས་པ་དང་། ལས་གང་གིས་སྐྱེས་པའོ། །དེས་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་པས་སྐྱེས་པར་མཐོང་ངོ་། །དེ་ནས་སྔོན་ཆུ་སྲིན་ལྷའི་བུ་དེ་འདི་སྙམ་དུ་ སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་སྔོན་ཆུ་སྲིན་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་ཨུཏྤ་ལ་དང་། པད་མ་དང་། ཀུ་མུད་དང་། པད་མ་དཀར་པོ་དག་གིས་ཐུ་བ་བཀང་སྟེ་ཁ་དོག་ཤིན་ཏུ་འདས་པས་མཚན་ མོ་ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་ཆུ་སྲིན་ལྷའི་བུའི་ཁ་དོག་གི་ མཐུས་ཁང་པ་བརྩེགས་པའི་ཁང་བཟངས་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཆུ་སྲིན་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་སྔོན་ཆུ་སྲིན་ལྷའི་བུས་སྟན་དེ་ ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་ མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས་ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་ གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་ དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ། །ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་ པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་ བར་གྱུར། །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་གདུད་བྱས་དོ་ཤལ་རབ་འཕྱངས་པས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་ཆུ་སྲིན་ལྷའི་བུ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཐོག་འབྱོར་པ་ལྟ་བུ་དང་། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང་། ནད་པ་ ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་གྱུར་ཏེ། ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་ གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ངོ་། །མཐོང་ནས་ཐེ་ཚོམ་ཟ་བའི་ཡིད་ཀྱིས་མཚན་མོ་ནམ་ནངས་པ་དང་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་ དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིའམ། ལྷའི་བུ་འབྱོར་པ་ཆེ་བ་མཐུ་ཆེ་བ་གཞན་ཞིག་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་ཉེ་བར་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པ་ང་ལ་བལྟ་བའི་ཕྱིར་ ཉེ་བར་འོངས་པ་ཡང་མ་ཡིན། ལྷའི་དབང་པོ་བརྒྱ་བྱིན་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ཡང་མ་ཡིན། ལྷའི་བུ་འབྱོར་པ་ཆེ་བ་མཐུ་ཆེ་བ་གཞན་མ་ཡིན་ཏེ། དགེ་སློང་དག་འདི་ལྟར་ཁྱེད་ཀྱིས་ངས་ཆུ་སྲིན་ཉའི་རིགས་གང་ལ་ཚིག་གསུམ་གྱིས་ཆོས་བསྟན་པ་དེ་མཐོང་ ངམ། བཅོམ་ལྡན་འདས་མཐོང་ངོ་། །དགེ་སློང་དག་དེ་དེ་ནས་ཤི་འཕོས་ཏེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་དེ་མདང་སུམ་ངའི་གན་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་དེས་བདེན་པ་མཐོང་སྟེ་རང་གི་གནས་སུ་སོང་ངོ་། །ཡང་དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྔོན་ཆུ་སྲིན་ལྷའི་བུས་ལས་ཅི་བགྱིས་ན་དེས་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར། ལས་ཅི་བགྱིས་ན་དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བར་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་སྔོན་ཆུ་སྲིན་ལྷའི་བུ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། སྔོན་ཆུ་སྲིན་ལྷའི་བུས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་ ཉམས་སུ་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་ཏེ། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་ བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། ། དགེ་སློང་དག་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱང་ཡོད། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱང་ཡོད་དོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་གང་ཞེ་ན། འདིས་ཆུ་སྲིན་དུ་གྱུར་པ་ན་ང་ལ་སེམས་མངོན་པར་དད་པར་བྱས་པ་གང་ཡིན་པ་དེ་ནི་སྐྱེས་ནས་མྱོང་བར་ འགྱུར་བའི་ལས་ཞེས་བྱ་སྟེ། དེའི་རྣམ་པར་སྨིན་པས་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ཏོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། སེར་སྐྱས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། ལུང་ཕོག་པ་དང་ བཀླགས་པ་དང་། ཁ་ཏོན་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་གང་ཡིན་པ་དེ་ནི་ལན་གྲངས་གཞན་ལ་མྱོང་ བར་འགྱུར་བའི་ལས་ཞེས་བྱ་སྟེ། ལས་དེའི་ཚོགས་ཀྱི་དངོས་པོས་ད་ལྟར་ལྷའི་བུར་གྱུར་པས་ངའི་སྤྱན་སྔར་བདེན་པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་ པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གསུམ་པ། དེ་ནས་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་ འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་རེ་ཞིག་ཆོས་སྒྲོག་པ་སེར་སྐྱ་དེ་སྡེ་སྣོད་གསུམ་དང་ལྡན་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏེ་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་གི་རྣ་བའི་སྦུབས་དག་ཚིམ་པར་བྱས་ནས། ངག་གིས་ཉེས་པར་སྤྱད་པ་ཙམ་གྱིས་དུད་འགྲོའི་སྐྱེ་གནས་ ངན་པར་སྐྱེས་པར་གྱུར་ན། བདག་ཅག་ད་ལྟར་དྲག་ཤུལ་ཅན། ལག་པ་དམར་བ། སྣུན་པ་དང་རབ་ཏུ་སྣུན་པ་ལ་ཞུགས་པ། གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་དུ་འཇུད་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་དག་ཡིན་པས། བདག་ཅག་འདི་ནས་ ཤི་འཕོས་པ་རྣམས་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། གལ་ཏེ་བདག་ཅག་རིགས་དམའ་བར་སྐྱེས་པར་མ་གྱུར་ན། བདག་ཅག་གིས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་ཆུ་བོ་རྣམས་ལས་རྒལ་བར་བྱ་བ་ དང་སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་སྤྲོ་བར་བྱ། འབད་པར་བྱ། བརྩལ་བར་བྱ་བ་ཞིག་ན་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ཀྱི་ཆོས་ཉིད་ནི་གདུལ་བར་གྱུར་པའི་སྐྱེ་བོ་ལ་ཐུགས་བརྩེ་བས་ཉིན་ལན་ གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་པར་མཛད་དོ། །ཉན་ཐོས་ཆེན་པོ་རྣམས་ཀྱང་དེ་བཞིན་པས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་རྣམ་པར་བལྟས་པ་ན་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་ཤིན་ཏུ་ཡིད་ལ་གཅགས་ ཤིང་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དག་མཐོང་ངོ་། །མཐོང་ནས་ཀྱང་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་དག་ཁྱེད་ཅག་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་ དུ་ཆུད་ཅིང་འཁོད། དེ་དག་གིས་སྨྲས་པ། འཕགས་པ་འདི་ལྟར་ཆོས་སྒྲོག་པ་སེར་སྐྱ་དེ་སྡེ་སྣོད་གསུམ་དང་ལྡན་པ་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏེ་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་གི་རྣ་བའི་སྦུབས་དག་ཚིམ་པར་བགྱིས་ན། ངག་གིས་ཉེས་པར་སྤྱད་པ་ཙམ་གྱིས་ དུད་འགྲོའི་སྐྱེ་གནས་ངན་པར་སྐྱེས་པར་གྱུར་ན། བདག་ཅག་ད་ལྟར་དྲག་ཤུལ་ཅན། སུག་པ་དམར་བ། སྣུན་པ་དང་རབ་ཏུ་སྣུན་པ་ལ་ཞུགས་པ། གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་དུ་སྩོལ་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བགྱིད་ པ་དག་ལགས་པས་བདག་ཅག་འདི་ནས་ཤི་འཕོས་པ་རྣམས་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། གལ་ཏེ་བདག་ཅག་རིགས་དམའ་བར་སྐྱེས་པར་མ་གྱུར་ན། བདག་ཅག་གིས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་། ཆུ་བོ་རྣམས་ལས་རྒལ་བར་བགྱི་བ་དང་། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ་སྤྲོ་བར་བགྱི། འབད་པར་བགྱི། བརྩལ་བར་བགྱི་བ་ཞིག་ན་སྙམ་པས་བདག་ཅག་ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་མཆིས་སུ་རུང་། བཞིན་བཟངས་དག་ཐུབ་པའི་དབང་པོའི་གསུང་ རབ་འདི་ལ་ནི་རིགས་གཅེས་པ་མ་ཡིན། ཁྱིམ་གཅེས་པ་མ་ཡིན། རུས་གཅེས་པ་མ་ཡིན་གྱི། ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་སྒྲུབ་པ་གཅེས་པ་ཡིན་ནོ། །ཡང་སྨྲས་པ། དེ་བཞིན་གཤེགས་རྣམས་རིགས་དང་ནི། །ཁྱིམ་དང་རུས་དག་རྟོག་མི་མཛད། །ཡུན་རིང་ བྱས་པར་གྱུར་ཀྱང་ནི། །ལས་རྣམས་ལ་ནི་ཡོངས་རྟོག་མཛད། །གལ་ཏེ་ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་ན་ཚུར་ཤེག །ཡུ་བུ་ཅག་བཅོམ་ལྡན་འདས་ག་ལ་བ་དེར་འདོང་བ་དང་། བཅོམ་ལྡན་འདས་ ཀྱིས་ཁྱེད་ཅག་རབ་ཏུ་འབྱིན་པར་འགྱུར་རོ། །འཕགས་པ་ལེགས་ཏེ། གལ་ཏེ་དེ་ལྟ་ན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་འབྱུང་དུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་ བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་འདི་དག་རབ་ཏུ་དབྱུང་དུ་གསོལ། བསྙེན་པར་རྫོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་པས་རབ་ཏུ་ཕྱུང་ཞིང་དགེ་སློང་དག་ ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ལྷུང་བཟེད་དང་བྱ་མ་བུམ་གྱིས་བྲེལ་བ་དང་། དགེ་སློང་བསྙེན་ པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་ གཟུགས་བཀབ་པར་གྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་ནས་ཡངས་པ་ཅན་དུ་ཅི་དགྱེས་པར་བཞུགས་ཏེ། འོད་མ་ཅན་གྱི་གྲོང་ག་ལ་བ་དེར་རྒྱུ་ཞིང་གཤེགས་པས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་འོད་མ་ ཅན་གྱི་གྲོང་དུ་བྱོན་ནས་འོད་མ་ཅན་གྱི་གྲོང་ན་གྲོང་གི་བྱང་ཕྱོགས་ཤིང་ཤ་བའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ ཅི་དགོས་པ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལ་ལྟ་སྨོས་ ཀྱང་ཅི་དགོས་པ་བྱུང་གིས། དགེ་སློང་དག་ཁྱེད་ཅག་ཚུར་ཤོག་ལ་སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་ལོང་ཤིག །ང་ཡང་འོད་མ་ཅན་གྱི་གྲོང་འདི་ཉིད་ དུ་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་པར་ཁས་ལེན་གྱིས། ཐམས་ཅད་ཉིད་ནི་བསོད་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་། །དགེ་སློང་དེ་དག་གིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་སྨོན་འགྲིན་ ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་བླངས་སོ། །བཅོམ་ལྡན་འདས་ཀྱང་འོད་མ་ཅན་གྱི་གྲོང་དེ་ཉིད་དུ་བསྙེན་བཀུར་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དབྱར་གནས་པར་ཞལ་ གྱིས་བཞེས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། དགེ་སློང་དག་ད་ལྟར་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་ སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་དག་བྱུང་གིས། དགེ་སློང་ཁྱེད་ཅག་ཚུར་ཤེག་ལ། སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ ཁས་ལོང་ཤིག །ང་ཡང་འོད་མ་ཅན་གྱི་གྲོང་འདི་ཉིད་དུ་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་པར་ཁས་ལེན་གྱིས། ཐམས་ཅད་ཉིད་ནི་བསོད་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་ཞེས་བཀའ་སྩལ་ན། འདི་ན་བདག་ཅག་ལ་ཉེ་དུ་འགའ་ཡང་མེད་དེ་ཉ་པའི་ གྲོང་ན་བདག་ཅག་གི་ཉེ་དུ་དག་འཁོད་ཀྱིས་བདག་ཅག་ཉ་པའི་གྲོང་དུ་དོང་སྟེ་ཉེ་དུ་རྣམས་བལྟས་ནས་ཉ་པའི་གྲོང་གི་ཉེན་ཀོར་དུ་ལོ་མ་དང་འདབ་མའི་སྦྱིལ་བུ་དག་བྱས་ཏེ་དབྱར་གནས་པར་ཁས་བླང་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་ཉ་པའི་གྲོང་དུ་དོང་སྟེ་ཉེ་དུ་དག་ལ་ བལྟས་ནས་ཉ་པའི་གྲོང་གི་ཉེན་ཀོར་དུ་ལོ་མ་དང་འདབ་མའི་སྦྱིལ་བུ་དག་བྱས་ཏེ་དབྱར་གནས་པར་ཁས་བླངས་སོ། །དེ་དག་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བདག་ཅག་ནི་ཐོས་པ་ཉུང་ངུ་དང་ལྡན་པ་དག་ཡིན་པས་བདག་ཅག་གི་ཉེ་དུ་དག་ཉེ་བར་འོང་ བར་གྱུར་ན། བདག་ཅག་གིས་ཉེ་བར་འོངས་པ་དེ་དག་ལ་ཆོས་སྟོན་པར་མི་ནུས་ཀྱིས། བདག་ཅག་གིས་ཉེ་དུ་འོངས་པ་དག་ལ་ཉེ་དུ་དག་ཁྱེད་ཅག་གང་དག་གི་གྲོང་ཚིགས་ན་དགེ་སློང་གི་དགེ་འདུན་འདི་འདི་ལྟར་དབྱར་གནས་པར་ཁས་བླངས་པར་གྱུར་པའི་ཉེ་དུ་དེ་དག་གིས་ནི་རྙེད་པ་ལེགས་ པར་རྙེད་པ་ཡིན་ཏེ། དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་ དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་ འདུ་ཤེས་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཡོངས་ སུ་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཡིན་ནོ། །དགེ་སློང་འདི་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་གཅིག་གིས་གཅིག་གི་ཡོན་ ཏན་བསྒྲགས་པར་བྱ་གོར་མ་ཆག་སྙམ་མོ། །དེ་དག་གི་ཉེ་དུ་དག་ཉེ་བར་འོངས་པར་གྱུར་ནས། དེ་དག་གིས་ཉེ་དུ་ཉེ་བར་འོངས་པ་དེ་དག་ལ་གཅིག་གིས་གཅིག་གི་ཡོན་ཏན་བསྒྲག་པར་བརྩམས་ཏེ། ཉེ་དུ་དག་ཁྱེད་ཅག་གང་དག་གི་གྲོང་ཚིགས་ན་དགེ་སློང་གི་དགེ་ འདུན་ཡོན་གྱི་གནས་འདི་ལྟ་བུ་དབྱར་གནས་པར་ཁས་བླངས་པར་གྱུར་པའི་ཉེ་དུ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་ སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་ འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་།