Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང
Văn bản gốc(Tây Tạng)
Trang 14 / 19 (50.000 ký tự/trang)
ྲ་བཅོམ་པ་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་འདི་ཉིད་ཀྱིས་ལས་ཚོགས་རྙེད་ པ་རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་གྲོ་བཞིན་སྐྱེས་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི་འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་ པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་དགུ་ བཅུ་རྩ་གཅིག་ན་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ རྣམ་པར་གཟིགས་ཞེས་བྱ་བ་བྱུང་སྟེ། དེ་དགེ་སློང་དྲུག་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཕོ་བྲང་བཤེས་ལྡན་ཞེས་བྱ་བར་གཤེགས་སོ། །རྒྱལ་པོའི་ཕོ་བྲང་བཤེས་ལྡན་ན་དགའ་སྡེ་རབ་ཏུ་མང་པོ་གནས་ཏེ། དེ་རྣམས་ཀྱིས་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དགེ་སློང་དྲུག་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཏེ་ལྗོངས་རྒྱུ་ཞིང་གཤེགས་པ་ན་འདིར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཐམས་ཅད་འདུས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་གང་ན་བ་ དེར་དོང་སྟེ་ལྷགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་དགའ་སྡེ་རྣམས་ལ་ ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་དགའ་སྡེ་རབ་ཏུ་མང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཅག་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་ དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་དགའ་སྡེ་རབ་ཏུ་མང་པོ་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དགའ་སྡེ་རབ་ཏུ་ མང་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ ཏེ་དོང་ངོ་། །དེ་རྣམས་འདུན་ཁང་དུ་འདུས་ཏེ་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བདག་ཅག་གིས་བཅོམ་ལྡན་འདས་ཇི་ལྟར་གདུགས་ཚོད་གསོལ་བར་བྱ། ཅི་འདུས་ཏེ་བྱ་འམ། འོན་ཏེ་རེ་རེས་བྱ། དེ་ན་ཁ་ཅིག་གིས་སྨྲས་པ། ཉི་མ་རེ་རེ་ཞིང་འདུས་ཏེ་གདུགས་ ཚོད་གསོལ་ན་བདག་ཅག་གི་ཞིང་བླས་ཀྱི་མཐའ་རྣམས་བར་ཆད་དུ་འགྱུར་བས་ཤེས་ལྡན་དག་གལ་ཏེ་འདོད་ན་རེ་མོས་རེ་མོས་གདུགས་ཚོད་གསོལ་བར་བྱའོ་ཞེས་དེ་རྣམས་ཀྱིས་རེ་མོས་རེ་མོས་སྤྱི་བུ་ངས་ལས་སྟོན་མོ་བྱ་བར་བརྩམས་ཏེ། འབྱོར་པ་ཇི་ལྟ་བ་བཞིན་བདག་ཉིད་ཀྱི་ཡང་སྣོན་ པར་བྱེད་དོ། །དེ་ནས་དགའ་སྡེ་རྣམས་ཀྱི་ནང་ན་བྲམ་ཟེའི་ཁྱེའུ་བཀྲེན་པ་ཞིག་ཡོད་པ་དེ་མའི་དྲུང་དུ་སོང་སྟེ་སྨྲས་པ། ཡུམ་དགའ་སྡེ་རྣམས་ཀྱིས་ཁྲིམས་སུ་བཅས་པ་རེ་མོས་རེ་མོས་བཅོམ་ལྡན་འདས་གདུགས་ཚོད་གསོལ་བར་བྱའོ་ཞེས་བཅས་ན། དེ་ལ་བདག་གི་འབྱོར་པ་ ནི་ཉུང་ན་བདག་གིས་ཇི་ལྟར་གདུགས་ཚོད་གསོལ་བར་བགྱི། དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་ཉི་མ་ཐ་མ་ཟུང་ལ་དུས་དེའི་བར་དུ་ཅུང་ཟད་སྒྲུབས་ཤིག །ཚོགས་ཀྱི་རྒྱུ་ལྷག་ཀྱང་ཅུང་ཟད་རྙེད་གྲང་། དེས་ཉི་མ་ཐ་མ་བཟུང་ནས་དེ་ན་ཚོགས་ཀྱི་རྒྱུ་ ལྷག་པ་རབ་ཏུ་མང་པོ་ཡོད་པ་དང་། དེས་ཀྱང་ཅུང་ཟད་བསྒྲུབས་ནས་དེ་ནས་དེས་གནས་ཁང་རྩིག་ཏུ་བཅུག་སྟེ། དེར་གོས་རྣམས་བཏིང་ནས་གྲྭ་རྣམས་སུ་ཀཱརྵཱ་པ་ཎ་ལྔ་ལྔ་བཞག །དེ་ལ་དོམ་ལྤགས་ཤིག་བདོག་པ་དེ་ཡང་གནས་ཁང་གི་སྒོར་བཏིང་ངོ་། །དེ་ནས་ལྔ་བརྒྱའི་སྟོན་ མོ་སྣོད་དུ་བཙོས་ཤིང་སྦྱར་ནས་བཀུར་སྟི་ཆེན་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་གདུགས་ཚོད་གསོལ་ཏེ་ཞབས་ལ་གཏུགས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང་ལན་ འགའ་ཡང་གདིང་བ་མ་མཆིས་པའི་ས་ཕྱོགས་སུ་རྐང་པ་མི་འཇོག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་ཀྱི་མཐིལ་གཉིས་ལ་སྤུ་གསེར་གྱི་ཁ་དོག་འདྲ་བ་སོར་བཞི་ཙམ་འཁྲུངས་པ་ཇི་འདྲ་བ་དེ་ལྟ་བུར་བདག་གི་ཡང་དེ་དང་འདྲ་བ་དང་ཡོན་ ཏན་འདི་ལྟ་བུ་དག་ཀྱང་ཐོབ་ཅིང་། སྟོན་པ་འདི་འདྲ་བ་མཉེས་པར་བགྱིད་པར་འགྱུར་གྱིས་མི་མཉེས་པར་བགྱིད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དགའ་སྡེའི་བྲམ་ཟེའི་ཁྱེའུ་གང་ཡིན་པ་དེ་ནི་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་འདི་ ཉིད་ཡིན་ཏེ། འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་བྱ་བ་བྱས་ཤིང་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་གང་ཡིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་པ་དང་། རྐང་པ་གཉིས་ལ་སྤུ་གསེར་གྱི་ཁ་དོག་འདྲ་བ་སོར་ བཞི་ཙམ་སྐྱེས་པ་དང་། འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལན་འགའ་ཡང་གདིང་བ་མེད་པའི་ས་ཕྱོགས་སུ་རྐང་པ་མ་བོར་བ་དང་། བཙས་པ་ན་ཡང་དཀན་དབབ་པའི་རིན་དུ་གསེར་བྱེ་བ་ཕྲག་ཉི་ཤུ་ཐོབ་ཅིང་། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཀྱང་ཉོན་མོངས་ པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པས། དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གང་གི་ཚེ་མ་སྐྱེས་དགྲ་མི་དགེ་བའི་བཤེས་གཉེན་ལྷ་སྦྱིན་གྱིས་ཟིན་པས་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྡོ་རྗེ་རྩེ་གཅིག་པ་འཕངས་པ་དེའི་ཚེ། རྒྱལ་པོའི་ཁབ་ན་གནས་པའི་གྲོང་མི་རྣམས་ཀྱིས་འཕྱ་བར་བརྩམས་ཏེ། དེ་ན་ཁ་ཅིག་ནི་རྒྱལ་པོ་ལ་མི་སྙན་པ་སྒྲོགས་པར་བྱེད་དེ། འདི་མ་བཙས་པ་ཉིད་ནས་ཡབ་ལ་དགྲར་འགྱུར་རོ་ཞེས་ལུང་ བསྟན་ན། ཅིའི་ཕྱིར་མ་བཙས་པ་ཉིད་དུ་མི་བསད། གཞན་དག་གིས་སྨྲས་པ། ཤེས་ལྡན་དག་རྒྱལ་པོས་མཉེས་ཏེ་ཅི་ཐམས་ཅད་ཀྱི་ལུང་བསྟན་པ་བདན་པར་འགྱུར་རམ། གཞོན་ནུ་ཉིད་དུལ་བ་ཡིན་མོད་ཀྱི་འོན་ཀྱང་ལྷ་སྦྱིན་མི་དགེ་བའི་བཤེས་གཉེན་གྱིས་བསླུས་ནས་དེས་ན་བྱ་ བ་ངན་པ་ལ་ཤིན་ཏུ་ཞུགས་པར་གྱུར་ཏོ། །གཞན་དག་གིས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་དང་ལྷ་སྦྱིན་གྱིས་ཀྱང་མ་ཉེས་ཏེ། འོན་ཀྱང་ལྷ་སྦྱིན་ཁྲིད་དེ་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་མི་བཞག་པར་འདི་ལྟར་རབ་ཏུ་འབྱིན་པར་མཛད་པས་ན་བཅོམ་ལྡན་འདས་ཁོ་ནས་ནོངས་སོ། ། ཁ་ཅིག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་ནོངས་ཏེ། དེ་གང་གི་ཕྱིར་གནས་ནས་དབྱུང་བའི་ལས་མ་བྱས་པས་དགེ་འདུན་གྱིས་ཉེས་སོ། །དེ་ནས་གང་དག་རྒྱལ་པོ་ལ་མི་སྙན་པར་སྒྲོགས་པ་དེས་རྒྱལ་པོ་ངོ་ཚ་བར་མི་བྱེད་ཀྱི། སྔོན་གྱི་ཚེ་རབས་རྣམས་སུ་བདག་གིས་ ལས་འདི་དག་བྱས་ཤིང་བསགས་པ་ཡིན་ནོ་སྙམ་མོ། །གང་དག་བཅོམ་ལྡན་འདས་དང་དགེ་འདུན་ལ་མི་སྙན་པ་སྒྲོགས་པ་དེས་ནི་རྒྱལ་པོ་ཤིན་ཏུ་ངོ་ཚ་བར་བྱེད་དེ། བདག་གི་ལུས་ངན་པ་གང་ཡིན་པ་དེས་འཇིག་རྟེན་བཅོམ་ལྡན་འདས་དང་དགེ་འདུན་གྱི་མི་སྙན་པ་ བརྗོད་དོ་སྙམ་མོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ནོངས་པ་གཞན་གྱིས་བགྱིས་ལ་སྐྱོན་གཞན་ལ་བསྒོ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདིས་འདས་པའི་དུས་ན་ཡང་ཉེས་པ་གཞན་གྱིས་བྱས་ལ་སྐྱོན་གཞན་ལ་བསྒོས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ ལེགས་པ་སྐྱེ་བོའི་ཚོགས་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་ལ་ཁྱི་གཉིས་ཞིག་ཡོད་པ་འགྲམ་དང་ཉེ་འགྲམ་ཞེས་བྱ་སྟེ། དེ་གཉིས་ཀྱིས་རྒྱལ་པོའི་རྟ་ཁྲབ་ཀྱི་ཆ་སྤྱད་འཆོས་སོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་དྲ་མ་ལ་ཆ་བ་ན་དེས་བློན་པོ་ རྣམས་ལ་བསྒོ་བ། ཤེས་ལྡན་དག་རྟ་ཁྲབ་ཀྱི་ཡོ་བྱད་ལྟོས་ཤིག །དེ་རྣམས་ཀྱིས་བལྟ་བར་བརྩམས་པ་ན་ཐམས་ཅད་བཅད་ཅིང་རབ་ཏུ་གཏུབས་པར་མཐོང་ནས་དེ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རྟ་ཁྲབ་ཀྱི་ཆ་སྤྱད་ཞེས་རྣམས་ཀྱིས་འཚལ་ཏོ། །རྒྱལ་པོས་སྨྲས་པ། ཤེས་ ལྡན་དག་གལ་ཏེ་དེ་ལྟ་ན་ངས་ཁྱི་རྣམས་ཡོངས་སུ་སྤང་ངོ་། །དེ་ན་ཁ་ཅིག་ནི་བསད་དོ། །ཁ་ཅིག་ནི་བྲོས་སོ། །ཇི་ཙམ་ན་ཡུལ་གཞན་གྱི་ཁྱི་ཞིག་ཡུལ་ནས་བཱ་རཱ་ཎ་སཱིར་འོང་བ་ན་དེས་དེ་རྣམས་འབྲོས་པ་མཐོང་ནས་དྲིས་པ། ཤེས་ལྡན་དག་ཅིའི་ཕྱིར་ཁྱེད་འདི་ལྟར་སྐྲག །དེ་རྣམས་ ཀྱིས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་དེས་སྨྲས་པ། ཁྱེད་ཅིའི་ཕྱིར་རྒྱལ་པོ་ལ་གསོལ་བར་མ་བྱས། དེ་རྣམས་ཀྱིས་སྨྲས་པ། གཞན་དག་ནི་ཁ་བཏག །ཁོ་བོ་ཅག་ནི་བྲོས་ན་རྒྱལ་པོ་ལ་གསོལ་བར་བྱ་བའི་གཏོལ་ག་ལ་ཡོད། དེས་སྨྲས་པ། འདུག་ཤིག་དང་ཁྱེད་ ཀྱི་དོན་དུ་ཁོ་བོས་རྒྱལ་པོ་ལ་གསོལ་བ་བྱའོ། །དེས་དེ་རྣམས་དབུགས་ཕྱུང་ནས་སླར་ལོག་པ་དང་། དེ་ནས་དེས་རྒྱུན་ལུགས་ཚད་ཙམ་ན་ཐོས་པའི་ཉེན་ཀོར་དུ་འདུག་ནས་ཚིགས་སུ་བཅད་པས་གསོལ་བ་བཏབ་པ། རྒྱལ་པོའི་ཁབ་ན་ཞེས་གཉིས་མཆིས་པ་འགྲམ་དང་ནི། །ཉེ་ འགྲམ་སྟོབས་དང་ཁ་དོག་ལྡན་པ་གང་ལགས་པ། །དེ་འདིར་དགུམ་རྒྱུ་བདག་ཅག་དགུམ་པའི་རྒྱུ་མ་ལགས། ལྷ་ཅིག་དགུམ་རྒྱུ་མ་ལགས་བཀུམ་པ་རིགས་པ་མིན། །རྒྱལ་པོས་ཐོས་ནས་དེས་ནམ་ལངས་པ་དང་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་མདང་སུམ་ང་ ལ་ཚིགས་སུ་བཅད་པས་གསོལ་བ་བྱེད་པ་གང་ཡིན་པ་དེ་ཚོལ་ཅིག །དེ་རྣམས་ཀྱིས་སྐུ་སྲུང་རྣམས་ལ་བསྒོ་བ། ཤེས་ལྡན་དག་མདང་སུམ་ལྷ་ལ་ཚིགས་སུ་བཅད་པས་གསོལ་བ་བྱེད་པ་དེ་ཚོལ་ཅིག །དེ་རྣམས་ཀྱིས་སྨྲས་པ། ཡུལ་གྱི་ཁྱི་ལགས་སོ། །རྒྱལ་པོས་ སྨྲས་པ། ཤེས་ལྡན་དག་ཅི་འགྲམ་དང་ཉེ་འགྲམ་གྱིས་ཟོས་སམ་འོན་ཏེ། ཁྱི་གཞན་རྣམས་ཀྱིས་ཡིན་རྟོགས་ཤིག །བློན་པོ་རྣམས་འདུས་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་ལྷས་འདི་སྐད་ཅེས་ཁྱི་རྣམས་རྟོགས་ཤིག་ཅེས་བཀའ་སྩལ་ན། དེ་རྣམས་ ལ་ཇི་ལྟར་བརྟག་པར་བྱ། གཞན་དག་གིས་སྨྲས་པ། དེ་ལ་གཞན་བརྟག་ཏུ་ཅི་ཡོད། སྐྲའི་ཐུམ་པོ་བྱིན་ཏེ་སྐྱུག་ཏུ་གཞུག་མོད། དེ་རྣམས་ཀྱིས་སྐྲའི་ཐུམ་པོ་བྱིན་ཏེ་སྐྱུག་ཏུ་བཅུག་པ་ལས། ཇི་ཙམ་ན་འགྲམ་དང་ཉེ་འགྲམ་གཉིས་ཀོ་བའི་དུམ་བུར་སྐྱུགས་ནས་རྒྱལ་པོ་ལ་རིག་པར་བྱས་ པ་དང་། རྒྱལ་པོས་དེ་གཉིས་སྤངས་ཏེ། ལྷག་མ་རྣམས་ལ་མི་འཇིགས་པ་བྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་འགྲམ་དང་ཉེ་འགྲམ་གང་ཡིན་པ་དེ་གཉིས་ནི་ལྷ་སྦྱིན་དང་། མ་སྐྱེས་དགྲ་འདི་གཉིས་ཡིན་ཏེ། དེ་ན་ཡང་འདི་གཉིས་ཀྱིས་ཉེས་པ་ བྱས་ལ་སྐྱོན་གཞན་ལ་བསྒོའོ། །ད་ལྟར་ཡང་འདི་གཉིས་ཀྱིས་ཉེས་པ་བྱས་ལ་སྐྱོན་གཞན་ལ་བསྒོའོ། །གཞན་ཡང་ཇི་ལྟར་ལྷ་སྦྱིན་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་གོ། །ཇི་ཙམ་ན་མི་ ཞིག་སྟ་རེ་དང་ཁུར་ཤིང་ཐོགས་ཏེ་ཤིང་གི་ཕྱིར་ནགས་ཁྲོད་དུ་སོང་ནས། དེ་དེ་ན་ཤིང་ཚོལ་བར་བྱེད་པ་ན་སེང་གེས་སྐྲག་ནས་བྲོས་པ་ལས་སུ་ར་ཁུང་ཞིག་དུ་ལྷུང་ངོ་། །སེང་གེས་ཀྱང་དེ་བཟའ་བའི་བསམ་པས་དེ་ཉིད་དུ་ལྷུང་ངོ་། །སྦྲུལ་ཞིག་གིས་བྱི་བ་ཞིག་སྐྲག་ནས་བྲོས་པ་དང་། ཁྲས་བྱི་བ་བཟའ་ བའི་ཕྱིར་བསྙགས་པ་ལས། ཅི་ཙམ་ན་ཐམས་ཅད་སུར་ཁུང་དུ་ལྷུང་སྟེ། དེ་དག་ཐམས་ཅད་གཅིག་ལ་གཅིག་བསད་པར་འདོད་པའི་གནོད་སེམས་དང་ལྡན་པར་གྱུར་པ་དང་སེང་གེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཐམས་ཅད་ཁོ་བོའི་བགྲོད་པ་ཡིན་ཏེ། དེ་ལྟ་མོད་ཀྱི་བདག་ཅག་སྡུག་བསྔལ་མི་བཟད་པ་དོག་པ་ཐོབ་པས་འདི་ནི་གནོད་པར་བྱ་བའི་དུས་མ་ཡིན་གྱིས་མ་འགུལ་བར་འཁོད་ཅིག །སྟེས་དབང་གིས་རྔོན་པ་ཞིག་རི་དགས་རྣམས་ཚོལ་ཞིང་ཕྱོགས་དེར་ཕྱིན་པ་དང་། དེས་སུར་ཁུང་དེར་བལྟ་བར་བརྩམས་པ་ལས། དེ་རྣམས་ ཀྱིས་བརྟབས་པའི་ཚིག་གིས་སྨྲས་པ། ཀྱེ་ནང་རྗེ་སྐྱབས་གྱིས་ཤིག །དེ་ནས་རྔོན་པ་དེས་ཤེས་ནས་ཐོག་མར་སེང་གེ་ཕྱུང་བ་དང་། དེས་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཁྱོད་ཀྱི་དྲིན་གཟོ་བར་བྱ་སྟེ། འོན་ཀྱང་འདི་ན་མགོ་ནག་པོ་གནས་པ་དེ་ནི་བྱས་པ་ཆུད་གསོན་པ་ཡིན་ གྱིས་ཁྱོད་ཀྱིས་མ་དབྱུང་ཤིག་ཅེས་སྨྲས་ནས་སོང་ངོ་། །ཇི་ཙམ་ན་རྔོན་པ་དེས་ཐམས་ཅད་མཐར་གྱིས་ཕྱུང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་སེང་གེས་རི་དགས་ཤིག་བསད་པ་དང་རྔོན་པ་དེ་ཡང་ཕྱོགས་དེར་ཕྱིན་པ་སེང་གེས་དེ་ངོ་ཤེས་ནས་རྔོན་པའི་རྐང་པ་ལ་གཏུགས་ཏེ་རི་དགས་ དེ་བྱིན་ནོ། །དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་བཙུན་མོ་དང་ལྷན་ཅིག་སྐྱེད་མོས་ཚལ་གྱི་སར་སོང་ནས་དེས་སྐྱེད་མོས་ཚལ་དེར་བདེ་བ་ཉམས་སུ་མྱོང་བར་བྱས་ནས་གཉིད་ཀྱིས་ལོག་གོ། །བཙུན་མོ་བུད་མེད་རྣམས་ཀྱང་བག་ཡངས་སུ་གནས་པས་གོས་དག་ཕུད་དེ་སྐེམས། རྒྱན་དག་བཀྲོལ་ནས་ཕྱོགས་དག་ཏུ་བཞག་སྟེ་སྐྱེད་མོས་ཚལ་ན་འཆག་པར་བྱེད། འདུག་པར་བྱེད། ཉལ་བར་བྱེད། གཉིད་ལོག་པར་བྱེད་དོ། །ཇི་ཙམ་ན་བཙུན་མོ་ཞིག་རྒྱན་རྣམས་བཀྲོལ་ཏེ་ཕྱོགས་ཞིག་ཏུ་བཞག་ནས་གཉིད་ལོག་པ་དང་ཁྲས་དེ་བླངས་ནས་རྔོན་པ་དེ་ལ་བྱས་པ་ གཟོ་བར་བྱ་བའི་ཕྱིར་བྱིན་ནོ། །རྒྱལ་པོ་ཚངས་སྦྱིན་གཉིད་ཀྱིས་སྙོམ་པ་བསལ་ནས་མྱུར་བ་མྱུར་བར་བཱ་རཱ་ཎ་སཱིར་ཞུགས་སོ། །བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱང་རིངས་པར་དོང་ངོ་། །ཇི་ཙམ་ན་བཙུན་མོ་དེས་རྒྱན་བཙལ་བ་ལས་ མ་རྙེད་ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ་སྐྱེད་མོས་ཚལ་དུ་བདག་གི་རྒྱན་སྟོར་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྒྱན་སྟོར་གྱིས་སུ་ཡིས་ཁྱེར་ཚོལ་ཅིག །དེ་རྣམས་ཀྱིས་བཙལ་བར་བརྩམས་པ་ན་མགོ་ནག་པོ་དེ་རྔོན་པའི་དྲུང་དུ་དུས་དུས་ སུ་འགྲོ་བས་དེ་དེའི་ཁྱིམ་དུ་སོང་བ་ན་མཚན་མ་ལས་དེ་ལ་རྒྱན་ཡོད་པར་ཤེས་ནས། བྱས་པ་ཆུད་གཟོན་པ་དེས་རྒྱལ་པོའི་དྲུང་དུ་སོང་ནས་གསོལ་པ་དང་། དེ་ནས་རྒྱལ་པོ་མཆོག་ཏུ་ཁྲོས་ཏེ་རྒྱལ་པོའི་མི་རྣམས་ཀྱིས་རྔོན་པ་བཀུག་ནས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ཀྱིས་སྐྱེད་མོས་ ཚལ་ནས་རྒྱན་བརྐུས་སོ། །དེ་ནས་དེ་སྐྲག་ནས་ཇི་ལྟར་གྱུར་པ་སྨྲས་ཏེ་རྒྱན་དེ་རྒྱལ་པོ་ལ་ཕུལ་ན། འོན་ཀྱང་མི་དེ་བཅིངས་ནས་བཙོན་རར་བཞག་གོ། །བྱི་བས་སོང་ནས་སྦྲུལ་ལ་སྨྲས་པ། མགོ་ནག་པོ་སྡིག་པ་བྱེད་པ་དེས་བྱ་བ་བྱས་ནས་བདག་ཅག་གི་དགེ་བའི་ བཤེས་གཉེན་རྒྱལ་པོས་བཅིངས་ནས་བཙོན་རར་བཞག་གོ། །སྦྲུལ་གྱིས་སྨྲས་པ། ཀྱེ་རྔོན་པ་དེ་རིང་བདག་གིས་རྒྱལ་པོ་ལ་ཟིན་པར་བྱས་ཁྱོད་ཀྱིས་སྔགས་ཀྱི་ཚིག་འདི་དང་སྨན་འདི་དག་གིས་གསོས་ཤིག་དང་། དེ་ལྟར་ན་རྒྱལ་པོ་དེ་དགའ་ནས་ཁྱོད་གདོན་མི་ཟ་བར་ བཏང་ནས་ལོངས་སྤྱོད་ཀྱང་བགོ་བཤའ་བྱེད་པར་འགྱུར་རོ། །དེས་སྨྲས་པ་ལེགས་ཀྱིས་དེ་བཞིན་གྱིས་ཤིག །སྦྲུལ་གྱིས་རྒྱལ་པོ་ཟིན་པ་དང་རྔོན་པས་སོང་སྟེ་སྔགས་དང་སྨན་དེ་དག་གིས་གསོས་སོ། །དེ་ནས་རྒྱལ་པོ་མགུ་ནས་བཙོན་ལས་བཏང་སྟེ་ལོངས་སྤྱོད་དག་ གིས་བགོ་བཤའ་ཡང་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྔོན་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྱས་པ་ཆུད་གསོན་པའི་མི་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་དུས་མ་ཡིན་པར་ཞག་བདུན་དུ་སྤྲིན་ཆགས་ཏེ་ ལྷས་ཆར་ཕབ་ནས་ནེའུ་ལེ་ཞིག་བྱི་བའི་ཚང་དུ་ཞུགས་སོ། །སྦྲུལ་ཞིག་ཀྱང་ཆར་པས་སྐྲག་ནས་ཕན་ཚུན་རྒྱུ་བ་ན་དེ་ཉིད་དུ་ཞུགས་སོ། །ཇི་ཙམ་ན་ནེའུ་ལེ་དེས་བྱི་བ་དེ་གསད་པར་བརྩམས་པ་ན་སྦྲུལ་གྱིས་སྨྲས་པ། ཤེས་ལྡན་དག་བདག་ཅག་སྡུག་བསྔལ་མི་བཟད་པ་ དོག་པ་ཐོབ་ཀྱིས་གཅིག་ལ་གཅིག་གནོད་པ་མ་བྱེད་པར་མ་འགུལ་བར་འཁོད་ཅིག །དེ་ན་སྦྲུལ་གྱི་མིང་ནི་དགའ་སྡེ་ཞེས་བྱའོ། །ནེའུ་ལེའི་མིང་ནི་དགའ་བོ་ཞེས་བྱའོ། །བྱི་བའི་མིང་ནི་གང་གཱས་བྱིན་ཞེས་བྱའོ། །དགའ་སྡེ་དང་། དགའ་བོས་གང་གཱས་བྱིན་ལ་སྨྲས་པ། ཁྱོད་འཇབ་ཅིང་སོང་ ལ་བདག་ཅག་གི་ཁ་ཟས་ཚོལ་ཅིག །དེ་དྲང་ཞིང་བསམ་པ་བཟང་བ་ཡིན་པས་དེ་གཉིས་ཀྱི་ཆེད་དུ་སྙིང་ནས་ཁ་ཟས་བཙལ་བར་བརྩམས་པ་ན་མ་རྙེད་དོ། །དགའ་བོས་དགའ་སྡེ་ལ་སྨྲས་པ། གལ་ཏེ་གང་གཱས་བྱིན་ཁ་ཟས་མེད་པར་འོངས་ན་དེ་ཉིད་བདག་གིས་བཟའ་བར་བྱའོ། །དགའ་སྡེས་བསམས་ པ། སྡུག་བསྔལ་མི་བཟད་པ་དོག་པ་ཐོབ་ན་ཡང་འདི་དེ་ལ་གསོད་པར་རྩོམ་ན། གལ་ཏེ་དེ་ཁ་ཟས་མེད་པར་འོངས་ན་ལྟ་སྨོས་ཀྱང་ཅི་དགོས་པས་ཡེ་དེ་ལ་སྤྲིང་བར་བྱའོ་སྙམ་ནས་དེས་དེ་ལ་སྤྲིང་བ། དགའ་བོ་ན་རེ་འདི་སྐད་ཅེས་གལ་ཏེ་གང་གཱས་བྱིན་ཁ་ཟས་མེད་པར་འོངས་ན་དེ་ཉིད་བདག་གིས་ བཟའ་བར་བྱའོ་ཞེས་ཟེར་རོ། །གང་གཱས་བྱིན་གྱིས་ཁ་ཟས་བཙལ་བ་ལས་ཅུང་ཟད་ཀྱང་མ་རྙེད་ནས་དེས་བསམས་པ། གདོན་མི་ཟ་བར་དེས་བདག་ཟོས་པར་འགྱུར་རོ་སྙམ་ནས་དེས་དགའ་སྡེ་ལ་སྤྲིང་བ། མི་བཀྲེན་ལྟོགས་པའི་ཤུགས་ཀྱིས་ཡོངས་དུབ་ནས། །ཉམ་ཐག་སྙིང་རྗེ་མེད་པར་འགྱུར་ བས་ཁྱོད། །བྱས་པ་ཆུད་གསོན་སེམས་ཅན་དེ་ལ་ནི། །གང་གཱས་བྱིན་པ་ཕྱིར་མི་འོང་ཞེས་གསུངས། །ཞེས་སྤྲིང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གང་གཱས་བྱིན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ནེའུ་ལེ་དགའ་བོ་གང་ཡིན་པ་དེ་ནི་ ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །གང་གི་ཚེ་མ་སྐྱེས་དགྲས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྡོ་རྗེ་རྩེ་གཅིག་པ་འཕངས་པ་དེའི་ཚེ་རྒྱལ་པོས་དེ་ལ་སྤྱོས་ནས་ གཞོན་ནུ་ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་རྡོ་རྗེ་རྩེ་གཅིག་པ་འཕངས། དེས་སྨྲས་པ། ལྷ་ཚིག་པ་འཚལ་བའི་སླད་དུ་སྟེ། ལྷ་ལ་ནི་ལོངས་སྤྱོད་མངའ་ན་བདག་ལ་མ་མཆིས་སོ། །རྒྱལ་པོས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་སོང་ལ་ཙམ་པ་གཞི་དང་བཅས་པ་ཁྱོད་ཀྱི་ཡིན་ནོ། ། དེ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བས་ལྷ་སྦྱིན་གྱི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་གིས་ཙམ་པ་གཞི་དང་བཅས་པ་ཐོབ་བོ། །དེས་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་ཕ་རོལ་གནོན་པའི་འབྲས་བུ་མཐོང་ངམ། འཕགས་པ་མཐོང་ངོ་། །ད་དུང་ ཡང་ཕ་རོལ་གནོན་པ་གྱིས་ཤིག་དང་། ཁྱོད་ཀྱི་མངོན་པར་འཕེལ་བར་འགྱུར་རོ། །དེས་ཙམ་པར་དཔྱད་བབ་པས་གཙེ་བར་བརྩམས་ཏེ་གཙེས་པ་ན་སྐྱེ་བོའི་ཚོགས་འབྲོས་པ་ལ་ཞུགས་ཏེ། ཁ་ཅིག་ནི་རྒྱལ་པོའི་ཁབ་ཏུ་དོང་ངོ་། །ཁ་ཅིག་ནི་ཡུལ་གཞན་དུ་དོང་ནས་ བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་ཕོ་ཉས་བཟླུགས་པ། ལྷ་གཞོན་ནུས་ཙམ་པའི་སྐྱེ་བོ་གཙེས་ཏེ། གཙེས་པ་ན་འབྲོས་ལགས་ཀྱིས། ལྷ་གཞོན་ནུ་དེ་ལས་བཟློག་པར་མཛད་པའི་རིགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཅིའི་ཕྱིར་ཡུལ་མི་ལ་གནོད་པར་བྱེད། དེས་སྨྲས་ པ། ལྷ་དཔུང་རྒྱས་པར་མི་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་གལ་ཏེ་དེ་ལྟ་ན་རྒྱལ་པོའི་ཁབ་འབའ་ཞིག་མ་གཏོགས་པར་ཡུལ་མ་ག་དྷཱ་ཁྱེར་ཅིག །དེས་ཡུལ་མ་ག་དྷཱ་བླངས་ནས་ལྷ་སྦྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། འཕགས་པ་བདག་གིས་རྒྱལ་ པོའི་ཁབ་འབའ་ཞིག་མ་གཏོགས་པ་ཡུལ་མ་ག་དྷཱ་ཐམས་ཅད་ཐོབ་བོ། །དེས་སྨྲས་པ། གཞོན་ནུ་ཕ་རོལ་གནོན་པའི་འབྲས་བུ་ནི་དེ་འདྲས་ཡང་ཕ་རོལ་གནོན་པ་གྱིས་ཤིག །དེས་ཡུལ་མ་ག་དྷཱ་བརླག་པར་བྱ་བར་བརྩམས་པ་ན་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་པ། ལྷ་གཞོན་ནུས་ཡུལ་མ་ག་དྷཱ་བརླག་པར་བགྱིས་ཀྱིས་ཟློག་མཛོད་ཅིག །རྒྱལ་པོས་དེ་བཀུག་སྟེ་སྨྲས་པ། གཞོན་ནུ་ཅིའི་ཕྱིར་ཡུལ་མ་ག་དྷཱ་བརླག་པར་བྱ། དེས་སྨྲས་པ། ལྷ་བདག་གི་སྐྱེ་བོའི་ཚོགས་ཕལ་མོ་ཆེ་རྒྱས་པར་མི་ འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་གལ་ཏེ་དེ་ལྟ་ན་མཛོད་ཅིག་མ་གཏོགས་པ་ཐམས་ཅད་ཁྱོད་ཁོ་ནའི་ཡིན་ནོ། །དེས་རྒྱལ་པོའི་ཁབ་ཀྱང་བླངས་ནས་ལྷ་སྦྱིན་གྱི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་བདག་གིས་མཛོད་ཅིག་མ་གཏོགས་པར་ལོངས་ སྤྱོད་ཐམས་ཅད་ཐོབ་བོ། །དེས་སྨྲས་པ། ཕ་རོལ་གནོན་པའི་འབྲས་བུ་དེ་ཡིན་མོད་ཀྱི་འོན་ཀྱང་རྒྱལ་པོ་རྣམས་ནི་མཛོད་ཀྱི་མཐུ་ཅན་ཡིན་ཏེ། གང་ལ་མཛོད་ཡོད་པ་དེ་རྒྱལ་པོ་ཡིན་པས་མཛོད་ཀྱི་ཕྱིར་ཕ་རོལ་གནོན་པ་གྱིས་ཤིག །དེས་རྒྱལ་པོའི་ཁབ་ཀྱང་བརླག་པར་བྱ་བར་ བརྩམས་པ་ན་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་དང་། ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་དང་། ཙམ་པ་བ་ཐམས་ཅད་སྐྲག་པར་གྱུར་ནས། ཇི་ལྟར་མ་སྐྱེས་དགྲས་མི་མཐོང་བ་དེ་ལྟར་ཕོ་ཉ་བཏང་སྟེ་རྒྱལ་པོ་ལ་གསོལ་པ། ལྷས་བདག་ཅག་བུ་བཞིན་དུ་སོ་ སོར་བསྐྱངས་ན་གཞོན་ནུས་མ་འོས་པ་བཞིན་དུ་བཀྲེན་པར་བགྱིས་པས་ལྷའི་ཡུལ་མི་ཕལ་ཆེར་བྲོས་ལགས་ཏེ། བདག་ཅག་ཀྱང་འབྲོས་པར་འཚལ་ལགས་སོ། །རྒྱལ་པོ་སྙིང་རྗེའི་བདག་ཉིད་ཅན་ཆོས་གཙོར་བྱེད་པ་དེ་མི་བདེ་བ་སྐྱེས་ནས་མ་སྐྱེས་དགྲ་བཀུག་སྟེ། དགའ་བ་ དང་། སྙན་པ་དང་། རྗེས་སུ་མཐུན་པའི་ཚིག་གིས་མགོ་ལ་བྱུགས་ཏེ་སྨྲས་པ། བུ་ངས་ཁྱོད་ལ་ཡུལ་ཐམས་ཅད་བྱིན་ན་ཅིའི་ཕྱིར་ཡི་ཆད་པར་བྱ་སོ་སོར་སྐྱོངས་ཤིག །དེས་སྨྲས་པ། ལྷ་རྒྱལ་པོ་རྣམས་ནི་མཛོད་ཀྱི་མཐུ་ཅན་ལགས་ན། བདག་ལ་མཛོད་ཀྱི་མཐུ་མ་ མཆིས་ན་ཇི་ལྟར་བགྱི། དེས་སྨྲས་པ། གལ་ཏེ་དེ་ལྟ་ན་བཙུན་མོའི་འཁོར་མ་གཏོགས་པ་ཐམས་ཅད་ཁྱོད་ཁོ་ནའི་ཡིན་ནོ། །འོན་ཀྱང་རང་བཞིན་ངན་ཅིང་སྡིག་པའི་གྲོགས་པོ་ཅན་དེ་འདུག་ཏུ་མི་བཏུབ་ཅིང་བརླག་པ་ཁོ་ནར་བྱེད་དོ། །རྒྱལ་པོས་སྤྱོ་བ་དང་བཅས་པས་སྨྲས་པ། བང་མཛོད་དང་། མཛོད་དང་། ཡུལ་ཐམས་ཅད་ཁྱོད་ཁོ་ན་ལ་བྱིན་ན་ཅིའི་ཕྱིར་ད་དུང་རླག་པར་བྱེད། དེ་སྐད་ཅེས་སྨྲས་པ་དང་དེ་ཁྲོས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་སྨོད་པ་གང་ཡིན་པ་དེ་ལ་ཆད་པ་ཅིས་གཅད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཆད་པར་དགུམ་ལགས་མོད། དེས་སྨྲས་པ། དེ་ངའི་ཡབ་ཡིན་པས་ཇི་ལྟར་བསད་ཀྱིས། དེང་ལ་དེ་ཟུང་སྟེ་ཕྱག་སྦལ་དུ་ཆུག་ལ་ཞོག་ཤིག །དེ་ཕྱག་སྦལ་དུ་བཅུག་པ་དང་། རྒྱལ་པོ་དེ་ལ་གྲོང་མི་རྣམས་དགའ་བས་ཡུལ་དེ་ན་གནས་ པའི་སྐྱེ་བོའི་ཚོགས་ཀྱིས་ཐོས་ནས་ཡིད་མི་བདེ་བར་གྱུར་ན་མ་སྐྱེས་དགྲ་གཏུམ་པ་དང་། བརླང་བ་དང་། གཟུ་ལུམས་ཆེ་བས་དེ་ལ་སུ་ཡང་ཁ་ཟེར་མི་ཕོད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་ཕྱག་སྦལ་ན་ལས་ཁོ་ན་ལ་རྟེན་ཅིང་འདུག་པ་དེ་ལ་ལུས་འཕགས་མས་སྣོད་དུ་བཙོས་པ་སྐྱེལ་ བར་བྱེད་དོ། །མ་སྐྱེས་དགྲས་བཙོན་སྲུངས་རྣམས་ལ་དྲིས་པ། ཤེས་ལྡན་དག་རྒྱལ་པོ་བགྲེས་པོ་ཇི་ལྟར་འཚོ་བར་བྱེད། དེ་རྣམས་ཀྱིས་སྨྲས་པ། ལྷ་ཁྱོད་ཀྱི་ཡུམ་གྱིས་སྣོད་ནས་བཙོས་པ་སྐྱེལ་ལགས་སོ། །མ་སྐྱེས་དགྲས་བསྒོ་བ། ཕྱིན་ཆད་བཟའ་བ་དང་བཏུང་བ་ཇི་ལྟར་ཡང་ སྐྱེལ་བར་མི་འགྱུར་བར་ཁོག་ཤིག །བཙུན་མོ་རྣམས་ལ་ཡང་བསྒོ་བ། སུས་ཀྱང་ཕྱག་སྦལ་དུ་བཟའ་བ་དང་བཏུང་བ་བསྐྱལ་བར་མི་བྱའོ། །གང་ཞིག་སྐྱེལ་ན་དེ་ཆད་པས་བསད་དོ། །དེ་ཞེ་གནག་པའི་ལས་ཅན་ཡིན་པར་ཤེས་པས་སུ་ཡང་ཁ་ཟས་སྦྱོར་བ་ཡང་མི་བྱེད་ན་ སྐྱེལ་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ལུས་འཕགས་མ་ཁྱིམ་ཐབ་ལ་སྡུག་པར་འཆུམས་པའི་སྙིང་གིས་ཕྱེའི་འདེ་གུས་ལུས་བྱུགས་ཤིང་རྐང་གདུབ་ཀྱི་སྦུབས་ཆུས་བཀང་ནས་བསྐྱལ་བར་བརྩམས་ཏེ་དེ་དེས་འཚོ་བར་བྱེད་དོ། །བཙོན་སྲུངས་ཀྱི་མི་རྣམས་ཀྱིས་དེའི་ཐབས་ཤེས་མོད་ཀྱི་ རྒྱལ་པོ་དེ་ལ་དགའ་བས་མཐོང་ཡང་མ་སྐྱེས་དགྲ་ལ་མ་སྦྲན་ཏོ། །ཇི་ཙམ་ན་ཡང་མ་སྐྱེས་དགྲས་བཙོན་སྲུངས་ཀྱི་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་བགྲེས་པོ་ཇི་ལྟར་འཚོ་བར་བྱེད། དེ་རྣམས་ཀྱིས་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ལུས་ འཕགས་མ་ཇི་ལྟར་ཡང་ཕྱིས་སྐྱེལ་བར་མི་འགྱུར་བར་ཁོག་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་སྐར་ཁུང་གི་དྲང་ཐད་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཆག་པར་བརྩམས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོས་སྐར་ཁུང་ནས་དྲང་ཐད་ཀྱི་བྱ་རྒོད་ ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་གང་ན་བ་ལ་བལྟས་ནས་དགའ་བསྐྱེད་པས་དེས་ན་སྲོག་དང་བྲལ་བར་མ་གྱུར་ཏོ། །མ་སྐྱེས་དགྲས་ཡང་བཙོན་སྲུངས་ཀྱི་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་བཟའ་བ་དང་བཏུང་བ་ནི་བཀག་ན་ད་ལྟར་རྒྱལ་པོ་བགྲེས་པོ་ཇི་ལྟར་ འཚོ་བར་བྱེད། དེ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དེ་རྗེས་སུ་གཟུང་བའི་སླད་དུ་སྐར་ཁུང་གི་དྲང་ཐད་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཆག་པར་མཛད་པ་དེ་ལ་དེ་གདུགས་རེ་རེ་ཞིང་བཞེངས་ནས་གཟིགས་ལགས་སོ། །དེས་སྨྲས་པ། སྐར་ཁུང་ཁོག་ལ་དེའི་རྐང་པ་གཉིས་ ཀྱང་སྤུ་གྲིས་དྲོས་ཤིག །དེ་རྣམས་ཀྱིས་སྐར་ཁུང་དག་བཀག་དེའི་རྐང་པ་གཉིས་ཀྱང་སྤུ་གྲིས་དྲས་པ་དང་དེ་སྡུག་བསྔལ་གྱི་ཚོར་བས་གདུངས་པས་མཆི་མས་བརྣངས་ཤིང་སྐད་འགགས་ལ་མིག་མཆི་མས་གང་བས་བསམས་པ། བདག་སྡུག་བསྔལ་མི་བཟད་པ་དོག་པ་ཐོབ་ན་བཅོམ་ལྡན་ འདས་ཀྱིས་མ་དགོངས་པ་ལྟ་ཞིག་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ལྟ་བུ་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། བསྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་ འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་ སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ནི་སངས་རྒྱས་ཀྱི་སྤྱན་གྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་འཇིག་རྟེན་ལ་རྣམ་པར་གཟིགས་ནས་གང་ནི་ཉམས། གང་ནི་འཕེལ། གང་ནི་མི་བཟད་པར་གྱུར། གང་ནི་དོག་པར་གྱུར། གང་ནི་སྡུག་བསྔལ་བར་གྱུར། གང་ནི་མི་ བཟད་པ་དང་དོག་པ་དང་སྡུག་བསྔལ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་ནས་དྲངས་ཏེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་ གི་དགེ་བའི་རྩ་བ་བསྐྱེད་པ་དག་ནི་ཡོངས་སུ་སྨིན་པར་བྱ། གང་གི་ཡོངས་སུ་སྨིན་པ་ནི་རྣམ་པར་གྲོལ་བར་བྱ་ཞེས་ཡེ་ཤེས་གཟིགས་པ་ལ་འཇུག་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་སོང་ལ་ ངའི་ཚིག་གིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱོས་ལ་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱི་ཞལ་ནས་དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ་ངས་ཁྱོད་ལ་མཛད་ཟིན་ཏེ། ཁྱོད་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་ དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ནི་རབ་ཏུ་བཞག །འཁོར་བའི་ནི་མཐར་བྱས། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་རྣམས་ཀྱི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ་ན། འོན་ཀྱང་ ཁྱོད་ཉིད་ཀྱི་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་ཁྱོད་ཉིད་ཀྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་ པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ལས་ཀྱི་སྐྱབས་ཅན་དུ་གྱིས་ ཤིག་ཅེས་གསུང་ངོ་། །ཞེས་བྱོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ཏོ། །ཕྱག་སྦལ་དུ་རྒྱལ་པོ་གཟུགས་ཅན་སྙིང་ པོའི་མདུན་དུ་འདུག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་ནད་མེད་པར་གྱུར་ཅིག་ཅེས་གསུང་ངོ་། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་ པོ་བཅོམ་ལྡན་འདས་ཀྱི་ཞལ་ནས་འདི་སྐད་ཅེས། དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ་ངས་ཁྱོད་ལ་མཛད་དེ། ཁྱོད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ནི་རབ་ཏུ་བཞག །འཁོར་བའི་ནི་ མཐར་བྱས། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་རྣམས་ཀྱི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ་ན། འོན་ཀྱང་ཁྱོད་ཉིད་ཀྱི་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་ པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་ཁྱོད་ཉིད་ཀྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་ འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ལས་ཀྱི་སྐྱབས་ཅན་དུ་གྱིས་ཤིག་ཅེས་གསུང་ངོ་། །དེ་ཕྱག་སྦལ་དུ་བཅུག་པ་དང་། སྤུ་གྲིས་རྐང་པ་དྲས་པ་དང་། བཟའ་ བ་དང་བཏུང་བ་དང་བྲལ་བའི་སྡུག་བསྔལ་གྱིས་ཉེན་པས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གང་ན་ཁ་ཟས་བཟང་པོ་འཚལ་ལགས། དེས་སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནའོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ ཇི་ལྟར་སེམས་མཉམ་པར་བཞག་ན་ཕྱག་སྦལ་དེ་ནས་མི་སྣང་བར་གྱུར་ཏེ། བྱ་རྒོད་ཀྱི་ཕུང་པོ་ལ་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མ་སྐྱེས་དགྲའི་བུ་འཆར་བྱེད་བཟང་པོའི་མཛུབ་མོ་ལ་ཕོལ་མིག་བྱུང་བས་དེ་ངུ་བར་གྱུར་ནས་མ་སྐྱེས་དགྲས་དྲུང་དུ་སོང་སྟེ། དེས་དེ་པང་བར་བཞག་ནས་མགུལ་ནས་འཁྱུད། འོ་བྱས། ཀུན་ཏུ་འཁྱུད་ན་འོན་ཀྱང་དེ་ངུ་སྟེ་འདུག་ཏུ་མི་བཏུབ་བོ། །དེ་ནས་མ་སྐྱེས་དགྲས་དེའི་མཛུབ་མོ་ཁར་བཅུག་པ་དང་། ཕོ་ལ་མིག་ཁར་རྡོལ་ནས་མ་སྐྱེས་དགྲས་རྣག་ཁྲགས་ལ་ཕོའོ། །གཞོན་ནུ་འཆར་བྱེད་བཟང་པོས་ རྣག་ཁྲག་དེ་མཐོང་ནས་ལྷག་པར་ངུ་བར་བརྩམས་པ་དང་། བཙུན་མོ་ལུས་འཕགས་མས་འཛུམ་ཕྱུང་བ་མ་སྐྱེས་དགྲས་མཐོང་ནས་སྨྲས་པ། ཡུམ་འདི་ཇི་ལྟ་བུ་ཞིག །དེས་སྨྲས་པ། བུ་ནད་འདི་ནི་ཁྱེད་ཀྱི་ཡབ་མེས་བརྒྱུད་དེ་འོངས་པ་ཡིན་ཏེ། ཁྱོད་ཀྱང་དེ་ལྟར་གྱུར་པ་ན་ཁྱོད་ཀྱི་ ཡབ་ཀྱིས་མཛུབ་མོ་ཁར་བཅུག་པ་དང་། ཕོལ་མིག་རྡོལ་ནས་ཁྱོད་མི་ངུ་བར་བྱ་བའི་ཕྱིར་རྣག་ཁྲག་ས་ལ་མ་ཕོ་བར་ཁོང་དུ་མིད་དོ་དེས་སྨྲས་པ། ཡུམ་བདག་གི་ཡབ་འདི་འདྲ་བར་བྱམས་པར་གྱུར་ཏམ། དེས་སྨྲས་པ། དེ་འདྲའོ། །དེ་ནས་མ་སྐྱེས་དགྲ་ཕ་ལ་ཞེ་སྡང་གི་ཀུན་ནས་ དཀྲིས་པ་དང་བྲལ་ཞིང་རྗེས་སུ་ཆགས་པ་སྐྱེས་ཏེ། དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་ཞིག་ང་ལ་རྒྱལ་པོ་བགྲེས་པོ་གསོན་ནོ་ཞེས་ཟེར་བ་དེ་ལ་ངས་རྒྱལ་སྲིད་ཕྱེད་སྦྱིན་ནོ། །རྒྱལ་པོ་དེ་ལ་གྲོང་མི་དང་ཡུལ་མི་རྣམས་དགའ་བ་ཡིན་པས་སྐྱེ་བོའི་ཚོགས་ཆེན་པོས་ ཕྱག་སྦལ་ལོགས་སུ་བརྒྱུགས་པའི་སྒྲ་རྒྱལ་པོས་ཐོས་ནས་བསམས་པ། ད་ནི་གནོད་པ་མི་བཟད་པ་ཅི་ཞིག་བྱེད་པར་འགྱུར་རོ་སྙམ་སྟེ། སྐྲག་ནས་ཤུགས་ནར་ཞེས་ཕྱུང་སྟེ་ཤི་བ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་བུར་སྐྱེས་ཏེ་པང་དུ་འདུག་ནས་ལྷའི་ བདུད་རྩིས་ལོངས་སྤྱོད་པར་བྱེད་དོ། །རྣམ་ཐོས་ཀྱི་བུས་སྨྲས་པ། ཁྱོད་སུ་ཞིག །དེས་བདག་ནི་རྒྱལ་བ་ཁྱུ་མཆོག་ལགས་སོ། །ཞེས་སྨྲས་པས། དེའི་མིང་རྒྱལ་བ་ཁྱུ་མཆོག་རྒྱལ་བ་ཁྱུ་མཆོག་ཅེས་བྱ་བར་གྲགས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རྒྱལ་པོའི་རིགས་སུ་སྐྱེས་པར་གྱུར་ཅིང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་མཐོང་ བར་བགྱིས་པ་དང་། སྤུ་གྲིས་སུག་པ་རྐང་པ་དྲས་ཏེ་ཕྱག་སྦལ་དུ་སྩལ་ཅིང་བཀྲེས་པ་དང་། སྐོམ་པས་གཟིར་ནས་གུམ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། གཟུགས་ཅན་སྙིང་པོས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་ བ་སངས་རྒྱས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་བ་ཡིན་པས། ཇི་ཙམ་ན་རང་སངས་རྒྱས་ཞིག་ ལྗོངས་རྒྱུ་ཞིང་སྤྱོད་པ་ན་བཱ་རཱ་ཎ་སཱིར་ཕྱིན་ནས་བཱ་རཱ་ཎ་སཱིའི་རྫ་མཁན་ཞིག་གི་ལས་ཁང་དུ་ནུབ་མོ་ཉེ་བར་བརྟེན་ཏེ་གནས་སོ། །འགྲོན་པ་ཞིག་ཀྱང་ལས་ཁང་དེ་ཉིད་དུ་གནས་བཏབ་པ་ལས་དེར་འགྲོན་པ་དེས་བཤང་བ་བྱས་ནས་ནུབ་མོ་ཉིད་ལངས་ཏེ་སོང་ངོ་། །དགྲ་བཅོམ་པ་རྣམས་ དང་། རང་སངས་རྒྱས་རྣམས་ནི་མ་བསམས་པར་ཡེ་ཤེས་མཐོང་བ་མི་འཇུག་པ་ཡིན་པས་རང་སངས་རྒྱས་ཀྱིས་འདི་ཉིད་དུ་བསོད་སྙོམས་སྤྱད་པར་བྱའོ་སྙམ་ནས་དེ་ཉིད་དུ་འདུག་གོ། །ཇི་ཙམ་ན་རྫ་མཁན་ནམ་ནངས་ནས་ལས་ཀྱི་ཁང་པར་ཞུགས་ན་མི་གཙང་བས་མ་རུངས་པར་ བྱས་པ་མཐོང་ངོ་། །མི་ཕལ་པ་རྣམས་ནི་མི་རྟོག་པ་ཡིན་པས་དེས་རང་སངས་རྒྱས་ལ་སེམས་རབ་ཏུ་གདུག་པར་བྱས་ཏེ་དེ་སེམས་རབ་ཏུ་སྡང་བས་སྨྲས་པ། རབ་ཏུ་བྱུང་བ་ཁྱོད་ཀྱི་རྐང་པ་གཉིས་སྤུ་གྲིས་དྲས་སམ་ཅིན་གང་གི་ཕྱིར་ཁྱོད་ཀྱིས་ལས་ཁང་དུ་བཤང་བ་བྱས་ཤིང་ཕྱི་རོལ་ དུ་མ་སོང་། དེས་དེ་སྒོ་བཅད་ནས་འདི་ཉིད་དུ་སྐོམ་པ་དང་བཀྲེས་པས་ཤི་ཤིག་ཅེས་བཞག་གོ། །བདག་ཉིད་ཆེན་པོ་དེས་བསམས་པ། ཉོན་མོངས་པ་འདི་ནི་ཉམས་ཀྱིས་གལ་ཏེ་བདག་གིས་སྒོ་ཕྱེ་སྟེ་སོང་བར་གྱུར་ན་ལྷག་པར་ཡང་ཉམས་པར་འགྱུར་རོ་སྙམ་ནས་དེ་ཅང་མི་སྨྲ་བར་ འདུག་གོ། །ཇི་ཙམ་ན་རྫ་མཁན་དྲོའི་དུས་ལ་བབ་ནས་དེའི་ཞེ་སྡང་གི་ཀུན་ནས་དཀྲིས་པ་དང་བྲལ་ནས་དེས་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་གདུགས་ཚོད་གསོལ་གྱིས་ཚུར་སྤྱོན། རང་སངས་རྒྱས་ཀྱིས་སྨྲས་པ། བཞིན་བཟངས་ཁོ་བོ་དུས་སུ་ལོངས་སྤྱོད་པ་ཡིན་པ་ལས་དུས་ལས་ཡོལ་ཟིན་ ཏོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་འདི་ཉིད་དུ་བཞུགས་ཏེ། སང་བཤོས་གསོལ་ལ་གཤེགས་ཤིག །དེས་དེ་ལ་སྙིང་བརྩེ་བའི་ཕྱིར་ཁས་བླངས་སོ། །དེས་དེ་ཕྱི་དེ་ཉིན་པར་ཁ་ཟས་བསོད་པས་ཚིམ་པར་བྱས་སོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ངག་ གིས་མ་ཡིན་པས་དེ་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་དེ་ཤིང་རྩ་བ་ ནས་བཅད་པ་བཞིན་དུ་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡོན་གནས་ཆེན་པོ་མར་སྤྱོན། མར་སྤྱོན། བདག་འདོད་པའི་འདམ་དུ་བྱིང་བ་ལག་ནས་དྲང་དུ་གསོལ། དེ་བབས་པ་དང་། དེས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་ དམ་པ་འདི་ལྟ་བུ་ལ་གནོད་པ་བགྱིས་པའི་ལས་གང་ལགས་པ་དེའི་སྐལ་བ་ཅན་དུ་མ་གྱུར་ཅིག །བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བགྱིད་ཀྱི་མི་མཉེས་པར་མི་ བགྱིད་པ་དང་། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ཀྱི་རྫ་མཁན་གང་ཡིན་པ་དེ་ནི་གཟུགས་ཅན་སྙིང་པོ་འདི་ཉིད་ཡིན་ཏེ། རང་སངས་རྒྱས་ལ་སེམས་རབ་ཏུ་གདུག་པས་ངག་རྩུབ་པོའི་ལས་ཕྱུང་བ་གང་ཡིན་པ་དེའི་ ལས་ཀྱི་རྣམ་པར་སྨིན་པས་སྤུ་གྲིས་རྐང་པ་གཉིས་དྲས་པ་དང་། ཕྱག་སྦལ་དུ་བཅུག་པ་དང་། སྐོམ་པ་དང་བཀྲེས་པས་ཤི་བ་ཡིན་ནོ། །དེས་བཟོད་པ་གསོལ་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཕྱུག་པ་དང་རྒྱལ་པོའི་རིགས་སུ་སྐྱེས་ནས་ཀྱང་ངའི་སྤྱན་སྔ་ ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་ཐོབ་པར་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ ཀྱི་ནི་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། །། འདུལ་བ་གཞི། བམ་པོ་བརྒྱ་རྩ་གཉིས་པ། བློན་པོ་རྣམས་ཀྱིས་མ་སྐྱེས་དགྲ་ལ་སྨྲས་པ། ལྷ་རྒྱལ་པོ་བགྲེས་པོ་ནི་ནོངས་སོ། །དེས་ཐོས་ནས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་། ཆུས་གཏོར་ནས་དབུགས་སླར་བྱུང་ནས་མྱ་ངན་གྱི་ཁང་པར་ཞུགས་ཏེ་འདུག་གོ། །དེའི་མྱ་ངན་ བསལ་བར་སུས་ཀྱང་མི་ནུས་ནས་བློན་པོ་རྣམས་ཀྱིས་དེའི་མྱ་ངན་བསལ་བ་བརྩལ་བར་བརྩམས་པ་ལས། ཇི་ཙམ་ན་ལྷོ་ཕྱོགས་ནས་གར་མཁན་ཞིག་འོངས་ནས། བློན་པོ་རྣམས་ཀྱིས་དེ་དེའི་མདུན་དུ་གར་བྱེད་དུ་བཅུག་ཀྱང་མ་སྐྱེས་དགྲ་ཡིད་མི་བདེ་བ་ཉིད་པས་སུས་ཀྱང་དེ་ལ་ལེགས་ སོ་ཞེས་བྱ་བ་མ་བྱིན་ནས། གར་མཁན་ཕྱིར་བྱུང་བ་དང་བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་སོ། །དེས་བཅོམ་ལྡན་འདས་མཐོང་ནས་དེས་བསམས་པ། སྐྱེས་བུ་དམ་པ་འདི་ལྟ་བུ་དག་ལ་བྱས་དང་དེས་བདག་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ཞིག་སྙམ་སྟེ། དེ་བཅོམ་ལྡན་ འདས་ལ་སེམས་མངོན་པར་དད་པས་རྫ་རྔ་ཆེན་པོ་བརྡུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དག་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོ། ཁ་ཅིག་ནི་སྟེང་དུ་འགྲོ་ལ། གང་དག་འོག་ཏུ་དོང་བ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་ དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཅུ་ཟེར་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་སྟེ། སེམས་ཅན་དམྱལ་བ་ཚ་བ་གང་ཡིན་པ་དེ་དག་ནི་བསིལ་ བར་གྱུར་ཏེ་འབབ་པར་བྱེད་ལ། སེམས་ཅན་དམྱལ་བ་གྲང་བ་གང་ཡིན་པ་དེ་དག་ཏུ་དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་ཅན་དམྱལ་བ་དེ་དག་གི་གནོད་པའི་བྱེ་བྲག་དག་རྒྱུན་གཅོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ ཏེ་གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དད་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་གཏོང་བར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་འདི་ནས་ཤི་འཕོས་པ་ཡང་མ་ཡིན་ལ་གཞན་དུ་ སྐྱེས་པ་ཡང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་བྱེ་བྲག་དག་རྒྱུན་ཆད་པར་གྱུར་ཏོ་སྙམ་མོ། །དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་ བདེན་པ་དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་དོ། །གང་དག་སྟེང་དུ་འདོང་བ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་ དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་བ་དང་། མི་ ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོག་པར་བྱེད་ཅིང་། ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་ བྱེད་པར་འགྱུར། །ཞེས་བྱ་བར་ཡང་སྒྲོགས་སོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་རྗེས་བཞིན་རྗེས་བཞིན་དུ་འགྲོ་སྟེ། དེ་ལ་གལ་ཏེ་བཅོམ་ལྡན་འདས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་ བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ ན་ནི་རྟིང་བར་ནུབ་པར་འགྱུར། ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡོན་པར་ནུབ་ པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡས་པར་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཛོད་ སྤུར་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་སྒོ་ནས་བྱུང་གྱུར་པ། །ཇི་ལྟར་གདུགས་ནི་ཤར་བར་གྱུར་པ་བཞིན། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་ བར་བགྱིས། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་བྲལ་ཞུམ་དང་རྒྱགས་པ་སྤངས་པ་ཡི། །སངས་རྒྱས་འགྲོ་ནང་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་ཉིད་བློས་དུས་མཁྱེན་ ནས། །རྒྱལ་བའི་དབང་པོ་ཐུབ་པ་སྐྱེས་ཀྱི་མཆོག །ཉན་པར་འཚལ་བ་ཉན་པ་པོ་རྣམས་ཀྱི། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་བཟང་པོ་དག་གིས་བསལ་དུ་གསོལ། །ཚྭ་ཆུ་རི་དབང་ལྟ་བུར་བརྟན་པའི་མཆོག །རྫོགས་སངས་རྒྱས་རྣམས་བློ་བུར་འཛུམ་མི་སྟོན། ། བརྟན་པ་ཅི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོ་ཕལ་ཆེན་འདི་དག་དེ་ཉན་འཚལ། །ཀུན་དགའ་བོ་ཁྱོད་ཀྱིས་གར་མཁན་ང་ལ་སེམས་མངོན་པར་དད་པར་བྱས་ནས་རྫ་རྔ་ཆེན་པོ་རྡུང་བར་བྱེད་པ་དེ་མཐོང་ངམ། བཙུན་པ་དེ་མཐོང་ལགས་སོ། །ཀུན་དགའ་བོ་གར་མཁན་ དེ་སེམས་བསྐྱེད་པ་དེས་རང་སངས་རྒྱས་རྔ་སྒྲ་ཞེས་བྱ་བར་འགྱུར་ཏེ། དེའི་སྦྱིན་པའི་ཆོས་ནི་འདི་ཡིན་ཏེ། ང་ལ་སེམས་དད་པར་བྱས་པ་གང་ཡིན་པའོ། །ལྷ་སྦྱིན་གྱིས་མ་སྐྱེས་དགྲ་ལ་སྨྲས་པ། ཁོ་བོས་ཁྱོད་རྒྱལ་སྲིད་ལ་བཞག་པ་ཡིན་གྱིས་ཁྱོད་ཀྱིས་ཀྱང་ཁོ་བོ་སངས་རྒྱས་ཉིད་དུ་སྐོས་ ཤིག །དེས་སྨྲས་པ། བཅོམ་ལྡན་འདས་ནི་སྐུ་གསེར་གྱི་ཁ་དོག་ཏུ་འདུག་ལ་རེ་ཞིག་དང་པོར་གསེར་གྱི་ཁ་དོག་ཉིད་མེད་དོ། །དེས་སྨྲས་པ། ཁོ་བོས་ཀྱང་གསེར་གྱི་ཁ་དོག་ཏུ་སྣང་བར་བསྒྱུར་རོ། །ཞེས་དེས་གསེར་མགར་བཀུག་ནས་སྨྲས་པ། ཁོ་བོའི་ལུས་གསེར་གྱིས་ གཡོགས་ཤིག །དེས་སྨྲས་པ། འཕགས་པ་གལ་ཏེ་ཚོར་བ་མནགས་ཕོང་ནའོ། །དེས་སྨྲས་པ། ཁྱོད་ཀྱིས་གཡོགས་ཤིག་དང་ཕོད་པར་བྱའོ། །དེས་ཙན་ཙུ་ཞེས་བྱ་བའི་འབྲུ་མར་གྱིས་ལུས་བྱུགས་ནས་གསེར་གྱི་གྱིམ་ཕག་གིས་ལུས་གཡོགས་པ་དང་དེ་སྡུག་བསྔལ་མི་བཟད་ པ་ཚབ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་ངོ་། །དགེ་སློང་རྣམས་ཀྱིས་ཀོ་ཀ་ལི་ཀ་ལ་དྲིས་པ། ལྷ་སྦྱིན་གང་ན། དེས་སྨྲས་པ། ཕྱོགས་ཆེ་གེ་མོ་ཞིག་ན་གསེར་གྱི་ཁ་དོག་ཏུ་སྣང་བར་སྒྱུར་རོ། །དགེ་སློང་རྣམས་ཕྱོགས་དེར་སོང་བ་དང་། དེ་རྣམས་ཀྱིས་དེ་སྡུག་ བསྔལ་གྱི་ཚོར་བས་ཉེན་ཏེ། ཀུ་ཅོ་འདོན་པ་ཐོས་ནས་དེ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་གསེར་གྱི་ཁ་དོག་དོན་དུ་གཉེར་བས་སྡུག་ བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་མཆི་བའི་ཚོར་བ་ཉམས་སུ་མྱོང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདི་འདས་པའི་དུས་ན་ཡང་གསེར་གྱི་ཞྭ་དོན་དུ་གཉེར་བའི་ཕྱིར་ཚུལ་མ་ཡིན་པས་ སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱོ་ལམ་རིང་པོར་སོང་བའི་བུད་མེད་ཅིག་ཡོད་པ་དེའི་མདུན་དུ་བྱ་རོག་ཅིག་སྐད་སྙན་པ་སྙན་པར་འབྱིན་ནས་དེས་སྨྲས་པ། བྱ་རོག་སོང་ཤིག་བྱ་རོག་སོང་ཤིག་གལ་ཏེ་བདག་གི་ཁྱིམ་ཐབ་ བདེ་བར་འཁོར་ན་ཁྱོད་ལ་གསེར་གྱི་ཞྭ་ཞིག་སྦྱིན་ནོ། །ཅི་ཙམ་ན་དེའི་ཁྱིམ་ཐབ་དེ་ཡང་བདེ་བར་སླར་འོངས་སོ། །བྱ་རོག་དེ་གསེར་གྱི་ཞྭའི་ཆེད་དུ་དེའི་མདུན་དུ་འདུག་ནས་སྐད་སྙན་པ་སྙན་པར་ཕྱུང་བ་དང་དེ་ནས་དེས་དེ་ལ་གསེར་གྱི་ཞྭ་ཞིག་བྱིན་ནོ། །དེས་དེ་གྱོན་ནས་ཕན་ཚུན་དུ་ལྡིང་བ་ དང་། དེ་གསེར་གྱི་ཞྭའི་ཕྱིར་བྱ་ཁྲས་མགོ་བཅད་དོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། དོན་མེད་གཞི་དང་ལྡན་པ་ཡི། །ནོར་ནི་ཕུང་བར་འགྱུར་བ་སྟེ། །གང་གི་མགོ་ལ་གསེར་ཡོད་པའི། །བྱ་རོག་གིས་ནི་ཕུང་བྱེད་བཙལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྱ་རོག་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་གསེར་གྱི་རྒྱུས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་འདི་གསེར་གྱི་ཁ་དོག་དོན་དུ་གཉེར་བའི་ཕྱིར་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་ འོང་བའི་ཚོར་བ་ཉམས་སུ་མྱོང་བར་གྱུར་ཏོ། །གཞན་ཡང་ལྷ་སྦྱིན་གྱིས་མ་སྐྱེས་དགྲ་ལ་སྨྲས་པ། ཁོ་བོས་ནི་ཁྱོད་རྒྱལ་སྲིད་ལ་བཞག་གིས་ཁྱོད་ཀྱིས་ཀྱང་ཁོ་བོ་སངས་རྒྱས་ཉིད་དུ་ཆུག་ཤིག །དེས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་ནི་འཁོར་ལོའི་མཚན་གྱིས་ མཚན་པའི་རྟགས་ཡོད་ན། ཁྱོད་ཀྱི་རྐང་པའི་མཐིལ་ལ་ནི་འཁོར་ལོའི་མཚན་གྱིས་མཚན་པའི་རྟགས་མེད་དོ། །དེས་སྨྲས་པ། ཁོ་བོས་ཀྱང་རྐང་པའི་མཐིལ་ལ་ནི་འཁོར་ལོའི་རྟགས་བསྒྲུབ་པར་བྱའོ་ཞེས་དེས་ལྕགས་མགར་རྣམས་བཀུག་ནས་སྨྲས་པ། ཁོ་བོའི་རྐང་མཐིལ་ལ་ འཁོར་ལོ་འདྲི་ནུས་སམ། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་གལ་ཏེ་ཚོར་བ་མནགས་ཕོད་ནའོ། །དེས་སྨྲས་པ། ཕོད་ཀྱིས་གྱིས་ཤིག །དེ་རྣམས་ཀྱིས་བསམས་པ། འདི་མཐུ་དང་ལྡན་པ་ཡིན་པས་གལ་ཏེ་འདི་བཞིན་དུ་བྲིས་ན་རྡོག་པས་བདག་ཅག་སྲོག་དང་ཕྲལ་བར་ འགྱུར་བའི་གནས་གང་ཡིན་པ་འདི་ཡོད་དོ་སྙམ་ནས། དེ་རྣམས་ཀྱིས་རྩིག་པ་འབིགས་སུ་བཅུག་ནས་སྨྲས་པ། འཕགས་པ་རྩིག་པའི་བུ་ག་འདིར་རྐང་པ་གཉིས་ཆུག་ཤིག །དེས་རྩིག་པའི་བུ་གར་རྐང་པ་གཉིས་བཅུག་པ་དང་ལྕགས་མགར་རྣམས་ཀྱིས་འཁོར་ ལོ་མེའི་ཁ་དོག་ཏུ་འདུག་པར་བྱས་ནས་རྐང་པ་བསྲེགས་པ་དང་། དེ་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་ཀོ་ཀ་ལི་ཀ་ལ་དྲིས་པ། ལྷ་སྦྱིན་གང་ན། ཕྱོགས་ག་གེ་མོ་ཞིག་ན་རྐང་པའི་མཐིལ་ལ་འཁོར་ལོའི་ རྟགས་སྒྲུབ་བོ། །དགེ་སློང་རྣམས་ཕྱོགས་དེར་སོང་བ་དང་དེ་རྣམས་ཀྱིས་དེ་སྡུག་བསྔལ་གྱི་ཚོར་བས་ཉེན་ཅིང་ཀུ་ཅོ་འདོན་པ་ཡང་ཐོས་ནས་དེ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་རྐང་པའི་མཐིལ་ལ་འཁོར་ལོའི་རྟགས་དོན་དུ་གཉེར་བས་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་མཆི་བའི་ཚོར་བ་ཉམས་སུ་མྱོང་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་ འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་རྐང་རྗེས་ཀྱི་ཕྱིར་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གངས་ཅན་ལ་གླང་པོ་ཆེ་ཞིག་ཡོད་པ་ཆུ་འཐུང་དུ་འབབས་པས་དེའི་ཕྱི་བཞིན་ཝ་ཞིག་ཀྱང་བབས་པ་དང་། དེས་གླང་པོ་ཆེའི་ རྗེས་མཐོང་ནས་བདག་ཉིད་ཀྱི་གོམ་པས་གཞལ་བར་བརྩམས་ཏེ་དེས་བསམས་པ། རྗེས་འདི་ནི་བདག་གི་ཡིན་ནོ་ཞེས་དེ་མཆོང་ཞིང་མཆོང་ཞིང་རྗེས་ཀྱི་སྟེང་དུ་རྐང་པ་འཇོག་པ་ན་སྡོམ་དུམ་ཁྱེའུ་ག་ཞིག་གི་སྟེང་དུ་རྡེག་འཆོས་པར་གྱུར་ཏོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། མདོར་ན་ གླང་ཆེན་རྐང་རྗེས་དང་། །བླུན་པོ་ཁྱོད་རྗེས་མི་འདྲ་ཡི། །དོན་མེད་བློ་འདི་སློངས་བྱོས་ཤིག །ངལ་བ་ཐོབ་པར་གྱུར་ཏ་རེ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཝ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་རྐང་རྗེས་ཀྱི་ཕྱིར་ཚུལ་མ་ཡིན་པས་ སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་འདི་རྐང་པའི་མཐིལ་ལ་འཁོར་ལོའི་རྟགས་དོན་དུ་གཉེར་བའི་ཕྱིར་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནོད་སྦྱིན་ ཀུམ་བི་རའི་གནས་ན་བཞུགས་སོ། །ལྷ་སྦྱིན་གྱིས་ཡང་མ་སྐྱེས་དགྲ་ལ་སྨྲས་པ། ཁོ་བོས་ཁྱོད་ནི་རྒྱལ་སྲིད་ལ་བཞག་ན་ཁྱོད་ཀྱིས་ཁོ་བོ་སངས་རྒྱས་སུ་གཞུག་མ་ནུས་ཀྱིས། ད་ནི་ཁོ་བོས་དགེ་སྦྱོང་གཽ་ཏ་མ་སྲོག་དང་དབྲལ་གྱིས་ཁྱོད་ཀྱིས་སུས་བསད་དམ། གང་དུ་ བསད་པ་མ་སྨྲ་ཤིག །དེས་སྨྲས་པ། དེ་བཞིན་དུ་གྱིས་ཤིག །ཇི་ཙམ་ན་ལྷོ་ཕྱོགས་ནས་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་ཞིག་འོངས་ནས་ལྷ་སྦྱིན་གྱིས་དེ་བཀུག་ནས་སྨྲས་པ། ཀྱེ་སློབ་དཔོན་ཁྱོད་ཀྱིས་མི་ལྔ་བརྒྱས་འཕེན་པ་དེ་ལྟ་བུའི་སྒྱོགས་ནུས་སམ། དེས་ སྨྲས་པ། འཕགས་པ་ནུས་སོ། །དེས་དེ་ལ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་བྱིན་ཞིང་མི་སྟོང་གི་གླ་ཡང་བྱིན་ནས་སྨྲས་པ། གནས་གང་ན་བཅོམ་ལྡན་འདས་བཞུགས་པ་དེའི་དྲང་ཐད་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རིའི་སྟེང་དེར་སྒྱོགས་ཆོས་ཤིག །སྒྱོགས་འཕེན་པའི་མི་ལྔ་བརྒྱ་པོ་དེ་དག་ ཀྱང་འཁོད་དུ་བཅུག་གོ། །གནས་གཞན་ཞིག་ཏུ་ཉིས་བརྒྱ་ལྔ་བཅུ་འཁོད་དུ་བཅུག་ནས་བསྒོ་བ། ཁྱེད་ཅག་གལ་ཏེ་དགེ་སྦྱོང་གཽ་ཏ་མ་སྒྱོགས་ཀྱིས་མ་སོད་ན་ཁྱེད་ཀྱིས་སོད་ཅིག་དེའི་དོན་དུ་གནས་གཞན་དང་གཞན་དུ་ཡང་མི་རྣམས་འཁོད་དུ་བཅུག་ནས་ཐམས་ཅད་ལ་བསྒོ་བ། ཁྱེད་ཅག་ གང་གི་གོར་དགེ་སྦྱོང་གཽ་ཏ་མ་འོངས་དང་དེ་དག་གིས་སོད་ཅིག །བདག་ཉིད་ཀྱང་ཕྱོགས་གཞན་ཞིག་ཏུ་འདུག་ནས་འདི་རྣམས་ཀྱིས་ཤོར་དང་བདག་གིས་བསད་དོ་སྙམ་མོ། །ཇི་ཙམ་ན་མི་ལྔ་བརྒྱས་སྒྱོགས་འཕང་བར་བརྩམས་ཏེ་སྨྲས་པ། སུའི་ཕྱིར་སྒྱོགས་འཕང་། ཇི་ཙམ་ན་སངས་རྒྱས་ བཅོམ་ལྡན་འདས་ཤོད་ན་བཞུགས་པ་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་བདག་ཅག་རང་གི་སྲོག་བཏང་བ་ནི་བླའི་ལྷ་དང་མིས་མཆོད་པའི་སངས་རྒྱས་བཅོམ་ལྡན་འདས་བགྲོངས་པ་ནི་དེ་ལྟ་མ་ཡིན་གྱིས་སྒྱོགས་བོར་རོ་ཞེས་དེ་རྣམས་ཀྱིས་སྒྱོགས་བོར་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ ཕན་ཚུན་དུ་རྒྱུ་ཞིང་གནས་གང་ཞིག་ནས་བབས་ན་ལྷ་སྦྱིན་གྱིས་མི་མཐོང་བར་འགྱུར་སྙམ་མོ། །དེ་རྣམས་ཀྱིས་བསམ་པ། བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་ནས་ཐེམ་སྐས་ཤིག་སྤྲུལ་པ་དང་། དེ་རྣམས་ཀྱིས་ཐེམ་སྐས་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་ཐེམ་སྐས་འདི་སུས་བཙུགས་སྙམ་ན་དེ་ནི་བཅོམ་ལྡན་འདས་ཀྱི་མཐུས་ཡིན་ནོ་སྙམ་ནས། དེ་རྣམས་ཀྱི་ལྷག་པར་ཡང་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་གྱུར་ཏེ་ཐེམ་སྐས་དེ་ལས་བབས་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །བཅོམ་ལྡན་འདས་ཀྱང་ དེ་དག་གདུལ་བ་ཁོ་ན་ལ་ལྟོས་ནས་བྱ་རྒོད་ཕུང་པོའི་རི་ལ་འཆག་ཅིང་བཞུགས་སོ། །དེ་ནས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔ་ན་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་ དང་། ཁམས་དང་། རང་བཞིན་མཁྱེན་ནས་གང་ཐོས་པས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆས་བཤད་པ་མཛད་པས། དེ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་ བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་བ་དང་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་བདག་ཅག་ལ་ཕས་མ་བགྱིས། མས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། སྡུག་པས་མ་ལགས། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ ལགས། སྔོན་གྱི་འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་མ་ལགས་པ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་མཛད་དེ། དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ ནི་རབ་ཏུ་བཞག །འཁོར་བའི་ནི་མཐར་བགྱིས། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་གི་སྒོ་རྣམས་ནི་བསྐུམ། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་ རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ལྡན་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ཏེ། བཙུན་པ་བདག་ཅག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་ཅག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བཅོམ་ ལྡན་འདས་ཀྱིས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་དུ་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བསླབ་པའི་གཞི་ལྔ་རྣམས་བླང་བར་བརྩམས་སོ། །འཁྲུལ་འཁོར་ གྱི་སྒྱུ་རྩལ་གྱི་སློབ་དཔོན་ཡང་འདི་ནི་སངས་རྒྱས་བཅོམ་ལྡན་འདས་བགྲོངས་པར་བྱེད་པ་ཡིན་ནོ་སྙམ་དུ་བསམས་ནས། དེ་རྣམས་ཀྱི་ཕྱི་བཞིན་ཐེམ་སྐས་ལ་བབས་ནས་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་ཁྱེར་ཏེ་བྲོས་སོ། །ལྷ་སྦྱིན་ནི་རྡོ་བ་འཕེན་པར་དགའ་བས་ཡང་དང་ཡང་དུ་ལྟ་བ་ན་མ་ འཕངས་སོ་སྙམ་སྟེ། རང་ཉིད་ཀྱིས་མི་ལྔ་བརྒྱ་པོ་གཞན་ཁྲིད་དེ་བྱ་རྒོད་ཀྱི་བུང་པོའི་རི་ལ་འཛེག་པར་བརྩམས་པ་ན། མི་ལྔ་བརྒྱ་པོ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཆོས་ཉན་པ་མཐོང་ངོ་། །མཐོང་ནས་ཀྱང་ལྷག་པར་ཡང་མི་བཟོད་པ་སྐྱེས་ཏེ་ཕྱོགས་གཞན་ཞིག་ནས་བྱ་རྒོད་ཀྱི་ཕུང་ པོའི་རི་ལ་འཛེགས་པ་དང་། ཇི་ཙམ་ན་འཁྲུལ་འཁོར་གྱི་སློབ་དཔོན་ཡང་བྲོས་པར་མཐོང་ནས། དེ་རང་ཉིད་ཀྱིས་འཁོར་ལྔ་བརྒྱ་དང་སྒྱོགས་འཕང་བར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ང་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་ བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་སྙམ་དུ་དགོངས་ནས་མི་ལྔ་བརྒྱ་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤེས་ལྡན་དག་ ལྷ་སྦྱིན་ཀུན་ནས་དཀྲིས་པ་དྲག་པོ་ལ་གནས་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེག་གིས་དེང་ཤིག །འདི་དག་ནི་ངའི་ལས་ཡིན་ནོ། །དེ་ནས་མི་ལྔ་བརྒྱ་པོ་དེ་དག་བྲོས་སོ། །ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེས་འདི་སྙམ་དུ་ སེམས་ཏེ། ལྷ་སྦྱིན་ནི་བཅོམ་ལྡན་འདས་བགྲོངས་པའི་ཕྱིར་ཕ་རོལ་གནོན་པ་བྱེད་དོ་སྙམ་དུ་བསམས་ནས། གནོད་སྦྱིན་ཀུམ་བིར་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། གནོད་སྦྱིན་ཀུམ་བི་ར་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་སྦྱིན་ནི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སྒྱོགས་ ཀྱིས་བཅོམ་ལྡན་འདས་ལ་རྡོ་བ་འཕེན་པར་རྩོམ་ལ། བཅོམ་ལྡན་འདས་ནི་ཁྱོད་ཀྱི་གནས་ན་བཞུགས་ན། དེ་ལ་ཁོ་བོས་འབད་དེ་རྡོ་བ་བར་སྣང་ལ་རྡོ་རྗེས་ཕྱེ་མར་བརླག་ན་གལ་ཏེ་ཕྱེ་མར་བརླགས་པའི་དུམ་བུས་བཅོམ་ལྡན་འདས་ཀྱི་སྟེང་དུ་འབབ་པར་འགྱུར་གྱིས། ཁྱོད་ཀྱིས་ གྲོགས་གྱིས་ཤིག །དེས་སྨྲས་པ། བདག་བཀའ་བཞིན་འཚལ་བཅོམ་ལྡན་འདས་ཀྱིས་ནི་བླ་གབ་མེད་པ་ན་བཞུགས་བཞུགས་ནས་རིའི་ཕུག་ཏུ་གཤེགས་སོ། །ལྷ་སྦྱིན་འཁོར་ལྔ་བརྒྱ་པོས་སྒྱོགས་དྲངས་ཏེ་བཅོམ་ལྡན་འདས་ལ་རྡོ་བ་འཕངས་སོ། །གནོད་སྦྱིན་ལག་ན་རྡོ་རྗེའི་ རྡོ་རྗེས་ཕྱེ་མར་བྱས་པ་ལས་དེའི་ཕྱེད་བཅོམ་ལྡན་འདས་ཀྱི་གནས་སུ་ལྷུང་ངུ་ཆ་བ་གནོད་སྦྱིན་ཀུམ་བི་རས་ལེགས་པར་མ་ཟིན་པ་དེས་བསད་ནས་རྡོ་བའི་དུམ་བུ་ཡར་བ་ཞིག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་རྨ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་ སྩལ་པ། གང་དུ་གནས་ན་ལས་ཀྱིས་མི་རྫི་བའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ཉིད་མིན་རྒྱ་མཚོའི་ནང་མིན་ཞིང་། །རི་བོའི་ཕུག་ཏུ་ཞུགས་པའང་མ་ཡིན་ནོ། །གནོད་སྦྱིན་ཀུམ་བི་ར་ཡང་དགེ་བའི་སེམས་ཀྱིས་ཤི་སྟེ་ཤི་ནས་སུམ་བཅུ་རྩ་གསུམ་པའི་ལྷ་གྱ་ནོམ་པ་ རྣམས་ཀྱི་ནང་དུ་སྐྱེས་སོ། །ཆོས་ཉིད་ཀྱིས་ལྷའི་བུའམ་ལྷའི་བུ་མོ་ནི་སྐྱེས་ནས་རིང་པོ་མ་ལོན་པར་སེམས་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་ཡིན་པའོ། །དེས་གནོད་སྦྱིན་ལས་ཤི་འཕོས་པ་དང་། སུམ་བཅུ་རྩ་གསུམ་ པའི་ལྷ་གྱ་ནོམ་པ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་པ་ཡིན་པར་མཐོང་སྟེ། དེ་ནས་སྔོན་གནོད་སྦྱིན་བྱེད་བྱེད་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། ཞག་ལོན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ་སྙམ་ནས། དེ་ནས་སྔོན་གནོད་སྦྱིན་བྱེད་བྱེད་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དྲི་མ་མེད་ཅིང་གཡོ་བ་ཐོགས་པ། དོ་ཤལ་དང་སེ་མོ་དོས་ལུས་བརྒྱན་ནས་དེ་ཉིད་ཀྱི་མཚན་མོ་ལྷ་རྣམས་ཀྱི་མེ་ ཏོག་ཨུཏྤལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ ཕྱིར་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་པས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་པས་སྔོན་གནོད་སྦྱིན་བྱེད་བྱེད་པའི་ལྷའི་བུ་འཇིག་ ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་བདག་ལ་ཕས་མ་ལགས། མས་མ་ལགས། རྒྱལ་པོས་མ་ལགས། ལྷ་ རྣམས་ཀྱིས་མ་ལགས། སྡུག་པས་མ་ལགས། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས། སྔོན་གྱི་འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་བྲམ་ཟེས་མ་ལགས་པ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་ བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་རྣམས་ཀྱི་སྒོ་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། ལྷ་དང་མི་རྣམས་སུ་ནི་བདག་རབ་ཏུ་བཞག་གོ། །ཡང་གསོལ་པ། ཁྱོད་མཐུས་ཉེས་པ་མང་ལྡན་མི་བཟད་པའི། །ངན་སོང་ལམ་བཀག་བསོད་ནམས་མང་ པོ་ཡི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ལམ་ཡང་ཐོབ་པར་གྱུར། །ཁྱོད་ལ་བརྟེན་ནས་ཤིན་ཏུ་རྣམ་དག་མིག །ཉེས་བྲལ་དག་པ་དེ་རིང་བདག་གིས་ཐོབ། །གོ་འཕང་ཞི་བ་འཕགས་པ་རྗེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་ལགས་ སོ། །འགྲོ་བར་ལྷ་མིན་ལྷ་དང་མིས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བར་རབ་དཀའ་བ། །ཐུབ་པ་དེང་ཁྱོད་མཐོང་བའི་འབྲས་བུ་མཆིས། །དེ་ནས་དོ་ཤལ་རབ་འཕྱང་དག་འགྱུར་པ། །ཞབས་གཉིས་ལ་ནི་མངོན་པར་ཕྱག་ འཚལ་ནས། །དགྲ་ཐུབ་པ་ལ་གཡས་ནས་བསྐོར་བྱས་ནས། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་གནོད་སྦྱིན་བྱེད་བྱེད་པའི་ལྷའི་བུ་ཚོང་བ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཐོག་ལེགས་པ་ལྟ་བུ་དང་། དཔའ་བོ་གཡུལ་ངོ་རྒྱལ་བ་ལྟ་བུ་དང་། ནད་པ་ ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་འབྱོར་བ་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བའི་འབྱོར་བ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་རྣམས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་རྗེས་སུ་བརྩོན་པས་གནས་པ་ན། དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ སྤྱན་སྔ་ན་སྣང་བ་རྒྱ་ཆེན་པོ་དེ་མཐོང་ངོ་། །མཐོང་ནས་ཐེ་ཚོམ་སྐྱེས་ཏེ་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་མཆིས་ ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངལ་བལྟ་བའི་ཕྱིར་འོངས་པ་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་མ་ཡིན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ཡང་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ལྷ་སྦྱིན་ང་བསད་པའི་ཕྱིར་འབད་ པས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་སྒྱོགས་ཀྱི་རྡོ་འཕངས་པ་གང་ཡིན་པ་དེ་བར་སྣང་ཉིད་ལ་གནོད་སྦྱིན་ལག་ན་རྡོ་རྗེས་ཕྱེ་མར་བྱས་པ་དེའི་ཕྱེད་ངའི་སྟེང་དུ་ལྷུང་བ་གནོད་སྦྱིན་ཀུམ་བི་རས་གཟུང་ཉེས་པས་དེ་དེས་བསད་དོ། །ང་ལ་སེམས་མངོན་པར་དད་པར་བྱས་ནས་ཤི་བས་སུམ་བཅུ་རྩ་གསུམ་པའི་ལྷ་གྱ་ ནོམ་པ་རྣམས་ཀྱི་ནང་དུ་སྐྱེས་པ་ཡིན་ཏེ། དེ་མདང་སུམ་ངའི་སྤྱན་སྔར་འོངས་ནས་ངས་དེ་ལ་ཆོས་བཤད་དེ་བདེན་པ་མཐོང་བར་བྱས་ནས་རང་གི་གནས་སུ་སོང་བ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པས། དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་ པར་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་གནོད་སྦྱིན་ཀུམ་བི་རས་བཅོམ་ལྡན་འདས་ཀྱི་སླད་དུ་བདག་ཉིད་ཡོངས་སུ་བཏང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ དག་ད་ལྟར་གྱི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདིས་ངའི་ཕྱིར་བདག་ཉིད་ཡོངས་སུ་བཏང་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་ མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཡོད་པའི་བསྟི་གནས་རྩ་བ་དང་། མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་དང་། བྱ་སྣ་ཚོགས་སྐད་འབྱིན་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་སྤྱོད་པ་ཆུ་ དང་རྩ་བ་དང་འབྲས་བུ་ལ་ལོངས་སྤྱོད་པ། པགས་པ་དང་ཤིང་ཤུན་གྱོན་པ་ཞིག་གནས་སོ། །དེའི་བསྟི་གནས་ཀྱི་ཉེ་འཁོར་ན་རྔོན་པ་ཞིག་རི་དགས་བསད་ཅིང་འཚོ་བར་བྱེད་དེ། དེ་དུས་དུས་སུ་དྲང་སྲོང་དེའི་གན་དུ་འོང་ངོ་། །དྲང་སྲོང་དེས་ཀྱང་དེ་ལ་ཅི་ནས་ཀྱང་རྔོན་པ་འདིས་བདག་གི་ཉེ་ འཁོར་ན་གནས་པའི་རི་དགས་རྣམས་གསོད་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་ལ་ངལ་སོས་ནས་རྩ་བ་དང་འབྲས་བུས་སྟོབས་པར་བྱེད་པས། དེ་གཉིས་གཅིག་ལ་གཅིག་ཕ་དང་བུའི་འདུ་ཤེས་སྐྱེས་པར་གྱུར་ཏེ་རྔོན་པས་ནི་དྲང་སྲོང་ལ་ཕ་ཞེས་ཚིག་ཏུ་འབོད་དོ། །དྲང་སྲོང་གིས་ཀྱང་རྔོན་པ་ལ་ བུ་ཞེས་འབོད་དོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་ནང་པར་སྔར་ལངས་ཏེ་རི་དགས་ཤོར་དུ་ཕྱིར་བྱུང་བ་དེས་རི་དགས་ཤིག་ལ་མདས་ཤི་གསོར་དུ་བསྣུན་པ་དང་དྲང་སྲོང་དེའི་བསྟི་གནས་སུ་ཞུགས་སོ། །དེར་ཡང་རྒྱལ་པོས་ལྕགས་མདས་གནད་དུ་བསྣུན