Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
་པའི་དགེ་སློང་གང་ཡིན་པ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ལ་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས། དེ་ན་འདི་འཆི་བའི་དུས་ལ་བབ་པ་ན་སྨོན་ལམ་བཏབ་པ། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ཀྱིས། དགེ་ བའི་རྩ་བ་གང་ཡིན་པ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་གང་ཡིན་པ་དེ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པར་གྱུར་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་བྱས་ནས། ཇི་ལྟར་བདག་གི་མཁན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བཏབ་པ་དེའི་སྨོན་ལམ་གྱི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་ གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་དག་དེ་ལྟ་བུ་ལ་ཁྱེད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བདུད་འབྱུང་པོ་འཁོར་དང་བཅས་པ་བྱེ་བ་ཕྲག་སུམ་བཅུ་རྩ་ དྲུག་བཅོམ་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དེའི་ཚེ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གྲོང་ཁྱེར་སེར་སྐྱའི་གཞིར་རྒྱལ་པོ་བཙུན་མོ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་དང་བཅས་པ་ལ་དགེ་སྦྱོང་གཽ་ཏ་མ་ནི་དེ་རིང་ཤིའོ་ཞེས་བསྒྲགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་དང་བཅས་པས་མྱ་ངན་བྱ་བར་བརྩམས་པ་དང་། ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་མ་ནོངས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བླ་ན་ མེད་པའི་ཡེ་ཤེས་བརྙེས་སོ། །ད་ནས་རྒྱལ་པོ་ཟས་གཙང་གིས་ཀུན་དགའ་བ་བྱས་ཏེ་ཀུན་དགའ་བར་གྱུར་པ་དེའི་ཚེ་བདུད་རྩི་ཟས་ཀྱི་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། ཁྱེའུ་འདི་ཀུན་དགའ་བར་གྱུར་པ་ན་བཙས་པས་ཁྱེའུའི་མིང་ཀུན་དགའ་བོ་ཞེས་གདགས་སོ་ཞེས་དེའི་མིང་ཀུན་དགའ་བོ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ཀུན་དགའ་བོ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་ གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དེ། དེ་མ་མའི་པང་ན་འཚོ་བ་ན་མཚན་མཁན་རྣམས་ཀྱིས་ཁྱེའུ་འདིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རིམ་གྲོ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བདུད་རྩི་ཟས་ཀྱིས་ཁྱེའུ་མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ་ཞེས་ཐོས་ནས་དེས་བསམས་པ། གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་དུ་འོང་ངོ་ཞེས་སྤྱན་སྔར་མི་འབབ་པར་བྱའོ་སྙམ་ནས། གང་གི་ཚེ་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་པ་དེའི་ཚེ་དེ་ཡངས་པ་ཅན་དུ་སྐྱེལ་ལོ། །གང་གི་ཚེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་སླར་ཡང་སེར་སྐྱའི་གཞིར་ ཁྱེར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ལྟ་བུ་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མི་མངའོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་ པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་། ལྷག་མཐོང་གིས་བཞུགས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ལེགས་པར་གནས་པ། བསྡུ་བའི་ དངོས་པོ་བཞི་ལ་ཡུན་རིང་པོ་ནས་གོམས་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ་བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ནི་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ གཟིགས་ནས་གང་ནི་ཉམས་པར་འགྱུར། གང་ནི་འཕེལ་བར་འགྱུར། གང་ནི་གནོད་པར་འགྱུར། གང་ནི་ཉམ་ང་བར་འགྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་ལས་བསླང་སྟེ་མཐོ་རིས་དང་ཐར་པ་ལ་གཞག་པར་བྱ། གང་གི་དགེ་བའི་རྩ་བ་མ་བསྐྱེད་པ་དག་ནི་བསྐྱེད་པར་བྱ། གང་གི་བསྐྱེད་པ་དག་ནི་ཡོངས་སུ་སྨིན་པར་བྱ། གང་གི་སྨིན་པ་ནི་གྲོལ་བར་བྱ། ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ། ཡང་སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གཞོན་ནུ་ཀུན་དགའ་བོ་ནི་སྲིད་པ་ཐ་མ་པ་ཡིན་པས་དེ་ངའི་བསྟན་པ་ལ་ རབ་ཏུ་འབྱུང་སྟེ། རབ་ཏུ་བྱུང་ནས་ངའི་རིམ་གྲོ་བྱེད་ཅིང་གསུང་རབ་འཛིན་པ་དང་། ང་ཡོངས་སུ་མྱ་ངན་ལས་འདས་ནས་བདུད་རྩི་ཐོབ་པར་འགྱུར་གྱིས། མ་ལ་ངས་གཞོན་ནུ་ཀུན་དགའ་བོ་བསྟན་པ་ལ་གཞུག་པར་བྱའོ་སྙམ་ནས་མ་ཚོར་བ་ཁོ་ནར་གྲོང་ཁྱེར་སེར་སྐྱའི་གཞིར་བྱོན་ནས་བདུད་ རྩི་ཟས་ཀྱི་གནས་ཁང་དུ་གཤེགས་ཏེ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བདུད་རྩི་ཟས་ཀྱིས་གཞོན་ནུ་ཀུན་དགའ་བོ་ཁང་ཕྲན་གཞན་ཞིག་གི་ནང་དུ་བཅུག་སྟེ་བཞག་གོ། །བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ན་སྒོ་རང་བྱེ་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་ནས་ཐོག་མ་ཁོ་ནར་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བསིལ་ཡབ་བླངས་ནས་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ནས་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། །དེ་ནས་བདུད་རྩི་ཟས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་ གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་རྩི་ཟས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་ མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་བཞུད་དོ། །རྒྱུའི་སྟོབས་ཆེ་ཡང་རྐྱེན་གྱི་སྟོབས་ལ་ལྟོས་དགོས་པས་སྲིད་པ་ཐ་མ་ པའི་སེམས་ཅན་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རྗེས་བཞིན་རྗེས་བཞིན་འབྲང་བ་ན། བདུད་རྩི་ཟས་ཆུང་མའི་འཁོར་དང་བཅས་པས་བཟློག་པར་མ་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སྲིད་པ་ཐ་མ་པའི་སེམས་ཅན་ཡིན་པས་ཁྱེད་ཀྱིས་བཟློག་པར་མི་ནུས་ ཀྱིས་མ་ཟློག་ཤིག །བདུད་རྩི་ཟས་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གྱུར་ན་འདི་ལ་རིམ་པ་བཞིན་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བྱོས་ཤིག །དེ་ནས་བདུད་རྩི་ཟས་ཀྱིས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་ པ་དང་། འགྲོ་བར་ཆས་པའི་སློང་བ་པ་རྣམས་ཀྱི་ཕྱིར་སྦྱིན་པ་དག་གཏོང་དུ་བཅུག །བསོད་ནམས་དག་བྱེད་དུ་བཅུག །རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་རྣམས་ལ་ཡང་བཟོད་པ་གསོལ་དུ་བཅུག་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། གླང་པོ་ཆེ་ལ་ཞོན་ནས་སྐྱེ་བོ་དུ་མས་ཡོངས་སུ་ བསྐོར་ཏེ། ནྱ་གྲོ་ངྷའི་ཀུན་དགའ་ར་བ་ལོགས་སུ་ཕྱོགས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཏང་ངོ་། །དེ་ཡང་སྲང་གི་དབུས་ནས་འགྲོ་བ་ན་གླང་པོ་ཆེས་ཨུཏྤ་ལའི་ཆུན་པོ་ཞིག་ཟོས་སོ། །མཚན་མཁན་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་འདི་ནི་ཐོས་པ་འཛིན་པ་ རྣམས་ཀྱི་མཆོག་ཏུ་འགྱུར་རོ། །དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ནྱ་གྲོ་ངྷའི་ཀུན་དགའ་ར་བར་ཞུགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་གཞོན་ནུ་རབ་ཏུ་ཕྱུང་ཤིག་ཅེས་འོད་སྲུང་སྟོབས་བཅུ་ལྡན་ལ་གཏད་ནས་དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་སེར་སྐྱའི་གཞིར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་ རྒྱལ་པོའི་ཁབ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕོལ་མིག་བྱུང་ནས་བཅོམ་ལྡན་འདས་ཀྱིས་འཚོ་བྱེད་ལ་ བཀའ་སྩལ་པ། དགེ་སློང་ཀུན་དགའ་བོ་ལ་དཔྱད་བྱོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་བཅོམ་ལྡན་འདས་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས་ཆོས་ འཆད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ཆོས་མཉན་པའི་ཕྱིར་དེ་ཉིད་ན་འདུག་གོ། །འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་བསམས་པ། འདི་ཆོས་ལ་དད་པ་བདོ་བར་གྱུར་པས་མི་ཚོར་གྱིས་དཔྱད་བྱ་བའི་དུས་ལ་བབ་བོ་སྙམ་ནས། དེས་དེའི་ཕོལ་མིག་སྨིན་པར་འགྱུར་བ་དག་ བསྐུས་ནས་དེ་ཉིད་དུ་དྲལ་ཏེ་དེ་ཉིད་དུ་སོས་པར་བྱས་སོ། །དེ་ན་ཆོས་བཤད་པ་རྫོགས་ནས་འཚོ་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་འཕགས་པ་ཀུན་དགའ་བོ་འདི་ཉིད་ན་མཆིས་བཞིན་དུ་ཕོལ་མིག་སྨིན་པར་བགྱིས་ཏེ་བརྟོལ་ནས་སོས་པར་བགྱིས་ལགས་སོ། །ཚེ་ དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གལ་ཏེ་བདག་གི་ལུས་ཏིལ་འབྲུ་ཙམ་དུ་གཏུབས་པར་གྱུར་ཀྱང་བདག་གིས་མི་ཚོར་ལགས་སོ། །བཅོམ་ལྡན་འདས་ཀྱི་ཆོས་ལས་བྱུང་བའི་དད་པས་བསམ་པ་བསྡུས་པ་ལ་འཚོ་བྱེད་མཆོག་ཏུ་ཡ་མཚན་སྐྱེས་སོ། །དགེ་སློང་རྣམས་ཐེ་ཚོམ་ སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་ལས་ཅི་ཞིག་བགྱིས་ན། དེས་ན་སྤྱི་བོར་ཕོལ་མིག་བྱུང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ ཀུན་དགའ་བོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་ཡུལ་མཐའ་འཁོབ་ཅིག་ན་རྒྱལ་པོ་ཀི་ར་ཏ་ཞེས་བྱ་བ་གནས་སོ། །སངས་རྒྱས་རྣམས་ འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་བ་དག་འབྱུང་བར་འགྱུར་བས་དེ་ནས་རང་སངས་རྒྱས་ཞིག་དེ་དེར་རྒྱུ་བ་ན་ཀི་ར་ཏའི་གྲོང་ཁྱེར་དུ་ཕྱིན་ནས་དེ་དེར་ བསོད་སྙོམས་ཀྱི་ཕྱིར་ཀི་ར་ཏའི་རྒྱལ་པོའི་ཁྱིམ་དུ་ཞུགས་པ་དང་། དེ་དེ་ལ་མི་བཟོད་པ་སྐྱེས་ཏེ་སེམས་གདུག་པས་འཇིམ་རིལ་གྱི་ངན་ཀོང་གིས་རྒྱབ་ཏུ་བསྣུན་པ་ལས་བདག་ཉིད་ཆེན་པོ་དེ་དྲེགས་པ་དང་ང་རྒྱལ་བཅོམ་པ་ཡིན་པས་དེ་སྣོད་དུ་མ་གྱུར་པར་ཤེས་ནས་སོང་ངོ་། །དགེ་ སློང་དག་ཇི་སྙམ་དུ་སེམས། ཀི་ར་ཏའི་རྒྱལ་པོ་གང་ཡིན་པ་དེ་ནི་དགེ་སློང་ཀུན་དགའ་བོ་དེ་ཉིད་ཡིན་ཏེ། གང་འདིས་རང་སངས་རྒྱས་ལ་མི་བཟོད་པ་སྐྱེས་ཏེ་སེམས་གདུག་པས་འཇིམ་རིལ་གྱི་ངན་ཀོང་གིས་རྒྱབ་ཏུ་བསྣུན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་གང་དང་ གང་དུ་སྐྱེས་པ་དེ་དང་དེར་སྤྱི་བོར་ཕོལ་མིག་བྱུང་བར་གྱུར་ཏོ། །འདི་ལྟར་ད་ལྟར་འདིའི་སྲིད་པ་ཐ་མ་ལ་ཡང་སྤྱི་བོར་ཕོལ་མིག་བྱུང་ངོ་། །གང་གི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བ་དེའི་ཚེ་བཅོམ་ལྡན་འདས་ལ་ལྷག་པར་དད་པ་དང་། གུས་ པ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། འཛེམ་པ་ཉིད་ཀྱིས་ཉེ་བར་གནས་སོ། །གང་གི་ཚེ་སྤྲུལ་པ་ཡིན་ན་ནི་དད་པ་དང་། གུས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། འཛེམ་པ་དེ་འདྲ་བ་དག་གིས་མི་གནས་སོ། །ཇི་ཙམ་ན་ཁྱིམ་བདག་ཅིག་གིས་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱི་མདུན་ གྱིས་བལྟས་ནས་ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་ཏེ། གདུགས་ཚོད་གསོལ་ནས་སླར་གཤེགས་སོ། །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཅི་དེ་རིང་ཁྱོད་བཅོམ་ལྡན་འདས་དང་ཐབས་ཅིག་སོང་ངམ། འོན་ཏེ་སྤྲུལ་པ་ དང་། དེས་སྨྲས་པ། བཅོམ་ལྡན་འདས་དང་ཐབས་ཅིག་སོང་གིས་སངས་རྒྱས་ཀྱི་སྤྲུལ་པ་དང་ནི་མ་ཡིན་ནོ། །ཅི་མངོན་གང་གི་ཚེ་ཁོ་བོ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བ་དེའི་ཚེ་བདག་བཅོམ་ལྡན་འདས་ལ་ལྷག་པར་དད་པ་དང་། གུས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། འཛེམ་པས་ཉེ་བར་གནས་པ་ཡིན་ནོ། །གང་གི་ཚེ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པ་དེའི་ཚེ་དེ་ལྟར་མི་འགྱུར་རོ། །དགེ་སློང་དག་ཕན་ཚུན་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ནི་མཚན་མ་ལ་མཁས་སོ། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་ སློང་ཀུན་དགའ་བོ་མཚན་མ་ལ་མཁས་སོ་ཞེས་བྱ་བའི་སྒྲ་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་མཉེན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་བྲམ་ཟེ་ཞིག་གིས་མཐོང་ནས་བསམས་པ། དགེ་ སྦྱོང་གཽ་ཏ་མའི་ཉན་ཐོས་དགེ་སློང་ཀུན་དགའ་བོ་མཚན་མ་ལ་མཁས་སོ། །ཞེས་ཐོས་པ་གང་ཡིན་པ་དེ་ནི་འདི་ཡིན་གྱིས་རེ་ཞིག་ཤིང་ཤ་པ་ཞེས་བྱ་བ་འདི་ལ་འདབ་མ་དུ་ཡོད་པ་དྲིའོ་སྙམ་ནས་དེས་དེ་ལ་དྲིས་པ། འཕགས་པ་ཤིང་ཤ་པ་འདི་ལ་འདབ་མ་ཇི་སྙེད་མཆིས། དེས་སྨྲས་པ། བརྒྱ་ དང་། སྟོང་དང་། ཁྲི་ཕྲག་འདི་སྙེད་ཡོད་དོ་ཞེས་སྨྲས་ནས་སོང་ངོ་། །བྲམ་ཟེ་དེས་དེ་ལ་ལོ་མ་དག་ཅིག་བཏོགས་ནས་བགྲངས་ཏེ་བོར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བསོད་སྙོམས་སྤྱད་དེ་སླར་ལོག་པ་དང་། བྲམ་ཟེ་དེས་ཡང་སྨྲས་པ། འཕགས་པ་ད་ལྟར་ཤིང་ཤ་ པ་འདི་ལ་འདབ་མ་ཇི་སྙེད་མཆིས་མཁྱེན་ཏམ། དེས་སྨྲས་པ། སྔར་ནི་བརྒྱ་དང་། སྟོང་དང་། ཁྲི་ཕྲག་འདི་སྙེད་ཡོད་པ་ལས་ད་ལས་འདི་སྙེད་ཅིག་བཏོགས་སོ། །བྲམ་ཟེ་དེ་འཕགས་པ་ནི་རྩིས་ལ་ཡང་དེ་ལྟར་མཁས་པ་ལྟ་ཞེས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དགེ་སློང་ རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་ལས་ཅི་ཞིག་བགྱིས་ན་དེས་ན་མཚན་མ་ལ་མཁས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ དགེ་སློང་ཀུན་དགའ་བོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱི་ན་བྲམ་ཟེ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་ཏེ་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་དེ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་རིགས་དང་མཐུན་པའི་མིང་ བཏགས་ནས་གསོས་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེ་ཡུལ་གཞན་དུ་སོང་སྟེ་མཚན་མའི་བསྟན་ཆོས་དྲུག་ཁྲི་བསླབས་སོ། །དེ་བཞིན་དུ་ཚེ་རབས་ལྔ་བརྒྱའི་བར་དུ་འཁོར་བ་ན་འཁོར་བའི་ཚེ་མཚན་མའི་བསྟན་ཆོས་དྲུག་ཁྲི་བསླབས་ཤིང་གཞན་ལ་ཡང་བསྟན་པའི་རྒྱུ་དེ་དང་རྐྱེན་ དེས་གང་དང་གང་དུ་སྐྱེས་པ་དེ་དང་དེར་མཚན་མཁན་རྣམས་ཀྱི་མཆོག་ཏུ་བྱུང་ངོ་། །འདི་ལྟར་ད་ལྟར་གྱི་སྲིད་པ་ཐ་མ་ལ་ཡང་མཚན་མཁན་རྣམས་ཀྱི་མཆོག་ཏུ་བྱུང་ངོ་། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཡང་ཉི་མ་རེ་རེ་ཞིང་དྲོ་ཀའི་དུས་སུ་གཞོང་པར་འབྲས་སཱ་ལུའི་ཆན་དང་། བུ་རམ་ཤིང་གི་སྡོང་བུ་ཞིག་དང་། སྲེག་པ་གཉིས་ལྷུང་ལ་དེ་གཉིས་ལས་གཅིག་ནི་གཞོང་པའི་སྟེང་དུ་འབབ། ཅིག་ཤོས་ནི་ས་ལའོ། །དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རིག་པར་བྱས་ཏེ། དེས་ཀྱང་དགེ་སློང་རྣམས་ལའོ། །དགེ་སློང་རྣམས་ཐེ་ཚོམ་ སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ལས་ཅི་ཞིག་བགྱིས་ན། དེས་ན་འཚལ་མའི་དུས་སུ་གཞོང་བར་འབྲས་སཱ་ལུའི་ཆན་དང་། བུ་རམ་ཤིང་གི་སྡོང་བུ་ཞིག་དང་། སྲེག་པ་གཉིས་ ལྷུང་ལ། དེ་གཉིས་ལས་གཅིག་ནི་གཞོང་པའི་སྟེང་དུ་འབབ། ཅིག་ཤོས་ནི་ས་ལ་ལྷུང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་དག་ཏུ་ལས་བྱས་ཤིང་བསགས་ཏེ། དེས་ ན་འདིའི་ཟས་ཀྱི་དུས་སུ་གཞོང་པར་འབྲས་སཱ་ལུའི་ཆན་དང་། བུ་རམ་ཤིང་གི་སྡོང་བུ་དང་། སྲེག་པ་གཉིས་ལྷུང་ལ། དེ་གཉིས་ལས་གཅིག་ནི་གཞོང་པའི་སྟེང་དུ་འབབ། ཅིག་ཤོས་ནི་ས་ལ་ལྷུང་བར་གྱུར་པ་ནི་དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་ཏེ། དེའི་མངག་གཞུག་པ་རྣམས་ཀྱིས་ཞིང་པའི་གྲོང་ནས་འབྲས་སཱ་ལུ་སར་པ་ཞིག་དང་། སྲེག་པ་གཉིས་དང་། བུ་རམ་ཤིང་གི་སྡོང་བུ་ཞིག་ཁྱེར་ཏེ་འོངས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་ རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་བ་དག་འབྱུང་བར་འགྱུར་བས་དེ་ནས་རང་སངས་རྒྱས་ཞིག་བཱ་རཱ་ཎ་སཱིར་འོངས་ནས་དེ་སྔ་དྲོ་ན་བཟའ་ཤམ་ཐབས་བགོས་ཆོས་གོས་དང་ ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ལ་ཁྱིམ་བདག་དེའི་ཁྱིམ་དུ་ཞུགས་པ་ན་དེས་དེ་ལུས་དེ་མཛེས་པ་དང་། སེམས་དད་པར་མཐོང་ནས་དེས་དེར་དེ་ལ་ཐོག་མར་ལོ་ཏོག་སར་པ་འོན་ཅིག་ཅེས་བྱས་ནས་འབྲས་སཱ་ལུའི་ཆན་དང་། བུ་རམ་ཤིང་གི་སྡོང་བུ་ཞིག་དང་། སྲེག་པ་གཉིས་ ཕུལ་བ་ལས། དེ་ལས་གཅིག་ནི་ལྷུང་བཟེད་དུ་ལྷུང་ངོ་། །ཅིག་ཤོས་ནི་ས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་གང་ཡིན་པ་དེ་ནི་རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ཏེ། འདིས་རང་སངས་རྒྱས་ ལ་འབྲས་སཱ་ལུའི་ཆན་དང་། བུ་རམ་ཤིང་གི་སྡོང་བུ་དང་། སྲེག་པ་གཉིས་ཕུལ་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་མིའི་བདེ་བ་ཉམས་སུ་མྱོང་ངོ་། །ད་ལྟར་ཡང་འདིའི་ཟས་ ཀྱི་དུས་སུ་གཞོང་པར་འབྲས་སཱ་ལུའི་ཆན་དང་། བུ་རམ་ཤིང་གི་སྡོང་བུ་དང་། སྲེག་པ་གཉིས་ལྷུང་སྟེ། དེ་ལས་གཅིག་ནི་གཞོང་པའི་སྟེང་དུ་ལྷུང་ལ། ཅིག་ཤོས་ནི་ས་ལའོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བདག་གི་ལས་ཀྱི་རྒྱུ་བ་ གཅིག་ལུང་བསྟན་པས་སྔོན་གྱི་མཐའི་ནི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོད་དོ་སྙམ་དུ་རིག་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མངོན་པར་དད་དེ་དེ་ལྟར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའི་བློ་གྲོས་ཀྱིས་གནས་སོ། །ལྟས་མཁན་རྣམས་ཀྱིས་ འཕགས་པ་ཀུན་དགའ་བོ་ནི་ཅོད་པན་གྱིས་བཅིངས་པར་འགྱུར་རོ་ཞེས་ལུང་བསྟན་པས་ཅི་ཙམ་ནམ་ནངས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོའི་འཕྲལ་བར་ཕོལ་མིག་བྱུང་ངོ་ཞེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། ཡོན་ གནས་རྣམས་ལ་བྱ་བ་བྱས་ན་བསོད་ནམས་ཀྱི་འབྲས་བུ་ཁྱད་པར་མེད་པར་མི་འགྱུར་བས་མ་ལ་བདག་གིས་འདི་ལ་རང་ཉིད་ཀྱིས་བཀུར་སྟི་བྱའོ་སྙམ་ནས། དེས་སྨན་པ་ཐམས་ཅད་བཀུག་སྟེ། འཕགས་པ་ཀུན་དགའ་བོའི་དཔྱད་གྱིས་ཤིག །དེའི་དཔྱད་གསལ་བ་ན་བྱ་བར་ བརྩམས་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རང་ཉིད་ཀྱིས་རྩིབས་བརྒྱ་ཡོད་པའི་གདུགས་བཟུང་ཞིང་། འཕྲལ་བའི་རྩ་འདེབས་པ་ན་ཅོད་པན་གྱིས་བཅིངས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་ བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རང་ཉིད་ཀྱིས་རྩིབས་བརྒྱ་མཆིས་པའི་གདུགས་བཟུང་ཞིང་རང་ཉིད་ ཀྱིས་ཅོད་པན་དཀར་པོས་བཅིངས་ཏེ་བསྙེན་བཀུར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཀུན་དགའ་བོ་འདི་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་དག་ཏུ་ལས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་ འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱི་ན་སྨན་པ་ཞིག་གནས་པའི་དྲུང་དུ་རང་སངས་རྒྱས་ནད་པ་ཞིག་སོང་བ་དང་། དེས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཏེ་རང་ཉིད་ཀྱིས་སྨན་དཔྱད་དང་བཀུར་སྟི་བྱས་སོ། །དགེ་སློང་དག་ཇི་ སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྨན་པ་གང་ཡིན་པ་དེ་ནི་དགེ་སློང་ཀུན་དགའ་བོ་འདི་ཉིད་ཡིན་ཏེ། དེ་ན་འདིས་རང་སངས་རྒྱས་ལ་བྱ་བ་བྱས་ནས་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་བརྒྱ་ཕྲག་དུ་མ་དང་། ལོ་སྟོང་ཕྲག་དུ་མར་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་ དང་། ཁྱིམ་བདག་རྣམས་ཀྱིས་འདི་ལ་བསྙེན་བཀུར་བྱས་སོ། །ཇི་ལྟར་ད་ལྟར་ཀྱང་འདི་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྩིབས་བརྒྱ་ཡོད་པའི་གདུགས་སྤྱི་བོར་བཟུང་ཞིང་རང་ཉིད་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་ན་ཇི་ཙམ་བཞེད་ཀྱི་བར་དུ་ བཞུགས་ནས་ཤིང་སཱ་ལ་ཅན་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་སཱ་ལ་ཅན་དུ་བྱོན་ནས་སཱ་ལ་ཅན་གྱི་བྲམ་ཟེའི་གྲོང་ཁྱེར་ན་བཞུགས་སོ། །དེའི་ཚེ་འདི་ལྟ་བུའི་ཉན་ཐོས་ཆེན་པོ་གནས་བརྟན་གནས་བརྟན་རྣམས་བཅོམ་ལྡན་འདས་ཀྱི་ཉེ་འཁོར་ན་ཉེ་བར་བརྟེན་ ཅིང་འདུག་པ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་ལྡན་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མ་མེད་པ་དང་། བ་ལང་བདག་དང་། ལག་བཟངས་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་ དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་ཀ་པི་ན་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། དགའ་ཡོད་དང་། ཀིམ་པི་ལ་དང་། ས་ལ་ན་གནས་པའི་གནས་བརྟན་གྲགས་ལྡན་དང་། ཡུལ་ཆུ་མིག་ཅན་ན་གནས་པའི་གནས་བརྟན་གང་པོ་དང་། དེ་དག་དང་གཞན་ཡང་གནས་བརྟན་ཉན་ཐོས་ཆེན་པོ་རྣམས་བཅོམ་ལྡན་འདས་ཀྱི་ཉེ་འཁོར་ན་ཉེ་བར་བརྟེན་ཏེ་གནས་སོ།། །།འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་དྲུག་པ། དེ་ནས་བཅོམ་ལྡན་འདས་ ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ནི་ང་རྒས་འཁོགས་གཏུགས་ཏེ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་གདམས་ངག་དབོག་ཏུ་དུབ་ཀྱིས་དགེ་སློང་དག་ངའི་རིམ་གྲོ་ལ་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ ཐུགས་ལ་འཐད་པས་རིམ་གྲོ་བྱེད་ཅིང་བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་འགྱུར་བའི་དགེ་སློང་ཞིག་སྤྲོ་བ་སྐྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་བཅོམ་ལྡན་འདས་ལ་ཐུགས་ལ་མི་འཐད་པ་མ་ལགས་ཀྱི། ཐུགས་ལ་འཐད་པས་རིམ་གྲོ་བགྱིད་ཅིང་བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་འགྱུར་བ་ ལགས་སོ། །ཀཽཎྜི་ནྱ་ཁྱོད་རེ་ཞིག་རྒས་འཁོགས་གཏུགས་པས་ཁྱོད་ཉིད་ལ་རིམ་གྲོ་པ་དགོས་ཀྱིས་རེ་ཞིག་ཀཽཎྜི་ནྱ་ཁྱོད་ཉིད་ཀྱི་སྟན་ཇི་ལྟ་བ་བཞིན་ལ་འདུག་ཤིག །ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་རང་གི་སྟན་ཇི་ལྟ་བ་ལ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་ ལྡན་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མ་མེད་པ་དང་། བ་ལང་བདག་དང་། ལག་བཟངས་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་ དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་ཀ་པི་ན་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། དགའ་ཡོད་དང་། ཀིམ་པི་ལ་དང་། ས་ལ་ན་གནས་པའི་གནས་བརྟན་གྲགས་པ་དང་། ཡུལ་ཆུ་མིག་ཅན་གྱི་གནས་བརྟན་གང་པོ་སྟན་ལས་ ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་བཅོམ་ལྡན་འདས་ལ་ཐུགས་ལ་མི་འཐད་པ་མ་ལགས་ཀྱི་ཐུགས་ལ་འཐད་པས་རིམ་གྲོ་བགྱིད་ ཅིང་། བཀའ་སྩལ་པ་འཛིན་པ་དང་། བདག་གི་དོན་ཡང་ཉམས་པར་མི་འགྱུར་བ་ལགས་སོ། །གང་པོ་ཁྱོད་ཀྱང་རྒས་འཁོགས་གཏུགས་ཏེ། ཁྱོད་ཉིད་ལ་རིམ་གྲོ་པ་དགོས་ཀྱིས་རེ་ཞིག་གང་པོ་ཁྱོད་ཉིད་ཀྱི་སྟན་ཇི་ལྟ་བ་བཞིན་ལ་འདུག་ཤིག །ཚེ་དང་ལྡན་པ་གང་པོ་རང་གི་ སྟན་ཇི་ལྟ་བ་ལ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་དགེ་སློང་གང་ཞིག་རིམ་གྲོ་པར་བཞེད་པར་འགྱུར། མ་ལ་བདག་གིས་ཇི་ལྟར་སེམས་མཉམ་པར་གཞག་ན་བཅོམ་ལྡན་འདས་ཀྱི་ཐུགས་ལ་ལྟ་བར་འགྱུར་བ་དེ་ལྟ་བུའི་ ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཇི་ལྟར་སེམས་མཉམ་པར་བཞག་ན་བཅོམ་ལྡན་འདས་ཀྱི་ཐུགས་ལ་ལྟ་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ བཅོམ་ལྡན་འདས་ཀྱི་ཐུགས་ལ་བལྟས་ན་ངའི་རིམ་གྲོ་དགེ་སློང་ཀུན་དགའ་བོས་བྱས་ན་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་འགྱུར་བ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱི་ཐུགས་ཚེ་དང་ལྡན་པ་ཀུན་དགའ་ བོ་ལ་གཏད་པ་མཐོང་ངོ་། །མཐོང་ནས་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱི་ཐུགས་ལ་བལྟས་ན་དགེ་སློང་ཀུན་དགའ་བོས་ངའི་རིམ་གྲོ་བྱས་ན་ཐུགས་ལ་མི་འཐད་པ་མ་ ཡིན་གྱི་ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་འགྱུར་བ་ཡིན་ནོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་གཏད་དོ། །དཔེར་ན་ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པའི་ཁྱམས་བྱང་ཕྱོགས་སུ་རིང་བ་ཤར་ཕྱོགས་སུ་སྐར་ཁུང་ བཏོད་པ། ཤར་ཕྱོགས་སུ་སྐར་ཁུང་ནས་ཉི་མའི་འོད་ཟེར་ཤར་བ་ནུབ་ཕྱོགས་ཀྱི་རྩིག་པའི་ངོས་ལ་འབབ་པ་དེ་བཞིན་དུ་ངའི་རིམ་གྲོ་དགེ་སློང་ཀུན་དགའ་བོས་བྱས་ན་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་ པར་མི་འགྱུར་བ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱི་ཐུགས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་གཏད་ཀྱིས་ཚུར་བདག་ཅག་དོང་ལ་སྤྲོ་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ ལྡན་པ་ཀུན་དགའ་བོ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། དེ་ནས་ཚེ་ དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་སྤྲོའམ། བདེ་བར་གཤེགས་པ་ལ་བསྙེན་བཀུར་བྱ་བ་ནི་ཁྱོད་ལ་དོན་ཆེན་པོར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་བདག་མི་སྤྲོའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མེ་འབར་བའི་མེ་ཕྲག་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་ནོ། །དེ་ བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བས་བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་བདག་མི་སྤྲོའོ། །འདི་ལྟ་སྟེ་དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེ་རི་ཕུག་ན་གནས་པའི་སོ་ཕྲག་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་ནོ། ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མ་ཏང་གའི་གླང་པོ་ཆེའི་རྒྱལ་པོ་ལོ་དྲུག་བཅུ་ལོན་པ་དར་ལ་བབ་པ། གྲགས་པ། མཆེ་བ་གཤོལ་མདའ་ཙམ་ཡོད་པ། བྲང་གི་ ཕེལ་ཀ་ཆེ་བ། གཡུལ་མྱོང་བ། གཡུལ་ངོར་སོན་པའི་མཆེ་བའི་ཕྲག་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ རིམ་གྲོ་པར་བདག་མི་སྤྲོའོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ནི་ངའི་རིམ་གྲོ་དགེ་སློང་ཀུན་དགའ་བོས་བྱས་ན་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་འགྱུར་རོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཐུགས་གཏད་དེ་དཔེར་ན་ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པའི་ཁྱམས་བྱང་ཕྱོགས་སུ་རིང་བ་ཤར་ཕྱོགས་སུ་སྐར་ཁུང་བཏོད་པ་ཤར་ ཕྱོགས་ཀྱི་སྐར་ཁུང་ནས་ཉི་མའི་འོད་ཟེར་ཤར་བ་ནུབ་ཕྱོགས་ཀྱི་རྩིག་པའི་ངོས་ལ་འབབ་པ་དེ་བཞིན་དུ་བཅོམ་ལྡན་འདས་ནི་ངའི་རིམ་གྲོ་དགེ་སློང་ཀུན་དགའ་བོས་བྱས་ན་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་ པར་མི་འགྱུར་རོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཐུགས་གཏད་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་སྤྲོའམ། བདེ་བར་གཤེགས་པ་ལ་བསྙེན་བཀུར་བྱ་བ་ནི་ཁྱོད་ལ་དོན་ཆེན་པོར་འགྱུར་རོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་བདག་གིས་དེ་བཞིན་དུ་བགྱི་ སྟེ། བཅོམ་ལྡན་འདས་ཀྱི་རིམ་གྲོ་བགྱི་བར་སྤྲོ་བར་བགྱིད་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཆོག་གསུམ་པོ་བཅོམ་ལྡན་འདས་ཀྱི་ན་བཟའ་སྨད་གཡོགས་དང་ཆོས་གོས་བདག་གིས་མི་བཅང་བ་དང་། བཅོམ་ལྡན་འདས་ཀྱི་ཕྱིར་གང་ཟག་པའི་མགྲོན་དུ་འབོད་ན་ བདག་གིས་བདག་གིར་མི་བྱ་བ་དང་། བདག་བཅོམ་ལྡན་འདས་བལྟ་བ་དང་། བཀུར་སྟི་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ལ་དུས་མ་ཡིན་པ་ཅུང་ཟད་ཀྱང་མེད་པར་གནང་ངམ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཆོག་གསུམ་གནང་བ་ ལྟ་ན་བདག་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་རིམ་གྲོ་བགྱིད་པར་སྤྲོའི་གཞན་དུ་ན་མ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་སྤྲོ་བ་བསྐྱེད་ནས། བཅོམ་ལྡན་འདས་གང་ན་ བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་རིམ་ གྲོ་བགྱིད་པའི་དགེ་སློང་བདག་ཅག་གིས་སྤྲོ་བ་བསྐྱེད་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལགས་ན། དེའི་མཆིད་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བདག་གིས་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་རིམ་གྲོ་བགྱིད་པར་སྤྲོ་བར་བགྱི་ན། གལ་ཏེ་བཅོམ་ལྡན་འདས་ ཀྱིས་བདག་ལ་མཆོག་གསུམ་པོ་བཅོམ་ལྡན་འདས་ཀྱི་ན་བཟའ་སྨད་གཡོགས་དང་ཆོས་གོས་བདག་གིས་མི་བཅང་བ་དང་། བཅོམ་ལྡན་འདས་ཀྱི་ཕྱིར་གང་ཟག་པའི་མགྲོན་དུ་འབོད་ན་བདག་གིས་བདག་གིར་མི་བྱ་བ་དང་། བདག་བཅོམ་ལྡན་འདས་ལ་བལྟ་བ་དང་བཀུར་སྟི་བྱ་བའི་ཕྱིར་ཉེ་ བར་འགྲོ་བ་དུས་མ་ཡིན་པ་ཅུང་ཟད་ཀྱང་མེད་པ་གནང་ངམ། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཆོག་གསུམ་གནང་བ་ལྟ་ན་བདག་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་རིམ་གྲོ་བགྱིད་པར་སྤྲོའོ་ཞེས་མཆི་ལགས་སོ། །མཽད་གལ་གྱི་བུ་ཆེན་པོ་ལེགས་སོ་ལེགས་སོ། །དགེ་སློང་ཀུན་དགའ་བོ་ ནི་མཁས་པ་ཡིན་ཏེ། དེས་མ་འོངས་པ་ན་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་རྩོད་ཅིང་རྗེས་སུ་རྩོད་པ་སྨད་པའི་གནས་ཀྱི་ཆོས་འབྱུང་ལ། གཞི་འདིས་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དགེ་སློང་ཀུན་དགའ་བོ་ནི་ཆོས་གོས་ཀྱི་རྒྱུས་སྟོན་པ་ལ་བཀུར་སྟི་བྱེད་དོ་ཞེས་ཁ་ཟེར་ བར་འགྱུར་བ་མཐོང་སྟེ། མཽད་གལ་གྱི་བུ་འདི་ནི་དགེ་སློང་ཀུན་དགའ་བོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །མཽད་གལ་གྱི་བུ་ལེགས་སོ། །ལེགས་སོ། །དགེ་སློང་ཀུན་དགའ་བོ་ནི་མཁས་པ་ཡིན་ཏེ། དེས་མ་འོངས་པ་ན་ཚངས་པ་མཚུངས་པར་སྤྱོད་པ་ རྣམས་ལས་རྩོད་ཅིང་རྗེས་སུ་རྩོད་པའི་སྨད་པའི་གནས་ཀྱི་ཆོས་འབྱུང་ལ། གཞི་འདིས་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དགེ་སློང་ཀུན་དགའ་བོ་ནི་ཁ་ཟས་ཀྱི་རྒྱུས་སྟོན་པ་ལ་བཀུར་སྟི་བྱེད་དོ་ཞེས་ཁ་ཟེར་བར་འགྱུར་བ་མཐོང་སྟེ། མཽད་གལ་གྱི་བུ་འདི་ནི་དགེ་སློང་ཀུན་དགའ་ བོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །མཽད་གལ་གྱི་བུ་ལེགས་སོ་ལེགས་སོ། །དགེ་སློང་ཀུན་དགའ་བོ་ནི་མཁས་པ་ཡིན་ཏེ། དུས་ཤེས་ཤིང་དུས་རིག་པས་དེ་འདི་ནི་བདག་གིས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བའི་དུས་ཡིན། འདི་ནི་དུས་མ་ཡིན། འདི་ནི་དགེ་ སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་གྱི་དུས་ཡིན། འདི་ནི་གཞན་མུ་སྟེགས་ཅན་དང་། ཀུན་ཏུ་རྒྱུ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བའི་དུས་ཡིན། འདི་ནི་དུས་མ་ཡིན། གཞན་མུ་སྟེགས་ཅན་ དང་། ཀུན་ཏུ་རྒྱུ་འདི་དག་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་སྤོབས་པ་དང་ལྡན་པར་འགྱུར། འདི་དག་ནི་བཀའ་ལ་སྤོབས་པ་དང་ལྡན་པར་མི་འགྱུར། བཟའ་བ་དང་བཅའ་བ་འདི་ནི་བཅོམ་ལྡན་འདས་ལ་བདེ་བ་སྐྱེད་པར་འགྱུར། འདི་ནི་བདེ་བ་སྐྱེད་པ་མ་ཡིན་ནོ་ཞེས་ཤེས་ཏེ། མཽད་ གལ་གྱི་བུ་དགེ་སློང་ཀུན་དགའ་བོ་ནི་མཁས་པ་ཡིན་ཏེ། དུས་ཤེས་ཤིང་དུས་རིག་པས་དེ་འདི་ནི་བདག་གིས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བའི་དུས་ཡིན་ནོ། །འདི་ནི་དུས་མ་ཡིན་ནོ། །འདི་ནི་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་ གྱི་འཁོར་དང་། དགེ་བསྙེན་མའི་འཁོར་གྱི་དུས་ཡིན་ནོ། །འདི་ནི་གཞན་མུ་སྟེགས་ཅན་དང་། ཀུན་ཏུ་རྒྱུ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བའི་དུས་ཡིན་ནོ། །འདི་ནི་དུས་མ་ཡིན་ནོ། །གཞན་མུ་སྟེགས་ཅན་དང་། ཀུན་ཏུ་རྒྱུ་འདི་དག་ནི་བཅོམ་ལྡན་འདས་ ཀྱི་བཀའ་ལ་སྤོབས་པ་དང་ལྡན་པར་འགྱུར་རོ། །འདི་དག་ནི་བཀའ་ལ་སྤོབས་པ་དང་ལྡན་པར་མི་འགྱུར་རོ། །བཟའ་བ་དང་བཅའ་བ་འདི་ནི་བཅོམ་ལྡན་འདས་ལ་བདེ་བ་སྐྱེད་པར་འགྱུར་རོ། །འདི་ནི་བདེ་བ་སྐྱེད་པ་མ་ཡིན་ནོ་ཞེས་ཤེས་པ་གང་ཡིན་པ་འདི་ནི་མཽད་གལ་གྱི་བུ་དགེ་ སློང་ཀུན་དགའ་བོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །མཽད་གལ་གྱི་བུ་ལེགས་སོ་ལེགས་སོ། །དགེ་སློང་ཀུན་དགའ་བོ་ནི་མཁས་པ་ཡིན་ནོ། །དེ་སེམས་ཀྱི་རྣམ་གྲངས་ལ་མཁས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཕྱི་མ་ནང་དུ་ཡང་དག་འཇོག་ལས་བཞེངས་པ་ མཚན་མ་འམ་གསུང་བསྟན་པས་ཤེས་པར་འགྱུར་ཞིང་བདེ་བའི་གནས་པ་འདི་དང་འདིས་བཅོམ་ལྡན་འདས་མང་དུ་བཞུགས་སོ། །གནས་པ་འདི་དང་འདིས་བདེ་བར་གཤེགས་པ་མང་དུ་བཞུགས་སོ་ཞེས་སྟོན་པར་འདོད་ན་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་དེ་བཞིན་དུ་འགྱུར་ཏེ། གཞན་དུ་མི་འགྱུར་བ་གང་ཡིན་པ་འདི་ནི་མཽད་གལ་གྱི་བུ་དགེ་སློང་ཀུན་དགའ་བོའི་རྨད་དུ་བྱུང་བའི་ཆོས་ཡིན་ཏེ། དེས་དེ་བཞིན་གཤེགས་པའི་རིམ་གྲོ་བྱས་ན་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་ འགྱུར་རོ། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པའི་རིམ་གྲོ་དགེ་སློང་ཀུན་དགའ་བོས་བྱས་ན་ཐུགས་ལ་མི་འཐད་པ་མ་ཡིན་གྱི་ཐུགས་ལ་འཐད་པ་དང་། བཀའ་སྩལ་པ་འཛིན་པ་དང་། རང་གི་དོན་ཡང་ཉམས་པར་མི་འགྱུར་བ་གང་ཡིན་པ་འདི་ནི་དགེ་སློང་ཀུན་དགའ་བོའི་རྨད་དུ་ བྱུང་བའི་ཆོས་ཡིན་ནོ། །གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རིམ་གྲོ་བར་སྤྲོ་བ་བསྐྱེད་པ་ན། བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྔགས་པ་མཛད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱི་མཆེད་དུ་གྱུར་ཅིང་ཐོས་པ་མང་བ་དང་། ཐོས་པ་འཛིན་པ་དང་། ཐོས་པ་བསགས་པའི་ རིམ་གྲོ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཀུན་དགའ་བོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་ སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་འོད་ཟེར་ཞེས་བྱ་བ་འབྱོར་པ་དང་ཞེས་བྱ་བ་ནས། སྐྱེ་བོ་དང་། མི་མང་པོ་ཡོད་པ་ན་རྒྱལ་སྲིད་བྱེད་དུ་འཇུག་སྟེ་ཞེས་བྱ་བའི་བར་དུ་སྟེ། དེ་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་ཏེ་དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། འདིའི་ཡབ་འོད་ཟེར་ལགས་པས་དེའི་སླད་དུ་ཁྱེའུའི་ མིང་འོད་ཟེར་ཅན་དུ་གདགས་སོ་ཞེས་དེའི་མིང་འོད་ཟེར་ཅན་དུ་བཏགས་ནས། བསྲིངས་བསྐྱེད་དེ་ཆེན་པོར་གྱུར་པ་དང་ཕས་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་ཁྱེའུ་ཞིག་བཙས་ནས་དེའི་ཡང་བཙས་སྟོན་རྒྱ་ ཆེར་བྱས་ཏེ་འོད་ཟེར་ལྡན་ཞེས་བྱ་བར་མིང་བཏགས་སོ། །གཞོན་ནུ་འོད་ཟེར་ཅན་ངེས་པར་འབྱུང་བ་ལ་མངོན་པར་དགའ་ཞིང་དེས་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་པ་མཐོང་ནས་དེས་བསམས་པ། བདག་ཀྱང་ཡབ་འདས་ནས་རྒྱལ་པོར་འགྱུར་ཏེ་བདག་གིས་ཀྱང་ ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་ནས་དམྱལ་བར་གཞོལ་བར་འགྱུར་རོ་སྙམ་ནས། དེ་ཕའི་དྲུང་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། རབ་ཏུ་འབྱུང་ལགས་སོ། །དེས་སྨྲས་པ། བུ་གང་གི་དོན་དུ་མཆོད་སྦྱིན་མཆོད་པར་ བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་རྒྱལ་སྲིད་དེ་ཁྱོད་ཀྱི་ལག་ཏུ་འོངས་ན་ཅིའི་ཕྱིར་རབ་ཏུ་འབྱུང་ཞེས་དེ་བཟློག་ཀྱང་མ་བཏུབ་བོ། །རྒྱལ་པོས་གདོན་མི་ཟ་བར་གལ་གྱིས་འཆུ་བར་ཤེས་ནས་གནང་བ་དང་། དེ་དྲང་སྲོང་རྣམས་ཀྱི་ནང་དུ་སོང་སྟེ་རབ་ ཏུ་བྱུང་ངོ་། །རྒྱལ་པོས་གཞོན་ནུ་འོད་ཟེར་ལྡན་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། །འོད་ཟེར་ཅན་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་ཕྱུང་སྟེ། མཐའ་གཅིག་ཏུ་སོང་ནས་མཁན་པོ་མེད་པ་དང་། སློབ་དཔོན་མེད་པར་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་ པར་གྱུར་ནས་ཕན་ཚུན་འཁྱམ་པ་ན་བཱ་རཱ་ཎ་སཱིར་ཕྱིན་ཏོ། །རྒྱལ་པོ་འོད་ཟེར་གྱིས་འོད་ཟེར་ཅན་རང་བྱང་ཆུབ་མངོན་སུམ་དུ་བྱས་ཏེ་དེ་དེར་འོངས་སོ་ཞེས་ཐོས་ནས་དེ་དེའི་དྲུང་དུ་འོང་སྟེ་རྐང་པ་ལ་གཏུགས་ནས་སྨྲས་པ། དྲང་སྲོང་ཆེན་པོ་ཁྱོད་ནི་བསོད་སྙོམས་དོན་དུ་གཉེར་བ་ལགས་ལ། བདག་ནི་བསོད་ནམས་འཚལ་བ་ལགས་ཀྱིས་བདག་གི་སྐྱེད་མོས་ཚལ་འདི་ཉིད་དུ་བཞུགས་ཤིག་དང་ཁྱོད་ལ་བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་བགྱིའོ། །དེས་ཁས་བླངས་པ་དང་རྒྱལ་པོས་དེའི་རིམ་གྲོ་བར་གཞོན་ནུ་འོད་ཟེར་ལྡན་བྱིན་ཏེ་དེས་དེའི་རིམ་གྲོ་བྱ་བ་ལ་ཞུགས་ པ་ན་རང་སངས་རྒྱས་ཀྱིས་དེ་ཞག་བདུན་ན་འཆི་བར་འགྱུར་བའི་མཚན་སྨིན་པ་མཐོང་ནས་དེས་དེ་ལ་སྨྲས་པ། ནུ་བོ་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་སྨྲས་པ། དྲང་སྲོང་ཆེན་པོ་རབ་ཏུ་འབྱུང་ངོ་། །གལ་ཏེ་དེ་ལྟར་གྱུར་ན་སོང་ལ་ཡབ་ལ་རྟོགས་ཤིག །དེ་རྒྱལ་པོའི་དྲུང་དུ་སོང་ ནས་ལྷ་མཁྱེན་པར་མཛད་དུ་གསོལ། བདག་རབ་ཏུ་འབྱུང་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱི་ཕུ་བོ་རབ་ཏུ་བྱུང་བས་ང་འདས་ན་ཁྱོད་ཁོ་ན་རྒྱལ་པོ་ཡིན་ན་ཅིའི་ཕྱིར་རབ་ཏུ་འབྱུང་ཞེས་དེས་རབ་ཏུ་འབྱུང་བ་མ་ཐོབ་བོ། །རང་སངས་རྒྱས་དེ་ཉིད་རྒྱལ་པོའི་དྲུང་དུ་སོང་སྟེ་སོང་ ནས་ཚིགས་སུ་བཅད་པས་སྨྲས་པ། འོད་ཟེར་འོད་ཟེར་ལྡན་ཐོང་དང་། །འོད་ཟེར་ལྡན་པ་རབ་ཏུ་འབྱུང་། །འོད་ཟེར་རབ་ཏུ་བྱུང་བ་ལེགས། །འདི་ལྟར་རྒྱལ་བ་རྣམས་ཀྱིས་བསྔགས། །རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་ཁྱོད་རབ་ཏུ་བྱུང་བས་དེ་ནི་བདག་འདས་ན་རྒྱལ་ པོར་འགྱུར་ཏེ་འདི་ཉིད་དུ་སྦྱིན་པ་དག་སྩོལ་བ་དང་། བསོད་ནམས་དག་བགྱིད་པར་འགྱུར་ན་ཅིའི་ཕྱིར་རབ་ཏུ་འབྱུང་། རང་སངས་རྒྱས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། འོད་ཟེར་ཚེ་ནི་ཅུང་ཞིག་སྟེ། །རེ་ལྟར་ཐོགས་ན་ཞག་བདུན་ཉིད། །དོན་གཞན་ཆེད་དུ་བསམས་བསམ་ པ། གཞན་ཉིད་དུ་ནི་ཡོངས་སུ་འགྱུར། །དྲང་སྲོང་ཆེན་པོ་འདིའི་ཚེ་ཞག་བདུན་ལགས་སམ། རང་སངས་རྒྱས་ཀྱིས་སྨྲས་པ། ཞག་བདུན་ཡིན་ནོ། །རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་གལ་ཏེ་དེ་ལྟ་ན་གནང་བར་བགྱིས་རབ་ཏུ་ཕྱུང་ཤིག །དེ་བདག་ལ་ཚེ་ཅུང་ ཞིག་ཡོད་པར་ཤེས་ནས་དད་པ་དྲག་པོས་དེ་ལ་བཀུར་སྟི་བྱ་བར་བརྩམས་སོ། །རང་སངས་རྒྱས་དེ་རླུང་ནད་ཅན་ཞིག་བས་དེས་ལྷུང་བཟེད་ལག་ཏུ་བླངས་ནས་ཟ་བ་ན་རླུང་གིས་ལག་པ་འདར་བར་གྱུར་ཏོ། །དེ་ནས་རྒྱལ་བུ་གཞོན་ནུ་དེ་གདུ་བུ་ཕྱུང་ནས་ལྷུང་བཟེད་ཀྱི་གཞིར་བཞག་པ་དང་དེ་ལ་ལྷུང་ བཟེད་མི་གཡོ་བར་འདུག་གོ། །དེས་དེ་མཐོང་ནས་སྨོན་ལམ་གདབ་པར་བརྩམས་པ། ཇི་ལྟར་འདི་ལ་ལྷུང་བཟེད་མི་གཡོ་བ་དེ་བཞིན་དུ་དགེ་བའི་རྩ་བ་འདིས་བདག་གི་རྒྱུད་ལ་ཆོས་ཅི་ཡོད་པ་དེ་དག་མི་གཡོ་བར་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེ་དེ་ལ་སྔོན་ཡི་གེ་དང་ཚིག་རན་པ་རན་པར་ ཆོས་འཆད་པ་ཡིན་པས་དེས་སྨྲས་པ། ཁྱོད་སྔོན་ཁྱིམ་པར་གྱུར་པ་ན་ཡི་གེ་དང་ཚིག་རན་པ་རན་པར་ཆོས་འཆད་པ་ལགས་ན། ད་རང་བྱང་ཆུབ་མངོན་སུམ་དུ་བགྱིས་ན་ཅིའི་ཕྱིར་ཆོས་མི་བཤད། དེས་སྨྲས་པ། ཁོ་བོ་ཆོས་མི་འཆད་དོ། །འོ་ན་སུ་འཆད་ལགས། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ཡིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཚིག་དང་ཡི་གེ་རན་པ་རན་པར་ཆོས་འཆད་དོ། །དེས་སྨོན་ལམ་བཏབ་པ། སངས་རྒྱས་བཅོམ་ལྡན་འདས་ཚིག་དང་ཡི་གེ་རན་པ་རན་པར་ཆོས་འཆད་པ་གང་ཡིན་པ་ དེའི་མཆེད་དང་རིམ་གྲོ་པར་བདག་གྱུར་ཅིག་ཅེས་བཏབ་བོ། །རང་སངས་རྒྱས་དེས་རབ་ཏུ་ཕྱུང་ནས་སྨྲས་པ། ཁྱོད་ཞག་བདུན་འདས་ནས་འཆི་བར་འགྱུར་བ་དེ་ཁོ་ན་ཁྱོད་ཀྱིས་ཡིད་ལ་བྱོས་ཤིག །དེས་ཞག་བདུན་ལོན་ན་ཅུང་ཟད་ཀྱང་མ་རྟོགས་ནས་དེའི་འཆི་བའི་ཚེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཐོས་པ་མང་བ་དང་། ཐོས་པ་འཛིན་པ་དང་། ཐོས་པ་བསགས་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་བུ་གཞོན་ནུ་རང་སངས་རྒྱས་ཀྱི་ནུ་བོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ཀུན་དགའ་བོ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་རང་སངས་རྒྱས་ཕུ་བོ་ཤོས་ཀྱི་རིམ་གྲོ་བྱས་ནས་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱི་མཆེད་དུ་གྱུར་ཅིང་། ཐོས་པ་ མང་བ་དང་། ཐོས་པ་འཛིན་པ་ཐོས་པ་བསགས་པའི་རིམ་གྲོ་པར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ བཅོམ་ལྡན་འདས་ཀྱིས་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཀུན་དགའ་བོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དང་ཚོགས་རྙེད་པ་ནི་ཞེས་ བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནས། སངས་ རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བའི་བར་དུ་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཉེ་བར་བརྟེན་ནས་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ན་དེ་ན་འདིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཀྱང་མ་ཐོབ་བོ། ། འདི་རབ་ཏུ་འབྱིན་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་པས་དེ་འཆི་བའི་ཚེ་སྨོན་ལམ་བཏབ་པ། བདག་གིས་ཡང་དག་པར་ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་ཅུང་ཟད་ཀྱང་མ་ཐོབ་ཀྱིས། དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་ བྱ་བ་གང་ཡིན་པ་དེ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་ཇི་ལྟར་བདག་གི་མཁན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱའི་ རྒྱལ་པོའི་ཡང་རྒྱལ་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེས་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་བཏབ་བོ། །སྨོན་ལམ་དེའི་དབང་གིས་ད་ལྟར་ངས་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསགས་པ་ རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་ཞེས་བྱ་བ་ནས། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ།། །།སྡོམ་ལ། རྫུ་འཕྲུལ་སྟོན་པ་གསུམ་སྨྲ་དང་། །གཏུམ་བྱེད་རིག་པ་ག་ཡཱ་ དང་། གང་གི་ཕྱིར་ནི་གནོད་པ་དང་། །སེམས་ཅན་རྣ་བ་ཁྱི་ཡིན་ནོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་མུ་གེའི་དགོན་པ་ཉམ་ང་བ་སློང་མོ་བས་ཟས་རྙེད་པར་དཀའ་བ་བྱུང་ངོ་། །དེ་ན་དགེ་སློང་རྫུ་འཕྲུལ་ཐོབ་པ་གང་ ཡིན་པ་དེ་རྣམས་ནི་འཛམ་བུ་ཞེས་བྱ་བའི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་བཏགས་པ་གང་ཡིན་པ་དེ་ལས་ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་ རྣམས་ལ་འགོད་པར་བྱེད་དོ། །གཞན་ཡང་འདིའི་ཉེ་འཁོར་ན་བིལ་པའི་ཚལ་ལམ། ཀ་པིད་ཐའི་ཚལ་ལམ། སྐྱུར་རྩིའི་ཚལ་གང་ཡིན་པ་དེ་ལས་སྐྱུར་རྩིའི་འབྲས་བུ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་དོ། །བྱང་གི་སྒྲ་མི་སྙན་གྱི་གླིང་དུ་དོང་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་ པར་བྱེད་དོ། །རྒྱལ་ཆེན་བཞིའི་རིས་སམ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དོང་ནས་ལྷའི་བདུད་རྩི་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགོད་པར་བྱེད་དོ། །ཡུལ་ལྗོངས་འབྱོར་པ་དང་ ཞེས་བྱ་བ་ནས། སྐྱེ་བོ་དང་། མི་མང་པོས་གང་བའི་བར་གང་ཡིན་པ་དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་དོ། །དེ་ནས་ལྷ་སྦྱིན་འདི་ སྙམ་དུ་སེམས་ཏེ། ད་ལྟར་མུ་གེའི་དགོན་པ་ཉམ་ང་བ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་བ་ལ། དགེ་སློང་རྫུ་འཕྲུལ་ཐོབ་པ་གང་ཡིན་པ་དེ་རྣམས་ནི་འཛམ་བུ་ཞེས་བྱ་བའི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་བཏགས་པ་གང་ཡིན་པ་དེ་ལས་ཤིང་འཛམ་བུའི་སྙེ་མ་ཁ་ དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་དོ། །གཞན་ཡང་འདིའི་ཉེ་འཁོར་ན་བིལ་བའི་ཚལ་ལམ། ཀ་པིད་ཐའི་ཚལ་ལམ། སྐྱུར་རྩིའི་ཚལ་གང་ཡིན་ པ་དེ་ལས་སྐྱུར་རྩིའི་འབྲས་བུ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་དོ། །བྱང་གི་སྒྲ་མི་སྙན་གྱི་གླིང་དུ་དོང་ནས་མ་རྨོས་མ་བཏབ་པའི་འབྲས་ སཱ་ལུའི་འབྲུ་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་དོ། །རྒྱལ་ཆེན་བཞིའི་རིས་སམ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དོང་ནས་ལྷའི་བདུད་རྩི་ལས་ལྷུང་བཟེད་བཀང་སྟེ་ བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་དོ་ཞེས་བྱ་བ་ནས་ཡུལ་ལྗོངས་འབྱོར་པ་དང་ཞེས་བྱ་བ་ནས། སྐྱེ་བོ་དང་མི་མང་པོས་གང་བའི་བར་གང་ཡིན་པ་དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་ལྷུང་ བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་འགེད་པར་བྱེད་ཀྱིས། གལ་ཏེ་བདག་གིས་ཀྱང་རྫུ་འཕྲུལ་ཞིག་ཐོབ་ན་བདག་གིས་ཀྱང་འཛམ་བུ་ཞེས་བྱ་བའི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་བཏགས་པ་གང་ཡིན་པ་ ལས་ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའོ། །གཞན་ཡང་འདིའི་ཉེ་འཁོར་ན་བིལ་བའི་ཚལ་ལམ། ཀ་པིད་ཐའི་ཚལ་ལམ། སྐྱུར་ རྩིའི་འབྲས་བུ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའོ། །བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སོང་ལ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལས་ལྷུང་བཟེད་བཀང་སྟེ་ བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའོ། །རྒྱལ་ཆེན་བཞིའི་རིས་སམ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ལ་ལྷའི་བདུད་རྩི་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་། ལྷག་མ་ཡང་ དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའོ། །ཡུལ་ལྗོངས་འབྱོར་པ་དང་ཞེས་བྱ་བ་ནས། སྐྱེ་བོ་དང་མི་མང་པོས་གང་བའི་བར་གང་ཡིན་པ་དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་རྣམས་ ལ་བགོ་བར་བྱ་ན། སུ་ཞིག་གིས་བདག་ལ་རྫུ་འཕྲུལ་གྱི་ལམ་ལུང་དབོག་པར་ནུས་སྙམ་མོ། །དེ་ནས་ལྷ་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ ལྡན་འདས་ལ་ལྷ་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་དབོག་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་སྡིག་པའི་འདོད་པ་དེ་ལྟ་བུ་སྐྱེས་པར་གྱུར་པ་ཐུགས་སུ་ཆུད་ནས་ལྷ་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གཽ་ཏ་མ་ཁྱོད་ལྷག་པའི་ཚུལ་ཁྲིམས་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་། ཁྱོད་རྫུ་འཕྲུལ་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །གཽ་ཏ་མ་ཁྱོད་ལྷག་པའི་སེམས་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་ཁྱོད་རྫུ་འཕྲུལ་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །གཽ་ཏ་མ་ ཁྱོད་ལྷག་པའི་ཤེས་རབ་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་། ཁྱོད་རྫུ་འཕྲུལ་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་མ་ཕོག་གོ་སྙམ་དུ་བསམས་ནས་ཆས་ཏེ་ཚེ་དང་ལྡན་པ་ ཀུན་ཤེས་ཀཽཎྜི་ནྱ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་དབོག་ཏུ་གསོལ། དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བཅོམ་ལྡན་འདས་ཀྱི་ཐུགས་དང་ལྷ་སྦྱིན་གྱི་ལ་བལྟས་ན་སྡིག་པ་འདོད་ པ་དེ་ལྟ་བུ་སྐྱེས་པར་ཤེས་ནས་ལྷ་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་སྦྱིན་ཁྱོད་གཟུགས་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་ཁྱོད་རྫུ་འཕྲུལ་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་ཀུན་ཤེས་ཀཽཎྜི་ནྱས་ཀྱང་བདག་ལ་རྫུ་འཕྲུལ་ གྱི་ལམ་གྱི་ལུང་མ་ཕོག་གོ་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་ལྡན་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མ་མེད་པ་དང་། བ་ལང་བདག་དང་། ལག་བཟངས་དང་། གནས་བརྟན་ལྔ་བརྒྱ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ གནས་བརྟན་ལྔ་བརྒྱ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་དབོག་ཏུ་གསོལ། །དེ་ནས་གནས་བརྟན་ལྔ་བརྒྱ་པོས་བཅོམ་ལྡན་འདས་ཀྱི་ཐུགས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷ་སྦྱིན་གྱི་ལ་བལྟས་ན་སྡིག་པའི་འདོད་པ་དེ་ ལྟ་བུ་སྐྱེས་པར་ཤེས་ནས་ལྷ་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་སྦྱིན་ཁྱོད་གཟུགས་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་། ཁྱོད་རྫུ་འཕྲུལ་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །ལྷ་སྦྱིན་ཁྱོད་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ པར་ཤེས་པ་ལ་ཚུལ་བཞིན་ཡིད་ལ་བྱོས་ཤིག་དང་། ཁྱོད་རྫུ་འཕྲུལ་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་ལྔ་བརྒྱས་ཀྱང་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་མ་ཕོག་ན། ཅི་ཚེ་དང་ལྡན་པ་འདི་དག་དང་བཅོམ་ལྡན་ འདས་དང་ལྷན་ཅིག་སྔ་ཉིད་ནས་བགྲོས་སམ། འདི་ལྟར་བདག་ལ་སུས་ཀྱང་རྫུ་འཕྲུལ་གྱི་ལམ་གྱི་ལུང་མ་ཕོག་གོ་སྙམ་མོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། སུ་ཞིག་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་དབོག་པར་ནུས་སྙམ་མོ། །དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་ ལྡན་རྒྱལ་པོའི་ཁབ་ཀྱི་སྡེ་ཅན་གྱི་ཕུག་ན་འདུག་གོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་འོད་སྲུང་སྟོབས་བཅུ་ལྡན་འདི་ནི་ཡུན་རིང་པོ་ནས་གཡོ་མེད་པ། སྒྱུ་ཅན་མ་ཡིན་པ། དྲང་པོར་བྱེད་པ། དྲང་པོའི་རང་བཞིན་ཅན་ཡིན་ལ། བདག་གི་ཉེ་མཚམས་ཀྱི་ཕུ་བོ་ཀུན་ དགའ་བོའི་ཡང་མཁན་པོ་ཡིན་པས་གནས་བརྟན་འོད་སྲུང་སྟོབས་བཅུ་ལྡན་གྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་དབོག་པར་ནུས་སོ་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་ལྡན་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་ལྡན་གྱི་རྐང་པ་གཉིས་ ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་སྦྱིན་གྱིས་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་དབོག་ཏུ་གསོལ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་སྟོབས་ བཅུ་ལྡན་གྱིས་བཅོམ་ལྡན་འདས་ཀྱི་ཐུགས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་། ལྷ་སྦྱིན་གྱི་ལ་བལྟས་ན་སྡིག་པའི་འདོད་པ་དེ་ལྟ་བུ་སྐྱེས་པར་གྱུར་པར་མ་རིག་ནས་ལྷ་སྦྱིན་ལ་རྫུ་འཕྲུལ་གྱི་ལམ་གྱི་ལུང་ཕོག་གོ། །དེ་ནས་ལྷ་སྦྱིན་གྱིས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་ སྨད་ལ་མི་ཉལ་བར་བརྩོན་པ་དང་ལྡན་པའི་གནས་པས་བསམ་གཏན་དང་པོ་ལ་བརྟེན་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་ནས། དེ་གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་བ་དང་། མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་བ་དང་། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཤེས་པ་མཐོང་བས་ ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལ་ཡང་ཐད་ཀར་འགྲོ། རི་ལ་ཡང་ཐད་ཀར་འགྲོ། རབ་ལ་ཡང་ལུས་ཀྱིས་མི་ཐོགས་པར་ཐད་ཀར་འགྲོའོ། །འདི་ལྟ་སྟེ། ནམ་མཁའ་དང་ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ་དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ ནུབ་པར་རྒྱུན་ཕྱོགས་སུ་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །སྐྱིལ་མོ་ཀྲུང་གིས་ནམ་མཁའ་ལ་འགྲོ་བར་བྱེད་དེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་། ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ལ་ཡང་ལག་པས་ཉུག་ཅིང་ཀུན་དུ་ཉུག་ པར་བྱེད་དོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། ཅི་བདག་གིས་འཛམ་བུ་ཞེས་བྱ་བའི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་བཏགས་པ་གང་ཡིན་པ་དེ་ལས་འཛམ་བུའི་སྙེ་མ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་ སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའམ། གཞན་ཡང་འདིའི་ཉེ་འཁོར་ན་བིལ་བའི་ཚལ་ལམ། ཀ་པིད་ཐའི་ཚལ་ལམ། སྐྱུར་རྩིའི་ཚལ་གང་ཡིན་པ་དེ་ལས་སྐྱུར་རྩིའི་འབྲས་བུ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་རྣམས་ལས་ལྷུང་བཟེད་བཀང་ སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའམ། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སོང་ལ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་ཚེ་ན་ བཞིའི་རིས་སམ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ལ། ལྷའི་བདུད་རྩི་ལས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ལོངས་སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའམ། ཡུལ་ལྗོངས་འབྱོར་པ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་། མི་མང་པོས་གང་བའི་བར་དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་གིས་ལོངས་སྤྱོད་ཅིང་། ལྷག་མ་ཡང་དགེ་སློང་ཡོད་པ་རྣམས་ལ་བགོ་བར་བྱའམ་སྙམ་མོ། །དེ་ནས་ཡང་ལྷ་སྦྱིན་འདི་སྙམ་དུ་ སེམས་ཏེ། བདག་གིས་ཡུལ་མ་ག་དྷཱའི་མི་གཙོ་བོ་གང་ཞིག་དབང་དུ་བྱས་ན་དེ་དབང་དུ་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོ་ཚོགས་ཆུང་ངུས་བདག་གི་དབང་དུ་འགྱུར་སྙམ་པ་དང་། དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། གཞོན་ནུ་མ་སྐྱེས་དགྲ་འདི་ཕ་ཤི་ནས་ཕའི་རྒྱལ་སྲིད་ཀྱི་ དབང་ཕྱུག་ལ་བཞག་པར་འགྱུར་གྱིས། མ་ལ་བདག་གིས་གཞོན་ནུ་མ་སྐྱེས་དགྲ་དབང་དུ་འགྱུར་བར་བྱ་སྟེ། དེ་དབང་དུ་གྱུར་ན་སྐྱེ་བོའི་ཚོགས་ཆེན་པོ་ཚེགས་ཆུང་ངུས་བདག་གི་དབང་དུ་འགྱུར་རོ་སྙམ་མོ། །དེ་ནས་ལྷ་སྦྱིན་གྱིས་གླང་པོ་ཅང་ཤེས་བཟང་པོ་དང་། རྟ་ཅང་ ཤེས་བཟང་པོ་དང་། དགེ་སློང་སྐྲ་བྲེགས་ཤིང་སྣམ་སྦྱར་བགོས་པ་དར་ལ་བབ་པ་དག་ཏུ་བསྒྱུར་ནས་གཞོན་ནུ་མ་སྐྱེས་དགྲའི་སྒོ་ནས་ཞུགས་ཤིང་སྒེའུ་ཆུང་ངུ་འབྱུང་བ་དང་། སྒེའུ་ཆུང་ནས་ཞུགས་ཤིང་སྒོར་འབྱུང་བར་བྱེད་དོ། །རེས་འགའ་གཞོན་ནུ་གསེར་གྱི་འོག་པག་གིས་བཅིངས་ པར་བསྒྱུར་ནས་གཞོན་ནུ་མ་སྐྱེས་དགྲའི་པང་ན་འགྲེ་ལྡོག་པར་བྱེད་དོ། །མ་སྐྱེས་དགྲ་ཡང་གཞོན་ནུ་དེ་ལ་འཛིན་ཅིང་ཁ་སྤྲད་དེ་འཁྱུད་པར་བྱེད་དོ། །རེས་འགའ་ནི་ཁར་མཆིལ་མའི་ཐལ་བ་བླུགས་ན་དེ་ཡང་ལྷ་སྦྱིན་མེད་པར་བྱེད་དོ། །འདི་ལྟ་སྟེ་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་པས་ སེམས་གཏུགས་པའི་ཕྱིར་རོ། །དེ་ན་གཞོན་ནུ་མ་སྐྱེས་དགྲ་ལྷག་པར་ཡང་སྡིག་པ་ཅན་གྱི་ལྟ་བར་སོང་བ་ཐོབ་སྟེ། ཀྱེ་མ་སྟོན་པ་བས་ནི་འཕགས་པ་ལྷ་སྦྱིན་ཆེས་མཐུ་ཆེའོ་ཞེས་དད་པར་གྱུར་ཏོ། །དེ་ལ་དད་པར་གྱུར་ནས་ལྷག་པར་བྱ་བ་བྱེད་དོ། །ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ ཅིག་སྔ་དྲོ་དང་ཕྱི་དྲོ་རིམ་གྲོ་བྱེད་དུ་འགྲོའོ། །དེ་ལ་གཡོས་ཀྱི་སྣ་རྫེའུ་ལྔ་བརྒྱ་ཙམ་ཡང་བཀད་ས་དང་བཀད་ས་དག་ཏུ་སྟོབས་པར་བྱེད་དོ། །ལྷ་སྦྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་བཀད་སའི་གུང་ལ་འདུག་པར་བྱེད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོ་ཤམ་ཐབས་བགོས་ ལྷུང་བཟེད་དང་ཆོས་གོས་བླངས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དགེ་སློང་རབ་ཏུ་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱོད་པས་ལྷ་སྦྱིན་ལ་རྙེད་པ་དང་བཀུར་སྟི་འདི་ལྟ་བུ་དག་བྱུང་བར་གྱུར་ཏེ། མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་མ་སྐྱེས་དགྲས་ཤིང་རྟ་ལྔ་བརྒྱ་ཙམ་ དང་ལྷན་ཅིག་སྔ་དྲོ་དང་ཕྱི་དྲོ་རིམ་གྲོ་བྱེད་དུ་འགྲོ་ཞིང་། དེ་ལ་གཡོས་ཀྱི་སྣ་རྫེའུ་ལྔ་བརྒྱ་ཙམ་ཡང་བཀད་ས་དང་བཀད་ས་དག་ཏུ་སྟོབས་པར་བྱེད་དོ། །ལྷ་སྦྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་བཀད་སའི་གུང་ལ་འདུག་པར་བྱེད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་ཁབ་ཏུ་ བསོད་སྙོམས་སྤྱད་དེ། ཟས་ཀྱི་བྱ་བ་བྱས་ཤིང་ཟས་ཕྱི་མའི་བསོད་སྙོམས་སྤངས་ནས་ཆོས་གོས་དང་ལྷུང་བཟེད་མཁོས་སུ་ཕབ་སྟེ་རྐང་པ་བཀྲུས་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་ཅག་དགེ་སློང་རབ་ཏུ་མང་པོ་སྔ་དྲོ་ཤམ་ཐབས་འཚལ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ ནས་བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱད་པ་ན། ལྷ་སྦྱིན་ལ་རྙེད་པ་དང་བཀུར་སྟི་འདི་ལྟ་བུ་དག་བྱུང་བར་གྱུར་ཏེ། མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་མ་སྐྱེས་དགྲས་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་སྔ་དྲོ་དང་ཕྱི་དྲོ་རིམ་གྲོ་བགྱིད་དུ་མཆི་ཞིང་། དེ་ ལ་གཡོས་ཀྱི་སྣ་རྫེའུ་ལྔ་བརྒྱ་ཙམ་ཡང་བཀད་ས་དང་བཀད་ས་དག་ཏུ་སྟོབས་པར་བགྱིད་དོ། །ལྷ་སྦྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་བཀད་སའི་གུང་ལ་མཆིས་པར་བགྱིད་དོ་ཞེས་ཐོས་ལགས་སོ། །དགེ་སློང་དག་ཁྱེད་ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ལ་དགའ་བར་མ་བྱེད་ ཅིག །དེ་ཅིའི་ཕྱིར་ཞེ་ན། ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་གསོད་པ་ཡིན་ནོ། །ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་སྨད་པ་ཡིན་ནོ། །དགེ་སློང་དག་དཔེར་ན་ཆུ་ཤིང་གི་འབྲས་བུ་ཕྱུང་ནས་བརྙིས་པར་འགྱུར་ཞིང་། ཆུ་ཤིང་ནི་འབྲས་བུ་ཕྱུང་ནས་བསྐམས་པར་འགྱུར་བ་དེ་བཞིན་དུ་ལྷ་ སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་གསོད་པ་ཡིན་ནོ། །ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་སྨད་པ་ཡིན་ནོ། །དཔེར་ན་སྦ་དང་སྨྱུག་མ་ནི་འབྲས་བུ་ཕྱུང་ནས་བསྐམས་པར་འགྱུར་ཞིང་། སྦ་དང་སྨྱུག་མ་ནི་འབྲས་བུ་ཕྱུང་ནས་དུང་ཡག་ཏུ་འགྱུར་བ་དེ་བཞིན་དུ་ལྷ་སྦྱིན་གྱི་རྙེད་པ་དང་བཀུར་ སྟི་ནི་གསོད་པ་ཡིན་ནོ། །ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་སྨད་པ་ཡིན་ནོ། །དཔེར་ན་དྲེའུ་མོ་མངལ་དུ་བཟུང་ནས་འཆི་བར་འགྱུར་ཞིང་། དྲེའུ་མོ་ནི་མངལ་དུ་བཟུང་ནས་མ་རུང་བར་འགྱུར་བ་དེ་བཞིན་དུ་ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་གསོད་པ་ཡིན་ནོ། །ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་ནི་སྨད་ པ་ཡིན་ནོ། །དགེ་སློང་དག་ལྷ་སྦྱིན་གྱི་རྙེད་པ་དང་བཀུར་སྟི་དེ་ལྟ་བུ་ཇི་སྙེད་བྱུང་བ་དེ་དག་ནི་སྐྱེས་བུ་གཏི་མུག་ཅན་དེ་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་གང་ཡིན་པ་ ཟིལ་གྱིས་མནན་པར་བྱའི་རྙེད་པ་དང་བཀུར་སྟི་བྱུང་བ་ལ་སེམས་གཏུགས་ཏེ་གནས་པར་མི་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་བར་བྱའོ། །ཆུ་ཤིང་འབྲས་བུ་སྨྱུག་འབྲས་དང་། །སྦ་ནི་འབྲས་བུས་སྐེམས་པ་དང་། །རང་གི་བུ་ཡིས་དྲེའུ་མོ་ལྟར། །སྐྱེས་བུ་ཐ་ཤལ་བཀུར་ སྟིས་འཇོམས། །ཇི་སྲིད་བྱིས་པ་མངོན་བྱེད་པ། །དེ་སྲིད་དུ་ནི་ཕུང་བར་འགྱུར། །བྱིས་པའི་དཀར་བའི་ཆ་འཇོམས་པ། །རྩེ་མོ་ལས་ཀྱང་ལྟུང་བར་འགྱུར། །དེ་ནས་ལྷ་སྦྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་པ་སེམས་ཡོངས་སུ་གཏུགས་པ་ལ་སྡིག་པའི་འདོད་པ་འདི་ལྟ་བུ་སྐྱེས་པར་གྱུར་ཏེ། ད་ནི་བཅོམ་ལྡན་འདས་བགྲེས་འཁོགས་གཏུགས་ཏེ་འཁོར་བཞི་ལ་གདམས་ངག་དབོག་ཏུ་མཉེལ་བར་གྱུར་གྱིས། ཨེ་མའོ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་སྤངས་ཏེ་བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་ཞིང་། བཅོམ་ལྡན་འདས་ནི་ཐུགས་ལས་ཆུང་ངུར་ མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་གྱི་རྗེས་སུ་བརྩོན་པས་བཞུགས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་ལྷ་སྦྱིན་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་ཀྱང་བདག་ཡོངས་སུ་ཉམས་སོ་ཞེས་མི་ཤེས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྐྲོད་ངའི་བུ་དགེ་སློང་ནོག་ཅན་ཞེས་ བྱ་བས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་དེ། ཚངས་པའི་གནས་པ་བཞི་བསྒོམས་ནས་འདོད་པ་རྣམས་ལ་འདོད་པའི་འདུན་པ་སྤང་བའི་ཕྱིར་དེ་ལ་མང་དུ་གནས་པས་ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྐྱེས་སོ། །དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ངན་ སྤོང་གི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་བྱེད་ཀྱི་ཚལ་གྱི་རི་དགས་ཀྱི་ནགས་ན་འདུག་གོ། །དེ་ནས་ཚངས་པ་ནོག་ཅན་གྱིས་ལྷ་སྦྱིན་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་པར་ཤེས་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ་བརྐྱང་བ་ལས་བསྐུམ་ པ་ཙམ་གྱིས་ཚངས་པ་ནོག་ཅན་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་བྱས་ཏེ་ངན་སྤོང་དུ་འོངས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་མདུན་དུ་འདུག་གོ། །དེ་ནས་ཚངས་པ་ནོག་ཅན་གྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་ གལ་གྱི་བུ་ཆེན་པོ་ཤེས་པར་གྱིས་ཤིག །ལྷ་སྦྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་པ་སེམས་གཏུགས་པ་ལ་སྡིག་པའི་འདོད་པ་འདི་ལྟ་བུ་སྐྱེས་ཏེ། ད་ནི་བཅོམ་ལྡན་འདས་བགྲེས་འཁོགས་གཏུགས་ཏེ་འཁོར་བཞི་ལ་གདམས་ངག་དབོག་ཏུ་མཉེལ་བར་གྱུར་གྱིས། ཨེ་མའོ་ བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་སྤངས་ཏེ། བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་ཞིང་། བཅོམ་ལྡན་འདས་ནི་ཐུགས་ལས་ཆུང་ངུར་གནས་ཤིང་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་གྱི་རྗེས་སུ་བརྩོན་པས་བཞུགས་ཀྱང་ ཅི་མ་རུང་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་རྫུ་འཕྲུལ་དེ་ལས་སླར་ཡོངས་སུ་ཉམས་ཏེ། ཡོངས་སུ་ཉམས་ཀྱང་བདག་ནི་སླར་ཡོངས་སུ་ཉམས་སོ་ཞེས་མ་ཤེས་ཀྱིས། བཙུན་པ་མཽད་གལ་གྱི་བུ་སྙིང་བརྩེ་བ་ཉེ་བར་བཟུང་སྟེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་དོན་འདི་ རྒྱས་པར་གསོལ་ན་ལེགས་ས