Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
་གྱི་བསྟི་གནས་ན་དཀའ་ཐུབ་སྤྱོད་ དོ། །ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་གྱིས་གཡང་གཞི་དང་། ཤིང་ཤུན་དང་། ཁར་བ་དང་། རིལ་བ་སྤྱི་བླུགས་དང་། བླུགས་གཟར་དེ་དག་ཆུ་ཀླུང་ནཻ་རཉྫ་ནས་ཁྱེར་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་ཚངས་པ་ མཚུངས་པར་སྤྱོད་པ་རྣམས་རྒྱལ་པོའམ། ཆོམ་རྐུན་ནམ། མེའམ། ཆུས་ཉེས་དམིགས་འགའ་ཞིག་བྱུང་བར་མ་གྱུར་གྲང་། མ་ལ་བདག་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་བཙལ་ལོ་སྙམ་མོ། །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་དག་ལྟེང་ རྒྱས་འོད་སྲུང་རལ་པ་ཅན་ཚོལ་ཞིང་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་དེར་དོང་བ་དང་དེའི་ཚེ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་སྐྲ་བྱི་སྣམ་སྦྱར་བགོས་ནས་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཆོས་ཉན་པའི་ཕྱིར་འཁོད་དོ། །ཆུ་ཀླུང་འོད་སྲུང་ དང་། ག་ཡཱ་འོད་སྲུང་སྤུན་གྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་སྐྲ་བྱི་སྣམ་སྦྱར་བགོས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཆོས་ཉན་པའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །འོད་སྲུང་འདི་ནི་མཆོག་ཡིན་ ལ། དེ་མཆོག་མ་ཡིན་ནམ། འོད་སྲུང་དག་འདི་ནི་མཆོག་ཡིན་ཏེ། དེ་ནི་མ་ཡིན་ནོ། །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་དག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བཤད་པ་ཡང་མཆོག་ མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལྷག་ལོན་པ་རྒས་འཁོགས་གཏུགས་པ། མ་ག་དྷཱའི་མི་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ཤིང་དགྲ་བཅོམ་པར་བཀུར་བ་དེ་ཡང་ ལན་གཉིས་ཀྱི་བར་དུ་དགེ་སྦྱོང་ཆེན་པོའི་སྤྱན་སྔར་རབ་ཏུ་འབྱུང་བར་ཁས་བླངས་ཀྱིས། མ་ལ་བདག་ཅག་ཀྱང་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་ཅག་ལེགས་ པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བདག་ཅག་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཁྱེད་ཀྱིས་འཁོར་ལ་བལྟས་སམ། དགེ་སྦྱོང་ཆེན་པོ་མ་བལྟས་ལགས་སོ། །འོད་སྲུང་ དག་དེའི་ཕྱིར་རེ་ཞིག་འཁོར་ལ་ལྟོས་ཤིག །འདི་ལྟ་བུའི་མི་གྲགས་པ་དང་ལྡན་པ་ཤེས་ཉེན་ཅན་དག་གིས་ནི་འཁོར་ལ་བལྟ་བ་ལེགས་པ་ཡིན་ནོ། །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་རང་གི་བསྟི་གནས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བྲམ་ཟེའི་ཁྱེའུ་རྣམས་ལ་འདི་ སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །ཁོ་བོ་ཅག་ནི་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་ན་ཤེས་ལྡན་དག་ཅི་བྱེད། མཁན་པོ་དག་བདག་ཅག་ཆུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་མཁན་པོ་དག་ལ་བརྟེན་ནས་ལགས་ཀྱིས། གལ་ཏེ་མཁན་ པོ་དག་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་ན་བདག་ཅག་ཀྱང་མཁན་པོ་དག་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ་། །བྲམ་ཟེའི་ཁྱེའུ་དག་དེའི་དུས་ད་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་སྤུན་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་ བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་ཅག་གིས་འཁོར་ལ་བལྟས་ལགས་ཏེ། དགེ་སྦྱོང་ཆེན་པོ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་ སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་ཅག་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །འོད་སྲུང་དག་ཚུར་ཤེག་ཚངས་པར་སྤྱོད་པ་སྤྱོད་ཅིག །དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་རྣམས་རབ་ཏུ་བྱུང་བ་དང་། དེས་བསྙེན་པར་རྫོགས་པ་དང་། དེས་དགེ་སློང་གི་དངོས་ པོར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་སྟོང་པ་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་ནས་ལྟེང་རྒྱས་སུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་ག་ཡཱ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་ག་ཡཱར་བྱོན་ནས་ག་ཡཱ་ན་ག་ཡཱ་མགོའི་མཆོད་ རྟེན་ལ་སྔོན་གྱི་རལ་པ་ཅན་ཐམས་ཅད་རབ་ཏུ་བྱུང་བའི་དགེ་སློང་སྟོང་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྟོང་པོ་དེ་ལ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འདོམས་པར་མཛད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་རྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་ བསྟན་པའི་ཆོ་འཕྲུལ་ལོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་མཉམ་པར་བཞག་ན། ཉིད་ཀྱི་གདན་གྱི་ནང་དུ་མི་སྣང་བར་གྱུར་ཅིང་ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་ བཞི་མཛད་དེ། འདི་ལྟ་སྟེ་འཆག་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བ་མཛད་དོ། །མེའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་པར་མཛད་དེ། མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་སྣ་ཚོགས་ དག་འབྱིན་པར་མཛད་དེ། འདི་ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་གོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་མཛད་དེ། སྐུའི་སྨད་ནས་འབར་བར་མཛད་ལ། སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དོ། ། སྐུའི་སྟོད་ནས་འབར་བར་མཛད་ལ་སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་རྣམས་བསྡུས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ཏེ། དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཀུན་རྗོད་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་ཁྱེད་ཀྱི་སེམས་ནི་འདི་ལྟ་བུའོ། །ཁྱེད་ཀྱི་ཡིད་ནི་འདི་ལྟ་བུའོ། །རྣམ་པར་ཤེས་པ་ནི་འདི་ལྟ་བུའོ། །འདི་ནི་རྟོགས་ཤིག །འདི་ནི་མ་རྟོགས་ཤིག །འདི་ནི་ཡིད་ལ་བྱོས་ཤིག །འདི་ནི་ཡིད་ལ་མ་བྱེད་ཅིག །འདི་ནི་སྤོངས་ཤིག །འདི་ནི་མ་སྤོངས་ཤིག །འདི་ནི་ ལུས་ཀྱིས་མངོན་སུམ་དུ་བྱས་ལ་རྫོགས་པར་བྱས་ཏེ་གནོས་ཤིག །འདི་ནི་བཅོམ་ལྡན་འདས་ཀྱི་ཀུན་རྗོད་པའི་ཆོ་འཕྲུལ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་འདི་ཐམས་ཅད་ནི་ཀུན་དུ་འབར་བ་ཡིན་ནོ། །དགེ་སློང་དག་ཐམས་ཅད་ ཀུན་དུ་འབར་བ་དེ་ཅི་ཡིན་ཞེ་ན། དགེ་སློང་དག་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་ཀུན་དུ་འབར་བ་ཡིན་ཞིང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་གི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་ བསྔལ་བ་ཡང་མ་ཡིན་པ་འབྱུང་བ་གང་ཡིན་པ་དེ་ཡང་ཀུན་དུ་འབར་བ་ཡིན་ནོ། །དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ནི་ཀུན་དུ་འབར་བ་ཡིན་ཞིང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ གྱིས་ནང་གི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་འབྱུང་བ་གང་ཡིན་པ་དེ་ཡང་ཀུན་དུ་འབར་བ་ཡིན་ནོ། །གང་གིས་ཀུན་དུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེས་ཀུན་དུ་འབར། སྐྱེ་བ་ དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་སྟེ། སྡུག་བསྔལ་གྱིས་ཀུན་དུ་འབར་བའོ་ཞེས་སྨྲའོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ། །ཆོས་ ཀྱི་རྣམ་གྲངས་འདི་བཤད་པ་ན་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ག་ཡཱ་ན་ག་ཡཱ་མགོའི་མཆོད་རྟེན་ལ་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སྦྱོང་ཐམས་ཅད་ཀྱང་ དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །རྒྱལ་པོ་ གཟུགས་ཅན་སྙིང་པོའི་ཞོ་ཤས་འཚོ་བའི་མི་རྣམས་ལྗོངས་རྒྱུ་བ་ན་ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་བ་དེ་བྲམ་ཟེ་མཚན་མཁན་དང་ལྟས་མཁན་རྣམས་ཀྱིས། གལ་ཏེ་ ཁྱིམ་པར་གྱུར་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་ཡིན་པར་འགྱུར་རོ། །འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང་། གླང་ པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡིན་ནོ། །དེ་ལ་བུ་སྟོང་ཡང་ཚང་བར་འབྱུང་བར་འགྱུར་ཏེ། དཔའ་བརྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པར་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་ བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བར་ལུང་བསྟན་ཏོ་ཞེས་ཐོས་ སོ། །ཐོས་ནས་ཀྱང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། བདག་ཅག་འདིར་ལྷའི་ཡུལ་ན་རྒྱུ་བ་ན་ཤཱཀྱ་རྣམས་ཀྱི་གཞོན་ ནུ་གངས་རིའི་ངོས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་བ་དེ་བྲམ་ཟེ་མཚན་མཁན་དང་ལྟས་མཁན་རྣམས་ཀྱིས། གལ་ཏེ་ཁྱིམ་པར་གྱུར་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ ཞེས་བྱ་བ་ནས། བདུན་པ་བློན་པོ་རིན་པོ་ཆེར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ལ་བུ་སྟོང་ཡང་ཚང་བར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས་ཆོས་དང་མཐུན་ཞིང་སྙོམས་པར་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ ཏེ་གོས་ངུར་སྨྲིག་བགོས་ནས་ཞེས་བྱ་བ་ནས། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བར་ལུང་བསྟན་པ་ཞིག་ཐོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལྷ་དེ་ཁུམ་ཤིག །ལྷ་བས་གཙོ་བོ་བས་ཆེས་གཙོ་བོར་འགྱུར་དུ་མཆིའོ། །གྲོང་པ་དག་ཤཱཀྱ་རྣམས་ཀྱི་གཞོན་ ནུ་གངས་རིའི་ངོས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་བ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་ཁྱིམ་པར་གྱུར་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བྱ་བ་ནས་ཆོས་དང་མཐུན་ཞིང་སྙོམས་ པར་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བ་དེ་ལྷ་ཁུམ་ཤིག །ལྷ་བས་གཙོ་བོ་བས་ཆེས་གཙོ་བོར་འགྱུར་དུ་མཆིའོ་ཞེས་ཁྱེད་ཅག་དེ་སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། གྲོང་པ་དག་ཤཱཀྱ་རྣམས་ཀྱི་གཞོན་ནུ་ཞེས་བྱ་བ་ནས་བྱུང་བ་ཞེས་བྱ་བའི་བར་གོང་མ་ བཞིན་དུ་སྟེ། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ན་དེའི་གཡོག་བྱའོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་ སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་གྱུར་ན་དེའི་ཉན་ཐོས་སུ་ཁས་བླང་བར་བྱའོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་སྨོན་པའི་གཞི་ལྔ་སྨོན་པར་བྱེད་དེ། ཀྱེ་མ་བདག་གི་ཡུལ་དུ་འཇིག་རྟེན་གྱི་སྟོན་པ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་ དང་། དེ་ལ་ཡང་བལྟ་བའི་ཕྱིར་བདག་ཉེ་བར་འགྲོ་བ་དང་། ཉེ་བར་སོང་བ་ན་དེས་ཀྱང་བདག་ལ་ཆོས་བཤད་པ་དང་། བདག་གིས་ཀྱང་ཆོས་བཤད་པ་དེ་ཤེས་པ་དང་། བདག་གིས་ཆོས་ཤེས་ནས་བསླབ་པ་བཅས་ཤིང་བསླབ་པ་དེ་ཡང་བདག་གིས་བླངས་ཏེ་གནས་ཀྱང་ཅི་མ་རུང་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དེ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་སྨོན་པའི་གཞི་ལྔ་སྨོན་པར་བྱེད་དེ། ཀྱེ་མའོ་བདག་གི་ཡུལ་དུ་འཇིག་རྟེན་གྱི་སྟོན་པ་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འབྱུང་བ་དང་། དེ་ལ་ཡང་བལྟ་བའི་ ཕྱིར་བདག་ཉེ་བར་འགྲོ་བ་དང་། ཉེ་བར་སོང་བ་ན་དེས་ཀྱང་བདག་ལ་ཆོས་བཤད་པ་དང་། བདག་གིས་ཀྱང་ཆོས་བཤད་པ་དེ་ཤེས་པ་དང་། བདག་གིས་ཆོས་ཤེས་ནས་བསླབ་པ་བཅས་ཤིང་བསླབ་པ་དེ་ཡང་བདག་གིས་བླངས་ཏེ་གནས་ཀྱང་ཅི་མ་རུང་སྙམ་མོ། །མ་ག་ དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་ཞོ་ཤས་འཚོ་བ་དག་ཅིག་ལྗོངས་རྒྱུ་བ་ན་ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་བ་གང་ཡིན་པ་དེ་བྲམ་ཟེ་མཚན་མཁན་དང་ལྟས་མཁན་ ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་ལུང་བསྟན་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ག་ཡཱ་ན་ག་ཡཱ་མགོའི་མཆོད་རྟེན་ལ་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་སྟོང་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་གང་ན་བ་དེར་དོང་སྟེ་ལྷགས་ནས། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། བདག་ཅག་འདི་ན་ལྷའི་ཡུལ་ན་རྒྱུ་བ་ན་ཤཱཀྱ་རྣམས་ཀྱི་གཞོན་ནུ་གང་ལགས་པ་དེ་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་ སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ག་ཡཱ་ན་ག་ཡཱ་མགོའི་མཆོད་རྟེན་ལ་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་ཐམས་ཅད་ཀྱང་དགྲ་ བཅོམ་པ། ཟག་པ་ཟད་པ་ཞེས་བྱ་བ་ནས་ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བའི་བར་དུ་སྟེ། ལྷ་དེ་ལ་བཀུར་སྟི་མཛོད་ཅིག་དང་། དེ་ལྟ་ན་ལྷ་གཙོ་བོ་བས་ཆེས་གཙོ་བོར་འགྱུར་རོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་ བཟོ་སྦྱངས་གཟུགས་ཅན་སྙིང་པོས་མི་ཞིག་ལ་བསྒོ་བ། ཀྭའེ་ནང་རྗེ་ཚུར་ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཁོ་བོའི་ཚིག་འདི་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། འཚོ་འམ། བསྐྱོད་པ་ཡང་ ངམ། སྟོབས་དང་། བདེ་བ་དང་། སྐུ་ཉམས་དང་ལྡན་ནམ། རེག་པར་སྤྱོད་དམ་ཞེས་ཞུས་ལ་འདི་སྐད་ཅེས་ཀྱང་གསོལ་ཅིག །བདག་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱིད་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞེས་གསོལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལས་མཉན་ནས། བཅོམ་ལྡན་ འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་མི་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ ཅན་སྙིང་པོ་མགོ་བོས་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ་ཞེས་བྱ་བ་ནས་རེག་པར་སྤྱོད་དམ་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། སྙུན་གསོལ་ལགས་སོ། །ཀྱེ་མི་ཁྱོད་དང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བདེ་བར་གྱུར་ཅིག །བཙུན་པ་མ་ ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་མཆིད་ནས་འདི་སྐད་ཅེས། བདག་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ ཀྱིས་བསྙེན་བཀུར་བགྱིད་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞེས་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཞེས་བྱ་བ་ནས་ཡང་དག་ པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་ཤ་སྟག་དང་ཐབས་ཅིག་ཏུ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡུལ་མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་བྲང་གི་ཚལ་ན་ཡོད་པ་གང་ན་བ་དེར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ལེགས་པར་ རབ་གནས་སུ་བྱོན་ནས་མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་བྲང་གི་ཚལ་ན་ཡོད་པ་ན་བཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་ བ་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་དུ་སྟེ། མ་ག་དྷཱའི་ལྗོངས་རྒྱུ་ཤིང་གཤེགས་པ་ན། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་བྲང་གི་ཚལ་ན་ཡོད་པ་གང་ན་བ་དེར་གཤེགས་ཏེ། མ་ག་དྷཱ་པ་རྣམས་ཀྱི་མཆོད་རྟེན་ལེགས་པར་རབ་གནས་ལྟང་ བྲང་གི་ཚལ་ན་ཡོད་པ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཤིང་རྟ་བཟང་པོའི་ནང་དུ་ཞུགས་ཏེ་འཁོར་བརྒྱ་ཕྲག་དུ་མ་དང་རྒྱལ་པོའི་ཁབ་ནས་བྱུང་ནས་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན། དེའི་ཤིང་རྟའི་འཁོར་ ལོ་སའི་ནང་དུ་བྱིང་བར་གྱུར་ཏོ། །དེས་བསམས་པ་བདག་གིས་ལས་སྐྱོན་ཅན་ཆུང་ཟད་བྱས་པར་མ་གྱུར་གྲང་སྙམ་མོ། །ལྷ་རྣམས་ཀྱིས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལས་སྐྱོན་ཅན་མ་བྱས་མོད་ཀྱི། ཁྱོད་དང་ལྷན་ཅིག་ལས་མཚུངས་པར་སྤྱོད་པ་གང་ཡིན་པ་དེ་དག་ བཙོན་ར་ན་འདུག་གིས་དེ་དག་ཐོན་ཅིག །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་གདོན་ནོ་ཞེས་རྒྱལ་པོས་བཙོན་རྣམས་འདོན་དུ་བཅུག་གོ། །ཡང་རྒྱལ་པོ་ཕྱིར་འབྱུང་བར་བརྩམས་པ་ན་དེའི་དབུ་རྒྱན་སྒོ་ལ་ཐུག་གོ། །དེས་ཡང་བསམས་པ། བདག་གིས་ནི་གདོན་མི་ཟ་བར་ལས་སྐྱོན་ ཅན་ཞིག་བྱས་ཏེ། དེས་ན་བདག་ལ་ལྟས་ངན་པ་གཞན་སྒོ་ལ་དབུ་རྒྱན་ཐུག་པ་འདི་བྱུང་ངོ་སྙམ་མོ། །ལྷ་དེ་རྣམས་ཀྱིས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལས་སྐྱོན་ཅན་མ་བྱས་མོད་ཀྱི། ཁྱོད་དང་ལྷན་ཅིག་ལས་མཚུངས་པར་སྤྱོད་པ་གང་ཡིན་པ་དེ་དག་ཁ་ཅིག་ནི་འདུས། ཁ་ཅིག་ནི་ཡུལ་ཕྱོགས་གཞན་ག་གེ་མོ་ཞེས་བྱ་བ་དག་ན་ལས་ཀྱི་མཐའ་བྱེད་ཅིང་འདུག་པ་དེ་དག་སྦྲོན་ཅིག །རྒྱལ་པོས་ཡུལ་དེ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་བཀུག་གོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཤིང་རྟ་ཁྲི་ཉིས་སྟོང་དང་། ཞབས་འབྲིང་བ་རྟ་པའི་ཚོགས་ཁྲི་ བརྒྱ་སྟོང་དང་། མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་རྒྱལ་པོའི་ཁབ་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་། །དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཐག་ཅི་ཙམ་ནས་བཅོམ་ལྡན་འདས་མཐོང་བའི་བར་དེ་ནས་རྒྱལ་པོའི་མཚན་མ་ལྔ་པོ་ཟེའུ་ཁ་དང་། གདུགས་དང་། རལ་གྲི་དང་ནོར་བུའི་རྔ་ཡབ་དང་། ལྷམ་ ཁྲ་བོ་རྣམས་ཕུད་དོ།། །།འདུལ་བ་གཞི། བམ་པོ་བརྒྱད་བཅུ་དགུ་པ། དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྒྱལ་པོའི་མཚན་མ་ལྔ་བཞག་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་ འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་རང་གི་མིང་ནས་ཕྱུང་སྟེ། ལན་གསུམ་དུ་གསོལ་པ། བཙུན་པ་བདག་ནི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །བཙུན་པ་བདག་ནི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ། །རྒྱལ་པོ་ ལགས་སོ། །རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཡིན་ནོ། །རྒྱལ་ པོ་ཆེན་པོ་ཁྱོད་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་ཁ་ཅིག་གིས་ནི། བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་ གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་འཁོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ འདི་སྙམ་དུ་སེམས་ཏེ། ཅི་དགེ་སྦྱོང་ཆེན་པོ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་ཚངས་པར་སྤྱོད་པ་ལ་སྤྱོད་དམ། འོན་ཏེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་དགེ་སྦྱོང་ཆེན་པོའི་ཚངས་པར་སྤྱོད་པ་ལ་སྤྱོད་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་ རྣམས་ཀྱི་སེམས་མཁྱེན་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་རྨས་པ། ལྟེང་རྒྱས་གནས་པ་ཁྱོད་འདིར་ཅི་མཐོང་ན། །མེ་སྤངས་ནས་ནི་བརྟུལ་ཞུགས་འདི་དག་སྤྱོད། །ཁྱོད་ཀྱིས་ཅི་ལྟར་མེ་ཡི་མཆོད་སྤངས་པ། །དོན་དེ་འོད་སྲུང་ང་ལ་སྨྲ་ བར་གྱིས། །ལྟེང་རྒྱས་འོད་སྲུང་གིས་གསོལ་པ། འདི་ནི་ཁ་ཅིག་ཟས་སྐོམ་དེ་བཞིན་རོ། །འདོད་པ་དག་དང་བུད་མེད་ཁོ་ན་སྨྲ། །དེ་དག་ཐབས་ཀྱི་དྲི་མ་རབ་མཐོང་སྟེ། །དེས་བདག་མཆོད་སྦྱིན་མི་དགའ་སྲེག་བླུགས་མ་ནི། །ཁྱོད་ནི་འདོད་དང་བཟའ་དང་བཏུང་བ་དང་། དེ་བཞིན་རོ་ལ་ཡིད་ནི་མི་དགའ་ན། །ལྷ་མི་འཇིག་རྟེན་ལ་ཅི་ཁྱོད་ཀྱི་ཡིད། །དགའ་བ་ཡིན་ནམ་འོད་སྲུང་དྲི་ཡིས་སྨྲོས། །ཕུང་པོ་མ་མཆིས་ཞི་བ་ཅི་མ་མཆིས། །འདོད་སྲེད་མ་ཆགས་གཞན་དུ་འགྱུར་མ་མཆིས། །གཞན་གྱིས་མི་བཀྲིའི་གོ་འཕང་མཆོག་མཐོང་སྟེ། །དེས་ བདག་མཆོད་སྦྱིན་མི་དགའ་སྲེག་བླུགས་མིན། །གོ་འཕང་མི་ཉམས་མཆོག་ནི་མ་མཐོང་བས། །མཆོད་སྦྱིན་བརྟུལ་ཞུགས་དང་ནི་ཞུགས་དག་གིས། །གྲོལ་སྙམ་བདག་གི་ཡིད་ནི་རྨོངས་གྱུར་ཏེ། །དམུས་ལོང་གྱུར་ནས་སྐྱེ་ཤི་རྗེས་བཞིན་འཐོམ། །སྐྱོབ་པ་གཙོ་བོ་མཆོག་གིས་ལེགས་ བཤད་པ། །གོ་འཕང་འདུས་མ་བྱས་ཏེ་གཟོད་མཐོང་ན། །ཐུབ་པ་གཽ་ཏམ་རྣམ་པར་འདྲེན་ཁྱོད་ནི། །སྐྱེ་བོ་ཕལ་ཆེན་དོན་བརྩོན་བདེན་ལ་ཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་རྟོགས་པ་ལེགས་རྟོགས་ཏེ། །ཁྱོད་ཀྱིས་ཉེས་པར་བསམས་མ་ཡིན། །རབ་ ཏུ་ཕྱེ་བའི་ཆོས་རྣམས་ལ། །གཙོ་བོ་གང་ཡིན་དེ་བླངས་སོ། །འོད་སྲུང་འཁོར་སྐྱོ་བ་སྐྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་རང་གི་སྟན་གྱི་ནང་དུ་མི་སྣང་བར་གྱུར་ཅིང་། ཤར་ཕྱོགས་ ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་བྱེད་དེ། འདི་ལྟ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་བྱེད་དོ། །མེའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་པར་བྱེད་དེ། མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་ཚེ་ དང་ལྡན་པ་ལྟེང་རྒྱས་འོད་སྲུང་གི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འབྱིན་པར་བྱེད་དེ། འདི་ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་དག་གོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་བྱེད་དེ། ལུས་ཀྱི་སྨད་ནས་འབར་ བར་བྱེད་ལ་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་དོ། །ལུས་ཀྱི་སྟོད་ནས་འབར་བར་བྱེད་ལ་ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དག་བསྡུས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་བའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །སྟོན་པ་ལགས་སོ། ། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཉན་ཐོས་ལགས་སོ། །འོད་སྲུང་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །འོད་སྲུང་ཁྱོད་ རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །དེ་ནས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་མ་ག་ངྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ནི་ལྟེང་རྒྱས་འོད་སྲུང་ རལ་པ་ཅན་གྱི་ཚངས་པར་སྤྱོད་པ་ལ་མི་སྤྱོད་ཀྱི། ལྟེང་རྒྱས་འོད་སྲུང་རལ་པ་ཅན་ཉིད་དགེ་སྦྱོང་ཆེན་པོའི་ཚངས་པར་སྤྱོད་པ་ལ་སྤྱོད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གཟུགས་ལ་སྐྱེ་བ་ཡང་ ཡོད། འཇིག་པ་ཡང་ཡོད་དེ། དེའི་སྐྱེ་བ་དང་འཇིག་པ་ཡང་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སྐྱེ་བ་ཡང་ཡོད། འཇིག་པ་ཡང་ཡོད་དེ། དེའི་སྐྱེ་བ་དང་འཇིག་པ་ཡང་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་ རིགས་ཀྱི་བུས་གཟུགས་ཀྱི་སྐྱེ་བ་དང་འཇིག་པའི་ཆོས་ཉིད་རིག་ནས་གཟུགས་དེ་ཡོངས་སུ་ཤེས་སོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྐྱེ་བ་དང་འཇིག་པའི་ཆོས་ཉིད་རིག་ནས་རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས་སོ། །རྒྱལ་ པོ་ཆེན་པོ་རིགས་ཀྱི་བུས་གཟུགས་ཡོངས་སུ་ཤེས་ན་གཟུགས་ལ་བདག་གམ་བདག་གིར་ཁས་མི་ལེན། མི་འཛིན་ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་ ཤེས་ན་བདག་གམ་བདག་གིར་ཁས་མི་ལེན། མི་འཛིན། ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་གཟུགས་ལ་བདག་གམ། བདག་གིར་ཁས་མི་ལེན། མི་འཛིན། ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་ན་ཚད་མེད་ཅིང་ གྲངས་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་སྨྲའོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བདག་གམ། བདག་གིར་ཁས་མི་ལེན། མི་འཛིན། ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་ན་ཚད་ མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་སྨྲའོ། །དེ་ནས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཟུགས་བདག་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་མ་ཡིན་ན། འོ་ན་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོའམ། གསོ་བ་པོའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུའམ། བྱེད་པ་པོའམ། བྱེད་དུ་འཇུག་པ་པོའམ། ཤེས་པ་པོའམ། ཀུན་ནས་ཤེས་པ་པོའམ། སློང་བ་པོའམ། ཀུན་ནས་སློང་བ་པོའམ། སྨྲ་བ་པོའམ། ཚོར་བ་པོའམ། ཀུན་ནས་ཚོར་བ་པོ་གང་ཡིན་པ་ནམ་ཡང་མ་བྱུང་འབྱུང་བར་མི་འགྱུར་ཞིང་ད་ལྟ་ཡང་ཡོད་པ་མ་ཡིན་ན། གང་གིས་དེ་དང་དེར་དགེ་བ་དང་སྡིག་པའི་ལས་བྱས་པ་རྣམས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་ཞིང་གང་གིས་ཕུང་པོ་འདི་བོར་ཏེ་ཕུང་པོ་གཞན་དང་ཉིང་ མཚམས་སྦྱོར་བ་དེ་སུ་ཞིག་ཡིན་པར་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་སེམས་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བདག་བདག་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ བཏགས་པའི་རྗེས་སུ་ལྷུང་བ་ཡིན་ཏེ། འདི་ལ་བདག་ཅེའམ་བདག་གི་མེད་ཀྱི། དགེ་སློང་དག་སྐྱེ་བ་ན་སྡུག་བསྔལ་འདི་སྐྱེ་ཞིང་འགག་པ་ན་ཡང་སྡུག་བསྔལ་འགག་གོ། །སྐྱེ་བ་ན་འདུ་བྱེད་རྣམས་སྐྱེ་ཞིང་འགག་པ་ན་འདུ་བྱེད་རྣམས་འགག་པར་འགྱུར་ཏེ། རྒྱུ་དང་རྐྱེན་དེ་ ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་འཇུག་གོ། །དགེ་སློང་དག་དེ་བཞིན་གཤེགས་པས་འདུ་བྱེད་ཀྱི་རྒྱུད་ཉིང་མཚམས་སྦྱོར་བ་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་འདོགས་པར་མཛད་དེ། དགེ་སློང་དག་ངས་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་ འདས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་དང་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་ཡང་གཟིགས་སོ། །ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་ཆོས་བླངས་པའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན། འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ་དང་། ཡང་དག་པར་ལྟ་ བ་ཡིན་ཏེ། ཡང་དག་པར་ལྟ་བའི་ལས་དང་ཆོས་བླངས་པའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་མཁྱེན་ཏོ། །དགེ་སློང་དག་ངས་དེ་ལྟར་མཁྱེན་ཅིང་དེ་ལྟར་གཟིགས་པས་ང་འདི་སྐད་ཅེས་བདག་གམ། སེམས་ ཅན་ནམ། སྲོག་གམ། སྐྱེ་བ་པོའམ། གསོ་བ་པོའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་འམ། བྱེད་པ་པོ་འམ། བྱེད་དུ་འཇུག་པ་པོའམ། ཤེས་པ་པོ་འམ། ཀུན་ནས་ཤེས་པ་པོའམ། སློང་བ་པོའམ། ཀུན་ནས་སློང་བ་པོའམ། སྨྲ་བ་པོའམ། ཚོར་བ་པོའམ། ཀུན་ནས་ཚོར་བ་པོ་གང་ཡིན་པ་ནི་ནམ་ཡང་མ་བྱུང་འབྱུང་བར་མི་འགྱུར་ཞིང་ད་ལྟར་ཡང་ཡོད་པ་མ་ཡིན་པས་གང་གིས་དེ་དང་དེར་དགེ་བ་དང་། སྡིག་པའི་ལས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་ཞིང་གང་གིས་ཕུང་པོ་འདི་བོར་ཏེ་ཕུང་པོ་གཞན་དང་ཉིང་ མཚམས་སྦྱོར་བ་དེ་ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་འདི་ཡིན་ནོ་ཞེས་མི་གསུང་ངོ་། །དེ་ལ་ཆོས་ཀྱི་བརྡར་བཏགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་འདི་ཡོད། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་ པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ་འདི་མེད་པས་འདི་མེད་ ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག ། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་འདུ་བྱེད་རྣམས་ནི་སྡུག་བསྔལ་ལོ། །མྱ་ངན་ལས་ འདས་པ་ནི་ཞི་བའོ། །རྒྱུ་ཀུན་འབྱུང་བས་སྡུག་བསྔལ་ཀུན་འབྱུང་ཞིང་རྒྱུ་འགགས་པས་སྡུག་བསྔལ་འགག་སྟེ། རྒྱུན་བཅད་པས་མི་འབྱུང་ཞིང་ཉིང་མཚམས་སྦྱོར་བ་མེད་པར་འགགས་པ་འདི་ཉིད་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །དགེ་སློང་དག་དེ་ལ་ཡོངས་སུ་ མྱ་ངན་ལས་འདས་པ་གང་ཞེ་ན། གཞན་མེད་ཀྱི་སྡུག་བསྔལ་འགགས་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ། དེ་ནི་བསིལ་བར་གྱུར་པ་དེ་ནི་ནུབ་པ་སྟེ། དགེ་སློང་དག་ཞི་བའི་གནས་འདི་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགགས་པ། མྱ་ངན་ལས་འདས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ལན་གཉིས་སུ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གཟུགས་རྟག་གམ་མི་རྟག །བཙུན་པ་འདི་མི་རྟག་ལགས་སོ། ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་ཡིན་ནམ། སྡུག་བསྔལ་མ་ཡིན། བཙུན་པ་འདི་ནི་སྡུག་བསྔལ་ལགས་སོ། །མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅི་ག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་ཡིན་ནོ། །བདག་ནི་འདི་ཡིན་ནོ། འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལགས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་གམ་མི་རྟག །བཙུན་པ་འདི་ནི་མི་རྟག་ལགས་སོ། །མི་རྟག་པ་གང་ ཡིན་པ་དེ་སྡུག་བསྔལ་ཡིན་ནམ། སྡུག་བསྔལ་མ་ཡིན། བཙུན་པ་འདི་ནི་སྡུག་བསྔལ་ལགས་སོ། །མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཅི་ག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་ཡིན་ནོ། །བདག་ནི་འདི་ཡིན་ནོ། །འདི་ནི་བདག་གི་ བདག་གོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལགས་སོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་གཟུགས་གང་ཡིན་པ་ཅི་ཡང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། གང་དག་ཐག་རིང་བའམ། གང་དག་ཐག་ཉེ་བ་ཡང་རུང་སྟེ། དེ་ཐམས་ཅད་ལ་འདི་ནི་བདག་མ་ཡིན་ནོ། །བདག་ནི་འདི་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །རྒྱལ་པོ་ཆེན་ པོ་དེ་ལྟ་བས་ན་ཁྱོད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། གང་དག་ཐག་རིང་ བའམ། གང་དག་ཐག་ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་འདི་ནི་བདག་མ་ཡིན་ནོ། །བདག་ནི་འདི་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་འཕགས་པ་ཉན་ཐོས་ཐོས་པ་དང་ ལྡན་པ་དེ་ལྟར་མཐོང་བ་ནི་གཟུགས་ལ་ཡང་ཡིད་འབྱུང་བར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡང་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་འབྲལ་ལོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། ། རྣམ་པར་གྲོལ་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ དང་། ལྷ་བརྒྱད་ཁྲི་དང་། མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་ལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་བཙུན་པ་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་ འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་དུ་བཅས་ པ་ལ་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱིད་ལགས་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་ པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་ སྔ་ནས་སོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་ བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་ འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་དག་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་ བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པ་ན་འཇིག་རྟེན་དུ་སྟོན་པ་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྩིབས་ཀྱི་ལྟེ་བ་ཞེས་བྱ་བ་བྱུང་ནས་དེས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་དེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །སྐྱེ་བོའི་ཚོགས་ ཆེན་པོས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས་ས་ཕྱོགས་དབེན་ཞིང་ཡངས་པ་ཞིག་ཏུ་མཆོད་རྟེན་ཆེན་པོ་བརྩིགས་སོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བ་ཁྲོམ་གྱི་རུ་བ་བྱེ་བ་ཕྲག་བཅྭ་བརྒྱད་དང་སྟེང་གི་ནམ་མཁའ་ལས་ཡུལ་རྒྱུ་བ་ན་མཆོད་རྟེན་དེ་དང་ཉེ་བ་ཞིག་ཏུ་ཕྱིན་ པ་དང་། སངས་རྒྱས་ལ་མངོན་པར་དད་པའི་ལྷ་རྣམས་ཀྱིས་དེའི་འཁོར་ལོ་རིན་པོ་ཆེ་ཐོགས་པར་བྱས་སོ། །རྒྱལ་པོ་ཀྲྀ་ཀཱིས་བསམས་པ། འདི་ལྟར་འཁོར་ལོ་རིན་པོ་ཆེ་འདི་ཐོགས་པ་ལས་ན་བདག་གི་བསོད་ནམས་ཟད་པར་མ་གྱུར་གྲང་སྙམ་མོ། །དེ་ལ་ལྷ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་བསོད་ནམས་མ་ཟད་མོད་ཀྱི་ཕྱོགས་འདི་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྩིབས་ཀྱི་ལྟེ་བའི་མཆོད་རྟེན་བཞུགས་པས། དེས་ན་འཁོར་ལོ་རིན་པོ་ཆེ་འདི་དེའི་སྟེང་དུ་མི་འགྲོ་ཞིང་ཐོགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཀྲྀ་ཀཱི་ཁྲོམ་གྱི་རུ་པ་བྱེ་བ་ཕྲག་བཅྭ་བརྒྱད་དང་ལྷན་ ཅིག་བབས་ན་ཇི་ཙམ་ན་མཆོད་རྟེན་བྱི་དོར་མ་བྱས་པ་དེ་མཐོང་ནས་འཁོར་དང་བཅས་པ་དེས་བྱི་དོར་བྱས་ཏེ་དྲི་དང་། བྱུག་པ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོ་རྣམས་ཀྱིས་མཆོད་པ་བྱས་ནས་འཁོར་དང་བཅས་པས་དྲུང་དུ་བཏུད་དེ་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་ པ་འདི་ལྟ་བུ་ལ་བྱ་བ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་གིས་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་འགྱུར་བ་དང་། སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཅིང་མི་མཉེས་པར་མི་བྱེད་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བ་འཁོར་དང་བཅས་པ་གང་ཡིན་པ་དེ་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཉིད་ཡིན་ཏེ། འཁོར་དང་བཅས་པ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྩིབས་ཀྱི་ལྟེ་བའི་མཆོད་རྟེན་ལ་མཆོད་པ་བྱས་པ་གང་ཡིན་པ་དེའི་ ལས་ཀྱི་རྣམ་པར་སྨིན་པས་འདིས་བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་མང་པོར་ལྷ་དང་མི་རྣམས་ཀྱི་བདེ་བ་ཁྱད་པར་དུ་འཕགས་པ་ཉམས་སུ་མྱོང་བར་གྱུར་ཏོ། །འདི་ལྟ་བུའི་ཡོན་ཏན་དག་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི་ངའི་སྤྱན་སྔར་འཁོར་དང་བཅས་པ་བདེན་པ་ མཐོང་བར་བྱས་སོ། །སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཅིང་མི་མཉེས་པར་མི་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པས་ནི་ང་ཉིད་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྩིབས་ཀྱི་ལྟེ་བར་ལྷན་ཅིག་མཉམ་པར་མཉམ་སྟེ། སྟོབས་མཉམ་པ་དང་། ཤུགས་མཉམ་པ་དང་ བརྩོན་འགྲུས་མཉམ་པ་དང་། ཐོབ་པ་མཉམ་པ་ཡིན་ཏེ། འདིས་སྟོན་པ་ང་མཉེས་པར་བྱས་ཀྱི། མི་མཉེས་པར་མ་བྱས་པ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་ནི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་ དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །དགེ་སློང་རྣམས་ཐེ་ཚོམ་ སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་གིས་ལས་ཅི་ཞིག་བགྱིས་ན། དེས་ན་ཆོ་འཕྲུལ་ལྔ་བརྒྱས་བཏུལ་བར་གྱུར་ལགས། ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་དག་ནི་ཚེགས་ཆུང་དུས་བཏུལ་ པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་ པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་འཇིག་རྟེན་དུ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་བྱུང་ནས། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དང་ཉེ་བ་ཞིག་ཏུ་བརྟེན་ཏེ་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་སྐུ་གདུང་རྒྱལ་པོ་ཀྲྀ་ཀཱིས་སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ཏེ་སྤུངས་པས་བསྲེགས་ནས་མེ་འོ་མས་བསད་དེ། སྐུ་གདུང་དེ་དག་ནི་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་བུམ་པའི་ནང་དུ་བླུགས་ནས་ས་ཕྱོགས་དབེན་ ཞིང་ཡངས་པར་སྐུ་གདུང་གི་མཆོད་རྟེན་འཕང་དུ་དཔག་ཚད་གཅིག་ལ་རྒྱར་དཔག་ཚད་ཕྱེད་པ་ཞིག་རྩིག་ཏུ་བཅུག་གོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་རིམ་གྱིས་ཁྱེའུ་གསུམ་བཙས་ སོ། །ཇི་ཙམ་ན་ཁྱིམ་བདག་དེ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། འདབ་མ་དང་། འབྲས་བུའི་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་ནད་ཞི་བར་མ་གྱུར་ནས་དེ་འཆི་བའི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ནས་དེའི་བུ་རྣམས་ཀྱིས་རས་སྔོན་པོ་དང་། སེར་ པོ་དང་། དམར་པོ་དང་། དཀར་པོས་ཁྱོགས་བརྒྱན་ནས་དུར་ཁྲོད་དུ་ཁྱེར་ཏེ་བསྲེགས་སོ། །དེ་ནས་ཕ་ལ་ཕའི་བྱ་བ་བྱས་ནས་མྱ་ངན་སངས་ཏེ། ནོར་སོ་སོར་བགོ་བར་གྲོས་བྱ་བར་བརྩམས་ནས་ཕུ་བོ་ཤོས་ཀྱིས་སྨྲས་པ། ནོར་བགོའོ། །ནུ་བོ་སྤུན་གཉིས་མ་དད་དོ། ། དེས་གལ་གྱིས་གཅུས་པ་དང་དེ་གཉིས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་རེ་ཞིག་འཇིག་རྟེན་ཕ་རོལ་གྱི་ལམ་རྒྱགས་བླངས་ལ་ཕྱིས་བགོ་བར་བྱའོ། །དེས་སྨྲས་པ། ཅི་དག་བྱ། དེ་གཉིས་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འདི་ལ་མཆོད་དོ། །དེ་དད་པ་ཆུང་བ་ ཞིག་པས་དེས་བཀའ་འཁོར་དུ་ཁས་བླངས་སོ། །དེ་ནས་དེ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་མཆོད་ནས་སྨོན་ལམ་གདབ་པར་བརྩམས་ཏེ། གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དགེ་བའི་རྩ་བ་འདིས་བདག་ཅག་གཉིས་ཡང་དག་པར་རྫོགས་པའི་སངས་ རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེའི་བསྟན་པ་ལ་ བདག་ཅག་རབ་ཏུ་བྱུང་ནས་ཁྱད་པར་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དེ་གཉིས་ཀྱིས་སྨོན་ལམ་བཏབ་པ་ཕུ་བོ་དེས་ཐོས་ནས་དྲུང་དུ་བཏུད་དེ། སྨོན་ལམ་གདབ་པར་བརྩམས་པ། བདག་ནི་དད་པ་ཆུང་ལ་དམུ་རྒོད་ཡིན་པས་དགེ་བའི་རྩ་བ་འདིས་ན་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པ་དེས་ཆོ་འཕྲུལ་ལྔ་བརྒྱས་བཏུལ་ནས་རབ་ཏུ་ཕྱུང་སྟེ། རབ་ཏུ་བྱུང་ནས་ཀྱང་ཁྱད་པར་རྟོགས་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཕུ་བོ་ཤོས་དམུ་རྒོད་དད་པ་ཆུང་བ་གང་ཡིན་པ་དེ་ནི་ལྟེང་རྒྱས་འོད་སྲུང་འདི་ཉིད་ཡིན་ནོ། །ནུ་བོ་གཉིས་པོ་གང་དག་ཡིན་ པ་དེ་དག་ནི་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་འདི་དག་ཉིད་ཡིན་ནོ། །སྨོན་ལམ་གྱི་དབང་དེས་ན་ལྟེང་རྒྱས་འོད་སྲུང་ཆོ་འཕྲུལ་ལྔ་བརྒྱས་བཏུལ་བ་ཡིན་ནོ། །ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་ནི་ཚེགས་ཆུང་དུས་བཏུལ་བ་ཡིན་ནོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་ པོ་གཞོན་ནུར་གྱུར་པ་དེའི་ཚེ་རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་ཡོད་པ་དེ་ལ་ཀུན་དགའ་ར་བ་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དེ་དེ་ལ་ལྷག་པར་ཆགས་པར་གྱུར་ཏོ། །ཇི་ཙམ་ན་གཟུགས་ཅན་སྙིང་པོ་ཕྱི་རོལ་དུ་བྱུང་བས་སྐྱེད་མོས་ཚལ་དེ་མཐོང་བ་ དང་། དེ་ཡང་ལྷག་པར་ཆགས་པར་གྱུར་ནས་སྨྲས་པ། ཁྱིམ་བདག་སྐྱེད་མོས་ཚལ་འདི་ང་ལ་བྱིན་ཅིག །དེས་མ་བྱིན་ནོ། །ལན་གཉིས་ལན་གསུམ་དུ་ཡང་སྨྲས་ན་ཡང་མ་བྱིན་ནས། ཡང་སྨྲས་པ། རིན་སྦྱིན་ནོ། །དེས་སྨྲས་པ། གཞོན་ནུ་ཉིས་ན་ཁོ་བོ་ཡུལ་ནས་སྦྱུགས་ ཀྱང་བླའི་སྐྱེད་མོས་ཚལ་ནི་མི་འབུལ་ལོ། །གཞོན་ནུ་གཟུགས་ཅན་སྙིང་པོས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་སྨྲས་པ་དྲན་པར་བྱོས་ཤིག །ང་ནམ་རྒྱལ་པོར་གྱུར་པ་དེའི་ཚེ་ང་ཉིད་ཀྱིས་བཀུར་རོ། །དེས་སྨྲས་པ། ནམ་ཁྱོད་རྒྱལ་པོར་གྱུར་པ་དེའི་ཚེ་ཁོ་བོ་ཡང་རྒྱལ་པོའི་ཁབ་ཏུ་འགྲོའོ། ། གཞོན་ནུ་གཟུགས་ཅན་སྙིང་པོས་མཇལ་ཏོ་ཞེས་བྱས་ནས་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་པད་མ་ཆེན་པོ་ཤི་ནས། གཞོན་ནུ་གཟུགས་ཅན་སྙིང་པོ་རྒྱལ་སྲིད་ལ་བཞག་པ་དང་། དེས་སྐྱེད་མོས་ཚལ་དེ་མཐུས་ཕྲོགས་སོ། །ཁྱིམ་བདག་དེ་སྙིང་ན་ཞིང་སྐྱེད་མོས་ཚལ་དེ་ལ་ ལྷག་པར་ཆགས་པས་ཤི་ནས་དེ་ཉིད་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་ཏེ། དེ་རྒྱལ་པོ་ལ་རྒྱུན་དུ་གླགས་ཚོལ་བ་ལྷུར་ལེན་ཅིང་གནས་སོ། །ཇི་ཙམ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་སོ་གའི་དུས་ལ་བབ་སྟེ། མེ་ཏོག་གི་ཤིང་རྣམས་ཁ་འབུས་པ་ན་བཙུན་མོ་དང་ལྷན་ཅིག་སྐྱེད་མོས་ཚལ་དེར་ཞུགས་ ནས་དེ་དེ་ན་སྐྱེས་པ་མེད་པར་རོལ་མོས་བཙུན་མོའི་བུད་མེད་དང་ལྷན་ཅིག་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱས་ནས་གཉིད་ལོག་གོ། །བུད་མེད་ནི་མེ་ཏོག་དང་འབྲས་བུ་ལ་དགའ་བ་ཡིན་པས་ཀུན་དུ་འཁྱམ་དུ་དོང་ངོ་། །བུད་མེད་གཅིག་གིས་རལ་གྲི་བསྐུར་ཏེ་རྒྱལ་པོ་སྲུང་དུ་བཅུག་གོ། ། དེ་ནས་སྦྲུལ་གདུག་པ་དེས་རྒྱལ་པོའི་དྲུང་ན་སྒྲ་མི་གྲག་པར་རིག་ནས་རྒྱལ་པོ་ལ་གཟུང་བའི་ཕྱིར་ཚང་ནས་བྱུང་སྟེ་ཆས་སོ། །རྒྱལ་པོའི་བསོད་ནམས་ཀྱི་མཐུས་བྱ་ཀ་ལན་ད་ཀ་ཞེས་བྱ་བ་དེ་རྣམས་ཀྱིས་སྦྲུལ་གདུག་པ་དེ་ཀུན་ནས་བསྐོར་ནས་ཙི་ཙིའི་སྒྲ་ཕྱུང་ངོ་། །བུད་མེད་རལ་གྲི་ཐོགས་པས་ ཐོས་ནས་དངངས་ཏེ་སྒྲ་ཆེན་པོ་བྱུང་ནས་རལ་གྲིས་བསད་དོ། །དེ་ནས་རྒྱལ་པོ་ཡང་དངངས་ཏེ་སད་ནས་སྨྲས་པ། འདི་ཅི་བྱུང་། བུད་མེད་དེས་སྨྲས་པ། ལྷ་སྦྲུལ་གདུག་པ་འདི་ལྷ་ལ་གཟུང་བའི་ཕྱིར་ཆས་པ་ན་བྱ་ཀ་ལན་ད་ཀ་རྣམས་ཀྱིས་ཙི་ཙིའི་སྒྲ་ཕྱུང་ནས་བདག་ གིས་བཀུམ་ལགས་སོ། །རྒྱལ་པོའི་གནས་སྐབས་དེ་གཞོན་ནུ་དང་། བློན་པོ་དང་། ཁྲོམ་གྱི་རུ་པ་དང་། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་ཐོས་ནས་སྐྱེད་མོས་ཚལ་དེའི་ཕྱི་ནང་དུ་ཀུ་ཅོའི་སྒྲ་ཆེན་པོས་གང་བར་གྱུར་ཏེ། རྒྱལ་པོ་དེ་སྐྱེ་དགུ་ལ་བྱམས་པ་ ཞིག་པས་ཕྱིར་ཞིང་བཙུན་མོ་སྐྱེ་བོའི་ཚོགས་དང་བཅས་ཏེ་མིག་མཆི་མས་གང་ཞིང་འཁོད་དོ། །དེ་ནས་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་སྲོག་སྐྱོབ་པ་དེ་ལ་མཆོག་ཅི་ཞིག་སྦྱིན། སྐྱེ་བོའི་ཚོགས་ཀྱིས་སྨྲས་པ། ལྷ་རྒྱལ་སྲིད་ ཀྱི་ཕྱེད་དོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་བྱ་ཀ་ལན་ད་ཀ་རྣམས་ཀྱིས་ངའི་སྲོག་བྱིན་པས་རྒྱལ་སྲིད་ཕྱེད་འདི་དག་ལ་སྦྱིན་ནོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་བྱ་འདི་དག་ནི་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལགས་པས་རྒྱལ་སྲིད་ཕྱེད་ཀྱིས་འདི་དག་ལ་ཅི་བགྱི། འདི་དག་ འོད་མའི་ཚལ་གང་དུ་གནས་པ་དེར་འདི་དག་གི་གནས་བཅའོ། །རྒྱལ་པོས་སྨྲས་པ། དེ་བཞིན་དུ་གྱིས་ཤིག །སྐྱེད་མོས་ཚལ་དེ་འོད་མའི་ཚལ་གྱིས་ཡོངས་སུ་བསྐོར་ཏེ། བློན་པོ་རྣམས་ཀྱིས་དེ་རྣམས་ཀྱི་གནས་འོད་མའི་ཚལ་གྱི་ཉེ་འཁོར་དུ་བཅས་པས། དེ་འོད་མའི་ཚལ་བྱ་ཀ་ ལན་ད་ཀ་གནས་པ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་དུ་འཚོ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེས་སྐྱེད་མོས་ཚལ་དེ་དེའི་གནས་ཀྱི་ཕྱིར་བྱིན་ནོ། །ཇི་ཙམ་ན་བཅོམ་ལྡན་འདས་མ་ག་དྷཱ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་རྒྱལ་པོའི་ཁབ་ཏུ་བྱོན་ནས་ཤིང་ ཞིག་གི་དྲུང་ན་བཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་མ་ག་དྷཱ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་ཤིང་ཞིག་གི་དྲུང་དུ་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་བ་ཆེན་པོ་དང་རྒྱལ་པོའི་མཐུ་ ཆེན་པོས་རྒྱལ་པོའི་ཁབ་ནས་བྱུང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་ སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ་རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་ མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་ གཟུགས་ཅན་སྙིང་པོས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ། གདན་བཤམས་ནོར་བུའི་ཆུ་སྣོད་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱི་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་ལགས་ན་ད་དེའི་དུས་ལ་ བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་ བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ་རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ ནས། གསེར་གྱི་བྱ་མ་བུམ་བླངས་ཏེ་བཙུན་པ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདིར་བཅོམ་ལྡན་འདས་ཅི་བདེར་བཞུགས་ཤིག་ཅེས་བཅོམ་ལྡན་འདས་ལ་སྐྱེད་མོས་ཚལ་དེ་ཕུལ་ལོ། །དེ་བཞིན་དུ་གནས་བརྟན་རྣམས་ཀྱིས་ཀྱང་མདོ་སྡེ་རྣམས་ཀྱི་ནང་དུ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ་ཞེས་གདགས་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་གནས་པ་དེས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ རང་གི་ཁྱིམ་དུ་སྤྱན་དྲངས་སོ། །ཡང་དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དགོས་པ་འགའ་ཞིག་གི་ཕྱིར་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་ཁྱིམ་བདག་དེའི་ཁྱིམ་དུ་ནུབ་མོ་འབྲང་བཏབ་བོ། །དེ་ནས་ཁྱིམ་བདག་དེ་དེ་ཉིད་ཀྱི་མཚན་མོ་ལངས་ཏེ་ནང་མི་རྣམས་ལ་བསྒོ་བ། ནང་རྗེ་དག་ལོངས་ ཤིག །བཞིན་བཟང་དག་ལོངས་ཤིག །ཤིང་རྣམས་གཤེགས་ཤིག །མེ་དག་བུས་ཤིག །འབྲས་ཆན་ཚོས་ཤིག །སྲན་ཚོད་ཚོས་ཤིག །བཅའ་བ་དག་བཟང་དུ་གྱིས་ཤིག །བཀད་སའི་ཞལ་ཏ་དག་གྱིས་ཤིག །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་ ཏེ། ཅི་ཁྱིམ་བདག་འདི་བག་མ་ལེན་ཏམ། བག་མ་གཏོང་ངམ། ཡུལ་མིའམ། ཚོང་པའམ། ཚོགས་སམ། འཁོར་ཏམ། འདིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སང་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་སམ་སྙམ་དུ་བསམས་ནས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་ སྨྲས་སོ། །ཁྱིམ་བདག་ཁྱོད་ཅི་བག་མ་ལེན་ཏམ། བག་མ་གཏོང་ངམ། ཡུལ་མིའམ། ཚོང་པའམ། ཚོགས་སམ། འཁོར་ཏམ། ཁྱོད་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སང་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་སམ། ཁྱིམ་བདག་ཁོ་བོ་བག་མ་ལེན་ པའམ། བག་མ་གཏོང་བ་ཡང་མེད་ཡུལ་མི་མ་ཡིན། ཚོང་པ་མ་ཡིན། ཚོགས་མ་ཡིན། འཁོར་མ་ཡིན། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་གདུགས་ཚོད་ལ་སྤྱན་དྲངས་པ་མ་ཡིན་ཏེ། འོན་ཀྱང་ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ ཚོད་ལ་སྤྱན་དྲངས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་པ་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་སྤུ་ཟིང་ཞེས་བྱེད་ནས་དེ་སྤུ་ཟིང་ཞེས་བྱེད་པས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་སངས་རྒྱས་ཞེས་བྱ་བ་འདི་སུ་ཡིན། ཁྱིམ་བདག་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཡོད་དེ། ཁྱིམ་བདག་ དེ་ནི་སངས་རྒྱས་ཞེས་བྱའོ། །ཁྱིམ་བདག་དགེ་འདུན་ཞེས་བྱ་བ་འདི་སུ་ཡིན། ཁྱིམ་བདག་རྒྱལ་རིགས་ལས་ཀྱང་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བཅོམ་ལྡན་འདས་དེ་ཁོ་ན་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ བ་དག་ཡོད། བྲམ་ཟེའི་རིགས་དང་རྗེའུ་རིགས་དང་། དམངས་རིགས་ལས་ཀྱང་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བཅོམ་ལྡན་འདས་དེ་ཁོ་ན་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་བ་དག་ཡོད་དེ། ཁྱིམ་ བདག་དེ་ནི་དགེ་འདུན་ཞེས་བྱ་བ་ཡིན་ཏེ་སང་ཁོ་བོའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་རྣམས་གདུགས་ཚོད་ལ་སྤྱན་དྲངས་སོ། །ཁྱིམ་བདག་བཅོམ་ལྡན་འདས་དེ་ད་ལྟར་གང་ན་བཞུགས། རྒྱལ་པོའི་ཁབ་འདི་ཉིད་ཀྱི་དུར་ཁྲོད་བསིལ་བའི་ཚལ་ན་བཞུགས་སོ། ། ཁྱིམ་བདག་བཅོམ་ལྡན་འདས་དེ་བདག་ཅག་གིས་བལྟར་རུང་ངམ། ཁྱིམ་བདག་དེའི་ཕྱིར་རེ་ཞིག་སྡོད་ཅིག་དང་། གལ་ཏེ་བཅོམ་ལྡན་འདས་འདི་ཉིད་དུ་གཤེགས་པ་དང་སང་ཁྱོད་ཀྱི་མཐོང་བར་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་དོ། །དེ་ནས་ཁྱིམ་བདག་མགོན་ མེད་ཟས་སྦྱིན་སངས་རྒྱས་ལ་དམིགས་པའི་དྲན་པས་ཉལ་ལོ། །དེ་ནམ་མ་ནངས་པར་ནམ་ནངས་པའི་འདུ་ཤེས་ཀྱིས་ལྷོ་སྒོ་གང་ན་བ་དེར་སོང་བ་དང་། དེའི་ཚེ་ལྷོ་སྒོ་ཐུན་གཉིས་ལ་སྒོ་ཕྱེ་ནས་འཇོག་སྟེ། ཐུན་དང་པོ་ལ་ནི་ཕོ་ཉ་གློ་བུར་དུ་འོངས་པ་རྣམས་མི་ཐོགས་པར་བྱ་བའི་ཕྱིར་ཕྱེ་སྟེ་ འཇོག་གོ། །ཐུན་ཐ་མ་ལ་ནི་ཕོ་ཉ་འགྲོ་བར་ཆས་པ་རྣམས་མི་ཐོགས་པར་བྱ་བའི་ཕྱིར་ཕྱེ་སྟེ་འཇོག་གོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷོ་སྒོ་ཕྱེ་སྟེ་འདུག་པས་གདོན་མི་ཟ་བར་ནམ་ནངས་སོ་སྙམ་དུ་རིག་ནས་སྣང་བ་དེ་ཉིད་དུ་གྲོང་ཁྱེར་ནས་བྱུང་ བ་དང་། དེ་བྱུང་མ་ཐག་ཏུ་སྣང་བ་གང་ཡིན་པ་མེད་ནས་སླར་མུན་ནག་པོར་གྱུར་ཏོ། །དེ་འཇིགས་པར་གྱུར། བག་ཚ་བར་གྱུར་ཅིང་། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བདག་མིའམ། མི་མ་ཡིན་པའམ། གཡོན་ཅན་འགའ་ཞིག་གིས་གཙེས་པར་མི་འགྱུར་གྲང་སྙམ་དུ་བསམས་ ནས་སླར་ལྡོག་པར་འདོད་པ་དང་། དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ན་གནས་པའི་ལྷ་གང་ཡིན་པ་དེས་ཅི་ཙམ་ལྷོ་ཕྱོགས་ཀྱི་སྒོ་ནས་བསིལ་བའི་ཚལ་གྱི་དུར་ཁྲོད་ཀྱི་བར་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་བྱས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་ བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟ་བརྒྱ་དང་ནི་གསེར་རྒྱན་བརྒྱ། །དྲེའུའི་ཤིང་རྟ་བརྒྱ་དང་ནི། །སྣ་ཚོགས་ནོར་ཀྱིས་སྤུད་པ་ནི། །རྟ་རྒོད་མ་ཡི་ཤིང་རྟ་བརྒྱ། །གོམ་ པ་གཅིག་ཅིག་བོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གངས་ཅན་རི་ཡི་གླང་ཆེན་བརྒྱ། །གསེར་དང་ནོར་བུས་བརྒྱན་ བྱས་ལ། །ལུས་ཆེ་གཤོལ་མདའི་མཆེ་བར་ལྡན། །མ་ཏང་གར་སྐྱེས་སྟོད་པོ་ཆེ། །གོམ་པ་གཅིག་ཅིག་བོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི། སླར་ལོག་ ན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོ་གར་ཡུལ་གྱི་བུ་མོ་བརྒྱ། །རྣ་ཆ་དང་ནི་གདུབ་ཀོར་ཐོགས། །གསེར་གྱི་དཔུང་རྒྱན་ཐོགས་པ་ཡི། །མགྲིན་པ་རྒྱན་གྱིས་ལེགས་བརྒྱན་པ། །གོམ་པ་གཅིག་ཅིག་བོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་ སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཁྱོད་སུ་ཞིག །ཁྱིམ་བདག་ཁོ་བོ་ནི་ཁྱོད་ཉིད་ཀྱི་གྲོགས་པོ་རྙིང་ པ་བྲམ་ཟེའི་ཁྱེའུ་སྦྲང་རྩིའི་ཕུང་པོ་ཡིན་ཏེ། ཁོ་བོས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ལ་སེམས་དད་པ་བསྐྱེད་ནས་ཤི་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་ཏེ་ལྷོ་སྒོ་འདི་ཉིད་ལ་གཉུག་མར་གནས་སོ། །དེའི་ཕྱིར་ཁྱོད་ལ་ཁོ་བོས་འདི་སྐད་ཅེས་ ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི། སླར་ལོག་ན་ནི་མ་ཡིན་ནོ་ཞེས་སྨྲའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་མ་ཡིན་པ་མ་ ཡིན་ཞིང་ཆོས་བཤད་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། ད་ལྟར་བཅོམ་ལྡན་འདས་དེ་ལ་བལྟ་བར་ལྷ་ཡང་བརྩོན་པར་བྱེད་དོ་སྙམ་དུ་བསམས་ནས། བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་བ་དང་། དེའི་ཚེ་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན་འཆག་ཅིང་ ལྷག་པར་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་འོང་བ་ལ་གཞེས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་གིས་ཡང་དག་པར་དགྱེས་པར་འགྱུར་བས་ཡང་དག་པར་དགྱེས་པར་བྱེད་དོ། །བཅོམ་ ལྡན་འདས་ཅིག་བདེ་བར་མནལ་ཏམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་འདོད་པས་མ་གོས་ལ། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །མྱ་ངན་ཡོངས་འདས་བྲམ་ཟེ་ནི། །ཐམས་ཅད་དུ་ནི་བདེ་བར་མནལ། །འདིར་ ནི་རེ་བ་ཀུན་བཅད་ནས། །ཐུགས་ཀྱི་རིམས་ནད་རྣམས་བསལ་ཅིང་། །ཞི་བ་ཐོབ་པའི་ཐུགས་ཀྱིས་ན། །ཉེ་བར་ཞི་བ་བདེ་བར་མནལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཁྲིད་ནས་གཙུག་ལག་ཁང་དུ་ཞུགས་ཏེ་གདན་བཤམས་པ་ཉིད་ལ་བཞུགས་པ་ དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་ བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་ དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་མནོག་ཆུང་བ་དང་། ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་གྱི་རྗེས་སུ་བསྔགས་པ་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་ པའི་ཆོས་ཀྱི་གཏམ་རྒྱས་པར་ཡང་དག་པར་བསྟན་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་ཞིང་ཡང་དག་ཕུལ་གྱི་ཆོས་བཤད་པ་ཀུན་ཤེས་ པར་ནུས་པར་གཟིགས་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་འཕགས་པའི་བདེན་པ་བཞི་པོ་གང་ཡིན་པ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྒྱས་པར་རབ་ཏུ་བསྟན་ཏོ། །དཔེར་ ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་པའི་ནང་དུ་བཅུག་ན་ཚོན་རྩི་ལེགས་པར་འཇེན་དུ་བཏུབ་པ་དེ་བཞིན་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་ དང་།