Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
ློང་རྣམས་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་དེར་ཐོག་
མར་ལྷས་ཆར་ཕབ་པས་ཟགས་པར་གྱུར་ནས་ཁོ་བོ་ཅག་རྫ་མཁན་དགའ་སྐྱོང་གི་ལས་ཀྱི་ཁང་པ་གཡོགས་པའི་རྩྭ་སར་པ་བཤུས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་གཡོག་གོ་ཞེས་སྨྲས་ནས་དེ་དག་ལ་འདི་སྐད་ཅེས། ཁྱེད་ལ་བསྙེན་བཀུར་བགྱིད་བ་
ནི་སླད་རོལ་དུ་མཆིས་ལགས་ཀྱི་འཕགས་པ་དག་སྣོམས་ཤིག །བཞིན་བཟངས་དག་སྣོམས་ཤིག་ཅེས་སྨྲས་པས་དེ་རྣམས་ཀྱིས་ལས་ཀྱི་ཁང་པའི་རྩྭ་དེ་དག་བཤུས་པར་གྱུར་གྲང་། དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་

ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་རིག་ནས་དགའ་བ་དང་བདེ་བ་དེ་ཉིད་ཀྱིས་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་འདས་པར་བྱས་སོ། །ཟླ་བ་ཕྱེད་ཀྱི་བར་དུ་ཡང་དེའི་ལྷན་ཅིག་ལྡན་པའི་དྲན་པ་རྟག་ཏུ་ལུས་ལས་མི་འདོར་ཞིང་། ཞག་བདུན་
དུ་ཕ་དང་མའི་ལུས་ལ་ཡང་དེ་བར་ཆད་མེད་པར་འདུག་གོ། །དབྱར་གྱི་གནས་དེར་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་ཆར་ཐིགས་པ་གཅིག་ཀྱང་མ་བབ་བོ། །རྒྱལ་པོ་ཆེན་པོ་ཁྱོད་ནི་ཡང་དག་
པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཟླ་བ་གསུམ་དུ་བདག་གིས་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་འབུལ་ན་མ་གནང་ངོ་ཞེས་སེམས་གཞན་དུ་འགྱུར་གྱི། རྫ་མཁན་དགའ་སྐྱོང་ནི་ལས་བྱེད་པའི་ཁང་པ་གཡོགས་
པའི་རྩྭ་སར་པ་བཤུས་ཀྱང་སེམས་གཞན་དུ་མ་གྱུར་ཏོ། །བཙུན་པ་རྫ་མཁན་དགའ་སྐྱོང་གིས་ནི་རྙེད་པ་ལེགས་པར་རྙེད་དེ། བཅོམ་ལྡན་འདས་ཀྱིས་དེའི་སྡུམ་པར་ཤིན་དུ་བག་ཕབ་ཅིང་འདྲིས་པར་མཛད་ལགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱིའི་
སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་མཛད་དེ། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །སྡེབ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །སྟེང་དང་
འོག་དང་ཐད་ཀར་ཡང་། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་
དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་

རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གཤེགས་ནས་རིང་པོ་མ་ལོན་པར་ཤེས་ནས་མི་ཞིག་ལ་སྨྲས་པ། ཀྱེ་ནང་རྗེ་ཚུར་ཤོག །ཁྱོད་ཀྱིས་འབྲས་སོག་མའི་སྦུབས་
སུ་སྨིན་པ་ཤིང་རྟ་ལྔ་བརྒྱ་ཙམ་ཁོང་ལ་རྫ་མཁན་དགའ་སྐྱོང་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས། དེས་པ་དགའ་སྐྱོང་ཁྱོད་ལ་རྒྱལ་པོ་ཀྲྀ་ཀཱིས་འབྲས་སོག་མའི་སྦུབས་སུ་སྨིན་པ་ཤིང་རྟ་ལྔ་བརྒྱ་ཙམ་པོ་བསྐུར་བ་འདི་དག་ཡིན་གྱིས། དེ་ལས་ཁྱོད་བདག་ཉིད་དང་ཁྱོད་
ཉིད་ཀྱི་ཕ་མ་ཡང་དག་པའི་བདེ་བས་ཚིམ་པར་བྱ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཡང་དུས་དུས་སུ་བསོད་སྙོམས་ཕུལ་ཅིག་ཅེས་གསུང་ངོ་ཞེས་སྨྲོས་ཤིག །ལྷ་བཀའ་བཞིན་འཚལ་ལོ་ཞེས་མི་དེས་རྒྱལ་པོ་ཀྲྀ་ཀཱི་ལས་མཉན་ནས་འབྲས་སོག་མའི་སྦུབས་སུ་
སྨིན་པས་ཤིང་རྟ་ལྔ་བརྒྱ་ཙམ་བཀང་སྟེ། རྫ་མཁན་དགའ་སྐྱོང་གང་ན་བ་དེར་སོང་ནས་ཕྱིན་པ་དང་། རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཁྱོད་ལ་རྒྱལ་པོ་ཀྲྀ་ཀཱིས་འབྲས་སོག་མའི་སྦུབས་སུ་སྨིན་པ་ཤིང་རྟ་ལྔ་བརྒྱ་ཙམ་པོ་བསྐུར་བ་འདི་དག་ཡིན་གྱིས།
དེ་ལས་ཁྱོད་བདག་ཉིད་དང་ཁྱོད་ཀྱི་ཕ་མ་ཡང་དག་པའི་བདེ་བས་ཚིམ་པར་བྱ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཡང་དུས་དུས་སུ་བསོད་སྙོམས་ཕུལ་ཅིག་ཅེས་གསུང་ངོ་། །ཀྱེ་ནང་རྗེ་རྒྱལ་པོ་རྣམས་ནི་བྱ་བ་སྒྲུབ་པ་མང་ངོ་ཞེས་སྨྲས་ནས་ལེན་དུ་མ་བཏུབ་བོ། །དགེ་སློང་དག་
འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་བླ་མ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ངག་རྩུབ་པོ་ཕྱུང་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་
པས་ད་ལྟར་ངས་དཀའ་བ་ལོ་དྲུག་སྤྱད་དོ། །གལ་ཏེ་ངས་བྱང་ཆུབ་ལ་སྐུར་བ་བཏབ་པར་གྱུར་ན་སླར་ཡང་ངས་བྱང་ཆུབ་ཀྱི་ཆེད་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་བདག་ཉིད་དུབ་པར་བྱས་པར་འགྱུར་རོ། །དགེ་སློང་དག་ཁྱེད་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་

གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་གི་ཉི་མ་ལ་བྱང་ཆུབ་སེམས་དཔའ་ཕྱིར་བྱུང་བ་དེ་ཉིད་ཀྱི་ཉི་མ་ལ་གྲགས་འཛིན་མ་སེམས་ཅན་དང་ལྡན་
པར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་དེའི་ཚེ་བཙུན་མོ་ཡང་དཀའ་བ་སྤྱད་པ་ལ་ཞུགས་པས་གྲགས་འཛིན་མ་མང་ལ་ཞུམ་པར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དཀའ་བ་སྤྱད་པ་དོན་མེད་པར་ཐུགས་སུ་ཆུད་ནས་ཅི་བདེར་དབུགས་འབྱིན་པ་དང་། ཅི་བདེར་
དབུགས་རྔུབ་པ་དང་། འབྲས་ཆན་དང་ཟན་དྲོན་གྱི་ཞལ་ཟས་མང་པོ་གསོལ་ཞིང་། མར་དང་ཏིལ་མར་གྱིས་སྐུ་བྱུགས་ནས་ཆུ་འཇམ་པོས་སྐུ་འཁྲུ་བར་མཛད་པ་དེའི་ཚེ་བཙུན་མོ་ཡང་ཅི་བདེར་དབུགས་འབྱིན་པ་དང་། ཅི་བདེར་དབུགས་རྔུབ་པ་དང་། འབྲས་ཆན་དང་ཟན་དྲོན་གྱི་ཁ་ཟས་མང་པོ་ཟ་ཞིང་། མར་དང་ཏིལ་
མར་གྱིས་ལུས་བྱུགས་ནས་ཆུ་འཇམ་པོས་ལུས་འཁྲུ་བར་བྱེད་པ་དེའི་ཚེ་མངལ་དེ་ཡང་སླར་རྒྱས་པར་གྱུར་ཏོ། །དེའི་མངལ་གྱི་མཚན་མ་སྐྱེས་པར་གྱུར་པ་དང་། ཤཱཀྱ་རྣམས་ཀྱིས་ཅོ་དྲི་བ་དང་བཅས་པར་སྨྲས་པ། བྱང་ཆུབ་སེམས་དཔའ་དཀའ་ཐུབ་ཀྱི་ནགས་སུ་བཞུད་ནས་ཁྱོད་ཀྱིས་བྱི་ཕྱིན་
ཏོ། །དེས་སྨྲས་པ། ཁོ་མོའི་སྡིག་པ་ཞི་བས་བྱི་མ་ཕྱིན་ཏོ། །ཇི་མངོན་ཁྱོད་ཡིད་ཆེས་པར་བྱའོ། །ཇི་ཙམ་ཞིག་ན་དེ་ཁྱེའུ་ཞིག་བཙས་ཏེ། དེ་ཉི་མ་གང་ལ་བཙས་པའི་ཉི་མ་དེ་ཉིད་ལ་ཟླ་བ་སྒྲ་ཅན་གྱིས་ཟིན་ཏོ། །དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་
འདོགས་པར་བྱེད་དོ། །དེའི་ཉེ་དུ་རྣམས་ཀྱིས་སྨྲས་པ། འདི་བཙས་པ་ན་ཟླ་བ་སྒྲ་ཅན་གྱིས་ཟིན་པས་དེ་བས་ན་ཁྱེའུའི་མིང་ནི་སྒྲ་ཅན་ཟིན་དུ་གདགས་སོ་ཞེས་བཏགས་སོ། །གཞོན་ནུ་བཙས་པ་ན་ཤཱཀྱ་རྣམས་ཡང་དང་ཡང་དུ་གླེང་བ་ཁོ་ནར་བྱེད་ནས། དེས་བདེན་པ་གསོལ་བ་བྱས་ཏེ།
སྒྲ་ཅན་ཟིན་བཟང་པོ་བྱང་ཆུབ་སེམས་དཔའི་བང་ཚད་ཀྱི་རྡོ་ལ་ཞོན་ནས་རོལ་པ་རྫིང་གི་ནང་དུ་བཅུག་སྟེ། གལ་ཏེ་འདི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ན་འཕྱོ་བར་གྱུར་ཅིག་ཅེས་དེ་བཅུག་པ་དང་། དེ་ཕ་རོལ་དུ་བྱུང་ངོ་། །དེས་ཕ་རོལ་ནས་ཚུ་རོལ་དུ་འོང་བར་གྱུར་ཅིག་ཅེས་སྨྲས་པ་དང་།

དེ་ཕ་རོལ་ནས་ཚུ་རོལ་དུ་འོངས་ནས་དེ་རྣམས་ངོ་མཚར་སྐྱེས་པར་གྱུར་ཏོ། །གྲགས་འཛིན་མས་སྨྲས་པ། ཤེས་ལྡན་དག་ཇི་ལྟར་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ཞིང་ཁོ་མོས་བྱི་མ་ཕྱིན་པར་ཡང་ཡིད་ཆེས་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་གིས་
མངོན་པར་རྫོགས་པར་སངས་རྒྱས་ཏེ་ལོ་བཅུ་གཉིས་འདས་པ་ན་སེར་སྐྱའི་གཞིར་བྱོན་ནས་ཉི་མ་གཅིག་ནི་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ། ཉི་མ་གཅིག་ནི་བཙུན་མོའི་ནང་དུ་གསོལ་བ་དེའི་ཚེ་གྲགས་འཛིན་མ་འདི་སྙམ་དུ་སེམས་ཏེ། གང་གིས་ན་བཅོམ་ལྡན་འདས་བདག་གིས་དབང་དུ་
འགྱུར་བའི་ཐབས་ལེགས་པ་ཅི་ཞིག་ཡོད་སྙམ་མོ། །སེར་སྐྱའི་གཞི་ན་ཀུན་དུ་རྒྱུ་མོ་དབང་དུ་བྱ་བ་ལ་སོགས་པ་ལས་རྣམས་ལ་ཤིན་ཏུ་མཁས་པ་ཞིག་ཡོད་དེ། གྲགས་འཛིན་མས་དེ་ལ་ཀཱ་ར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས་ཆེ་ཞེ་ཀཱར་ཥཱ་པ་ཎ་འདི་རྣམས་ལས་དབང་དུ་བྱ་བ་བྱོས་ལ་སྐུར་ཅིག །དེས་དབང་དུ་
བྱ་བའི་ལ་དུ་ཞིག་གྲགས་འཛིན་མ་ལ་བསྐུར་བ་དང་། གྲགས་འཛིན་མས་སྒྲ་ཅན་ཟིན་གྱི་ལག་ཏུ་བྱིན་ནས་སྨྲས་པ། བུ་ཁྱོད་ཀྱི་ཡབ་གང་ཡིན་པ་དེ་ལ་ཕུལ་ཅིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལྟ་བུ་མི་མཁྱེན་པ་དང་། མི་གཟིགས་པ་དང་། ཐུགས་སུ་མི་ཆུད་
པ་དང་། རྣམ་པར་མི་རིག་པ་ཅི་ཡང་མི་མངའ་བས་བཅོམ་ལྡན་འདས་ཀྱིས་དགོངས་པ། གྲགས་འཛིན་མ་ལ་མི་སྙན་པ་གྲག་གིས་དེ་སྤང་བར་བྱའོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལྔ་བརྒྱ་སྤྲུལ་པ་དང་། སྒྲ་ཅན་ཟིན་གྱིས་སངས་རྒྱས་ཐམས་ཅད་ལ་བརྟགས་ནས་བཅོམ་ལྡན་འདས་
རྒན་པའི་ངང་ལས་བཞུགས་པ་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཞེས་ནས་སླར་ཡང་དེ་ལ་བྱིན་ཏེ་སྒྲ་ཅན་ཟིན་གྱིས་ཟོས་སོ། །བཅོམ་ལྡན་འདས་ཀྱིས་ཡོན་ཏན་བསྔོ་བ་མཛད་ནས་གཤེགས་པ་དང་། བཅོམ་ལྡན་འདས་ཀྱི་རྗེས་བཞིན་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་འབྲང་ནས་སླར་བཟློག་ཀྱང་
དུས་ཏེ་སླར་ལྡོག་ཏུ་མ་བཏུབ་བོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། སེམས་ཅན་འདི་ནི་སྲིད་པ་ཐ་མ་པ་ཡིན་པས་འདིས་ཁྱིམ་གྱི་གནས་པས་གནས་མི་ཕོད་དོ་སྙམ་མོ། །སྒྲ་ཅན་ཟིན་གྱིས་བཅོམ་ལྡན་འདས་ཀྱི་ཞལ་འཚོས་པ་དང་། རྒྱལ་པོ་ཟས་གཙང་བཙུན་མོའི་བུད་མེད་དང་ཤཱཀྱ་

རྣམས་དང་བཅས་པ་ངོ་མཚར་སྐྱེས་ནས། གྲགས་འཛིན་མ་ལ་ལྷག་པར་མངོན་པར་དགའ་བར་གྱུར་ཏོ། །དེ་ནས་གྲགས་འཛིན་མའི་མི་སྙན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་རབ་ཏུ་དབྱུང་བར་བརྩམས་པ། རྒྱལ་
པོ་ཟས་གཙང་གིས་ཐོས་ནས་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་རབ་ཏུ་འབྱིན་པར་མཛད་པར་ངེས་པར་ལྟ་ན། དེང་གི་གདུགས་གཅིག་ལ་མཆིས་སུ་གསོལ་ཅིག་དང་།
འདི་ལ་དེའི་བར་དུ་བདག་གིས་མཆོད་པ་བགྱིའོ། །རྒྱལ་པོ་ཟས་གཙང་གིས་སྒྲ་ཅན་ཟིན་གྱི་སྐྱེ་བོའི་དུས་སྟོན་ཆེན་པོ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་གཞོན་ནུ་སྒྲ་ཅན་ཟིན་རབ་ཏུ་ཕྱུང་ཤིག །བཙུན་པ་བཀའ་བཞིན་འཚལ་
ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལས་མཉན་ནས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་རབ་ཏུ་ཕྱུང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་སྐྱེ་བོའི་ཚོགས་ཆེན་པོའི་དབུས་
སུ་བཅོམ་ལྡན་འདས་ལ་དུས་ཞལ་འཚོས་པར་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདིས་འདས་པའི་དུས་ན་ཡང་མེ་ཏོག་གི་ཕྲེང་བས་ངོ་ཤེས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་
འོར་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་ཁྱེའུ་ཞིག་བཙས་ནས་དེས་ཆུང་མ་ལ་སྨྲས་པ། བཟང་
མོ་བདག་ཅག་གིས་བུ་ལོན་དེད་པ་དང་ནོར་འཕྲོག་པ་སྐྱེས་ཀྱིས་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་ཏུ་འགྲོའོ། །དེས་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །དེ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པ་ལས་དེ་ཉིད་དུ་ཤིའོ། །དེ་ནས་དེའི་ཆུང་མས་མྱ་ངན་བསང་བ་བྱས་ནས་ལག་

ལས་ཀྱི་མཐུ་དང་གཉེན་གྱི་མཐུས་བསྣུན་བསྐྱངས་ཏེ་བསྐྱེད་དོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཐག་པ་རང་གི་བཟོ་ལ་མཁས་པ་ཞིག་གནས་ཏེ། དེ་རང་གི་བཟོས་ཐམས་ཅད་གྲུབ་པར་འགྱུར་རོ། །དེས་དེའི་རང་གི་བཟོས་འབྱོར་པ་འགྲུབ་པ་མཐོང་ནས་སྨྲས་པ།
ཐ་གའི་ལས་ནི་མཆོག་ཡིན་གྱི། རྒྱ་མཚོར་འཇུག་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དེར་སོང་ན་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། །དེས་ཐ་ག་པ་དེ་ལ་སྨྲས་པ། མིང་པོ་དཔོན་པོ་འདི་ཡང་ཐ་ག་པའི་ལས་སློབས་ཤིག །དེས་སྨྲས་པ། རུང་གིས་དེ་བཞིན་དུ་བྱའོ་ཞེས་དེས་དེ་ལ་
བསླབ་པར་བརྩམས་པ་ན་དེ་སྒྲིན་པོ་གཡེར་བག་ཅན་ཞིག་པས་དེས་དུས་ཐུང་ངུ་ཞིག་གིས་ཐ་ག་པའི་ལས་རྣམས་ལོབས་སོ། །ཐ་ག་པ་དེ་ནི་བཟང་པོས་འཁྲུ་བ་དང་། བཟང་པོ་གྱོན་པ་དང་། ཁ་ཟས་བཟང་པོ་ཟ་ནས་ཁྱེའུ་དེས་སྨྲས་པ། ཞང་པོ་ཁྱོད་ཀྱང་ལས་འདི་ཁོ་ན་བྱེད་ལ་བདག་ཅག་
ཀྱང་འདི་ཁོ་ན་བྱེད་པ་ལས་ཅིའི་ཕྱིར་ཁྱོད་ནི་བཟང་པོས་འཁྲུ། བཟང་པོ་གྱོན། ཟས་བཟང་པོ་ལ་ཡོངས་སུ་ལོངས་སྤྱོད་ལ། བདག་ནི་མི་འགྲུབ། དེས་སྨྲས་པ། ཚ་བོ་བདག་ནི་ལས་གཉིས་བྱེད་དེ། ཉིན་པར་ནི་ཐ་ག་པའི་ལས་སོ། །ནུབ་མོ་ནི་རྐུན་པོ་བྱེད་དོ། །དེས་སྨྲས་པ། ཞང་
པོ་གལ་ཏེ་དེ་ལྟ་ན་བདག་ཀྱང་རྐུན་པོ་བགྱིའོ། །ཚ་བོ་ཁྱོད་ཀྱིས་རྐུན་པོ་བྱེད་མི་ནུས་སོ། །ཞང་པོ་ནུས་སོ། །དེས་བསམས་པ། རེ་ཞིག་འདི་བགམ་པར་བྱའོ་སྙམ་ནས་དེ་ཁྲིད་དེ་ཚོང་འདུས་སུ་སོང་ནས་དེས་དེར་རི་བོང་ཞིག་ཉོས་ཏེ་དེ་ལ་གཏད་ནས་ཚ་བོ་རེ་ཞིག་སྲེགས་ཤིག་དང་། དེའི་བར་དུ་
བདག་ཁྲུས་བྱས་ནས་འོང་ངོ་ཞེས་དེ་ཁྲུས་བྱེད་དུ་སོང་བ་དང་། དེས་དེ་མྱུར་བ་མྱུར་བ་ཞིག་ཏུ་བསྲེགས་ནས་གཟུགས་གཅིག་ཟོས་སོ། །ཐ་ག་པ་དེ་ཁྲུས་བྱས་ནས་འོངས་ཏེ་ཚ་བོ་རི་བོང་བསྲེགས་སམ། ཞང་པོ་བསྲེགས་སོ། །འོ་ན་བལྟའོ། །དེས་དེ་བྱིན་པ་དང་རྐང་ལག་གསུམ་མཐོང་ནས་
སྨྲས་པ། ཚ་བོ་རི་བོང་འདིའི་གཟུགས་བཞི་པ་ཤོས་གར་སོང་། དེས་སྨྲས་པ། ཞང་པོ་རི་བོང་ལ་གཟུགས་བཞི་པ་ཡོད་ཡང་མེད་ན་གར་འགྲོ། དེས་བསམས་པ། རེ་ཞིག་བདག་ཀྱང་རྐུན་མ་ཡིན་ན། འདི་ནི་རྐུན་ཆེན་ཡིན་ནོ་སྙམ་ནས། དེས་དེ་དང་རི་བོང་གཟུགས་གསུམ་པོ་ཁྱེར་ཏེ་

ཆང་འཚོང་གི་ཁྱིམ་ཞིག་ཏུ་ཞུགས་ནས་ཚ་བོ་ཆང་བཏུང་ངམ། བཏུང་ངོ་། །དེ་གཉིས་ཀྱིས་འཐུངས་ནས་ཐ་ག་པས་སྨྲས་པ། ཚ་བོ་ཆང་རིན་ནི་གྱ་གྱུས་དགང་ངོ་། །དེས་སྨྲས་པ། ཞང་པོ་སུས་འཐུངས་པ་དེ་གྱ་གྱུ་བྱེད་གྲང་། བདག་གིས་ནི་མ་འཐུངས་པས་གྱ་གྱུ་བྱར་ཅི་ཡོད། ཐ་ག་པ་
དེས་བསམས་པ། འདི་ནི་རྐུན་ཆེན་ཡིན་པས་ལྷན་ཅིག་རྐུན་མ་བྱ་ནུས་སོ་སྙམ་ནས་དེ་དེ་དང་ལྷན་ཅིག་ཁྱིམ་འབིགས་པའི་རྐུན་མ་ལ་ཞུགས་ཏེ། དེ་གཉིས་ཀྱིས་ཁྱིམ་ཕུག་ནས་ཐ་ག་པ་དེས་བུ་གར་མགོ་བཅུག་པ་དང་དེས་སྨྲས་པ། ཞང་པོ་ཁྱོད་རྐུན་མ་བྱེད་ཀྱང་ཐབས་མི་ཤེས་ཏེ། ཐོག་མར་རྐང་
པ་གཞུག་པར་བྱའི་མགོ་ནི་མ་ཡིན་ནོ། །གལ་ཏེ་མགོ་བཅད་པར་གྱུར་ན་ངོ་ཤེས་པས་རིགས་ཐམས་ཅད་བརླག་པར་འགྱུར་གྱིས་རྐང་པ་ཆུག་ཤིག །དེས་རྐང་པ་བཅུག་པ་དང་། ཚོར་ནས་རྐུན་པོ་རྐུན་པོ་ཞེས་ཀུ་ཅོ་བཏོན་ནས་སྐྱེ་བོའི་ཚོགས་ཆེན་པོས་རྐང་པ་གཉིས་ནས་བཟུང་ནས་འཐེན་ཏོ། །
དེ་ནི་གཅིག་པུ་ཡིན་པས་སླར་འདྲེན་མ་ནུས་ནས་མགོ་བཅད་དེ་ཁྱེར་ཏེ་སོང་ངོ་། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རྐུན་པོ་གཅིག་པུ་གར་ཞུགས་པ་ལས་ཟིན་ན། དེའི་མགོ་གཅིག་གིས་བཀུམ་ནས་འཚལ་ཏེ་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་མགོ་
བཅད་དེ་ཁྱེར་ཏེ་སོང་བ་གང་ཡིན་པ་དེ་ནི་རྐུན་ཆེན་ཡིན་ནོ། །དེང་ལ་རོ་མགོ་རྡུམ་དེ་ལམ་པོ་ཆེའི་བཞི་མདོར་ཞོག་སྟེ་ཕྱོགས་དབེན་པར་འཁོད་དང་། དེ་ལས་བཟུང་སྟེ་ཆོ་ངེས་འདེབས་པ་ཡོད་ན་དེ་ནི་རྐུན་པོ་ཡིན་གྱིས་དེ་ཟུང་ཤིག །དེ་ནས་རྒྱལ་པོའི་མི་དེ་རྣམས་ཀྱིས་རོ་མགོ་རྡུམ་དེ་ལམ་པོ་ཆེའི་
བཞི་མདོར་བཞག་ནས་ཕྱོགས་དབེན་པར་བསྡད་དོ། །རྐུན་པོ་ཅིག་ཤོས་དེས་བསམས་པ། བདག་གིས་ཞང་པོའི་མགུལ་ནས་འཇུས་ཏེ་དུང་མོས་མི་གདབ་པ་ལྟ་མི་སྲིད་དོ་སྙམ་ནས། དེས་བདག་ཉིད་སྨྱོན་པའི་ཆ་བྱད་དུ་ཞུགས་ནས་བུད་མེད་ཀྱི་མགུལ་ནས་ཀྱང་འཇུས། སྐྱེས་པ་
དང་། ཤིང་རྟ་དང་། རྟ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ཁྱིའི་མགུལ་ནས་ཀྱང་འཇུ་བར་བརྩམས་ནས་གང་གི་ཚེ་འཇིག་རྟེན་གྱིས་སྨྱོས་པར་ཤེས་པ་དེའི་ཚེ་རོ་མགོ་རྡུམ་པང་དུ་བླངས་ཏེ་ཇི་ཙམ་འདོད་ཀྱི་བར་དུ་ངུས་ནས་སོང་ངོ་། །རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་

སྨྲས་པ། སྨྱོན་པ་ཞིག་གིས་རོ་མགོ་རྡུམ་དེ་པང་དུ་བླངས་ཏེ་ཇི་ཙམ་འཚལ་གྱི་བར་དུ་ངུས་ནས་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ཉིད་རྐུན་མ་ཅིག་ཤོས་ཡིན་ན། དེ་མ་བཟུང་བ་མ་ལེགས་པ་ཞིག་བྱས་ཀྱིས་དེ་ཟུང་ཤིག །རྐུན་པོ་ཅིག་ཤོས་ཀྱིས་
བསམས་པ། བདག་གིས་ཞང་པོ་ལ་བསྐུར་སྟི་མི་བྱ་བ་ལྟ་མི་སྲིད་དོ་སྙམ་ནས་དེས་ཤིང་རྟ་པའི་ཆ་བྱད་དུ་བྱས་ནས་ཤིང་རྟ་ཤིང་སྐམ་གྱིས་བཀང་སྟེ། ཕྱོགས་དེར་འོངས་ནས་དེའི་སྟེང་དུ་ཤིང་རྟ་ཤིང་སྐམ་གྱིས་བཀང་བ་བཞག་སྟེ་གླང་བཀྲོལ་ནས་ཤིང་རྟ་མེས་བཏང་སྟེ་སོང་བ་དང་། མེ་དེས་རོ་མགོ་
རྡུམ་དེ་ཡང་ཚིག་གོ། །རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རྐུན་པོ་གཅིག་པོ་དེ་བསྲེགས་ལགས་སོ། །སུས་དེ་དག་གིས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཤིང་རྟ་པ་གང་ཡིན་པ་དེ་ཉིད་རྐུན་པོ་ཅིག་ཤོས་ཡིན་ཏེ། དེ་མ་བཟུང་
བ་མ་ལེགས་པ་ཞིག་བྱས་ཀྱིས་ཟུང་ཤིག །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་ཞང་པོ་ལ་དུར་ཁྲོད་དུ་མཚུན་གྱི་བྱ་བ་མ་བྱས་པ་ནི་མི་སྲིད་དོ་སྙམ་ནས། དེས་བྲམ་ཟེའི་ཆ་བྱད་དུ་བྱས་ནས་ཁྱིམ་ནས་ཁ་སློང་ཞིང་བརྒྱུས་ཏེ་བསླངས་པ་དེ་ལས་དེའི་ཕངས་ཤ་ལྔ་བྱས་ནས་
དུར་ཁྲོད་དུ་བཞག་སྟེ་སོང་ངོ་། །རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་བྲམ་ཟེ་ཞིག་གིས་ཁྱིམ་ནས་སློང་ཞིང་བརྒྱུས་ཏེ་ཕྱོགས་གང་དུ་རོ་མགོ་རྡུམ་བསྲེགས་པ་དེར་དེས་ཕངས་ཤ་ལྔ་བགྱིས་སྟེ་བཞག་སྟེ་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་
དེ་ཉིད་རྐུན་པོ་ཅིག་ཤོས་ཡིན་ན། དེ་མ་བཟུང་བ་ནི་མ་ལེགས་པ་ཞིག་བྱས་སོ། །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་ཞང་པོའི་རུས་པ་རྣམས་གང་གཱར་མི་འདོར་བ་ལྟ་མི་སྲིད་དོ་སྙམ་ནས། དེས་ཐོད་པ་ཅན་གྱི་ཆ་བྱད་དུ་བྱས་ཏེ་ཕྱོགས་དེར་སོང་ནས་དེས་དེར་ལུས་
ཐལ་བས་བྱུགས་ཤིང་རུས་པ་དང་ཐལ་བས་ཐོད་པ་བཀང་ནས་གང་གཱར་ཕོ་སྟེ་སོང་ངོ་། །རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ཉིད་རྐུན་པོ་ཅིག་ཤོས་ཡིན་ན་དེ་མ་བཟུང་བ་ནི་མ་ལེགས་པ་ཞིག་བྱས་སོ། །མདོར་

ན་ཁྱེད་འདུག་ཤིག་དང་། ངས་དེ་གཟུང་ངོ་ཞེས་རྒྱལ་པོས་གང་གཱའི་གྲུའི་ནང་དུ་སྐྱེད་མོས་ཚལ་བྱེད་དུ་བཅུག་སྟེ། འགྲམ་གཉིས་སུ་སྲུང་མའི་མི་དག་བཀོད་ནས་རྒྱལ་པོའི་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་ཆུའི་སྐྱེད་མོས་ཚལ་དེར་བཞག་སྟེ་བསྒོ་བ།
གལ་ཏེ་ཁྱོད་ལ་འགའ་ཞིག་གིས་བཟུང་དང་སྐད་ཕྱུང་ཤིག །སྲུང་མའི་མི་རྣམས་ལ་ཡང་བསྒོ་བ། གང་གི་ཚེ་སྐད་འབྱིན་པ་དེའི་ཚེ་ཁྱེད་ཅག་ཆུའི་སྐྱེད་མོས་ཚལ་དུ་དེང་ཤིག །དེ་ན་གལ་ཏེ་མི་འགའ་ཞིག་ཡོད་པ་དང་། དེ་བཟུང་ལ་ང་ལ་ཕུལ་ཅིག །རྐུན་པོ་ཅིག་ཤོས་ཀྱིས་བསམས་
པ། བདག་གིས་རྒྱལ་པོའི་བུ་མོ་དང་ལྷན་ཅིག་དགའ་མགུར་མ་སྤྱད་དུ་མི་གཏོང་ངོ་སྙམ་ནས་དེ་གང་གཱའི་འབབ་ཕྱོགས་ཞིག་ཏུ་འདུག་སྟེ། དེས་དེར་རྫེའུ་སྟོང་པ་ཞིག་ཏུ་ཆུ་བསྐུར་བར་བརྩམས་སོ། །གཅིག་བསྐུར་བ་དང་སྲུང་མའི་མི་རྣམས་ཀྱིས་རྐུན་པོའོ་སྙམ་ནས་བསྙགས་ཏེ་དེ་དག་གིས་དེ་
ལ་ཐལ་མོ་གཅིག་བསྣུན་ནས་བཅག་གོ། །གཉིས་པ་ཤོས་བསྐུར་བ་དང་། དེ་ཡང་བཅག་གོ། །གསུམ་པ་ཤོས་བསྐུར་བ་དང་། དེ་ཡང་བཅག་ནས་སྲུང་མ་དག་ན་རེ་འདི་དག་ནི་རྫེའུ་སྟོང་པ་ཆུས་ཁྱེར་བ་ཡིན་ནོ་ཞེས་བག་བོར་ཏེ་འདུག་གོ། །དེ་ནས་རྐུན་པོ་ཅིག་ཤོས་པོ་དེས་རྫེའུ་ཞིག་གི་
ནང་དུ་མགོ་བཅུག་ནས་རྒྱུན་ཕྱོགས་སུ་བརྐྱལ་ཏེ། ཕྱོགས་དེར་ཕྱིན་པ་དང་དེ་ནས་གྲུ་ལ་འཛེགས་ནས་བུ་མོ་ལ་སྨྲས་པ། ཁྱོད་བསད་ད་རེ་སྒྲ་མ་འབྱིན་ཅིག །དེ་སྐྲག་ནས་ཅང་མི་སྨྲ་བར་འདུག་པ་དང་། དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་སོང་ངོ་། །དེས་ངུ་བར་
བརྩམས་ཏེ། ཤེས་ལྡན་དག་རྐུན་པོ་ཅིག་ཤོས་ཀྱིས་ཁོ་མོ་ལ་དགའ་མགུར་སྤྱད་ནས་སོང་ངོ་། །སྲུང་མ་རྣམས་ཀྱིས་སྨྲས་པ། གང་གི་ཚེ་དགའ་མགུར་སྤྱད་པ་དེའི་ཚེ་ཅང་མི་སྨྲ་བར་འདུག་ལ། གང་གི་ཚེ་དགའ་མགུར་སྤྱད་ནས་སོང་བ་དེའི་ཚེ་དུས་ན་ད་གང་དུ་བཙལ་བར་བྱ།
སྲུང་མ་རྣམས་ཀྱིས་རྒྱལ་པོ་ལ་ཇི་ལྟར་གྱུར་པ་སྨྲས་སོ། །རྒྱལ་པོས་སྨྲས་པ། དེ་མ་བཟུང་བ་ནི་མ་ལེགས་པ་ཞིག་བྱས་སོ། །བུ་མོ་དེ་རྐུན་པོ་དང་ལྷན་ཅིག་དགའ་མགུར་སྤྱད་པས་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་འདས་པ་ན་ཁྱེའུ་ཞིག་བཙས་སོ་

ཞེས་རྐུན་པོ་ཅིག་ཤོས་ཀྱིས་ཐོས་ནས་དེས་བསམས་པ། བདག་གི་བུ་བཙས་པའི་དགའ་སྟོན་མ་བྱས་པར་མི་བཏང་ངོ་སྙམ་ནས། དེས་ནང་ཀོར་མའི་ཆ་བྱད་དུ་བྱས་ནས་རྒྱལ་པོའི་ཕོ་བྲང་ནས་ཕྱིར་བྱུང་སྟེ་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ལྷའི་
ཞལ་ནས་ཚོང་རྡལ་དུ་ཕྲོག་རློམ་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་རྣམས་ཀྱིས་བསམས་པ། རྒྱལ་པོའི་དཔོན་པོ་བཙས་པས་དེས་ན་བདག་ཅག་ཚོང་རྡལ་དུ་ཕྲོག་རློམ་བྱེད་དུ་བཅུག་གོ་སྙམ་ནས། དེ་རྣམས་ཕྲོག་རློམ་བྱ་བར་བརྩམས་པ་ན་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་བྱུང་ནས་རྒྱལ་
པོས་སྨྲས་པ་དེ་ཅི་ཡིན། བློན་པོ་རྣམས་ཀྱིས་རྒྱས་པར་སྨྲས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ང་ཡང་དེས་བསླུས་པར་གྱུར་གྱིས། རྒྱལ་སྲིད་དོར་བའམ་དེ་ཆད་པས་གཅད་པ་ཞིག་བྱའོ། །སྙམ་དུ་བསམས་ནས། དེར་འཁོར་གྱི་ཁྱམས་རྩིག་ཏུ་བཅུག་སྟེ། དུས་
ཆུང་ངུ་ཞིག་བསྡད་ནས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཡུལ་འཁོར་དུ་དྲིལ་འདི་སྐད་དུ་སྒྲོགས་སུ་ཆུག་ཤིག །ཡུལ་འཁོར་ན་སྐྱེས་པ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་སྙད་མ་འདོགས་པར་འཁོར་གྱི་ཁྱམས་སུ་འདུས་ཤིག །སུ་མ་འདུས་པ་དེ་ནི་ཆད་
པས་གཅད་དོ་ཞེས་སྒྲོགས་ཤིག །བློན་པོ་རྣམས་ཀྱིས་དྲིལ་སྒྲོགས་སུ་བཅུག་ནས་ཡུལ་འཁོར་ན་གནས་པའི་སྐྱེས་པ་ཐམས་ཅད་འདུས་པ་དང་། དེ་ནས་རྒྱལ་པོས་ཁྱེའུ་དེ་ལ་མེ་ཏོག་གི་ཕྲེང་བ་ཞིག་བྱིན་ནས་བསྒོ་བ། ཁྱོད་ཀྱི་ཕ་གང་ཡིན་པ་དེ་ལ་བྱིན་ཅིག །སྲུང་མའི་སྐྱེས་
པ་རྣམས་ལ་བསྒོ་བ། ཁྱེའུ་འདིས་སུ་ལ་མེ་ཏོག་ཕྲེང་བ་བྱིན་པ་དེ་ཁྱེད་ཅག་གིས་ཟུང་ལ་ང་ལ་ཕུལ་ཅིག །དེ་ནས་ཁྱེའུ་དེ་མེ་ཏོག་གི་ཕྲེང་བ་དེ་ཁྱེར་ནས་སྐྱེ་བོའི་ཚོགས་ལ་རྟོག་ཅིང་རྒྱུ་བ་ན་དེས་རྐུན་པོ་ཅིག་ཤོས་པོ་དེ་མཐོང་ངོ་། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་
བསམ་གྱིས་མི་ཁྱབ་པ་ཡིན་པས་དེས་དེ་ལ་མེ་ཏོག་ཕྲེང་བ་བྱིན་པ་དང་། རྒྱལ་པོའི་མི་རྣམས་ཀྱིས་རྐུན་པོ་ཅིག་ཤོས་པོ་དེ་བཟུང་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་རྣམས་ཀྱིས་སྨྲས་པ།

ལྷ་དགུམ་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་སྐྱེས་བུ་འདི་ལྟ་བུའི་དཔའ་བོ་ག་ལ་གསད། འདི་ལ་སྤྱན་རས་ཀྱིས་བཙའ་བར་བྱའོ་ཞེས་དེས་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་དེ་ལ་ཆུང་མར་བྱིན་ཏེ། རྒྱལ་སྲིད་ཕྱེད་ཀྱང་བགོས་སོ། །དགེ་སློང་དག་ཇི་
སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྐུན་པོ་ཅིག་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་དེའི་བུ་གང་ཡིན་པ་དེ་ནི་སྒྲ་ཅན་ཟིན་འདི་ཉིད་ཡིན་ཏེ། དེ་ན་ཡང་ང་ལ་འདིས་མེ་ཏོག་གི་ཕྲེང་བས་ངོ་ཤེས་སོ། །ད་ལྟར་ཡང་འདིས་ང་ལ་དུས་ངོ་ཤེས་པར་བྱས་སོ། །
དགེ་སློང་དག་དེ་ལྟ་བས་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པས་ལས་ཀྱི་གནས་པ་ལ་གོམས་པར་བྱའོ། །གྲགས་འཛིན་མས་བསམས་པ། གལ་ཏེ་སྒྲ་ཅན་ཟིན་གྱི་ཡབ་ཕོ་བྲང་དུ་གཤེགས་དང་། ཇི་ལྟར་ཡང་སླར་གཤེགས་པར་མི་
འགྱུར་བ་དེ་ལྟ་བུར་སྤྱད་པར་བྱའོ་སྙམ་ནས། དེ་ནས་བདག་ཉིད་དང་། ས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཤིན་དུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དང་། བདུག་པས་བསྒོས་པའི་གོས་རྣམས་ཀྱིས་བཀླུབས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་འདུལ་བའི་སྐྱེ་བོ་ལ་གཟིགས་ནས་ཕོ་བྲང་གི་ནང་དུ་ཞུགས་སོ། །དེ་ནས་གྲགས་
འཛིན་མ་དང་། རི་དགས་སྐྱེས་དང་། ས་འཚོ་མ་ལ་སོགས་ཏེ་བུད་མེད་དྲུག་ཁྲི་གཟུགས་དང་། ལང་ཚོ་དང་། དྲེགས་པའི་རྒྱགས་པས་ཟིན་ཅིང་ཡིད་ལ་གཅགས་པས་གཡེན་སྤྱོ་ཞིང་བསྐྱོད་པ་ན་གསེར་གྱི་འོག་བག་ལྷོད་པར་བཅིངས་པ་མང་པོ་འཁྲོལ་ཞིང་སྒྲ་འབྱིན་
ལ། འཛུམ་པའི་གླུ་དབྱངས་སྙན་པ་དང་། མིག་དང་སྨིན་མ་སྐྱོད་ཅིང་ནུ་མ་དང་། ཡན་ལག་རྣམས་གསལ་བར་སྟོན་པ། བུད་མེད་ཀྱི་ཚུལ་གྱི་སྟེག་ཆོས་རྣམས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་གདུགས་ཚོད་གསོལ་

ན་འདུལ་བའི་སྐྱེ་བོའི་དུས་ལས་ཀྱང་འདས་པར་འགྱུར་ལ། བུད་མེད་འདི་རྣམས་ཀྱང་འདོད་ཆགས་ཀྱིས་གདུངས་པས་བདེན་པའི་སྣོད་དུ་མི་འགྱུར་གྱིས་འདི་ལྟར་སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་མ་ལ་ངས་ཕོ་བྲང་དུ་རྫུ་འཕྲུལ་གྱི་ཆོ་
འཕྲུལ་བསྟན་པས་དད་པར་བྱའོ་སྙམ་དུ་དགོངས་ཏེ། ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ་འཆག་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བ་མཛད་དོ། །མེའི་ཁམས་ལ་ཡང་
སྙོམས་པར་འཇུག་པར་མཛད་དེ། མེའི་ཁམས་ལ་སྙོམས་པར་ཞུགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་མཛད་དེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་།
ཤེལ་གྱི་ཁ་དོག་དག་གོ། །གཞན་ཡང་ཆོ་འཕྲུལ་ཟུང་དུ་སྟོན་པར་བྱེད་དེ། སྐུའི་སྨད་ནས་འབར་བར་མཛད་ལ་སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དེ། སྐུའི་སྟོད་ནས་འབར་བར་མཛད་ལ་སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དོ། །ཤར་ཕྱོགས་
ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མངོན་པར་འདུ་མཛད་པ་སླར་བསྡུས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་
སོ། །དེ་ནས་བུད་མེད་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དག་མཐོང་ནས་དད་པར་གྱུར་ཏེ། ཤིང་རྩ་བ་ནས་བཅད་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔ་ན་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས། གང་ཐོས་པས་འཕགས་པའི་བདེན་པ་བཞི་སོ་སོར་ཡང་དག་པར་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། ས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པ་

བུད་མེད་དྲུག་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །གྲགས་འཛིན་མ་ནི་ལྷག་པར་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པས་བདེན་པ་མཐོང་བར་མ་བྱས་ཏེ། དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་བཅོམ་ལྡན་འདས་རོའི་སྲེད་པས་དབང་དུ་བྱའོ་སྙམ་དུ་བསམས་
ནས། རང་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཆེད་དུ་བཟའ་བ་དང་བཏུང་བ་དག་གཡོས་ནས་བདག་རང་གི་ལག་ནས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ་ཞེས་པ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ལ་གྲགས་འཛིན་མ་ནི་རང་གི་ལག་
ནས་བགྱིས་པའི་རོའི་སྲེད་པས་དབང་དུ་བགྱི་བར་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ང་སྔོན་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པས་རོ་སོ་སོར་ཉམས་སུ་མྱོང་ཞིང་རོ་སོ་སོའི་ཆགས་པ་ཉམས་སུ་མྱོང་བ་
ལས་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་ཏེ། རོ་སོ་སོར་ཉམས་སུ་མྱོང་ཡང་རོ་ལ་སོ་སོར་ཆགས་པར་འགྱུར་བའི་ཉམས་སུ་མྱོང་བ་མེད་ན། ད་ང་ལ་གྲགས་འཛིན་མས་རོའི་སྲེད་པས་ཇི་ལྟར་དབང་དུ་བྱ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་
ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་གྲགས་འཛིན་མས་དབང་དུ་བགྱི་བའི་སླད་དུ་ལ་དུས་དབང་དུ་བགྱི་བར་བརྩམས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ད་ལྟར་གྱི་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་ལྟར་
འདིས་འདས་པའི་དུས་ན་ཡང་དགའ་བར་འགྱུར་བས་དབང་དུ་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་རྡལ་མེད་པའི་དགོན་པའི་གནས་མེ་ཏོག་དང་། འབྲས་བུ་དང་། ཆུ་དང་། རྩ་བ་ཕུན་སུམ་ཚོགས་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པ་རྩ་བ་དང་། འབྲས་བུ་དང་།
ཆུ་ལ་ལོངས་སྤྱོད་པ། པགས་པ་དང་ལོ་མ་གྱོན་པ་ཞིག་གནས་ཏེ། དེས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པས་དེ་ལ་རི་དགས་གདུག་པ་རྣམས་ཀྱང་འདྲིས་པའི་གནས་པས་བསྟི་གནས་ན་གནས་སོ། །དེ་ཕྱོགས་གཞན་ཞིག་ཏུ་གཅི་བའི་ཕྱིར་སོང་བ་ན་རི་དགས་མོ་ཞིག་རྗེས་

བཞིན་རྗེས་བཞིན་དུ་འབྲེང་ངོ་། །དེས་ཁུ་བ་དང་བཅས་པར་གཅིས་པ་དེ་རི་དགས་མོ་དེས་འཐུངས་ནས་ལྕེས་མོ་མཚན་ལ་བལྡགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་འབྱུང་
བའི་དུས་སུ་ཕྱོགས་དེར་འོངས་ནས་ཁྱེའུ་ཞིག་བྱུང་བ་དང་དེས་དྲི་བསྣམས་ན་རིས་མི་མཐུན་པའི་སེམས་ཅན་ཡིན་ཏེ། སྐྲག་ནས་གཅིན་རྟུག་ཤོར་ནས་བོར་ཏེ་སོང་ངོ་། །ཇི་ཙམ་ཞིག་ན་དྲང་སྲོང་དེ་ཕྱོགས་དེར་ཕྱིན་པ་དང་། དེས་ཁྱེའུ་དེ་མཐོང་ནས་འདི་སུའི་བུ་ཡིན་སྙམ་པའི་བསམ་པ་ལ་ཞུགས་
པ་ན། བདག་ཉིད་ཀྱི་ཡིན་པར་མཐོང་ནས་དེས་དེ་བསྟི་གནས་སུ་ཁྱེར་ཏེ་བསྣུན་བསྙོད་ནས་བསྐྱེད་དེ། དེ་ཆེན་པོར་གྱུར་པ་དང་མགོ་ལ་རི་དགས་ཀྱི་རྭ་སྐྱེས་པར་གྱུར་ཏེ། དེ་ལ་རི་དགས་ཀྱི་རྭ་འདྲ་བ་ཡོད་པས་དྲང་སྲོང་རྭ་ཅན་དྲང་སྲོང་རྭ་ཅན་ཞེས་བྱ་བར་གྱུར་ཏོ། །ཇི་ཙམ་ན་དྲང་སྲོང་དེ་ནད་ཀྱིས་
ཐེབས་པར་གྱུར་ནས། དྲང་སྲོང་དེ་དང་མཐུན་པའི་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་ནད་ཞི་བར་མ་གྱུར་ཏེ། གང་གི་ཚེ་དེ་འཆི་བ་ལ་ཐུག་པའི་ཚོར་བ་སྐྱེས་ནས་རིང་པོ་མི་ཐོགས་པར་འཆི་བར་འགྱུར་བ་དེའི་ཚེ་དེས་བུ་དེ་ལ་སྨྲས་པ། བུ་བསྟི་གནས་འདིར་ཕྱོགས་སྣ་ཚོགས་ན་
གནས་པའི་དྲང་སྲོང་རྣམས་དུས་དུས་སུ་འོང་གིས་ཁྱོད་ང་ལ་དགའ་བས་དེ་རྣམས་ལ་ཀུན་དུ་སྤྱོད་པའི་ཆོས་ཀྱིས་འོངས་པ་ལེགས་སོ་ཞེས་བརྗོད་པས་ཡང་དག་པར་དགའ་བར་བྱ་ཞིང་། སྟན་ལ་མགྲོན་དུ་བོས་ལ་རྩ་བ་དང་། འབྲས་བུ་ཅི་ནུས་པར་སྟོབས་ཤིག་ཅེས་སྨྲས་ནས། བསགས་པ་
ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་ཀུན་གྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེས་དེ་དྲང་སྲོང་གི་ཆོས་བཞིན་དུ་བསྲེགས་ཏེ། དེ་ཕ་དང་བྲལ་བའི་མྱ་ངན་
གྱིས་ནོན་པས་སྐྱོ་བ་སྐྱེས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེས་དུས་གཞན་ཞིག་ན་ཆུའི་དོན་དུ་བུམ་པ་ཁྱེར་ནས་སོང་བ་ན་ལྷས་ཆར་དབབ་པར་བརྩམས་སོ། །དེ་ཆུས་བུམ་པ་བཀང་ནས་ཁྱེར་ཏེ་འོང་བ་འགྲེད་ནས་རྡེག་འཆོས་སོ། །དྲང་སྲོང་རྣམས་ནི་མྱུར་

དུ་ཁྲོ་བ་ཡིན་པས་དེས་ཆུ་ཉུང་ཞིག་བླངས་ཏེ་གཏོར་ནས་དམོད་པ་བོར་བ་སྤྱོད་པ་ངན་པ་ཅན་ཁྱོད་ཀྱིས་བུམ་པ་ཆུས་བཀང་བ་ཆག་པར་བྱས་ཀྱིས། དེ་ལྟ་བས་ན་ཁྱོད་ཉི་མ་འདི་ནས་བཟུང་སྟེ་ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་གྱུར་ཅིག་ཅེས་བྱས་པས་ལྷ་ཆར་མི་འབེབས་པར་གྱུར་ཏོ། །
བཱ་རཱ་ཎ་སཱིར་མུ་གེ་ཆེན་པོ་བྱུང་ནས་སྐྱེ་བོའི་ཚོགས་ཀུན་དུ་དོང་ངོ་། །རྒྱལ་པོས་ལྟས་མཁན་རྣམས་བཀུག་སྟེ་སྨྲས་པ། ཤེས་ལྡན་དག་སུ་ཞིག་གི་མཐུས་ན་ལྷ་ཆར་མི་འབེབས། དེ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཁྲོས་པས་ལགས་སོ། །ཇི་སྟེ་དྲང་སྲོང་དེ་དཀའ་ཐུབ་དེ་ལ་
བསྐྱོད་པར་ནུས་ན་ལྷ་དེ་བཞིན་དུ་ཆར་འབེབས་ཀྱི་གཞན་དུ་ན་ནི་མ་ལགས་སོ། །རྒྱལ་པོ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བཙུན་མོ་དང་། བློན་པོ་དང་། གཞོན་ནུ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཐུགས་མི་དགྱེས། དེས་སྨྲས་པ། དྲང་སྲོང་ཁྲོས་པས་ལྷ་
ཆར་མི་འབེབས་ལ་ལྟས་མཁན་རྣམས་ཀྱང་འདི་སྐད་ཅེས་གལ་ཏེ་དྲང་སྲོང་དེ་དཀའ་ཐུབ་དེ་ལས་བསྐྱོད་ན་དེ་བཞིན་དུ་ལྷ་ཆར་འབེབས་ཀྱི། གཞན་དུ་ན་མ་ཡིན་ནོ་ཞེས་ཟེར་ཏེ། དཀའ་ཐུབ་དེ་ལ་སུ་ཞིག་གིས་བསྐྱོད་པར་ནུས་པ་མི་ཤེས་སོ། །རྒྱལ་པོ་དེའི་བུ་མོ་ཞི་ལྡན་མ་ཞེས་བྱ་བ་དེས་སྨྲས་
པ། ལྷ་གལ་ཏེ་དེ་ལྟ་ན་ཐུགས་ལས་ཆུང་ངུར་མཛོད་ཅིག་དང་། བདག་གིས་དྲང་སྲོང་དེ་དཀའ་ཐུབ་དེ་ལས་ཇི་ནས་ཀྱང་གཡོས་པར་གྱུར་པ་དེ་ལྟར་བགྱིའོ། །དེས་སྨྲས་པ། ཐབས་ཅི་ཞིག་གིས་བྱ། དེས་སྨྲས་པ། བདག་དང་བུད་མེད་གཞན་རྣམས་བྲམ་ཟེ་རྣམས་ལ་གསང་ཚིག་
འདོན་དུ་སྩོལ་ཅིག །གྲུ་ཟམ་གྱི་བསྟི་གནས་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་བགྱིད་དུ་སྩོལ་ཅིག །དེས་དེ་དང་བུད་མེད་གཞན་དག་ཀྱང་བྲམ་ཟེ་ལ་གསང་ཚིག་སློབ་ཏུ་བཅུག་གོ། །གྲུ་ཟམ་གྱི་བསྟི་གནས་ཀྱང་བྱེད་དུ་བཅུག་གོ། །དེ་ནས་དེས་དབང་དུ་
བྱ་བའི་རྫས་དང་ཆང་གིས་བཀང་བའི་འབྲས་བུ་དེ་དག་དང་། གཞན་ཡང་འབྲས་བུ་རྣམ་པར་བཀྲ་བ་སྣ་ཚོགས་བྱེད་དུ་བཅུག་ནས། དྲང་སྲོང་གི་ཆ་བྱད་དུ་བྱས་ཏེ། དེ་རྩྭ་དང་ཤིང་ཤུན་གྱོན་ནས་བུད་མེད་རྣམས་དང་ལྷན་ཅིག་བྲམ་ཟེ་རྣམས་ལ་གསང་ཚིག་འདོན་ཅིང་དེའི་བསྟི་གནས་

སུ་ལྷགས་པ་དང་། དྲང་སྲོང་ལ་སློབ་མ་རྣམས་ཀྱིས་སྨྲས་པ། མཁན་པོ་ཁྱོད་ཀྱི་བསྟི་གནས་སུ་དྲང་སྲོང་མང་དུ་ལྷགས་སོ། །དྲང་སྲོང་རྣམས་ལྷགས་པ་ལེགས་ཀྱིས་ནང་དུ་ཤོག་ཤིག །དེ་རྣམས་ནང་དུ་ཞུགས་པ་དེས་མཐོང་ནས་ཚིགས་སུ་བཅད་པས་
སྨྲས་པ། བརྟགས་པ་མེད་པར་འགྱིང་ཞིང་འགྲོ་བ་དང་། །བཞིན་ཡང་ཁ་སྤུ་རྣམས་དང་བྲལ་གྱུར་ཅིང་། །འདི་རྣམས་བྲང་ནི་མཐོན་དམན་གྱུར་པ་སྟེ། །ཨེ་མ་དྲང་སྲོང་ཆ་བྱད་སྔོན་མ་བྱུང་། །དེ་དེ་རྣམས་ལ་ཐེ་ཚོམ་གྱི་ཀུན་ནས་དཀྲིས་པའི་བློས་རྩ་བ་དང་འབྲས་བུ་བསྟབས་
སོ། །དེ་རྣམས་ཀྱིས་དེ་དག་ཟོས་ནས་དྲང་སྲོང་དེ་ལ་སྨྲས་པ། ཁྱོད་ཀྱི་འབྲས་བུ་འདི་དག་ནི་རྩུབ་པ་ཁ་བ་བསྐ་བ་ཡིན་གྱི། བདག་ཅག་གི་ཆུ་ནང་གི་བསྟི་གནས་དེ་ན་ཡོད་པའི་འབྲས་བུ་རྣམས་ནི་བདུད་རྩི་དང་འདྲ་བ་ཡོད་དེ། འདི་ལྟར་ཁྱོད་བདག་ཅག་གི་བསྟི་གནས་སུ་སྤྱན་འདྲེན་
ཏོ། །དེས་ཁས་བླངས་ནས་དེ་དེ་རྣམས་དང་གྲུ་ཟམ་གྱི་སྐྱེད་མོས་ཚལ་དུ་ཞུགས་ནས་དེས་དེ་ལ་དབང་དུ་བྱ་བའི་རྫས་ཆང་གིས་བཀང་བ་དང་ལྡན་པའི་ན་ལི་ཀེ་རའི་འབྲས་བུ་རྣམས་དང་། གཞན་དག་ཀྱང་བྱིན་ནོ། །དེ་ཆང་གིས་མྱོས་པ་དང་དབང་དུ་བྱ་བའི་རྫས་ཀྱི་སྦྱོར་བས་དེ་དེ་དང་
ལྷན་ཅིག་མི་ཚངས་པར་སྤྱད་པས་རྫུ་འཕྲུལ་ཡོངས་སུ་ཉམས་སོ། །ཆར་ལ་མངོན་པར་དགའ་བའི་ལྷས་སྤྲིན་ཀུན་ནས་བསྡུས་པ་དང་དྲང་སྲོང་དེས་བཀག་གོ། །ཞི་ལྡན་མས་སྨྲས་པ། ད་དུང་ཁྱོད་ཀྱིས་བདག་ཉིད་སུ་ཡིན་པ་མི་ཤེས་སམ། དེས་དེའི་འདོད་ཆགས་ཀྱི་
ཞགས་པས་བཅིངས་ནས་རྒྱལ་པོ་ལ་ཕུལ་ནས་ལྷ་དྲང་སྲོང་དེ་ནི་འདི་ལགས་སོ། །དེ་ནས་ལྷས་ཆར་དབབ་པར་བརྩམས་ནས་ལོ་ལེགས་པར་གྱུར་ཏོ། །རྒྱལ་པོས་ཞི་ལྡན་མ་འཁོར་དང་བཅས་ཏེ་དྲང་སྲོང་དེ་ལ་ཆུང་མར་བྱིན་ནོ། །དེས་ཞི་ལྡན་མ་སྤངས་ནས་གཞན་དག་དང་
ལྷན་ཅིག་དགའ་མགུར་སྤྱོད་པ་ལ་ཞུགས་པ་ན། དེ་ལ་ཞི་ལྡན་མ་ཕྲག་དོག་གི་ཀུན་ནས་དཀྲིས་པའི་སྙིང་གིས་དེ་ལ་བཀུར་སྟི་མ་ཡིན་པ་བྱ་བར་བརྩམས་པ་དང་། དེ་ནས་ཕར་ཅིག་ཚུར་ཅིག་རྩོད་པས་མཆིལ་ལྷམ་དང་བཅས་པའི་རྡོག་པས་མགོར་བསྣུན་པ་དང་། དེས་

བསམས་པ། སྤྲིན་གྱི་འབྲུག་སྒྲ་ཡང་བདག་གིས་མནགས་པར་མི་བཟོད་ན་ད་ནི་འདོད་ཆགས་ཀྱི་ཞགས་པས་བཅིངས་ན་བུད་མེད་ཙམ་གྱིས་ཀྱང་བརྙས་སམ་སྙམ་ནས་དེས་བརྩོན་འགྲུས་ལ་གནས་པས་སླར་ཡང་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དགེ་སློང་
དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཞི་ལྡན་མ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ང་རོའི་སྲེད་པས་དབང་དུ་བྱས་སོ། །ད་ལྟར་ཡང་འདིས་ལ་དུས་དབང་དུ་བྱ་བ་ལ་ཞུགས་སོ། །གང་གི་ཚེ་བཅོམ་
ལྡན་འདས་ཕོ་བྲང་དུ་གདུགས་ཚོད་གསོལ་ནས་ཕྱི་རོལ་དུ་བྱུང་བ་དེའི་ཚེ་གྲགས་འཛིན་མ་ཁྱིམ་ཐབ་ཀྱི་བྱམས་པ་དང་བྲལ་ལོ་སྙམ་སྟེ་རེ་ཐག་ཆད་ནས་ཁང་ཐོག་ཏུ་འཛེགས་ཏེ་བདག་ཉིད་མཆོངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་
ཡིན་པས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་དེ་བླངས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི་སླད་དུ་གྲགས་འཛིན་མ་ཁང་ཐོག་ནས་བདག་ཉིད་མཆོངས་པ་
ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདིས་འདས་པའི་དུས་ན་ཡང་ངའི་ཕྱིར་བདག་ཉིད་བོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་
བྱ་བ་ཞིག་བྱུང་སྟེ། དེ་དུས་གཞན་ཞིག་ན་རི་དགས་ཤོར་ཞིང་རིམ་གྱིས་སོང་སྟེ་རི་སུལ་ཞིག་ཏུ་ཕྱིན་པ་དང་། དེས་དེ་ན་མི་འམ་ཅི་ཕོ་དང་། མི་འམ་ཅི་མོ་གཉིས་ལས་མི་འམ་ཅི་ཕོ་ནི་ཉལ། མིའམ་ཅི་མོ་ནི་མ་ཉལ་བ་ཞིག་མཐོང་ནས་རྒྱལ་པོས་གཞུ་རྣ་དྲུང་དུ་བཀང་བའི་མདས་མིའམ་ཅི་ཕོ་
གནད་དུ་བསྣུན་ནས་སྲོག་དང་ཕྲལ་ཏེ། རྒྱལ་པོས་མི་འམ་ཅི་མོ་ཆུང་མའི་དོན་དུ་བཟུང་ནས་ཁྲིད་དེ་སོང་བ་ལས་དེས་སྨྲས་པ། ལྷ་རེ་ཞིག་གཞེས་ལ་དེའི་བར་དུ་བདག་གིས་མི་འམ་ཅིའི་རོ་ལ་མཆོད་པ་བགྱིད་ན་གནང་བར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། རེ་ཞིག་གང་དུ་འགྲོ་བར་འགྱུར།

དེ་ལ་མཆོད་པ་ཇི་ལྟར་བྱེད་པ་བལྟའོ་སྙམ་ནས་དེས་དེ་ལ་གནང་ངོ་། །དེ་ནས་དེས་མི་འམ་ཅིའི་རོ་དེ་ལ་ཤིང་གི་ཕུང་པོ་བྱས་ནས་མེ་སྦར་ཏེ་བདག་ཉིད་མཆོངས་སོ། །ལྷས་ཚིགས་སུ་བཅད་པས་སྨྲས་པ། མིའམ་ཅི་མོ་དགའ་སྤྱད་ཅེས།
དོན་གཞན་དུ་ནི་བསམས་པ་ལས། །གཞན་དུ་ཡོངས་སུ་བསྒྱུར་བྱས་པས། །སྲོག་ཆགས་གཉིས་ནི་བསད་པར་གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་མི་འམ་ཅི་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །མིའམ་ཅི་མོ་གང་ཡིན་པ་དེ་ནི་
གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ངའི་ཕྱིར་བདག་ཉིད་མེ་ཕུང་དུ་མཆོངས་སོ། །ད་ལྟར་ཡང་འདིས་ངའི་ཕྱིར་ཁང་ཐོག་ནས་བདག་ཉིད་མཆོངས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་གྲགས་འཛིན་མ་གདུལ་བའི་དུས་ལ་བབ་ཀྱིས། མ་
ལ་འདི་ངས་འཁོར་བའི་འབྲོག་དགོན་པ་ནས་བསྒྲལ་བར་བྱའོ་སྙམ་དུ་དགོངས་ནས་དེ་ལ་གང་ཐོས་པས་འཕགས་པའི་བདེན་པ་བཞི་ཡང་དག་པར་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། གྲགས་འཛིན་མ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་
མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཇི་ཙམ་ན་དགྲ་བཅོམ་མར་གྱུར་པ་དང་། དེ་རང་གི་རིགས་རྒྱུད་དང་མཐུན་པར་བྱ་བ་དང་། འཕགས་
པའི་ལམ་ཐོབ་པས་དགེ་སློང་མ་རྣམས་ཀྱི་ནང་དུ་དགོས་པ་བྱུང་བ་རྣམས་ལ་ཤིན་ཏུ་འཛེམ་པ་དང་ལྡན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་རྣམས་ལ་འཛེམ་པ་དང་ལྡན་པའི་མཆོག་ནི་འདི་ལྟ་
སྟེ་སྒྲ་ཅན་ཟིན་གྱི་མ་གྲགས་འཛིན་མ་འདི་ཡིན་ནོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གྲགས་འཛིན་མས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མངལ་དུ་ལོ་དྲུག་བཟུང་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲགས་འཛིན་མ་འདི་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་
བྱུང་བ་གནག་ལྷས་ཞིག་ན་ཕྱུགས་རྫི་མ་དང་། བུ་མོ་མ་སྨད་གཉིས་ཞིག་གནས་ཏེ། དེ་གཉིས་དར་བའི་བུམ་པ་ཐོགས་ཏེ། རྒྱུན་དུ་གྲོང་མཐར་འགྲོ་བ་ན། དེ་གཉིས་ལས་བུ་མོ་ནི་ངན་གཡོའི་རང་བཞིན་ཅན་ཡིན་ནོ། །མ་ནི་དྲང་བ་ཞིག་ཡིན་ནོ། །བུ་མོས་སྨྲས་པ།
ཡུམ་རེ་ཞིག་དར་བའི་བུམ་པ་སྣོམས་ཤིག་བཤང་བ་ཞིག་བགྱིད་དོ། །དེས་ཐོགས་ཏེ་སོང་ངོ་། །དེ་ནི་ངན་གཡོའི་རང་བཞིན་ཅན་ཡིན་པས་ཕྱིན་སྡོད་ཅིང་དེའི་རྗེས་སླེབས་པར་མ་སོང་སྟེ། དེ་དེ་ལྟར་བྱེད་པ་ན་མ་དེས་དར་བའི་བུམ་པ་རྒྱང་གྲགས་དྲུག་གི་བར་དུ་ཁྱེར་རོ། །
དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཕྱུགས་རྫི་བུ་མོ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེ་ན་འདིས་མ་ལ་ངན་གཡོའི་སྤྱོད་པས་རྒྱང་གྲགས་དྲུག་ཏུ་དར་བའི་བུམ་པ་བསྐུར་རོ། །ལས་དེའི་རྣམ་པར་སྨིན་པས་འདིས་སྒྲ་ཅན་ཟིན་ལོ་དྲུག་ཏུ་
མངལ་དུ་བཟུང་ངོ་། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་
ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ལོ་དྲུག་ཏུ་མའི་མངལ་ན་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒྲ་ཅན་
ཟིན་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། སྒྲ་ཅན་ཟིན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར།

དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་
དང་ཁམས་དང་སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱི་དང་ཧ་ཅང་མི་རིང་བ་ན་མེ་ཏོག་དང་འབྲས་བུ་
ཕུན་སུམ་ཚོགས་པའི་བསྟི་གནས་བྱ་སྣ་ཚོགས་སྐད་འབྱིན་ཅིང་བྱ་དང་རི་དགས་འདྲིས་པར་བསྟེན་པ་ཞིག་ཡོད་དེ། དེ་ན་དྲང་སྲོང་འབྲས་བུ་དང་། རྩ་བ་དང་ཆུ་ལ་ལོངས་སྤྱོད་པ། པགས་པ་དང་ལོ་མ་གྱོན་པ། དུང་དང་བྲིས་པ་ཞེས་བྱ་བ་སྤུན་གཉིས་ཞིག་གནས་ཏེ། དུང་ནི་མཁན་པོ་བྱེད་
དོ། །བྲིས་པ་ནི་སློབ་མ་བྱེད་དེ། དེ་གཉིས་བཱ་རཱ་ཎ་སཱིའི་འཇིག་རྟེན་ཐམས་ཅད་ལ་ཡང་གྲགས་སོ། །རྒྱལ་པོ་ཚངས་སྦྱིན་གྱིས་ཀྱང་སྐྱེད་མོས་ཚལ་ག་གེ་མོ་ཞེས་བྱ་བར་དྲང་སྲོང་དུང་དང་བྲིས་པ་སྤུན་གཉིས་གནས་ཏེ། དེ་ལ་དུང་ནི་མཁན་པོ་བྱེད་དོ། །བྲིས་པ་ནི་སློབ་མ་བྱེད་དོ་ཞེས་ཐོས་སོ། །ཇི་
ཙམ་དུས་གཞན་ཞིག་ན་དུང་གིས་རིལ་བ་ཆུས་བཀང་ནས་རྩ་བ་དང་འབྲས་བུའི་ཆེད་དུ་ནགས་ཁྲོད་དུ་སོང་ངོ་། །བྲིས་པ་ཡང་དེ་ཉིད་ནས་ནང་པར་སྔར་ལངས་ཏེ་སོང་ནས་དེས་མེ་ཏོག་དང་འབྲས་བུ་དག་བླངས་ཏེ་རིངས་པར་འོངས་ནས་རང་གི་རིལ་བ་ལས་བརྟགས་ནས་ཆུ་ཉུང་ནས་དེ་སྐོམ་པས་ཉེན་
པས་བསམས་པ། མཁན་པོའི་ཆུ་བཏུང་ངོ་སྙམ་ནས་དེས་འཐུངས་སོ། །ཇི་ཙམ་ན་དྲང་སྲོང་དུང་རྩ་བ་དང་འབྲས་བུ་དག་བླངས་ནས་སྐོམ་པས་ཉེན་པའི་རང་བཞིན་གྱིས་བསྟི་གནས་སུ་ཕྱིན་ནས་རིལ་བ་ལ་བརྟགས་ན་སྟོང་པར་མཐོང་ནས་དེ་མི་བཟོད་པ་སྐྱེས་ཏེ་སྨྲས་པ། ཁོ་བོའི་ཆུ་རྐུན་མ་སུ་ཞིག་གིས་བརྐུས།
བྲིས་པས་སྨྲས་པ། མཁན་པོ་རྐུན་མ་ནི་བདག་ལགས་ཏེ། བདག་གིས་འཚལ་གྱིས་བདག་ལ་ཆད་པས་དགུམ་དུ་གསོལ། དེས་སྨྲས་པ། ཁྱོད་ནི་ཁོ་བོ་དང་སྤུན་ཡིན་ལ་སློབ་མ་ཡང་ཡིན་པས་གལ་ཏེ་འཐུངས་ན་འཐུངས་པས་ལེགས་ཀྱིས་ཅི་བདེར་སྤྱོད་ཅིག །དེས་སྨྲས་པ། མཁན་པོ་འགྱོད་པ་འདི་བདག་

གིས་བསལ་བར་རྔོ་མི་ཐོག་གིས་ཆོམ་རྐུན་པ་ལ་གཅོད་པའི་ཆད་པ་ལྕི་བ་གང་ལགས་པས་བདག་ལ་དགུམ་དུ་གསོལ་ཞེས་དེ་སྐད་སྨྲས་པ་དང་། དྲང་སྲོང་དུང་ཁྲོས་ནས་སྨྲས་པ། ཁོ་བོ་ཆད་པ་མི་གཅོད་ཀྱིས་ཅི་སྟེ་ཁྱོད་ཆད་པ་དོན་དུ་གཉེར་ན་རྒྱལ་པོའི་དྲུང་དུ་སོང་ཤིག །ཡང་དེའི་ཚེ་རྒྱལ་པོ་རི་དགས་
འཆོར་བའི་ཕྱིར་ཆས་པ་དེ་ལ་དེས་རྒྱལ་བ་དང་ཚེ་སྤེལ་བ་དག་ཀྱང་བྱས་ནས་ཚིགས་སུ་བཅད་པས་གསོལ་བ་བཏབ་པ། རྒྱལ་ཆེན་གང་ཕྱིར་མ་སྩལ་ཆབ། །འཚལ་བས་བདག་ནི་རྐུན་མ་ལགས། །ཆོམ་རྐུན་གཅད་པ་གང་ལགས་པའི། །ཆད་པའི་ལྕི་བས་བདག་ལ་ཁུམ། །རྒྱལ་པོས་སྨྲས་པ།
ཆུ་ལ་ནི་མ་བྱིན་པར་ལེན་པ་མེད་ན་འོན་ཀྱང་སུ་དབང་བའི་ཆུ་ཁྱོད་ཀྱིས་བརྐུས། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཁྱོད་དང་དེ་སྤུན་ཡིན་ཞིང་མཁན་པོ་ཡང་ཡིན་པས་ཆད་པས་གཅད་པར་མི་འོས་ཀྱིས་སོང་ཤིག །དེས་སྨྲས་པ། ལྷ་བདག་གིས་འགྱོད་པ་བསལ་བར་རྔོ་མི་ཐོག་གིས་
ཆོམ་རྐུན་པ་ལ་འགུམ་པའི་ཆད་པ་ལྕི་བ་གང་ལགས་པས་བདག་ལ་དགུམ་དུ་གསོལ་ཞེས་དེ་སྐད་སྨྲས་པ་དང་། རྒྱལ་པོ་ཁྲོ་བའི་ཀུན་ནས་དཀྲིས་པ་ལ་གནས་པའི་ཀུན་ནས་དཀྲིས་པ་དྲག་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་འདི་ཉིད་དུ་འདུག་ལ་རེ་ཞིག་ང་སླར་མ་ལོག་གི་བར་དུ་ཁྱོད་མ་འགྲོ་ཤིག །རྒྱལ་པོ་
དེས་རི་དགས་བཤོར་ནས་ཆེད་དུ་བསམས་ཏེ་སྒོ་གཞན་ནས་ནང་དུ་ཞུགས་ནས་ཕྱིར་ཡང་མ་བྱུང་ངོ་། །བློན་པོ་རྣམས་ཀྱིས་ཞག་དྲུག་གི་ཉིན་པར་རྒྱལ་པོ་ལ་སྨྲས་པ། ལྷ་དྲང་སྲོང་དེ་ཕྱོགས་དེ་ཁོ་ན་ཉིད་ན་མཆིས་ནས་དེང་དུ་དགུང་དྲུག་ལགས་ཀྱིས་བཀའ་སྩལ་པའི་རིགས་སོ། །རྒྱལ་པོས་སྨྲས་པ། ཆད་པ་ནས་ཕྱུང་
ལ་དེའི་ཆད་པ་ནི་དེ་ཁོ་ན་ཡིན་གྱིས་སོང་ཤིག །བློན་པོ་རྣམས་ཀྱིས་དྲང་སྲོང་དེ་ལ་སྨྲས་པ། དྲང་སྲོང་ལྷའི་ཞལ་ནས་ཆད་པ་ནས་ཕྱུང་ལ་དེའི་ཆད་པ་ནི་དེ་ཁོ་ན་ཡིན་གྱིས་སོང་ཤིག་ཅེས་གསུང་ངོ་། །དེ་འགྱོད་པ་དང་བྲལ་ཏེ་སོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་
རྒྱལ་པོ་ཚངས་སྦྱིན་གང་ཡིན་པ་དེ་ནི་སྒྲ་ཅན་ཟིན་འདི་ཉིད་ཡིན་ཏེ། དེ་ན་འདིས་སེམས་གདུག་པས་དྲང་སྲོང་ལ་ཕྱོགས་འདི་ཉིད་དུ་འདུག་ལ་མ་འགྲོ་ཤིག་ཅེས་སྨྲས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་མའི་མངལ་དུ་ལོ་དྲུག་གོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་

རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་ལྔ་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་
ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་བཟང་ལྡན་གྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མི་གཙོ་བོ་རྣམས་ཀྱི་རྒྱལ་པོར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བཟང་ལྡན་འདི་
ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་བཟང་ལྡན་གྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་
ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ།
ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་མུ་ལྟོ་བ་ཞིག་ལྗོངས་ཤིག་ནས་བཱ་རཱ་ཎ་སཱིར་འོངས་པ་དང་། དེ་ན་གཉུག་མར་གནས་པའི་མུ་ལྟོ་བ་ཕྲག་དོག་གི་རང་བཞིན་ཅན་རྣམས་ཀྱིས་དེ་
ལྟག་དབྱུག་དང་ཐག་ལྕག་དང་། དབྱུག་པ་ལ་སོགས་པས་ཤིན་ཏུ་བརྡེགས་ནས་བསྐྲད་དེ་དེ་བཱ་རཱ་ཎ་སཱིའི་ཕྱི་རོལ་ན་རྒྱལ་པོའི་སྐྱེད་མོས་ཚལ་ཞིག་ཡོད་པ་ན་གནས་སོ། །ཇི་ཙམ་ན་རྒྱལ་པོ་ཚངས་སྦྱིན་སོ་གའི་དུས་ལ་བབ་སྟེ། མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང་ངང་པ་དང་། ཀྲུང་ཀྲུང་དང་། རྨ་བྱ་དང་། ནེ་ཙོ་དང་།
རི་སྐེགས་དང་ཁུ་བྱུག་དང་། །ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཚལ་སྟུག་པོའི་སྐྱེད་མོས་ཚལ་གྱི་གཞིར་བཙུན་མོ་དང་ལྷན་ཅིག་སོང་ནས་དེ་སྐྱེད་མོས་ཚལ་དེ་ན་བཙུན་མོ་དང་ལྷན་ཅིག་བདེ་བ་ཉམས་སུ་མྱོང་བར་བྱས་ནས་གཉིད་ལོག་གོ། །བུད་མེད་ནི་མེ་ཏོག་དང་འབྲས་བུ་ལ་དགའ་

བ་ཡིན་པས། མེ་ཏོག་དང་འབྲས་བུ་ཚོལ་ཞིང་ཕན་ཚུན་འཁྱམ་པ་ལ་ཞུགས་སོ། །ཇི་ཙམ་ན་རྒྱལ་པོ་ཚངས་སྦྱིན་གཉིད་ཀྱིས་དུབ་པ་སངས་ནས་རིངས་པ་རིངས་པར་བཱ་རཱ་ཎ་སཱིར་ཞུགས་སོ། །བཙུན་མོའི་བུད་མེད་རྣམས་ཀྱང་རིངས་པ་རིངས་པར་དོང་ངོ་། །ཇི་ཙམ་ན་བུད་མེད་གཞན་ཞིག་རྟབས་པས་མུ་ཏིག་གི་དོ་ཤལ་
བོར་ཏེ་སོང་ངོ་། །ཇི་ཙམ་ན་མུ་ལྟོ་བ་དེ་སྐྱེད་མོས་ཚལ་དེར་རྒྱུ་བར་བརྩམས་པ་ན། དེས་མུ་ཏིག་གི་དོ་ཤལ་དེ་མཐོང་ནས། དེས་བསམས་པ། བདག་ལ་འདི་ཅི་དགོས་འདིའི་ཕྱིར་གནོད་པར་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་སྙམ་ནས་དེས་དེ་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་ཞེས།
དེ་སྐྱེད་མོས་ཚལ་ཉིད་དུ་ཤིང་གི་ཡལ་ག་ཞིག་ལ་བཏགས་ཏེ་བཞག་གོ། །ཇི་ཙམ་ན་བཙུན་མོ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་པ། ལྷ་བཙུན་མོ་ཆེ་གེ་མོ་ཞེས་བགྱི་བའི་མུ་ཏིག་གི་དོ་ཤལ་སྐྱེད་མོས་ཚལ་དུ་ལུས་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་མུ་ཏིག་གི་དོ་
ཤལ་སྐྱེད་མོས་ཚལ་དུ་ལུས་པ་ཚོལ་ཅིག །དེ་རྣམས་སྐྱེད་མོས་ཚལ་དུ་དོང་ནས་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་ཤིང་གི་ཡལ་ག་ཞིག་ལ་བཏགས་པ་མཐོང་ནས་དེ་རྣམས་ཀྱིས་བསམས་པ། རེ་ཞིག་འདི་སུས་བཏགས་དཔྱད་པར་བྱའོ་སྙམ་ནས་དེ་རྣམས་སྐྱེད་མོས་ཚལ་
ན་རྒྱུ་བར་བརྩམས་པ་དང་། ཇི་ཙམ་ན་མུ་ལྟོ་བ་ཞིག་མཐོང་ནས་དེ་རྣམས་ཀྱིས་དེ་ལ་སྨྲས་པ། ཀྭའི་ནང་རྗེ་མུ་ཏིག་གི་དོ་ཤལ་འདི་སུ་ཞིག་གིས་ཡལ་ག་ལ་བཏགས་ཏེ་བཞག །དེས་ཇི་ལྟར་གྱུར་པ་དེ་རྣམས་ལ་སྨྲས་པ་དང་། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་མུ་ཏིག་གི་དོ་ཤལ་ཕུལ་
ནས་ཇི་ལྟར་གྱུར་པ་སྨྲས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་མུ་ལྟོ་བ་དེ་བལྟས་ཁུག་ཤིག་དེ་རྣམས་ཀྱིས་བཀུག་ནས་རྒྱལ་པོས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ཀྱིས་ཅིའི་ཕྱིར་མུ་ཏིག་གི་དོ་ཤལ་ཤིང་གི་ཡལ་ག་ལ་བཏགས་ཏེ་བཞག་ནས་རང་གིར་མ་བྱས། དེས་སྨྲས་པ། ལྷ་འདིའི་སྐལ་
བ་བདག་ལ་མ་མཆིས་ཀྱི་ལྷ་ཁོ་ན་ལ་འོས་པའི་སླད་དུའོ། །རྒྱལ་པོ་དགའ་བར་གྱུར་ནས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ནི་དམ་པ་འོས་པ་ཡིན་པས་དམ་པ་གང་འདོད་པ་གསོལ་ཅིག་སྦྱིན་ནོ། །དེས་སྨྲས་པ། གལ་ཏེ་ལྷ་བདག་ལ་དགྱེས་པར་གྱུར་ན་མུ་ལྟོ་བ་རྣམས་འཚལ་མ་སྩལ་ཅིང་དེ་རྣམས་རེ་རེ་ལ་

རས་ཟུང་རེ་བསྐོན་ནས་བདག་དཔོན་པོར་བསྐོ་བར་གསོལ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཁྱེད་ཅག་གིས་མུ་ལྟོ་བ་ཐམས་ཅད་ཟན་བྱིན་ལ་རེ་རེ་ལ་རས་ཟུང་རེ་བསྐོན་ཏེ་འདི་དེ་རྣམས་ཀྱི་དཔོན་པོར་ཆུག་ཤིག །དེ་རྣམས་ཀྱིས་བཱ་རཱ་ཎ་སཱིར་དྲིལ་སྒྲོགས་
སུ་བཅུག་པ། ལྷས་བཀའ་སྩལ་གྱིས་བཱ་རཱ་ཎ་སཱིའི་མུ་ལྟོ་བ་ཇི་སྙེད་པ་ཐམས་ཅད་སྐྱེད་མོས་ཚལ་ཆེ་གེ་མོ་ཞིག་ཏུ་འདུས་ཤིག །ངས་མུ་ལྟོ་བ་རྣམས་ལ་ཟས་སྦྱིན་ཞིང་རེ་རེ་ལ་ཡང་རས་ཟུང་རེ་བསྐོན་ནོ་ཞེས་བསྒྲགས་པ་དང་། དེ་དག་ཐམས་ཅད་འདུས་ནས་བློན་པོ་རྣམས་ཀྱིས་ཁ་ཟས་
བསོད་པས་ཚིམ་པར་བྱས་ནས་རེ་རེ་ལ་ཡང་རས་ཟུང་རེ་བསྐོན་ཏེ་བསྒོ་བ། ལྷས་བཀའ་སྩལ་པ། དེང་ཕན་ཆད་ཁྱེད་ཅག་གི་རྒྱལ་པོར་མུ་ལྟོ་བ་འདི་བསྐོས་ཀྱིས། ཁྱེད་ཅག་གིས་འདིའི་ཚིག་བཞིན་དུ་བྱོས་ཤིག །དེ་རྣམས་ཁ་ཟས་བསོད་པས་ཚིམ་པར་བྱས་པ་དང་། རས་ཟུང་རེ་བསྐོན་པས་ཡི་
རངས་ནས་སྨྲས་པ། ལྷས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ་ཞེས་མུ་ལྟོ་བ་དེ་དཔོན་པོར་གྱུར་ཏོ། །མུ་ལྟོ་བ་རྣམས་ནི་རང་བཞིན་གྱིས་བཀྲེས་སྐོམ་པས་ཟིལ་གྱིས་ནོན་པ་ཡིན་པས་ཚོང་འདུས་ནས་བཟའ་བ་དང་བཏུང་བ་འཕྲོག་པར་བྱེད་དོ། །དེ་རྣམས་རྒྱལ་པོས་བཀུར་ནས་ནི་ལྷག་པར་ཡང་
དབྲོག་པར་བརྩམས་སོ། །ཚོང་རྡལ་གྱིས་འཚོ་བའི་ཚོགས་འཁྲུགས་ནས་དེས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་སྨྲས་པ། ཁྱེད་ཅག་སྲུང་བ་ལ་བག་ཡོད་པར་བྱོས་ལ་དེ་རྣམས་ལ་ནི་མ་རྡེག་ཤིག །ཇི་ཙམ་ན་མི་ཞིག་སྣུམ་ཁུར་དག་ཁྱེར་ནས་ཚོང་འདུས་ཀྱི་དབུས་ནས་སོང་བ་ལས་མུ་ལྟོ་
བའི་དཔོན་པོ་དེས་དེ་ལ་ཕྲོགས་ནས་དེ་ཁྱེར་ཏེ་ཕྱོགས་དབེན་པ་ཞིག་ཏུ་སོང་བ་དང་། མུ་ལྟོ་བ་རྣམས་ཀྱིས་ཕྱིར་འབྲངས་ཏེ་དེ་རྣམས་ཀྱིས་དེ་ལ་གླགས་བལྟས་པ་ན་འབབ་ཆུ་བ་རི་ཀ་རྒལ་ནས་ཤིང་ཞིག་གི་དྲུང་དུ་འདུག་གོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་།
ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་བ་ཡིན་པས། ཇི་ཙམ་ན་རང་སངས་རྒྱས་ཞིག་སྟེས་ཏེ་ཕྱོགས་དེར་འོངས་པ་དང་། དེས་དེ་ལུས་མཛེས་ཤིང་སེམས་དང་བ་དང་། སྤྱོད་ལམ་ཞི་བར་མཐོང་ནས་དེས་

བསམས་པ། གདོན་མི་ཟ་བར་བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་མ་བྱས་པ་དེས་ན་བདག་མི་ཐོབ་ན་ཡང་མུ་ལྟོ་བར་སྐྱེས་ཀྱིས། གལ་ཏེ་བདག་ཉིད་ཆེན་པོ་འདི་བདག་ལས་སྣུམ་ཁུར་བཞེས་པར་གྱུར་ན་བདག་གིས་དེ་དབུལ་ལོ་སྙམ་མོ། །དེ་ནས་རང་སངས་རྒྱས་དེའི་སེམས་ཀྱིས་དེའི་
བསམ་པ་ཤེས་ནས། ཕ་རོལ་རྗེས་སུ་བཟུང་བའི་ཆེད་དུ། དེ་ལ་ལྷུང་བཟེད་བཟེད་དོ། །དེས་དེ་ལ་གུས་པས་སྣུམ་ཁུར་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་མ་ཡིན་པས་དེ་སྟེང་གི་བར་སྣང་ལ་འཕགས་ཏེ། འབར་བ་དང་། གསལ་བ་
དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོང་བ་ཡིན་པས་དེ་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་ཀྱི་རྐང་པ་ལ་གཏུགས་ནས་སྨོན་ལམ་གདབ་པར་བརྩམས་པ། བདག་གིས་
ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་མི་གཙོ་བོ་རྣམས་ཀྱི་རྒྱལ་པོར་གྱུར་ལ། འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཀྱི་མི་མཉེས་པར་མི་བྱེད་པར་གྱུར་ཅིག་ཅེས་བཏབ་བོ། །དེ་ནས་མུ་ལྟོ་བ་རྣམས་ལྷགས་ནས་སྨྲས་
པ། བདག་ཅག་ལ་ཡང་སྣུམ་ཁུར་སྩོལ་ཅིག །དེས་སྨྲས་པ། ངས་དེ་བདག་ཉིད་ཆེན་པོའི་དྲང་སྲོང་དེ་ལ་ཕུལ་ལོ། །དེ་རྣམས་ཀྱིས་སྨྲས་པ། ཕུལ་ན་ཁྱོད་ཀྱིས་སྨོན་ལམ་ཇི་སྐད་བཏབ། དེས་སྨྲས་པ། མི་གཙོ་བོ་རྣམས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་བྱས་སོ། །དེ་རྣམས་ཀྱིས་སྨྲས་
པ། བདག་ཅག་ཁོ་ན་ཁྱོད་ཀྱི་མི་གཙོ་བོ་རྣམས་སུ་གྱུར་ཅིང་། དེ་རྣམས་ཀྱི་རྒྱལ་པོར་ཁྱོད་གྱུར་ཅིག །དེས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཁྱེད་ཅག་གིས་ཅི་དྲང་སྲོང་གི་ཞབས་ལ་གཏུགས་ཏེ་སྨོན་ལམ་མི་གདབ་བམ། དེ་རྣམས་ཀྱིས་རང་སངས་རྒྱས་དེའི་རྐང་པ་ལ་གཏུགས་
ཏེ་སྨོན་ལམ་བཏབ་པ། བདག་ཅག་ཁྱོད་ཀྱི་མི་གཙོ་བོ་རྣམས་སུ་གྱུར་ཅིང་དེ་རྣམས་ཀྱི་རྒྱལ་པོར་ཁྱོད་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་མུ་ལྟོ་བའི་དཔོན་པོ་གང་ཡིན་པ་དེ་ནི་ཤཱཀྱའི་རྒྱལ་པོ་བཟང་ལྡན་འདི་ཉིད་ཡིན་ནོ། །མུ་ལྟོ་བ་དེ་རྣམས་

ནི་ཤཱཀྱ་ལྔ་བརྒྱ་པོ་འདི་དག་ཡིན་ཏེ། འདི་དག་དང་བཟང་ལྡན་མུ་ལྟོ་བར་གྱུར་པ་ན་རང་སངས་རྒྱས་ལ་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཤཱཀྱ་ལྔ་བརྒྱ་པོ་འདི་རྣམས་ཀྱི་རྒྱལ་པོར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་
པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །སངས་རྒྱས་བཅོམ་ལྡན་འདས་སྒྲ་ཅན་གྱི་དྲང་སྲོང་ཀུན་རྫི་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ལྷུང་བཟེད་རབ་ཏུ་མང་པོ་དང་། བཅོམ་ལྡན་འདས་
ཀྱིས་ལྷུང་བཟེད་བླ་གབ་མེད་པར་བཞག་གོ། །དེ་ནས་སྤྲེའུ་ཤིག་ཤིང་སཱ་ལ་ལས་བབས་ནས་ལྷུང་བཟེད་རྣམས་གང་ན་ཡོད་པ་དེར་སོང་བ་དང་། དགེ་སློང་རྣམས་ཀྱིས་ལྷུང་བཟེད་རྣམས་བཅག་ཏུ་འོང་ཞེས་དེ་བཟློག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་སྤྲེའུ་འདིས་ལྷུང་བཟེད་རྣམས་བཅག་པར་མི་འགྱུར་གྱིས་འདི་ལ་མ་བཟློག་ཤིག །དེ་ནས་སྤྲེའུ་དེ་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཁྱེར་ཏེ་ཤིང་སཱ་ལ་དེ་ལ་འཛེགས་ནས་སྦྲང་བུའི་སྦྲང་རྩིའི་དངས་མས་
བཀང་སྟེ་རིམ་གྱིས་དལ་བུ་དལ་བུས་ཤིང་སཱ་ལ་ལས་བབས་ནས་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་སྲོག་ཆགས་དང་བཅས་པ་ཡིན་པས་མ་བཞེས་སོ། །དེ་ནས་སྤྲེའུ་དེས་མཐའ་གཅིག་ཏུ་སོང་ནས་སྲོག་ཆགས་བསལ་ཏེ་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་
ལྡན་འདས་ཀྱིས་དེ་བརྟགས་པ་མ་ཡིན་ནོ་ཞེས་མ་བཞེས་སོ། །དེ་ནས་སྤྲེའུ་དེ་མཐའ་གཅིག་ཏུ་སོང་སྟེ་ཆུ་གྲང་མོས་བཏབ་ནས་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་བརྟགས་པ་བྱས་སོ་ཞེས་བཞེས་སོ། །དེ་ནས་སྤྲེའུ་དེ་བཅོམ་ལྡན་འདས་ཀྱིས་བདག་གི་སྦྲང་རྩིའི་
ལྷུང་བཟེད་བཞེས་སོ་སྙམ་དུ་རིག་ནས། དགའ་བ་དང་། མགུ་བ་དང་། དགའ་བ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བྱས་ཏེ་ཕྱི་ནུར་དུ་གར་བྱེད་ཅིང་ཕྱག་འཚལ་བ་ལས་དེ་བཅོམ་ལྡན་འདས་ལ་དད་པ་སྐྱེས་ནས་བཅོམ་ལྡན་འདས་ལ་རྟོག་ཅིང་རྒྱབ་ཏུ་མ་བལྟས་

པས་ཁྲོན་པར་ལྷུང་ནས་ཤི་སྟེ་སྒྲ་ཅན་ཉིད་ཀྱི་བྲམ་ཟེ་ལས་དྲུག་ལ་བརྩོན་པ་ཞིག་གི་ཁྱིམ་དུ་སྐྱེས་སོ། །གང་གི་ཉི་མ་ཁོ་ན་ལ་ཉིང་མཚམས་སྦྱོར་བ་བླངས་པ་དེ་ཁོ་ནའི་ཉི་མ་ལ་སྦྲང་རྩིའི་ཆར་བབ་བོ། །དེའི་ཕས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། སེམས་
ཅན་འདིའི་མཐུ་ཡིན་ནོ། །ཇི་ཙམ་ན་བྲམ་ཟེ་མོ་དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་ཞིག་བཙས་སོ། །གང་གི་ཉི་མ་ཁོ་ན་ལ་བཙས་པ་དེ་ཁོ་ནའི་ཉི་མ་ལ་སྦྲང་རྩིའི་ཆར་བབ་བོ། །དེའི་ཉེ་དུ་རྣམས་ཚོགས་ཤིང་འདུས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་
ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། ཁྱེའུ་འདི་གང་གི་ཉི་མ་ཁོ་ན་ལ་མའི་རུམ་དུ་ཞུགས་པ་དེ་ཁོ་ནའི་ཉི་མ་ལ་སྦྲང་རྩིའི་ཆར་བབ་ལ། གང་གི་ཉི་མ་ཁོ་ན་ལ་བཙས་པ་དེ་ཁོ་ནའི་ཉི་མ་ལ་ཡང་སྦྲང་རྩིའི་ཆར་བབ་ལ། གནས་འཇོག་དང་
ཡང་རུས་གཅིག་པས་དེ་བས་ན་ཁྱེའུའི་མིང་གནས་འཇོག་གི་བུ་སྦྲང་རྩི་ཅན་ཞེས་བྱ་བར་གདགས་སོ་ཞེས་དེའི་མིང་གནས་འཇོག་གི་བུ་སྦྲང་རྩི་ཅན་ཞེས་བྱ་བར་བཏགས་སོ། །དེ་བསྲིངས་བསྐྱེད་ནས་ཆེན་པོར་གྱུར་ཏོ། །གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ལེགས་པར་གསུངས་པའི་ཆོས་འདུལ་བ་
ལ་རབ་ཏུ་བྱུང་སྟེ། དེ་རབ་ཏུ་བྱུང་ནས་ཀྱང་ཉི་མ་རེ་རེ་ཞིང་སྦྲང་རྩི་ལྷུང་བཟེད་གསུམ་གསུམ་གྲུབ་པར་གྱུར་ཏེ། དེས་དེ་རྣམས་ལས་གཅིག་ནི་བཅོམ་ལྡན་འདས་ལ་འབུལ་ལོ། །གཉིས་པ་ནི་དགེ་འདུན་ལའོ། །གསུམ་པ་འགྲོགས་བཤེས་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་དོ། །
དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་གནས་འཇོག་གི་བུ་སྦྲང་རྩི་ཅན་གྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གདུགས་རེ་རེ་ཞིང་སྦྲང་རྩི་ལྷུང་བཟེད་གསུམ་གསུམ་
གྲུབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གནས་འཇོག་གི་བུ་སྦྲང་རྩི་ཅན་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་

བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་ཁྱེད་ཀྱིས་དེ་བཞིན་གཤེགས་པ་ལ་སྦྲང་རྩིའི་ལྷུང་བཟེད་འབུལ་བའི་སྤྲེའུ་གང་ཡིན་པ་དེ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དེའི་ཚེ་དེའི་དུས་ཀྱི་སྤྲེའུ་གང་ཡིན་པ་དེ་ནི་གནས་འཇོག་གི་བུ་སྦྲང་རྩི་ཅན་
འདི་ཉིད་ཡིན་ཏེ། དེས་ན་འདིས་དེ་བཞིན་གཤེགས་པ་ལ་སྦྲང་རྩིའི་ལྷུང་བཟེད་ཕུལ་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་བྲམ་ཟེ་ལས་དྲུག་ལ་བརྩོན་པའི་ཁྱིམ་དུ་སྐྱེས་ཤིང་ཉིང་མཚམས་སྦྱོར་བ་བླངས་པ་དང་བཙས་པ་ན་ཡང་སྦྲང་རྩིའི་ཆར་བབ་བོ། །འདི་ལྟར་ད་ལྟར་ཡང་ཉི་མ་རེ་རེ་
ཞིང་སྦྲང་རྩི་ལྷུང་བཟེད་གསུམ་གསུམ་འགྲུབ་པར་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཞེས་བྱ་བ་ནས་ལས་གཅིག་ཏུ་དཀར་བ་ལས་བརྩལ་བར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ཅིའི་ཕྱིར་
ཞེ་ན། གལ་ཏེ་དགེ་སློང་གནས་འཇོག་གི་བུ་སྦྲང་རྩི་ཅན་གྱིས་ཤར་གྱི་རྒྱ་མཚོ་ཆེན་པོ་ལ་སྦྲང་རྩིར་མོས་ཤིང་། ལྷོ་དང་། ནུབ་དང་། བྱང་གི་རྒྱ་མཚོ་ཆེན་པོ་སྦྲང་རྩིར་མོས་ན་དེ་དག་ཀྱང་སྦྲང་རྩིར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་ཡོན་གནས་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པ་ཡིན་
ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་རྒྱལ་པོའི་འབྲེག་མཁན་དུ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དགེ་སློང་དག་ཉེ་བ་འཁོར་འདི་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་བྱས་ཤིང་བསགས་པ་དང་ཚོགས་རྙེད་པ་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའི་འབྲེག་མཁན་ཞིག་ཡོད་
པའི་དྲུང་དུ་རང་སངས་རྒྱས་ཤིག་སོང་ནས་བཞིན་བཟངས་པའི་སྐྲ་བྲེགས་ཤིག་དང་། ཁྱོད་ལ་བསོད་ནམས་སུ་འགྱུར་རོ། །དེ་ཡང་རྒྱལ་པོའི་ཕོ་བྲང་དུ་ཆས་པས་དེས་ཚ་བོ་ལ་སྨྲས་པ། ཚ་བོ་རབ་ཏུ་བྱུང་བ་འདིའི་དབུ་རེགས་ཤིག །ཁོ་བོ་རྒྱལ་པོའི་ཁབ་ཏུ་འགྲོ་དགོས་ཀྱིས། ཇི་ལྟར་རྒྱལ་

པོ་ལ་བྱ་བ་དེ་བཞིན་དུ་རེགས་ཤིག །དེས་བསམས་པ། ཞང་པོས་ཇི་སྐད་སྨྲས་པ་ལས་ན་གདོན་མི་ཟ་བར་འདི་ལ་བསོད་ནམས་ཡོད་དོ་སྙམ་ནས། དེས་གུས་པར་བྱས་ཏེ་དེའི་སྐྲ་དང་ཁ་སྤུ་བྲེགས་སོ། །རང་སངས་རྒྱས་ཀྱིས་བསམས་པ། སེམས་ཅན་འདིས་བསོད་ནམས་མང་དུ་བསྐྱེད་
ཀྱིས་འདི་དགེ་བ་བསྐྱེད་པར་བྱའོ་སྙམ་དུ་བསམས་ནས་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་བར་སྣང་ལ་འཕགས་ཏེ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་
གཏོད་པ་ཡིན་པས་དེ་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། དགེ་བའི་རྩ་བ་འདིས་ཇི་ལྟར་བདག་གི་ཞང་པོ་རྒྱལ་པོའི་འབྲེག་མཁན་བྱེད་པ་དེ་བཞིན་དུ་བདག་ཀྱང་རྒྱལ་པོའི་འབྲེག་མཁན་དུ་གྱུར་ཅིག་ཅེས་བྱས་སོ། །དགེ་
སློང་དག་ཇི་སྙམ་དུ་སེམས། རྒྱལ་པོའི་འབྲེག་མཁན་གྱི་ཚ་བོ་གང་ཡིན་པ་དེ་ནི་དགེ་སློང་ཉེ་བ་འཁོར་འདི་ཉིད་ཡིན་ཏེ། དེ་ན་འདིས་རང་སངས་རྒྱས་ཀྱི་སྐྲ་དང་ཁ་སྤུ་བྲེགས་ནས་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་རྒྱལ་པོའི་འབྲེག་མཁན་དུ་གྱུར་ཏོ། །གཞན་ཡང་འདིས་
སྨོན་ལམ་བཏབ་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཁྱིམ་བདག་ཅིག་གནས་ཏེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད།
དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་སོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་སོ་ཞེས་བྱ་བ་ནས། རིམ་གྱིས་ཁྱེའུ་བདུན་བཙས་སོ་ཞེས་བྱ་བའི་བར་དུའོ། །དེའི་ནེའུ་ཟླ་རྒྱལ་པོའི་འབྲེག་མཁན་ཞིག་ཡོད་པ་
དེ་བུ་མེད་པས་ལག་པ་ལ་འགྲམ་པ་གཏད་དེ། བདག་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་བདག་ཤི་ན་བདོག་བ་ཐམས་ཅད་བུ་མེད་དོ་ཞེས་རྒྱལ་པོས་མངའ་མཛད་པར་འགྱུར་རོ་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་ཁྱིམ་བདག་དེས་མཐོང་ནས་སྨྲས་པ། ནེའུ་ཟླ་ཅིའི་ཕྱིར་སེམས་

ཁོང་དུ་ཆུད། དེས་སྨྲས་པ། ནེའུ་ཟླ་ཁོ་བོ་ལ་ནོར་གྱི་རིགས་འདི་སྙེད་ཡོད་ན་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་ཁོ་བོ་ཤི་ནས་འདི་དག་ཐམས་ཅད་རྒྱལ་པོས་མངའ་མཛད་པར་འགྱུར་ན་ཅིའི་ཕྱིར་སེམས་ཁོང་དུ་ཆུད་པར་མི་འགྱུར། དེས་སྨྲས་པ། གལ་ཏེ་དེ་
ལྟ་ན་ཁོ་བོའི་བུ་འདི་དག་ཐམས་ཅད་ཀྱི་ནུ་བོ་ཤོས་དེ་ཁོ་བོས་ཁྱོད་ལ་སྦྱིན་ནོ། །དེས་དེ་བླངས་སོ། །ཇི་ཙམ་ན་ཁྱིམ་བདག་དེ་ཤི་བ་དང་། དེའི་བུ་དེ་རྣམས་གང་གི་ཚེ་ཁ་ཅིག་དང་ལྷན་ཅིག་འཐབ་མོ་འགྱེད་པ་དེའི་ཚེ་དེས་གང་དག་གི་སྤུ་འབྲེག་མཁན་ཡིན་པ་ཁྱེད་ཀྱང་འཐབ་མོ་རྒོལ་
ལམ་ཞེས་ཁ་ཟེར་བར་བྱེད་དོ། །དེ་རྣམས་ཡིད་མི་བདེ་བ་སྐྱེས་ནས་བསམས་པ། བདག་ཅག་བརྙས་པ་ཅི་ཡང་རུང་བ་གང་ཡིན་པ་དེ་ཐམས་ཅད་ནི་ནུ་བོ་འདིའི་སྐྱོན་ལས་གྱུར་གྱིས་ཐམས་ཅད་དུ་དབྲོག་གོ་སྙམ་ནས་དེ་རྣམས་ཀྱིས་དེ་ཕྲོགས་པ་དང་། འབྲེག་མཁན་ཁྲོས་ནས་དེས་
འབྲེག་མཁན་ཐམས་ཅད་ལ་ཁྲིམས་སུ་བཅས་པ། ཁྱིམ་བདག་ཆེ་གེ་མོ་ཞེས་བྱ་བའི་བུ་རྣམས་ཀྱི་ཁ་སྤུ་བཅོས་པའི་ལས་སུས་ཀྱང་མི་བྱའོ་ཞེས་བཅས་སོ། །དེ་རྣམས་སྐྲ་དང་། ཁ་སྤུ་དང་། སེན་མོ་རིང་པོར་སྐྱེས་པ་དེ་རྣམས་རྒྱལ་པོས་མཐོང་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་
ཅག་ཅིའི་ཕྱིར་སྐྲ་དང་། ཁ་སྤུ་དང་། སེན་མོ་རིང་པོར་འདུག །དེ་རྣམས་ཀྱིས་སྨྲས་པ། ལྷ་འབྲེག་མཁན་འདིས་འབྲེག་མཁན་ཐམས་ཅད་ལ་དེ་རྣམས་ཀྱི་ཁ་སྤུ་བཅོས་པའི་ལས་སུ་ཡང་མ་བགྱིད་ཅིག་ཅེས་བཀག་ལགས་སོ། །ཅིའི་ཕྱིར། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་པ་
དང་། རྒྱལ་པོས་སྨྲས་པ། ཕས་བུ་བྱིན་ན་ཁྱེད་ཅག་གིས་ཅིའི་ཕྱིར་དབྲོག །དེ་ལ་སླར་བྱིན་ཅིག །དེ་རྣམས་ཀྱིས་མི་འདོད་བཞིན་དུ་སླར་བཏང་ངོ་། །དེ་རྣམས་ཡིད་མི་བདེ་བ་སྐྱེས་ཏེ་འཇིག་རྟེན་གྱིས་སྨད་པས་འཇིགས་ནས་དེ་གསད་པར་འདོད་དོ། །འཇིག་རྟེན་ལ་ནི་མཛའ་བ་དང་།
མི་མཛའ་བ་དང་། བར་མ་ཡོད་པས་དེ་ལ་གཞན་དག་གིས་སྦྲན་པ་དང་། དེས་འབྲེག་མཁན་དེ་ལ་སྨྲས་པ། དེ་རྣམས་བདག་ལ་གསད་པར་འཚལ་གྱིས་གནང་བར་མཛོད་ཅིག་དང་རབ་ཏུ་འབྱུང་ངོ་། །དེས་བསམས་པ། དེ་རྣམས་ཀྱིས་སྲོག་དང་བྲལ་བ་བས་ནི་རབ་ཏུ་བྱུང་བ་

བླའོ་སྙམ་དུ་བསམས་ནས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་སོང་ལ་རབ་ཏུ་བྱུང་ཤིག །གང་གི་ཚེ་ཡོན་ཏན་ཀྱི་ཚོགས་ཅུང་ཟད་ཐོབ་པ་དེའི་ཚེ་བདག་ལ་སྨྲོས་ཤིག །དེ་གནང་བ་ཐོབ་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། དེས་མཁན་པོ་མེད་པ་དང་སློབ་དཔོན་མེད་པར་རང་བྱང་ཆུབ་
མངོན་སུམ་དུ་བྱས་ནས་དེས་བསམས་པ། བདག་གིས་ཕ་དེ་ལ་སྔོན་ཁས་བླངས་པའི་དམ་བཅས་པ་དེ་སྟོན་དུ་འགྲོའོ་སྙམ་ནས་དེ་དེའི་དྲུང་དུ་སོང་སྟེ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་
ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་དེ་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་གཉིས་ལ་གཏུགས་ནས་སྨོན་ལམ་གདབ་པར་བརྩམས་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པ་གང་ཡིན་པའི་དགེ་བའི་རྩྭ་བ་འདིས་བདག་རྒྱལ་པོའི་འབྲེག་
མཁན་དུ་གྱུར་ཅིག །གཞན་ཡང་འདིས་རང་སངས་རྒྱས་ལྔ་བརྒྱ་ལ་བྱ་བ་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་རྒྱལ་པོའི་འབྲེག་མཁན་དུ་གྱུར་ཅིག །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་བཞི་ལ་བྱ་བ་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་
རྩ་བ་འདིས་བདག་རྒྱལ་པོའི་འབྲེག་མཁན་དུ་གྱུར་ཅིག་ཅེས་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ལན་མང་དུ་རྒྱལ་པོའི་འབྲེག་མཁན་དུ་གྱུར་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་
ལྡན་པ་ཉེ་བ་འཁོར་གྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་བཏབ་པ་ཉིད་ཀྱིས་སོ། །གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་
བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བ་ནས། དེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཉེ་བར་བརྟེན་ཏེ་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ་ཞེས་བྱ་བའི་བར་གོང་མ་

བཞིན་དུ་སྟེ། དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏེ། རབ་ཏུ་འབྱིན