Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
་འདོན་གྱི་བུ་རྣམས་དང་། གཞོན་ནུ་རྣམས་གཞོན་ནུ་ཀ་ཤི་མཛེས་དགའ་གང་ན་བ་དེར་སོང་སྟེ་ཕྱིན་ནས། གཞོན་ནུ་ཀ་ཤི་མཛེས་དགའ་ལ་འདི་སྐད་ཅེས་སྨྲས་
སོ། །གཞོན་ནུ་དེས་པ་མཁྱེན་པར་མཛོད་ཅིག །རབ་ཏུ་འབྱུང་བར་གནང་སྟེ་གཞོན་ནུ་ད་ནི་དེའི་དུས་མཁྱེན་པར་མཛོད་ཅིག །དེ་ནས་གཞོན་ནུ་ཀ་ཤི་མཛེས་དགའ་བཅུད་ཀྱི་ཁུ་བའི་རིམ་གྱིས་ལུས་ཀྱི་མཐུ་དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་དེ་བཱ་རཱ་ཎ་སཱི་ནས་བྱུང་
ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ་། །དེས་བརྩོན་པ་དང་། འབད་པ་དང་། བརྩལ་བ་བྱས་པས་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བར་བྱས་ནས་བྱམས་པའི་ཏིང་ངེ་འཛིན་ཐོབ་སྟེ། དེ་ཤིན་ཏུ་སེམས་ཅན་རྣམས་ལ་བརྩེ་བ་དང་ལྡན་པར་གྱུར་ནས། དེའི་
བྱམས་པ་དེས་ནི་རི་དགས་གདུག་པ་རྣམས་ཀྱང་བསྟི་གནས་སུ་འདྲིས་པར་གྱུར་ཏེ། གནོད་པ་མི་བྱེད་པས་དེའི་མིང་བཟོད་པ་སྨྲ་བ་བཟོད་པ་སྨྲ་བ་ཞེས་བྱ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་ཤི་ནས་འཐབ་མོ་སྐྱེས་རྒྱལ་སྲིད་ལ་བཞག་སྟེ། དེ་ཆོས་དང་ཆོས་
མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་གོ། །དྲང་སྲོང་བཟོད་པ་སྨྲ་བས་སྨྲས་པ། མཁན་པོ་བདག་གི་ལུས་ནི་ཁ་ཟས་དང་བཏུང་བས་བསྐྱེད་པས་དགོན་པའི་སྨན་གྱིས་འཚོ་བར་རྔོ་མི་ཐོག་གིས་གྲོང་མཐར་གནས་སུ་མཆི་ལགས་སོ། །དེས་སྨྲས་པ། བུ་གྲོང་ངམ་དགོན་པར་གནས་

ཀྱང་རུང་སྟེ། དྲང་སྲོང་རྣམས་ནི་དབང་པོ་རྣམས་སྲུང་བར་བྱེད་ཀྱིས། སོང་ལ་བཱ་རཱ་ཎ་སཱིའི་ཉེ་འཁོར་དུ་སོང་ནས་ལོ་མ་དང་འདབ་མའི་སྤྱིལ་བུ་བྱོས་ལ་གནས་པར་གྱིས་ཤིག །དེ་མཁན་པོ་ལས་ལུང་ཐོབ་ནས་བཱ་རཱ་ཎ་སཱིར་སོང་སྟེ། ཞི་བའི་གནས་བཙལ་བའི་ཕྱིར་ཕན་ཚུན་དུ་རྒྱུ་ཞིང་
རིམ་གྱིས་ཕའི་སྐྱེད་མོས་ཚལ་དུ་སོང་སྟེ། དེས་དེར་གནས་བཙལ་བ་ལས་ཞི་བའི་ཕྱོགས་ཤིག་མཐོང་ནས་དེ་དེ་ན་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་འཐབ་མོ་སྐྱེས་སོ་གའི་དུས་ལ་བབ་པ་ན་ནགས་ཚང་ཚིང་མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང་ངང་པ་དང་། ཁྲུང་ཁྲུང་
དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་ཀྱང་སྐད་འབྱིན་པའི་སྐྱེད་མོས་ཚལ་གྱི་ས་གཞིར་བཙུན་མོ་དང་ལྷན་ཅིག་དོང་ནས་དེས་སྐྱེད་མོས་ཚལ་དེར་བདེ་བ་ཉམས་སུ་མྱོང་བས་དུབ་པར་གྱུར་ཏེ་གཉིད་ལོག་པ་དང་། བུད་མེད་ནི་མེ་ཏོག་དང་
འབྲས་བུ་ལ་དགའ་བ་ཡིན་པས་སྐྱེད་མོས་ཚལ་དེ་ཉིད་ནས་ཕན་ཚུན་དུ་རྒྱུ་བར་བརྩམས་པ་ལས། ཅི་ཙམ་ན་དྲང་སྲོང་བཟོད་པ་སྨྲ་བ་སྤྱོད་ལམ་ཞི་བས་མཐའ་གཅིག་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་བླ་མར་བྱ་བའི་སེམས་བསྐྱེད་ནས་དྲང་སྲོང་དེ་ལ་ཕྱག་བྱས་ཏེ་བསྐོར་ནས་འཁོད་
དོ། །དྲང་སྲོང་བཟོད་པ་སྨྲ་བས་བུད་མེད་རྣམས་མཐོང་ནས་ལྷག་པར་སྤྱོད་ལམ་ཞི་བས་ཆོས་བཤད་པར་བརྩམས་སོ། །ཇི་ཙམ་ན་རྒྱལ་པོ་འཐབ་མོ་སྐྱེས་གཉིད་ཀྱི་སྙོམས་པས་དུབ་པ་ལས་སངས་པ་ན། བཙུན་མོའི་འཁོར་གྱི་བུད་མེད་མ་མཐོང་ནས། དེས་རལ་གྲི་བླངས་ཏེ་
བཙུན་མོའི་འཁོར་གྱི་བུད་མེད་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་དྲང་སྲོང་བཟོད་པ་སྨྲ་བ་བསྐོར་ནས་འཁོད་པ་མཐོང་ངོ་། །མཐོང་ནས་ཀྱང་ཕྲག་དོག་བསྐྱེད་དེ། བདག་ཉིད་ཁྲོས་པའི་ཀུན་ནས་དཀྲིས་པའི་རང་བཞིན་གྱིས་དྲང་སྲོང་དེའི་དྲུང་དུ་སོང་བ་དང་། བཙུན་
མོའི་ཚོགས་ཀྱིས་དེ་ཁྲོས་པའི་གནས་སྐབས་མཐོང་ནས་སྐྲག་སྟེ་བྱེར་རོ། །རྒྱལ་པོ་སྙེམས་པ་ཅན་གྱིས་བཟོད་པ་སྨྲ་བ་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་སུ་ཞིག་དེས་སྨྲས་པ། བཟོད་པ་སྨྲ་བའོ། །རྒྱལ་པོ་འཐབ་མོ་སྐྱེས་ཀྱིས་སྨྲས་པ། ཁོ་བོ་འཁྲུགས་པ་ལ་ཡང་བཟོད་པ་

སྨྲ་བར་བདག་ཉིད་ཁས་འཆེ་བ་ཡིན་ནམ། ད་ནི་ཁྱོད་བཟོད་པ་སྨྲ་བ་ཡིན་ནམ་མ་ཡིན་ཤེས་པར་བྱའོ་ཞེས་དེས་དེའི་ལག་པ་གཉིས་བཅད་ནས་ཡང་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། བཟོད་པ་སྨྲ་བའོ། །དེས་དེའི་རྐང་པ་བཅད་ཅིང་ཡན་ལག་དང་ཉིང་ལག་
རྣམས་ཀྱང་བཅད་པ་དང་། དེས་ཚིགས་སུ་བཅད་པ་སྨྲས་པ། གལ་ཏེ་བདག་གི་ལུས་ལ་ནི། །ཏིལ་འབྲུ་ཙམ་དུ་གཏུབ་པ་ཡི། །ལུས་ནི་ཕྱེ་མ་བརྒྱར་གཏུབས་ནས། །ས་ལ་གཏོར་ཀྱང་བཟོད་མི་སྤོང་། །གང་ཕྱིར་བདག་གིས་བྱམས་དགེ་བའི། །སེམས་ནི་རྟག་ཏུ་གོམས་
བྱས་པས། །བུ་སྡུག་ལྟ་བུའི་སྐྱེ་བོ་ལ། །བཟོད་པ་དེ་གཏོང་སྤྲོ་བ་མེད། །ཅེས་ཚིགས་སུ་བཅད་པའི་དབྱངས་དེ་ལྟ་བུས་ཚོར་བ་བསལ་ནས་སྨོན་ལམ་གདབ་པར་བརྩམས་པ། ཇི་ལྟར་རྒྱལ་པོ་འདི་ཉོན་མོངས་པ་ལ་ཞེན་པའི་བློས་བདག་ལ་ཡང་དང་ཡང་དུ་རྨས་ནས་ཡན་ལག་དང་
ཉིང་ལག་རྣམས་གཏུབས་པ་དེ་བཞིན་དུ་བདག་བཟོད་པ་དང་དེས་པ་དང་ལྷན་ཅིག་པར་གྱུར་པའི་དགེ་བའི་རྩ་བ་འདིས་བདག་ཉིད་ཀྱི་ཉོན་མོངས་པའི་ཚོགས་རྣམས་བཅོམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། དེ་ལ་ཤེས་རབ་ཀྱི་
རལ་གྲིས་ཡང་དང་ཡང་དུ་རྨེད་ཅིང་ཐོག་མར་དེའི་ཉོན་མོངས་པ་གཅོད་པར་གྱུར་ཅིག་ཅེས་བཏབ་བོ། །དེ་ནས་བཟོད་པ་སྨྲ་བ་ལ་མངོན་པར་དད་པའི་ལྷ་གང་ཡིན་པས་བསམས་པ། རྒྱལ་པོ་སྡིག་ཅན་འདིས་དྲང་སྲོང་འདི་ཉེས་པ་མེད་ཅིང་གནོད་པ་མ་བྱས་པར་རྐང་པ་དང་ལག་པ་དང་ཕྲལ་ཏེ་བོར་
གྱིས། ཅི་ནས་ཀྱང་བདག་གིས་འདི་ལ་གནོད་པར་བྱའོ་སྙམ་དུ་རིག་ནས་ཁྲོ་བ་དྲག་པོའི་ཀུན་ནས་དཀྲིས་པས་བཟོད་པ་སྨྲ་བའི་མདུན་དུ་འདུག་སྟེ་ཚིགས་སུ་བཅད་པས་སྨྲས་པ། འཐབ་སྐྱེས་བུ་དང་བུ་མོར་བཅས། །གཉེན་གྱི་ཚོགས་བཅས་གྲོང་ཁྱེར་དང་། །ལྗོངས་བཅས་འཇིག་
རྟེན་འཚོ་བ་ཀུན། །ཐལ་བར་བགྱི་ཡིས་བཀའ་སྩོལ་ཅིག །དེས་སླར་ཚིགས་སུ་བཅད་དེ་སྨྲས་པ། གང་གིས་བདག་ལུས་ལག་པ་རྐང་པ་དང་། །སྣ་དང་ཕྲལ་ནས་མ་རུང་བྱས་གྱུར་པ། །དེ་ལའང་སྡིག་པ་ཅུང་ཟད་མི་འདོད་ན། །ཉེས་མེད་འགྲོ་བ་རྣམས་ལ་སྨོས་ཅི་དགོས།

དེ་ནས་བཱ་རཱ་ཎ་སཱིའི་ལྷ་གང་ཡིན་པ་དེས་ཡམས་ཀྱི་ནད་དང་། བྱི་བ་དང་། བྱེ་བ་དང་། ནེ་ཙོ་རྣམས་བཏང་ཞིང་ལྷས་ཆར་མ་ཕབ་པས་སྐྱེ་བོའི་ཚོགས་རྣམས་ཤི་བར་གྱུར་ཏོ། །རྒྱལ་པོས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ལྷ་ཆར་མི་འབེབས་ཤིང་
བྱི་བ་དང་། བྱེ་བ་དང་། ནེ་ཙོ་རྣམས་རབ་ཏུ་མང་པོར་གྱུར་ལ་སྐྱེ་བོའི་ཚོགས་རྣམས་ཀྱང་ཤི་བར་གྱུར། དེ་རྣམས་ཀྱིས་སྨྲས་པ། ལྷ་དང་དྲང་སྲོང་བཟོད་པ་སྨྲ་བ་ལ་མངོན་པར་དད་པའི་ལྷ་གང་ལགས་པའི་ལྷ་དེ་རབ་ཏུ་འཁྲུགས་ཏེ། དེ་འཁྲུགས་པས་དེས་ཡམས་ཀྱི་ནད་འདི་
བཏང་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། ལྟས་མཁན་རྣམས་ཀྱིས་སྨྲས་པ། ལྷ་གཏོར་མ་དང་། མེ་ཏོག་ཕྲེང་དང་། ཡོ་བྱད་རྣམས་ཀྱིས་ལྷ་རབ་ཏུ་འཁྲུགས་པ་མཉེས་པར་འགྱུར་བས་གཏོར་མ་དང་། མེ་ཏོག་ཕྲེང་དང་། ཡོ་
བྱད་རྣམས་སྦྱར་ལ་ལྷ་དང་དྲང་སྲོང་དེ་ལ་ཡང་བཟོད་པ་གསོལ་བར་བགྱིའོ། །དེ་ནས་རྒྱལ་པོས་བཱ་རཱ་ཎ་སཱིར་དྲིལ་སྒྲོགས་སུ་བཅུག་པ། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་གནས་པའི་ཤེས་ལྡན་དག་ཉོན་ཅིག །སྐྱེད་མོས་ཚལ་ན་གནས་པའི་ལྷ་དྲང་སྲོང་བཟོད་པ་སྨྲ་བ་ལ་མངོན་པར་དད་པ་དེས་
ཡམས་ཀྱི་ནད་བཏང་ཞིང་དེས་ཆར་མི་འབེབས་པ་དང་། བྱི་བ་དང་། བྱེ་བ་དང་། ནེ་ཙོ་རྣམས་རབ་ཏུ་མང་པོར་བྱས་ཏེ་སྐྱེ་བོའི་ཚོགས་ཀྱང་ཤི་བར་གྱུར་གྱིས། ཡམས་ཀྱི་ནད་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་ཁྱེད་ཅག་སང་གཏོར་མ་དང་། མེ་ཏོག་ཕྲེང་དང་། ཡོ་བྱད་རྣམས་དང་
ཆས་ཏེ་སྐྱེད་མོས་ཚལ་དེར་དེང་ལ་མཆོད་པ་བྱོས་ཤིག །སྐྱེ་བོའི་ཚོགས་ཀྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཏོར་མ་དང་། མེ་ཏོག་ཕྲེང་དང་། ཡོ་བྱད་རྣམས་སྟ་གོན་བྱས་ཏེ་སྐྱེད་མོས་ཚལ་དེར་རྒྱལ་པོ་དང་། བཙུན་མོ་དང་ལྷན་ཅིག་ཏུ་དོང་ངོ་། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོས་ལྷ་དེ་
ལ་བརྟེན་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་རྣམས་ལ་སྦྱིན་པ་དག་བྱིན་ནས་ལྷའི་གནས་སུ་མཆོད་པ་ཆེན་པོ་བྱས་ཏེ་ལྷ་དེ་ལ་ཡང་བཟོད་པར་གསོལ་ཏོ། །དེ་ནས་རྒྱལ་པོ་དྲང་སྲོང་བཟོད་པ་སྨྲ་བའི་དྲུང་དུ་སོང་ནས་རྐང་པ་ལ་གཏུགས་ཏེ་བཟོད་པ་

གསོལ་བར་བརྩམས་པ། དྲང་སྲོང་ཆེན་པོ་བདག་གིས་ཡུལ་ཞིག་ལ་ལྷག་པར་ཞེན་པས་ཁྲོ་བའི་ཀུན་ནས་དཀྲིས་པའི་བློ་གྲོས་ཀྱིས་ཁྱོད་ལ་གནོད་པ་བགྱིས་པ་བཟོད་པར་གསོལ་ལོ། །བཟོད་པ་སྨྲ་བས་སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་དོ། །སུས་འཚལ།
དེས་ཚིགས་སུ་བཅད་པས་སྨྲས་པ། ལུས་ལ་མཚོན་གྱིས་འདེབས་པ་ནའང་། །བདག་ནི་སེམས་ཅན་ཀུན་ལ་བྱམས། །གལ་ཏེ་ཁྱོད་ཡིད་མི་ཆེས་ན། །བདག་གི་ཁྲག་འཛག་པ་ལ་ལྟོས། །དེའི་ཁྲག་འོ་མའི་ཐིགས་པར་འཛག་པའི་ཆོ་འཕྲུལ་རྒྱལ་པོ་སྡིག་པའི་ལས་བྱེད་
པ་དེ་ལ་བསྟན་ན། འོན་ཀྱང་ཡིད་ཆེས་པར་མ་གྱུར་ནས་དེས་ཡང་སྨྲས་པ། དྲང་སྲོང་ཆེན་པོ་བཟོད་པར་གསོལ་ལོ། །རྒྱལ་པོ་ཆེན་པོ་བཟོད་དོ། །སུས་འཚལ། དེ་ནས་བྱང་ཆུབ་སེམས་དཔས་ཡན་ལག་དང་ཉིང་ལག་གཏུབས་པའི་གནས་རྣམས་ཇི་ལྟ་བ་བཞིན་དུ་བཞག་ནས་
བདེན་པ་གསོལ་བའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་བདག་གི་ལུས། །གཏུབས་ཀྱང་ཤིན་ཏུ་ཕྲ་བ་ཡི། །ཞེ་སྡང་འདི་ལྟར་ཡོད་མིན་ན། །བདག་ལུས་ཇི་ལྟར་སྔོན་བཞིན་ཤོག །དེས་བདེན་པའི་ཚིག་གསོལ་བས་ལུས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །
དེ་ནས་རྒྱལ་པོ་ཡ་མཚན་གྱིས་མིག་ཕྱེ་ནས་ཚིགས་སུ་བཅད་པས་སྨྲས་པ། ཀྱེ་མའོ་ཆོས་ལ་ལེགས་གནས་པས། །ཀྱེ་མ་བརྟུལ་ཞུགས་འདི་གྲུབ་སྟེ། །ལུས་ལ་གཏུབ་པར་བྱེད་པ་ན། །ཁྱོད་ལ་མི་དགའ་ཅི་ཡང་མེད། །རྒྱལ་པོ་འཐབ་མོ་སྐྱེས་བཙུན་མོ་དང་། བློན་པོ་
དང་། གྲོང་མི་དང་། ཡུལ་མི་དང་བཅས་པས་དྲང་སྲོང་དེའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་དོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་བཟོད་པ་སྨྲ་བ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་འཐབ་མོ་སྐྱེས་གང་ཡིན་པ་དེ་ནི་དགེ་སློང་ཀཽཎྜི་ནྱ་འདི་ཉིད་
ཡིན་ཏེ། ངས་དེ་ལ་བྱམས་པའི་སེམས་བསྐྱེད་ཅིང་སྨོན་ལམ་དུ་དགེ་བའི་རྩ་བ་འདིས་བདག་གིས་དེ་ལ་ཡང་ནས་ཡང་དུ་རྨེད་ཅིང་ཉོན་མོངས་པ་གཅོད་པར་གྱུར་ཅིག་ཅེས་བཏབ་པའི་སྨོན་ལམ་གང་ཡིན་པ་དེའི་དབང་གིས། ད་ལྟར་ཡང་དེ་བཞིན་གཤེགས་པ་དེ་ལ་ཆོས་བཤད་ནས་ཡང་

ནས་ཡང་དུ་སྨྲས་སོ། །དགེ་སློང་དག་ད་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་བརྒྱད་ཁྲི་ཆོས་ཀྱི་རོས་ཡང་དག་
པར་བསྡུས་བདེན་པ་རྣམས་ལ་རབ་ཏུ་བཀོད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྷ་བརྒྱད་ཁྲི་ཆོས་ཀྱི་རོས་ཡང་དག་པར་བསྡུས་ཏེ་བདེན་པ་རྣམས་ལ་རབ་ཏུ་བཀོད་
པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ངས་འདི་རྣམས་ཚོང་པ་བརྒྱད་ཁྲིར་གྱུར་པ་ན་ཟང་ཟིང་གིས་ཡང་དག་པར་བསྡུས་ནས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་རབ་ཏུ་བཀོད་པ་
དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་དེད་དཔོན་གཉིས་ཞིག་བྱུང་སྟེ། ཐམས་ཅད་སྐྱོབ་དང་། ལེགས་གྲུབ་ཅེས་བྱ་སྟེ། རེ་རེ་ལ་ཡང་ཚོང་པའི་འཁོར་བཞི་ཁྲི་བཞི་ཁྲི་ཡོད་དོ། །དེ་ལ་ལེགས་གྲུབ་ངེས་པར་འབྱུང་བ་ལ་མངོན་པར་དགའ་ནས་དེ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་
ཏུ་བྱུང་སྟེ། དེས་མཐའ་གཅིག་ཏུ་བརྩོན་འགྲུས་ལ་གནས་ནས་མཁན་པོ་དང་སློབ་དཔོན་མེད་པར་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེའི་ཚོང་པ་དེ་རྣམས་དེད་དཔོན་མ་མཐོང་ནས་ཕན་ཚུན་དུ་བཙལ་བར་བརྩམས་པ་ན། གང་གི་ཚེ་རྣམ་པ་ཐམས་ཅད་དུ་མ་རྙེད་པ་དེའི་ཚེ་དེད་
དཔོན་ཐམས་ཅད་སྐྱོབ་ཀྱི་དྲུང་དུ་དོང་ནས་སྨྲས་པ། དེད་དཔོན་དེད་དཔོན་དེས་ནི་བདག་ཅག་ལ་མ་བལྟས་པར་མཆིས་ཏེ། བདག་ཅག་གིས་བཙལ་ན་ཡང་མ་རྙེད་ན་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེས་སྨྲས་པ། ཡི་བློང་བར་མ་བྱེད་པར་འཁོད་ཅིག་དེད་དཔོན་དེ་བཙལ་ལོ། །
དེ་ནས་དེད་དཔོན་ཐམས་ཅད་སྐྱོ་བ་ཚོང་པ་བརྒྱད་ཁྲིས་ཡོངས་སུ་བསྐོར་ནས། དེད་དཔོན་ལེགས་གྲུབ་སྐྱེད་མོས་ཚལ་དང་། འདུག་གནས་དང་། དཀའ་ཐུབ་ཀྱི་ནགས་སུ་བཙལ་བར་བརྩམས་པ་ན་དེས་དེ་མཐོང་ནས་དྲིས་པ། ཁྱོད་ཀྱིས་ཅིའི་ཕྱིར་ཚོང་པ་རྣམས་སྤངས་ཏེ་རབ་

ཏུ་བྱུང་། བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་འཆད་ཀྱིས། ངག་གིས་མ་ཡིན་པས་དེད་དཔོན་འཁོར་དང་བཅས་པ་དེ་ལ་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་གྱིས་དད་པར་བྱས་སོ། །དེས་ཚོང་པ་བརྒྱད་ཁྲི་པོ་དེ་
ཟང་ཟིང་གིས་བསྡུ་བས་བསྡུས་ནས་སྨྲས་པ། འདིའི་ཕྱིར་བྱ་བ་བྱོས་ཤིག །འདི་ལ་བྱ་བ་བྱས་ན་གདོན་མི་ཟ་བར་འབྲས་བུ་སྨིན་པར་འགྱུར་རོ། །དེ་རྣམས་ཀྱིས་དེ་ལ་བྱ་བ་རྣམ་པ་དུ་མ་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དེད་དཔོན་ཐམས་ཅད་
སྐྱོབ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཚོང་པ་བརྒྱད་ཁྲི་པོ་གང་ཡིན་པ་དེ་དག་ནི་ལྷ་བརྒྱད་ཁྲི་པོ་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་ངས་ཟང་ཟིང་གིས་ཉེ་བར་བསྡུས་ནས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་རབ་ཏུ་བཀོད་དོ། །འདི་དག་ད་ལྟར་ཡང་ངས་ཆོས་ཀྱི་རོས་ཡང་དག་
པར་བསྡུས་ནས་བདེན་པ་རྣམས་ལ་རབ་ཏུ་བཀོད་དོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བ་ཡིན་ལ། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པས་
ཞེས་བྱ་བ་ནས་དགེ་སློང་ཁྱོད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་རྣམས་བགོ་བཤའ་མཛད་
ནས། དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་དམ་པའི་ཆོས་ཀྱི་
རོས་ཚིམ་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་ཞིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་

པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་ནས་ཐམས་ཅད་མཁྱེན་ཅིང་རྣམ་པ་ཐམས་ཅད་མཁྱེན་ཏེ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་དབང་བརྙེས་ནས་ལྔ་སྡེའི་དགེ་སློང་རྣམས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་དམ་པའི་ཆོས་
ཀྱི་རོས་ཚིམ་པར་མཛད་པ་དེ་ལ་ངོ་མཚར་ཅི་ཞིག་ཆེ། འདས་པའི་དུས་ན་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་
དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་ཏེ། དེད་དཔོན་དུ་གྱུར་པ་ན་ལྔ་པོ་དག་འབྲོག་དགོན་པའི་ལམ་དུ་ཆུ་མེད་པས་སྲོག་དང་བྲལ་བའི་སྡུག་བསྔལ་དོག་པ་ཉམ་ང་བ་ཐོབ་པ་ན་ལྷ་རྣམས་ལ་བདེན་པ་གསོལ་ནས་དབང་ཕྱུག་ཆེན་པོས་ཆར་ཕབ་པའི་
ཆུས་ཚིམ་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་དེད་དཔོན་ཐམས་ཅད་སྐྱོབ་ཅེས་བྱ་བ་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཚོང་བྱེད་ཅིང་འབྲོག་དགོན་པའི་ལམ་ཆུ་ཆུང་བ་ཞིག་ཏུ་ཞུགས་ནས་རིམ་གྱིས་འབིགས་བྱེད་ཅེས་བྱ་བའི་དགོན་པར་ཕྱིན་པ་དང་། ཚོང་
པ་དེ་རྣམས་དེར་ཆུ་ཐམས་ཅད་ཀྱི་ཐམས་ཅད་དུ་ཟད་ནས་ཆུ་དང་བྲལ་ཡང་མནགས་ཏེ་དོང་བ་ལས། ཚོང་པ་ལྔ་ཙམ་ཆུ་མ་རྙེད་པས་ལྷག་པར་ཡི་བློང་བར་གྱུར་པའི་རྣམ་པ་དེ་ལྟ་བུ་དེ་དག་དེད་དཔོན་ཐམས་ཅད་སྐྱོབ་ཀྱིས་མཐོང་ནས་སྙིང་རྗེས་སེམས་བསྐྱོད་པས་ཁ་གྱེན་དུ་བལྟས་ཏེ་ལྷ་རྣམས་
ལ་གསོལ་བ་བྱ་བར་བརྩམས་པ། ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། ཁྱབ་འཇུག་ལ་སོགས་པ་ལྷ་ཤེས་ལྡན་དག་གསོན་ཅིག །བདག་སེམས་ཅན་རྣམས་ལ་མཉམ་པར་སེམས་པའི་བདེན་པ་དང་བདེན་པའི་ཚིག་གང་ཡིན་པའི་བདེན་པ་དང་བདེན་པའི་ཚིག་
འདིས་དབང་ཕྱུག་ཆེན་པོའི་ལྷས་ཆར་འབེབས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་མཐུས་དབང་ཕྱུག་ཆེན་པོའི་གནས་གཡོས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་བསམས་པ། སུ་ཞིག་གིས་དབང་ཕྱུག་ཆེན་

པོའི་གནས་གཡོས་པར་བྱས་སྙམ་ན། བྱང་ཆུབ་སེམས་དཔའི་མཐུ་ཡིན་པར་མཐོང་ནས་དེས་དབང་ཕྱུག་ཆེན་པོའི་ཆར་གྱི་རྣམ་པ་དེ་ལྟ་བུ་དག་ཕབ་སྟེ། དེས་ཚོང་པ་དེ་རྣམས་ཚིམ་པར་བྱས་ནས་འབྲོག་དགོན་པའི་ལམ་ནས་བསྒྲལ་ཏོ། །དགེ་སློང་དེ་ཅི་སྙམ་དུ་སེམས།
དེའི་ཚེ་དེའི་དུས་ཀྱི་དེད་དཔོན་ཐམས་ཅད་སྐྱོབ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཚོང་པ་ལྔ་པོ་ཆུ་དང་བྲལ་བས་ལྷག་པར་ཡི་བློང་པར་གྱུར་པ་དེ་དག་ནི་ལྔ་སྡེའི་དགེ་སློང་འདི་དག་ཡིན་ཏེ། དེ་ན་ཡང་ངས་འདི་དག་ཆུས་ཚིམ་པར་བྱས་ནས་འབྲོག་དགོན་པ་ནས་བསྒྲལ་ཏོ། །ད་ལྟར་ཡང་ངས་འདི་དག་
དམ་པའི་ཆོས་ཀྱི་རོས་ཚིམ་པར་བྱས་ནས་འཁོར་བའི་འབྲོག་དགོན་པ་ནས་བསྒྲལ་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ནས་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་རྣམས་ཀྱི་བགོ་བཤའ་མཛད་
པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ནས་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་
ཆེ་རྣམས་ཀྱི་བགོ་བཤའ་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་ཞིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་
འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་ནས་ཐམས་ཅད་མཁྱེན་ཅིང་རྣམ་པ་ཐམས་ཅད་མཁྱེན་ཏེ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་དབང་བརྙེས་ནས་ལྔ་སྡེའི་དགེ་སློང་རྣམས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ།
དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་བགོ་བཤའ་མཛད་པ་དེ་ལ་ངོ་མཚར་ཅི་ཞིག་ཆེ། འདས་པའི་དུས་ན་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་ཏེ། དེད་དཔོན་དུ་གྱུར་པ་ན་རང་གི་སྲོག་ཡོངས་སུ་བཏང་ནས་འདི་དག་རྒྱ་མཚོ་ཆེན་པོ་ནས་བཏོན་ཏེ་རིན་པོ་ཆེ་རྣམས་ཀྱི་བགོ་བཤའ་བྱས་པ་གང་ཡིན་པ་
དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ན་དེད་དཔོན་ནོར་གྱི་ཤིང་རྟ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཚོང་པ་ལྔ་ཞིག་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་དོང་བ་ན་དེ་རྣམས་དང་དེད་དཔོན་དེས་ཕན་ཚུན་བཤེས་པའི་གཏམ་སྨྲ་བར་བྱེད་པས་མཛའ་བར་གྱུར་ཏོ། །ཇི་ཙམ་ན་མཐར་གྱིས་རྒྱ་མཚོའི་
འགྲམ་དུ་ཕྱིན་ནས་གྲུ་སོ་སོ་སྟ་གོན་བྱས་ནས་འཇུག་པའི་ཚེ་དེ་རྣམས་ཀྱིས་དེད་དཔོན་ནོར་གྱི་ཤིང་རྟ་ལ་སྨྲས་པ། དེད་དཔོན་བདག་ཅག་ནི་ཁྱོད་དང་བྲལ་ན་དགའ་བར་མི་འགྱུར་ལགས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་འདིར་ཞུགས་ཤིག་དང་གྲུ་དོར་རོ། །དེ་རྣམས་དེར་ཞུགས་པ་
དང་རླུང་ལངས་ནས་སྐྲག་པར་གྱུར་ཏོ། །ནོར་གྱི་ཤིང་རྟས་སྨྲས་པ། ཤེས་ལྡན་དག་མ་འཇིགས་ཤིག །གང་གི་ཚེ་གྲུ་ཞིག་པར་གྱུར་པ་དེའི་ཚེ་བདག་གི་མགུལ་དུ་འཇུས་ཤིག་དང་། བདག་གིས་ཁྱེད་ཅག་གདོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་གནས་དང་ལས་ཀྱི་
གནས་དེ་དང་དེ་དག་ལ་མཁས་པ་ཡིན་པས་དེས་ནི་རིན་པོ་ཆེ་ཆེན་པོ་ལ་འོས་པ་དག་མཆན་ཁུང་དུ་བཏགས་ནས་གྲུ་ཞིག་པ་ན་དེ་རྣམས་དེད་དཔོན་དེའི་མགུལ་དུ་འཇུས་ནས། དེས་དེ་རྣམས་ལུས་དུ་བཅིང་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཏེ་རྒྱ་མཚོའི་འགྲམ་དུ་ཕྱིན་པར་བྱས་སོ། །དེ་རྣམས་
སྐམ་ལ་ཕྱིན་ཏེ་དེ་བཏང་བ་དང་། དེ་དབུགས་གཏན་ཆད་ནས་ཤིའོ། །དེ་རྣམས་ཀྱིས་དེ་ཆུ་ནས་སྐམ་ལ་ཕྱུང་བ་དང་། ཇི་ཙམ་ན་མཆན་ཁུང་ན་རིན་པོ་ཆེ་ཆེན་པོ་ལ་འོས་པ་དག་མཐོང་ནས་དེ་རྣམས་ཀྱིས་དེ་ཁྱེར་ཏེ་དོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དེད་དཔོན་
ནོར་གྱི་ཤིང་རྟ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཚོང་པ་དེ་རྣམས་ནི་དགེ་སློང་ལྔ་པོ་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་ངས་འདི་དག་རྒྱ་མཚོ་ཆེན་པོ་ནས་བཏོན་ཏེ་རིན་པོ་ཆེ་རྣམས་ཀྱི་བགོ་བཤའ་བྱས་སོ། །ད་ལྟར་ངས་འདི་དག་འཁོར་བའི་འབྲོག་དགོན་པ་ནས་བཏོན་ནས་དབང་པོ་དང་།

སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་རྣམས་ཀྱི་བགོ་བཤའ་བྱས་སོ།། །།འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་གསུམ་པ། ཡང་གང་གི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་རྒན་པའི་ངང་ལ་འདུག་པ་དེའི་ཚེ་འཁོར་ལ་གདུགས་ལྟ་བུར་
བྱས་ཏེ་འདུག་གོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འཁོར་ལ་གདུགས་ལྟ་བུར་བགྱིས་ཏེ་མཆིས་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཀུན་ཤེས་ཀཽཎྜི་ནྱ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་ཚོགས་རྙེད་པ་དག་ནི་ཞེས་བྱ་བ་ནས་ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་
སྡུམས་བྱེད་ཅེས་བྱ་བ་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་སོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་།
རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་པ་ལས་ཇི་ཙམ་ན་ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་བོ་ཞེས་བསྟན་ཏོ། །རྒྱལ་པོ་ཚངས་སྦྱིན་གྱིས་རང་གི་ཡུལ་དུ་དྲིལ་སྒྲོགས་སུ་བཅུག་
པ། ངའི་ཡུལ་ན་གནས་པའི་ཤེས་ལྡན་གྲོང་མི་དག་ཉོན་ཅིག །ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་བོ་ཞེས་བསྟན་གྱིས། དེ་ལ་ཁྱེད་ཅག་ལས་ལོ་བཅུ་གཉིས་ཀྱི་བཟའ་བ་དང་བཏུང་བ་ཡོད་པ་དེ་དག་ནི་ངའི་ཡུལ་ན་གནས་པར་གྱིས་ཤིག །གཞན་ནི་ཕྱོགས་
སྣ་ཚོགས་སུ་དེང་ལ་ལོ་བཅུ་གཉིས་འདས་ནས་སླར་ཤོག་ཤིག །དེ་ནས་ཁྱིམ་བདག་སྡུམས་བྱེད་ཀྱིས་མངན་ལ་སྨྲས་པ། ཀྱེ་ནང་རྗེ་བང་མཛོད་ན་བདག་འཁོར་དང་བཅས་པའི་ལོ་བཅུ་གཉིས་ཀྱི་བཟའ་བ་དང་བཏུང་བ་དག་ཡོད་དམ། དེས་སྨྲས་པ། དཔོན་པོ་མཆིས་སོ། །དེ་ནས་

ཁྱིམ་བདག་སྡུམས་བྱེད་འཁོར་དང་བཅས་པ་ནི་འདུག་གོ། །སྐྱེ་བོའི་ཚོགས་ནི་ཀུན་དུ་དོང་ངོ་། །མུ་གེ་ཆེན་པོ་ཉམ་ང་བ། དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་བ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་མེད་པ་ན་རང་སངས་རྒྱས་དམན་པ་དང་ངན་པ་ལ་
སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་བརྟེན་པ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བས་དེའི་ཚེ་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བའི་བསྟི་གནས་ཞིག་ཏུ་རང་སངས་རྒྱས་ལྔ་བརྒྱ་གནས་སོ། །གང་གི་ཚེ་མུ་གེའི་དུས་ཀྱི་འཆི་བའི་འཇིགས་
སུ་རུང་བས་སྐྱེ་བོའི་ཚོགས་སྐྲག་ནས་ཀུན་དུ་དོང་བ་དེའི་ཚེ་དེ་རྣམས་ཀྱི་བསོད་སྙོམས་ཆད་ནས་དེ་དག་ཐམས་ཅད་འདུས་ཏེ་ཁྱིམ་བདག་སྡུམས་བྱེད་གང་ན་བ་དེར་དོང་ནས་སྨྲས་པ། ཁྱིམ་བདག་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་བསོད་སྙོམས་རྒྱུན་དུ་སྦྱོར་རམ། དེས་སྨྲས་པ།
མངན་ལ་རྨས་ཏེ་བགྱིའོ་ཞེས་དེས་མངན་བྱེད་པའི་མི་ལ་སྨྲས་པ། ཀྱེ་ནང་རྗེ་བདག་ཅག་གི་བང་མཛོད་ན་བདག་ཅག་དང་རབ་ཏུ་བྱུང་བ་ལྔ་བརྒྱ་པོ་གང་ཡིན་པ་འདི་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་བཟའ་བ་དང་བཏུང་བ་ཡོད་དམ། དེས་སྨྲས་པ། དཔོན་པོ་མཆིས་སོ། །དེ་ནས་རང་
སངས་རྒྱས་ལྔ་བརྒྱ་པོ་དེ་རྣམས་ལ་ཁས་བླངས་སོ། །ཁྱིམ་བདག་སྡུམས་བྱེད་ཀྱིས་རབ་ཏུ་བྱུང་བ་ལྔ་བརྒྱའི་བསོད་སྙོམས་སྦྱར་ཏོ་ཞེས་རང་སངས་རྒྱས་ལྔ་བརྒྱ་གཞན་དག་གིས་ཐོས་ནས་ཁྱིམ་བདག་སྡུམས་བྱེད་ཀྱི་དྲུང་དུ་དོང་སྟེ་ཕྱིན་ནས་ཁྱིམ་བདག་སྡུམས་བྱེད་ལ་འདི་སྐད་ཅེས་སྨྲས་
སོ། །ཁྱིམ་བདག་ཁོ་བོ་ཅག་རབ་ཏུ་བྱུང་བ་ལྔ་བརྒྱ་ལ་བསོད་སྙོམས་ཀུན་དུ་སྦྱོར་རམ། དེས་སྨྲས་པ། འཕགས་པ་དག་ཕུལ་ལགས་བཞིན་དུ་ཡང་བསླང་ཅི་འཚལ། ཁྱིམ་བདག་དེ་རྣམས་ཀྱང་གཞན་ཡིན་ལ་བདག་ཅག་ཀྱང་གཞན་ཡིན་ནོ། །དེས་སྨྲས་པ། འཕགས་
པ་གལ་ཏེ་དེ་ལྟ་ན་མངན་ལ་སྨྲས་ཏེ་བགྱིའོ་ཞེས་དེས་མངན་བྱེད་པའི་མི་ལ་སྨྲས་པ། ཀྱེ་ནང་རྗེ་བདག་ཅག་གི་བང་མཛོད་ན་བདག་ཅག་དང་རབ་ཏུ་བྱུང་བ་སྟོང་པོ་གང་ཡིན་པ་འདི་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་བཟའ་བ་དང་། བཏུང་བ་ཡོད་དམ། དེས་སྨྲས་པ། དཔོན་པོ་

མཆིས་སོ། །དེར་རང་སངས་རྒྱས་དེ་རྣམས་ལ་སྨྲས་པ། འཕགས་པ་རྣམས་བཞུགས་ཤིག་ཁྱེད་ཀྱི་གདུགས་ཚོད་ཀྱི་དུས་གང་ལགས། དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་ཉི་མ་ཕྱེད་མ་ཡོལ་བར་རོ། །དེ་ནས་ཁྱིམ་བདག་སྡུམས་བྱེད་ཀྱིས་སྦྱིན་གཏོང་
གི་ཁང་པ་རྩིག་ཏུ་བཅུག་ནས་སྦྱིན་གཏོང་གི་ཞལ་ཏ་བྱེད་པའི་མི་དང་དུས་ཚོད་སྦྲོན་པ་ཡང་བཞག་ནས་དེ་རྣམས་ཉི་མ་རེ་རེ་ཞིང་ལྷགས་ནས་ཟས་ཀྱི་བྱ་བ་བྱེད་དོ། །དགྲ་བཅོམ་པ་སྟོང་པོ་དེའི་དགེ་འདུན་གྱི་གནས་བརྟན་གང་ཡིན་པ་དེ་ལྷག་པར་མཛེས་པ་མགོ་གདུགས་ལྟར་འདུག་
པས་འཁོར་དེ་ལ་གདུགས་ལྟར་བྱས་ཏེ་གནས་སོ། །ཁྱིམ་བདག་སྡུམས་བྱེད་ཀྱི་བུ་མོས་དགེ་འདུན་གྱི་གནས་བརྟན་དེའི་མགོ་གདུགས་ལྟར་འདུག་ཅིང་ཁ་དོག་རྒྱས་པ་མཆོག་དང་ལྡན་པར་མཐོང་ནས་ཀྱང་ལྷག་པར་དད་པ་སྐྱེས་སོ། །ཇི་ཙམ་དུས་གཞན་ཞིག་ན་དྲོལ་བབ་པ་དང་
ལྷས་ཆར་དབབ་པར་བརྩམས་སོ། །དེ་ནས་བུ་མོ་དེས་དགེ་འདུན་གྱི་གནས་བརྟན་གྱི་སྤྱི་བོར་གདུགས་བཟུང་ནས་ཟན་ཟོས་ཟིན་པ་དང་། རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ཇི་ལྟར་འཕགས་པ་འདི་ཡོན་ཏན་གྱི་ཚོགས་ཅི་འདྲ་བའི་རྣམ་པ་འདི་
ལྟ་བུ་དག་ཐོབ་པས་འདི་འཁོར་ལ་གདུགས་ལྟ་བུར་བྱས་ཏེ་གནས་པ་དེ་བཞིན་དུ་བདག་ཀྱང་འཁོར་ལ་གདུགས་ལྟ་བུར་བྱས་ཏེ་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་སྡུམས་བྱེད་ཀྱི་བུ་མོ་གང་ཡིན་པ་དེ་དགེ་སློང་ཀུན་ཤེས་ཀཽཎྜི་ནྱ་འདི་ཉིད་
ཡིན་ཏེ། དེ་ན་འདི་གཞོན་ནུ་མར་གྱུར་པ་ན་རང་སངས་རྒྱས་ཀྱི་དགེ་འདུན་གྱི་གནས་བརྟན་གྱི་གདུགས་བཟུང་ནས་སྨོན་ལམ་དུ་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་ནས་འཁོར་ལ་གདུགས་ལྟ་བུར་བྱས་ཏེ་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེས་ན་ད་ལྟར་ཉོན་མོངས་པ་ཐམས་ཅད་
སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་ཀྱང་འཁོར་ལ་གདུགས་ལྟ་བུར་བྱས་ཏེ་གནས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་དེ་ལྟ་བུ་ལ་ཁྱེད་ཀྱིས་བསླབ་པར་བྱའོ་ཞེས་

བྱ་བའི་བར་གོང་མ་བཞིན་དུའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་བརྟེན་ནས་ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་
པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་བརྟེན་ནས་ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་གི་ཕྱིར་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ།
གཏི་མུག་དང་བྲལ་ཞིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་ནས་ཐམས་ཅད་མཁྱེན་ཅིང་རྣམ་པ་ཐམས་ཅད་མཁྱེན་ཏེ་ཡེ་ཤེས་
དང་ཤེས་བྱ་ཐམས་ཅད་ལ་དབང་བརྙེས་ནས་ཀུན་ཤེས་ཀཽཎྜི་ནྱ་ལ་བརྟེན་ཏེ་ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་པ་དེ་ལ་ངོ་མཚར་ཅི་ཞིག་ཆེ། འདས་པའི་དུས་ན་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་
དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མ་གྲོལ་ཏེ། དུད་འགྲོ་བྱོལ་སོང་གི་ལུས་སུ་སྐྱེས་པ་ན། ཀཽཎྜི་ནྱ་སྲིན་བུ་ཀི་ཏ་ཀར་གྱུར་པ་ལ་བརྟེན་ནས་སྲིན་བུ་ཀི་ཏ་ཀ་བརྒྱད་
ཁྲི་རང་གི་ཤས་ཚིམ་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་ཏེ་རྒྱ་མཚོ་ཆེན་པོའི་རུས་སྦལ་རྣམས་ཀྱི་ནང་དུ་སྐྱེས་ནས་དེ་རྣམས་ཀྱི་གཙོ་བོར་གྱུར་ཏོ། །ཇི་ཙམ་ན་ཚོང་པ་ལྔ་བརྒྱ་རྒྱ་མཚོ་ཆེན་པོའི་གྲུ་བོ་ཆེ་
བསྒྲུབས་ནས་རྒྱ་མཚོ་ཆེན་པོར་ཞུགས་ཏེ། དེ་ནས་རིན་པོ་ཆེ་སྣ་ཚོགས་བླངས་ནས་སླར་ལོག་པ་ལས་འདི་ལྟར་གྲུ་བོ་ཆེ་ཆུ་སྲིན་ཉའི་རིགས་ཀྱི་ཚན་གྱིས་ཕུག་སྟེ། དེ་ན་ཀུ་ཅོ་ཆེན་པོ་བྱུང་བའི་སྒྲ་དེ་རུས་སྦལ་གྱིས་ཐོས་ནས་རྒྱ་མཚོ་ཆེན་པོ་ནས་ལངས་ཏེ། དེ་དེ་རྣམས་ཀྱི་དྲུང་དུ་སོང་

ནས་སྨྲས་པ། ཤེས་ལྡན་དག་བག་ཚ་བ་བོར་ལ་ཁོ་བོའི་རྒྱབ་ཏུ་ཞོན་ཅིག་དང་ཁོ་བོས་བསྒྲལ་བར་བྱའོ། །དེ་ནས་ཚོང་པ་དེ་རྣམས་ཤི་བ་ལས་སོས་པ་བཞིན་དུ་ཐམས་ཅད་རུས་སྦལ་གྱི་རྒྱབ་ཏུ་ཞོན་ཏེ། དེས་དེ་རྣམས་ཁྱེར་ནས་རྒྱ་མཚོའི་འགྲམ་དུ་ཕྱོགས་ཏེ་ཆས་པ་
ན་ཁུར་གྱིས་ཤིན་ཏུ་བཙིར་ཀྱང་བརྩོན་འགྲུས་ལ་གནས་ཤིང་སྙོམ་པ་མ་བསྐྱེད་དེ། དེ་ལུས་དུབ་པས་དེ་རྣམས་ལེགས་པར་བསྒྲལ་ཏེ་མགྲིན་པ་བརྐྱང་ནས་གཉིད་ལོག་གོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་སྲིན་བུ་ཀི་ཏ་ཀ་རྣམས་ཀྱི་ཚང་ཡོད་པས་དེ་ནས་ཀི་ཏ་ཀ་གཅིག་རྒྱུ་ཞིང་སོང་
བ་ན་དྲི་ཚོར་ཏེ་དེའི་དྲུང་དུ་སོང་བ་དང་། དེ་ནས་ལུས་ཆེན་པོ་དེ་གཉིད་ལོག་པར་མཐོང་ནས་རིངས་པའི་འགྲོས་ཀྱིས་སྲིན་བུ་ཀི་ཏ་ཀའི་ཚང་དུ་སོན་ཏེ། རང་རང་གི་བརྡས་ཀི་ཏ་ཀ་རྣམས་ལ་གོ་བར་བྱས་ནས་སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་དེད་དེ་རུས་སྦལ་གྱི་དྲུང་དུ་དོང་ངོ་། །དེ་ནས་དེ་གཉིད་
ལོག་སྟེ་ཤི་བ་བཞིན་དུ་སེམས་མེད་པ་ལ་བཟའ་བར་བརྩམས་ཏེ། གང་གི་ཚེ་དེའི་ཤ་ཆེན་པོ་རྣམས་ལས་ཟོས་ནས་ངལ་བས་དུབ་སྟེ་གཉིད་སྟུག་པོས་ནོན་པས་མ་ཚོར་རོ། །ཇི་ཙམ་གནད་རྣམས་ཀྱི་ཤ་རྣམས་ཟ་བ་དེའི་ཚེ་སད་ན་སྲིན་བུ་ཀི་ཏ་ཀ་ཐམས་ཅད་ཀྱིས་ལུས་ཡོག་པར་མཐོང་
ནས་དེས་བསམས་པ། གལ་ཏེ་ལུས་བསྒུལ་ལམ་བསྒྱུར་ན་གདོན་མི་ཟ་བར་འདི་རྣམས་འཆི་བར་འགྱུར་ཏེ། སྲོག་ཆགས་གཞན་ལ་གནོད་པར་བྱེད་པ་བས་ནི་སྲོག་དང་བྲལ་ཡང་བླའོ་སྙམ་དུ་བསམས་ནས། གནད་རྣམས་སུ་ཕུག་ཅིང་ཚིགས་རྣམས་ཕྲལ་བ་ན་སྨོན་ལམ་གདབ་
པར་བརྩམས་པ། ཇི་ལྟར་སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་པོ་འདི་རྣམས་ལ་ཤ་དང་ཁྲག་གིས་ཚིམ་པར་བྱས་པ་དེ་བཞིན་དུ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་དེ་རྣམས་ཆོས་ཀྱི་རོས་ཚིམ་པར་བྱེད་པར་
གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རུས་སྦལ་གྱི་གཙོ་བོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །སྲིན་བུ་ཀི་ཏ་ཀ་དེ་རྣམས་ལ་ལམ་སྟོན་པ་གང་ཡིན་པ་དེ་ནི་དགེ་སློང་ཀཽཎྜི་ནྱ་འདི་ཉིད་ཡིན་ནོ། །དེ་ལ་བརྟེན་ནས་ཤ་དང་ཁྲག་གིས་ཚིམ་

པར་བྱས་པའི་སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་པོ་གང་དག་ཡིན་པ་དེ་དག་ནི་ལྷ་བརྒྱད་ཁྲི་པོ་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་ངས་རང་གི་ཁྲག་གིས་ཚིམ་པར་བྱས་སོ། །ད་ལྟར་ཡང་ངས་དེ་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་དོ། །དགེ་སློང་དག་དེ་ལྟ་བས་ན་གཅིག་ཏུ་གནག་པ་རྣམས་
ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་ཤིན་ཏུ་མཐར་
ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་
ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་
བྲལ་ཞིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་ནས་ཐམས་ཅད་མཁྱེན་ཅིང་རྣམ་པ་ཐམས་ཅད་མཁྱེན་ཏེ་ཡེ་ཤེས་དང་ཤེས་
བྱ་ཐམས་ཅད་ལ་དབང་བརྙེས་ནས་ལྔ་སྡེའི་དགེ་སློང་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ། ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་དེ་ལ་ངོ་མཚར་ཅི་ཞིག་ཚེ། འདས་པའི་དུས་ན་ང་
འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཤིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མ་གྲོལ་

བ་ན། འདི་དག་ལ་རང་གི་ཁྲག་གིས་ཚིམ་པར་བྱས་ནས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་བཀོད་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་རྡོ་རྗེའི་དཔུང་པ་ཞེས་བྱ་བ་འབྱོར་བ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་མི་མང་པོས་གང་
བ་ན་རྒྱལ་སྲིད་བྱེད་དུ་འཇུག་སྟེ་ཞེས་བྱ་བའི་བར་དུ་སྟེ། རྒྱལ་པོ་དེ་ཡང་དད་པ་བཟང་བ། དགེ་བའི་རྩ་བ་ཅན། བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེའི་བདག་ཉིད་ཆེན་པོ། ཆོས་འདོད་པ་སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་
ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་སྟེ། དེ་ལྷག་པར་བྱམས་པ་ལ་ཤིན་ཏུ་གོམས་པས་དེ་ཉིན་གཅིག་ལ་ལན་གསུམ་བྱམས་པ་ལ་སྙོམས་པར་འཇུག་པར་བྱེད་དེ། དེ་བྱམས་པ་ལ་སྙོམས་པར་ཞུགས་པ་ན།
སློང་བའི་སྐྱེ་བོས་ཕོངས་པར་གྱུར་ནས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གྲོང་ཁྱེར་བཱ་རཱ་ཎ་སཱིའི་གྲོང་ཁྱེར་གྱི་སྒོ་བཞི་རྣམས་སུ་སྦྱིན་གཏོང་གི་ཁང་པ་རྩིག་ཏུ་བཅུག་ལ་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། ལམ་དུ་འཇུག་པའི་སློང་
མོ་པ་གང་དག་ཅི་དོན་དུ་གཉེར་བ་དེ་དག་བྱིན་ཅིག །ལྷ་བཀའ་བཞིན་འཚལ་ཟས་དང་། སྐོམ་དང་། གོས་དང་། གནས་མལ་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་།
དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། གཡས་སུ་འཁྱིལ་བ་ལ་སོགས་ཏེ་ནོར་མང་པོས་སློང་མོ་པའི་སྐྱེ་བོ་ཚིམ་པར་བྱ་བའི་ཕྱིར་ཕུང་པོར་སྤུངས་སོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་རྣམ་ཐོས་ཀྱི་བུས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་ནས་
མདངས་འཕྲོག་པའི་གནོད་སྦྱིན་ལྔ་སྤྱུགས་ཏེ། ཕན་ཚུན་འཕྱན་པ་ལས་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་རྣམས་ཀྱིས་བ་ལང་རྫི་དང་། ལུག་རྫི་དང་། རྩྭ་ཐུན་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་བ་དང་། ལམ་གོལ་བས་འཚོ་བའི་མི་རྣམས་མཐོང་ནས་སྨྲས་པ། ཤེས་ལྡན་དག་

ཁྱེད་ཅག་ཁོ་བོ་ཅག་གིས་མི་འཇིགས་སམ། ཤེས་ལྡན་དག་གང་གི་ཕྱིར་ཁོ་བོ་ཅག་གི་རྒྱལ་པོ་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན་སེམས་ཅན་ལ་ཕན་པའི་བསམ་པས་ཉིན་གཅིག་ལ་ལན་གསུམ་དུ་བྱམས་པ་ལ་སྙོམས་པར་ཞུགས་པ་ཡོད་ན་ཅིའི་ཕྱིར་འཇིགས། དེ་ནས་དེ་རྣམས་
བྲམ་ཟེའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་གྲོང་ཁྱེར་བཱ་རཱ་ཎ་སཱིའི་སྒོ་བཞི་རྣམས་སུ་སྦྱིན་གཏོང་གི་ཁང་པ་རྣམས་ལ་བརྟགས་ཏེ་རྒྱལ་པོ་རྡོ་རྗེའི་དཔུང་པ་བྱམས་པ་ལས་ལངས་པར་ཤེས་ནས་དུལ་བའི་ཆ་བྱད་ཀྱིས་རྒྱལ་པོའི་དྲུང་དུ་སོང་ངོ་། །སོང་ནས་རྒྱལ་བ་དང་ཚེ་སྤེལ་བ་དག་རྒྱལ་པོ་ལ་
བྱས་ནས་སྨྲས་པ། ལྷ་བདག་ཅག་བཀྲེས་ལགས་ན་གཡར་ཟས་ཀྱིས་རྗེས་སུ་གཟུང་དུ་གསོལ། རྒྱལ་པོས་བློན་པོ་རྣམས་བཀུག་སྟེ་སྨྲས་པ། ཤེས་ལྡན་དག་བྲམ་ཟེ་འདི་རྣམས་ཁ་ཟས་བསོད་པས་ཚིམ་པར་བྱོས་ཤིག །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་ནི་ཤ་དང་ཁྲག་
འཚལ་ལགས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་ཤ་དང་ཁྲག་གི་འབྱོར་པ་མེད་ན་ཚོང་འདུས་ནས་ཆོས་བཞིན་གྱིས་རྙེད་པའི་ཁྲག་བྱིན་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་ནི་མོད་ལ་བཀུམ་པའི་ཤ་དང་ཁྲག་འཚལ་ན། མོད་ལ་
བཀུམ་པའི་ཤ་དང་ཁྲག་གིས་རྗེས་སུ་གཟུང་བར་མཛོད་ཅིག །རྒྱལ་པོས་བསམས་པ། གཞན་ལ་གནོད་པ་མ་བྱས་པར་མོད་ལ་བསད་པའི་ཤ་དང་ཁྲག་ག་ལ་རྙེད་ཀྱིས་ཅི་ནས་ཀྱང་འདི་རྣམས་ལ་བདག་གིས་རང་གི་ཁྲག་སྦྱིན་པར་བྱའོ་སྙམ་སྟེ། དེ་ནས་དཔྱད་མཁན་རྣམས་བཀུག་སྟེ་
སྨྲས་པ། ཤེས་ལྡན་དག་ངའི་ཡན་ལག་གི་རྩ་ཐམས་ཅད་ཆོད་ཅིག་དང་། སློང་མོ་པའི་སྐྱེ་བོ་ཚིམ་པར་བྱའོ། །དཔྱད་མཁན་རྣམས་ཀྱིས་སྨྲས་པ། ལྷ་མི་ཕལ་པ་རྣམས་ཀྱི་ཕྱིར་བདག་ཅག་ལྷའི་སྐུ་ལ་མཚོན་གྱིས་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་ནི་བཟོའི་གནས་
དང་ལས་ཀྱི་གནས་དེ་དང་དེ་དག་ལ་མཁས་པ་ཡིན་པས་དེས་རང་ཉིད་ཀྱིས་ལུས་ཀྱི་ཡན་ལག་ལྔ་མཚོན་གྱིས་གཏར་ཏེ། དེ་ནས་རང་གི་ཁྲག་གིས་ཚིམ་པར་བྱས་ནས་དེ་རྣམས་ལ་དེ་ལྟ་བུའི་ཆོས་བཤད་དེ། དེ་ཐོས་པས་གནོད་སྦྱིན་དེ་རྣམས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་

བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་རྡོ་རྗེའི་དཔུང་པ་ཞེས་བྱ་བར་གྱུར་པ་དེ་ནི་ང་ཉིད་ཡིན་ནོ། །མདངས་འཕྲོག་པའི་གནོད་སྦྱིན་ལྔ་པོ་གང་དག་ཡིན་པ་དེ་དག་ནི་ལྔ་སྡེའི་དགེ་སློང་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་ངས་འདི་རྣམས་
རང་གི་ཁྲག་གིས་ཚིམ་པར་བྱས་ནས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་བྱས་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ། ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་
དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་
ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་
པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་ཞིང་ཞེས་བྱ་བ་ནས་ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་དབང་བརྙེས་ནས་ཞེས་བྱ་བའི་བར་དུ་སྟེ། ལྔ་སྡེའི་
དགེ་སློང་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་དེ་ལ་ངོ་མཚར་ཅི་ཞིག་ཆེ། ང་འདས་པའི་དུས་ན་འདོད་ཆགས་དང་བཅས་ཞེས་བྱ་བ་ནས་སྡུག་
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བ་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། འདི་རྣམས་རང་གི་ཤས་ཚིམ་པར་བྱས་ནས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་བཀོད་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་

གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་འབྱོར་པ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་མི་མང་པོ་ཡོད་པ་རྒྱལ་སྲིད་བྱེད་དུ་འཇུག་སྟེ་ཞེས་བྱ་བའི་བར་དུ་སྟེ། བྱམས་པའི་བདག་ཉིད་སྙིང་རྗེ་ཅན་བདག་ཉིད་ཆེན་པོ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་ལྡན་པ་
ཞིག་ཡོད་དེ། ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་རྣམ་ཐོས་ཀྱི་བུས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་ནས་མདངས་འཕྲོག་པའི་གནོད་སྦྱིན་ལྔ་ཉེས་པ་འགའ་ཞིག་གི་ཕྱིར་སྤྱུགས་ནས། དེ་རྣམས་ལྗོངས་དེ་ནས་རྒྱུ་ཞིང་བཱ་རཱ་ཎ་སཱིར་ཕྱིན་ནས་དེ་རྣམས་ལ་སུས་ཀྱང་གཏོར་
མ་འམ། མེ་ཏོག་ཕྲེང་དང་། ཡོ་བྱད་དག་མ་བྱིན་ནས། དེ་རྣམས་ཁྲོས་པས་ཡམས་ཀྱི་ནད་བཏང་སྟེ་བཱ་རཱ་ཎ་སཱིའི་སྐྱེ་བོའི་ཚོགས་ཤི་བར་གྱུར་ཏོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་བྱམས་པའི་སྟོབས་ལ་སྨྲས་པ། ལྷ་བཱ་རཱ་ཎ་སཱིའི་སྐྱེ་བོའི་ཚོགས་ཏེ་པོར་འགུམ་ལགས་
སོ། །རྒྱལ་པོས་དེ་རྣམས་ལ་བསྒོ་བ། དེང་ལ་བཱ་རཱ་ཎ་སཱི་ཁོ་ནར་དྲིལ་སྒྲོགས་སུ་བཅུག་ལ། ཤེས་ལྡན་དག་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་བཀའ་སྩལ་པ། ང་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ལ་ལྷག་པར་རྩོམ་པའི་ཡིད་ཀྱིས་ཉིན་མཚན་འདའ་བར་
བྱེད་ཀྱིས། དེ་ལ་ཁྱེད་ཅག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱམས་པ་ཡིད་ལ་བྱོས་ཤིག་དང་། དེ་ལྟ་ན་ཞི་བར་འགྱུར་རོ། །དེ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱམས་པ་ཡིད་ལ་བྱེད་པ་ལ་ཞུགས་པ་ན་མདངས་འཕྲོག་པའི་གནོད་
སྦྱིན་རྣམས་ཀྱིས་བཱ་རཱ་ཎ་སཱིའི་ཉེ་འཁོར་དུ་རྒྱུ་བར་བརྩམས་ན་འཇུག་མ་ནུས་སོ། །དེ་རྣམས་ཀྱིས་འཇུག་མ་ནུས་པས་གླགས་མ་རྙེད་དོ། །གླགས་མ་རྙེད་པས་བ་ལང་རྫི་དང་། ལུག་རྫི་དང་། རྩྭ་ཐུན་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་བ་དང་། ལམ་གོལ་བས་འཚོ་བའི་མི་རྣམས་མཐོང་
ནས་དྲིས་པ། ཤེས་ལྡན་དག་ཁྱེད་ཅག་ཁོ་བོ་ཅག་གིས་མི་འཇིགས་སམ། དེ་རྣམས་ཀྱིས་སྨྲས་པ། མི་འཇིགས་སོ། །ཅིའི་ཕྱིར། འདི་ལྟར་བདག་ཅག་གི་རྒྱལ་པོ་བྱམས་པའི་སྟོབས་དགོངས་པ་གང་ཡིན་པ་དེ་སེམས་པས་སོ། །རྒྱལ་པོ་བྱམས་པའི་སྟོབས་ཅི་

དགོངས། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱམས་པའོ། །དེ་རྣམས་ཀྱིས་བསམས་པ། འདིར་རྒྱུ་འདིས་ན་ད་ལྟར་བདག་ཅག་གིས་གླགས་མ་རྙེད་དོ་སྙམ་ནས་དེ་རྣམས་བཱ་རཱ་ཎ་སཱིའི་སྒོ་ནས་སྒོར་རྒྱུ་ཞིང་རྒྱལ་པོ་བྱམས་པའི་སྟོབས་ནམ་ཞིག་
མཐོང་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་བྱམས་པའི་སྟོབས་ཕྱི་རོལ་དུ་སྐྱེད་མོས་ཚལ་དུ་ཆས་པ་དང་། དེ་ནས་དེ་རྣམས་བྲམ་ཟེའི་ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ནས་སྤྱོད་ལམ་ཞི་བས་རྒྱལ་པོའི་དྲུང་དུ་ཉེ་བར་དོང་སྟེ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་སྨྲས་པ།
ལྷ་བདག་ཅག་བཀྲེས་ལགས་ན་གཡར་ཟས་ཀྱིས་རྗེས་སུ་གཟུང་དུ་གསོལ། རྒྱལ་པོས་བློན་པོ་རྣམས་བཀུག་སྟེ་བསྒོ་བ། ཤེས་ལྡན་དག་བྲམ་ཟེ་འདི་རྣམས་ཁ་ཟས་བསོད་པས་ཚིམ་པར་བྱོས་ཤིག །དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་ནི་ཤ་དང་ཁྲག་འཚལ་ལགས་
སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་ཤ་དང་ཁྲག་འབྱོར་པ་མེད་ན་ཚོང་འདུས་ནས་ཆོས་བཞིན་གྱིས་རྙེད་པའི་ཤ་དང་ཁྲག་བྱིན་ཅིག །ལྷ་བདག་ཅག་ནི་མོད་ལ་བཀུམ་པའི་ཤ་དང་ཁྲག་འཚལ་ན་མོད་ལ་བཀུམ་པའི་ཤ་དང་ཁྲག་གིས་རྗེས་
སུ་གཟུང་དུ་གསོལ། རྒྱལ་པོས་བསམས་པ། སེམས་ཅན་གཞན་ལ་གནོད་པ་མ་བྱས་པར་ནི་མོད་ལ་བསད་པའི་ཤ་དང་ཁྲག་ག་ལ་རྙེད་ཀྱིས། ཅི་ནས་ཀྱང་འདི་རྣམས་ལ་བདག་གིས་རང་གི་ཁྲག་སྦྱིན་པར་བྱའོ་སྙམ་སྟེ། དེ་ནས་དཔྱད་མཁན་རྣམས་བཀུག་ནས་སྨྲས་པ།
ཤེས་ལྡན་དག་ངའི་ཡན་ལག་གི་རྩ་ཐམས་ཅད་ཆོད་ཅིག་དང་སློང་མོ་བའི་སྐྱེ་བོ་ཚིམ་པར་བྱའོ། །དཔྱད་མཁན་གྱིས་སྨྲས་པ། ལྷ་མི་ཕལ་པ་རྣམས་ཀྱི་ཕྱིར་བདག་ཅག་ལྷའི་སྐུ་ལ་མཚོན་གྱིས་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་ནི་བཟོའི་གནས་དང་ལས་ཀྱི་གནས་དེ་
དང་དེ་དག་ལ་མཁས་པ་ཡིན་པས་དེས་རང་ཉིད་ཀྱི་ལུས་ཀྱི་ཡན་ལག་ལྔ་མཚོན་གྱིས་གཏར་ཏེ། དེ་ནས་རང་གི་ཁྲག་གིས་ཚིམ་པར་བྱས་ནས་དེ་རྣམས་ལ་དེ་ལྟ་བུའི་ཆོས་བཤད་དེ། གང་ཐོས་པས་གནོད་སྦྱིན་དེ་རྣམས་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་བཀོད་དོ། །དགེ་

སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་བྱམས་པའི་སྟོབས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །མདངས་འཕྲོག་པའི་གནོད་སྦྱིན་ལྔ་པོ་གང་དག་ཡིན་པ་དེ་དག་ནི་ལྔ་སྡེའི་དགེ་སློང་འདི་ཉིད་ཡིན་ཏེ། དེ་ན་ཡང་ངས་འདི་རྣམས་རང་གི་ཁྲག་གིས་ཚིམ་པར་བྱས་ཏེ་
བརྟུལ་ཞུགས་ལྔའི་གཞི་རྣམས་ལ་བཀོད་དོ། །ད་ལྟར་ཀྱང་ངས་འདི་རྣམས་དམ་པའི་ཆོས་ཀྱི་རོས་ཚིམ་པར་བྱས་ནས་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་
ལོ་དྲུག་ཏུ་དཀའ་བ་སྤྱད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་ནས་བཱ་རཱ་ཎ་སཱིར་གཤེགས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་ལྔ་སྡེ་དང་། ཉེ་ལྔའི་སྡེ་དང་། དྲུག་བཅུའི་ཚོགས་བཟང་པོ་རྣམས་བཏུལ་བས་དགེ་སློང་མང་དུ་གྱུར་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་
ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན་ཕྲིན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་དགུང་ལོ་དྲུག་ཏུ་དཀའ་བ་སྤྱད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་སྐུ་ཚེ་གཞན་རྣམས་སུ་ཕྲིན་ལས་བྱས་ཤིང་བསགས་པ་དང་། ཚོགས་རྙེད་པ་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བཻ་བྷི་ཊིང་གའི་གྲོང་ཁྱེར་
གྱི་གྲོང་རྡལ་འབྱོར་བ་དང་ཞེས་བྱ་བ་ནས་སྐྱ་བོ་དང་མི་མང་པོ་ཡོད་པ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་དག་བཻ་བྷི་ཊིང་གའི་གྲོང་ཁྱེར་གྱི་གྲོང་རྡལ་ན་བྲམ་ཟེའི་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་ངྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་བྱུང་སྟེ། བཻ་བྷི་ཊིང་གའི་འདུ་ཏང་དང་
བཅས། ས་དང་། ཤིང་དང་། ཆུར་བཅས་པར་རྒྱལ་པོ་ཀྲྀ་ཀཱིས་བྲམ་ཟེའི་སྦྱིན་པར་བྱིན་ནས་འབྱོར་པ་ན་ཡོངས་སུ་ལོངས་སྤྱོད་དོ། །དགེ་སློང་དག་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་ངྷའི་སློབ་མ་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ཕ་དང་མའི་རིགས་དང་ལྡན་པ། མོ་ཕྱོགས་

ནས་དག་པ། མེས་པོའི་ཕྱོགས་དང་། ཕྱི་མོའི་ཕྱོགས་ཟུང་བདུན་རྒྱུད་ཀྱིས་བཟུང་སྟེ་རིགས་ལ་གཏམ་གྱིས་མ་ཕོག་པ། ཀློག་ཏུ་འཇུག་པ། གསང་ཚིག་འཛིན་པ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་བཅས་པ་དང་། ཡི་གེ་
རབ་ཏུ་འབྱེད་པ་དང་བཅས་པ་དང་ལྔ་པོ་དེ་ལྟ་བུ་བྱུང་བ་ཅན་རྣམས་ཀྱི་ཕ་རོལ་དུ་ཕྱིན་ཅིང་ལུང་སྟོན་པར་བྱེད་པ། གཟུགས་བཟང་པོ་བལྟ་ན་སྡུག་པ་མཛེས་པ་ཞིག་ཡོད་དེ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་ངྷའི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་
གོ། །དགེ་སློང་དག་བཻ་བྷི་ཊིང་གའི་གྲོང་ཁྱེར་གྱི་གྲོང་རྡལ་ན་རྫ་མཁན་དགའ་སྐྱོང་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ། ཆོས་དང་དགེ་འདུན་ལ་མངོན་པར་དད་པ། སངས་རྒྱས་ལ་སྐྱབས་སུ་སོང་བ། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ། སངས་རྒྱས་ལ་གཅིག་ཏུ་
བྱེད་པ། ཆོས་དང་དགེ་འདུན་ལ་གཅིག་ཏུ་བྱེད་པ། སངས་རྒྱས་ལ་ཡིད་གཉིས་དང་དང་ཐེ་ཚོམ་མེད་པ། ཆོས་དང་དགེ་འདུན་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། བདེན་པ་མཐོང་བ།
འབྲས་བུ་ཐོབ་ཅིང་རྟོགས་པ། ལོ་མ་དང་གཏུན་སྤངས་པ་ཞིག་གནས་ཏེ། གཞན་དུ་ན་དེ་གང་ན་ཆུས་བརྐོས་པའམ། བྱི་བྲུན་མ་གཏོགས་པ་རང་གི་ལག་གིས་ས་མི་རྐོ་ཞིང་བརྐོར་མི་འཇུག་གོ། །དེ་ནས་ས་ལུས་ཀྱིས་བླངས་ནས་སྲོག་ཆགས་མེད་པའི་ཆུས་སྤྲུས་ཏེ། སྣོད་
རྣམས་བྱས་ཤིང་མཐའ་གཅིག་ཏུ་བཞག་ནས་འདི་སྐད་ཅེས་འཕགས་པ་དག་ཚུར། བཞིན་བཟངས་དག་ཚུར། ཏིལ་ལམ། འབྲས་སམ། མོན་སྲན་སྡེའུ་ལ་སོགས་པའམ། མོན་སྲན་གྲེའུ་ལ་སོགས་པ་མཐའ་གཅིག་ཏུ་ཞོག་ལ་ཁྱེད་ཅག་ལས་གང་ཞིག་སྣོད་གང་དོན་
དུ་གཉེར་བ་དེ་ལོང་ལ་དེང་ཤིག་ཅེས་སྨྲས་ཤིང་དེས་དེ་ལས་ཕ་མ་ལོང་བ་གཉིས་གསོ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་དུས་སུ་བསོད་སྙོམས་འབུལ་ལོ། །བྲམ་ཟེའི་ཁྱེའུ་བླ་མའི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ཡང་ཡིན་

ནོ། །དེ་ནས་རྫ་མཁན་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་
དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫ་མཁན་དགའ་སྐྱོང་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ།
རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་རྫ་མཁན་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་
འོད་སྲུང་གིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེའི་ཚེ་བྲམ་ཟེའི་ཁྱེའུ་བླ་མ་ཤིང་རྟ་ཐམས་ཅད་ནས་དཀར་བ་རྟ་རྒོད་མ་དང་ལྡན་པའི་ནང་དུ་ཞུགས། གསེར་གྱི་ཁར་བ་དང་རིལ་བ་
ཐོགས་ཏེ། བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་གྱིས་བལྟས་ཏེ། བཻ་བྷི་ཊིང་གའི་ཕྱི་རོལ་དུ་བྲམ་ཟེའི་ཁྱེའུ་རྣམས་གསང་ཚིག་ཀློག་ཏུ་གཞུག་པར་འདོད་ནས་བཻ་བྷི་ཊིང་ག་ནས་བྱུང་བ་དང་བྲམ་ཟེའི་ཁྱེའུ་བླ་མས་རྫ་མཁན་དགའ་སྐྱོང་
རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཁྱོད་གང་ནས་འདིར་འོངས། དེས་པ་བླ་མ་བདག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱས་ནས་ད་གཟོད་འདིར་འོངས་ཀྱིས། དེས་པ་བླ་མ་ཚུར། བདག་
ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་། །དེས་པ་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལྟ་བ་ཐོང་ཤིག །བསྙེན་བཀུར་བྱ་བ་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད།

བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ། །དེས་པ་བླ་མ་ཁྱོད་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་མ་སྨྲ་ཤིག །འདི་ལྟར་བཅོམ་ལྡན་འདས་དེ་ཉིད་སངས་རྒྱས་ཡིན་ཏེ། དེས་ཆོས་ཐམས་
ཅད་སངས་རྒྱས་སོ། །རྫ་མཁན་དགའ་སྐྱོང་གིས་ལན་གཉིས་ལན་གསུམ་དུ་ཡང་བྲམ་ཟེའི་ཁྱེའུ་བླ་མ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་བླ་མ་ཚུར། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་། །བྲམ་ཟེའི་ཁྱེའུ་བླ་མས་
ལན་གཉིས་ལན་གསུམ་དུ་ཡང་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལྟ་བ་ཐོང་ཤིག །བསྙེན་བཀུར་བྱ་བ་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད།
བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ། །དེས་པ་བླ་མ་ཁྱོད་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་མ་སྨྲ་ཤིག །འདི་ལྟར་བཅོམ་ལྡན་འདས་དེ་ཉིད་སངས་རྒྱས་ཡིན་ཏེ། དེས་ཆོས་ཐམས་ཅད་སངས་རྒྱས་སོ། །
དེ་ནས་རྫ་མཁན་དགའ་སྐྱོང་གིས་བྲམ་ཟེའི་ཁྱེའུ་བླ་མའི་ཤིང་རྟའི་ནང་དུ་འཛེགས་ནས་བྲམ་ཟེའི་ཁྱེའུ་བླ་མའི་སྐྲ་ལས་བཟུང་སྟེ། བྲམ་ཟེའི་ཁྱེའུ་བླ་མ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་བླ་མཚུར། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་
བྱེད་དུ་འདོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་བླ་མ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སངས་རྒྱས་མཆོག་མ་ཡིན་པ་ཡང་མ་ཡིན་ཞིང་ཆོས་བཤད་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། དེས་ན་ད་ལྟར་རྫ་མཁན་དགའ་སྐྱོང་ཡུན་རིང་པོ་ནས་ཁྲོ་བ་མ་ཡིན། གཏུམ་པ་མ་ཡིན། བརླང་
བ་མ་ཡིན། གཟུ་ལུམས་ཅན་མ་ཡིན་པ་དེས་ཀྱང་སྐྲ་ལས་བཟུང་བ་ཡན་ཆད་བྱས་སོ་སྙམ་དུ་བསམས་ནས་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་དེ་ཙམ་བྱ་བ་ལ་ཐུག་གམ། དེས་པ་བླ་མ་དེ་ཙམ་བྱ་བ་ལ་ཐུག་ཅེས་སོ། །དེས་པ་དགའ་སྐྱོང་

ཅི་དེ་ཙམ་བྱ་བ་ལ་ཐུག་གམ། དེས་པ་བླ་མ་དེ་ཙམ་བྱ་བ་ལ་ཧ་ཅང་ཐུག་ཅེས་སོ། །དེས་པ་དགའ་སྐྱོང་དེའི་ཕྱིར་ཐོང་ཤིག་དང་། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་བླ་མ་དང་རྫ་མཁན་དགའ་སྐྱོང་
ཤིང་རྟ་གཅིག་གི་ནང་དུ་ཞུགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་དོང་སྟེ། དེ་གཉིས་ཀྱིས་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་དོང་སྟེ་ཕྱིན་ནས་ཡང་
དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྫ་མཁན་དགའ་སྐྱོང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྲམ་ཟེའི་ཁྱེའུ་བླ་
མ་འདི་ནི་སངས་རྒྱས་ལ་མངོན་པར་མ་དད། ཆོས་དང་དགེ་འདུན་ལ་མངོན་པར་མ་དད་ལགས་ཀྱིས། བཅོམ་ལྡན་འདས་ཇི་ལྟར་བྲམ་ཟེའི་ཁྱེའུ་བླ་མ་འདི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་ལེགས་པར་བཤད་
དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫ་མཁན་དགའ་སྐྱོང་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད།
ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་
ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་བླ་མས་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ལེགས་པར་གསུངས་པའི་ཆོས་འདུལ་བ་གྱ་ནོམ་པ་འདི་ལྟ་བུ་ཐོས་ན་ཁྱོད་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་ཅིའི་ཕྱིར་རབ་ཏུ་མ་བྱུང་།

དེས་པ་བླ་མ་ཇི་ལྟར་ཁོ་བོ་ཕ་མ་ལོང་བ་གཉིས་གསོ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་དུས་སུ་བསོད་སྙོམས་འབུལ་བར་ཁྱོད་མི་ཤེས་སམ། དེས་པ་དགའ་སྐྱོང་ཁྱོད་རབ་ཏུ་བྱུང་ཡང་རུང་མ་བྱུང་ཡང་རུང་། རེ་ཞིག་ཁོ་བོ་ནི་རབ་
ཏུ་འབྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྫ་མཁན་དགའ་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྲམ་ཟེའི་ཁྱེའུ་བླ་མ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་
འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། དེ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫ་མཁན་དགའ་སྐྱོང་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྫ་མཁན་དགའ་
སྐྱོང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཅང་མི་གསུང་བས་གནང་བར་རིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་
གིས་རྫ་མཁན་དགའ་སྐྱོང་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་བྲམ་ཟེའི་ཁྱེའུ་བླ་མ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་དེ། བཻ་བྷི་ཊིང་གར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་བཱ་རཱ་ཎ་སཱི་ཀ་ཤི་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་བཱ་རཱ་ཎ་
སཱིར་བྱོན་ནས་བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་སོ། །རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཀ་ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་། བཱ་རཱ་ཎ་སཱིར་བྱོན་ནས། བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་སོ་
ཞེས་ཐོས་སོ། །ཐོས་ནས་ཀྱང་བཱ་རཱ་ཎ་སཱི་ནས་བྱུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་ནས་ཕྱིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་

གཅིག་ཏུ་འདུག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་
དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་རྒྱལ་པོ་ཀྲྀ་ཀཱི་སྟན་ལས་
ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སང་བདག་གི་སྡུམ་པར་
དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱི་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་
སངས་རྒྱས་འོད་སྲུང་ཅང་མི་གསུང་བས་གནང་བར་རིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་
གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནོར་བུའི་ཆུ་སྣོད་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ།
དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་ཚོགས་ཀྱིས་མདུན་དུ་བདར་ནས། རྒྱལ་པོ་ཀྲྀ་ཀཱིའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་

དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཀྲྀ་ཀཱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་
ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཞལ་ཟས་གསོལ་ཟིན་ཏེ། ཕྱག་བཅབས་ལྷུང་བཟེད་གྱུ་བར་རིག་ནས་གསེར་གྱི་བྱ་མ་
བུམ་བླངས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་གསོལ་བ་བཏབ་པ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་དགུང་ཟླ་གསུམ་དུ་བདག་གིས་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་
ཡོ་བྱད་རྣམས་དང་། བཅོམ་ལྡན་འདས་ཀྱི་སླད་དུ་གཙུག་ལག་ཁང་ལྔ་བརྒྱ་རྩིག་ཏུ་སྩལ་ཅིང་ཁྲི་དང་། ཁྲིའུ་དང་། ལ་བ་དང་། སྟན་ནང་ཚངས་ཅན་དང་། དབུ་རྟེན་དང་། གོར་བུ་ལྔ་བརྒྱ་ལྔ་བརྒྱ་འཇོག་ཏུ་སྩལ་ཅིང་། འབྲས་སོག་མའི་སྦུབས་སུ་སྨིན་པ་དེ་ལྟ་བུས་བཅོམ་
ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བགྱིད་ལགས་ན་གནང་བར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ་སེམས་མངོན་པར་དད་པ་དེ་ཉིད་ཀྱིས་བྱས་པ་ཡིན་གྱིས་ཆོག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲྀ་ཀཱིས་ལན་གཉིས་ལན་གསུམ་
དུ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་དགུང་ཟླ་གསུམ་དུ་བདག་གིས་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་དང་། བཅོམ་ལྡན་འདས་ཀྱི་སླད་དུ་
གཙུག་ལག་ཁང་ལྔ་བརྒྱ་རྩིག་ཏུ་སྩལ་ཅིང་། ཁྲི་དང་། ཁྲིའུ་དང་། ལ་བ་དང་། སྟན་ནང་ཚངས་ཅན་དང་། དབུ་རྟེན་དང་། གོར་བུ་ལྔ་བརྒྱ་ལྔ་བརྒྱ་འཇོག་ཏུ་སྩལ་ཅིང་། འབྲས་སོག་མའི་སྦུབས་སུ་སྨིན་པ་དེ་ལྟ་བུས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་

བགྱིད་ལགས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ལན་གཉིས་ལན་གསུམ་དུ་ཡང་རྒྱལ་པོ་ཀྲྀ་ཀཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་སེམས་མངོན་པར་དད་པར་བྱས་པ་གང་ཡིན་པ་དེ་ཉིད་ཀྱིས་བྱས་ཟིན་པས་ཆོག་གོ། །
དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲྀ་ཀཱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་རིམ་གྲོ་བགྱིད་པ་དཔེར་ན་ད་ལྟར་གྱི་བདག་འདྲ་བ་གཞན་ཞིག་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་ཡོད་དེ། ཁྱོད་ཀྱི་ཡུལ་བཻ་བྷི་ཊིང་གའི་གྲོང་ཁྱེར་གྱི་གྲོང་རྡལ་
དེ་ན་རྫ་མཁན་དགའ་སྐྱོང་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ། ཆོས་དང་དགེ་འདུན་ལ་མངོན་པར་དད་པ། སངས་རྒྱས་ལ་སྐྱབས་སུ་སོང་བ། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ། སངས་རྒྱས་ལ་གཅིག་ཏུ་བྱེད་པ། ཆོས་དང་དགེ་འདུན་ལ་གཅིག་ཏུ་བྱེད་པ། སངས་
རྒྱས་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། བདེན་པ་མཐོང་བ། འབྲས་བུ་ཐོབ་ཅིང་རྟོགས་པ། ལོ་མ་དང་གཏུན་སྤངས་པ་ཞིག་གནས་ཏེ། དེ་གཞན་དུ་ན་
ཆུས་བརྐོས་པའམ། བྱི་བྲུན་མ་གཏོགས་པར་རང་གི་ལག་གིས་ས་མི་རྐོ་ཞིང་བརྐོར་མི་འཇུག་གོ། །དེ་ནས་ས་ལུས་ཀྱིས་བླངས་ནས་སྲོག་ཆགས་མེད་པའི་ཆུས་སྦྲུས་ཏེ། སྣོད་རྣམས་བྱས་ཤིང་མཐའ་གཅིག་ཏུ་བཞག་ནས་འདི་སྐད་ཅེས། འཕགས་པ་དག་ཚུར། བཞིན་བཟངས་
དག་ཚུར། ཏིལ་ལམ། འབྲས་སམ། མོན་སྲན་སྡེའུ་ལ་སོགས་པའམ། མོན་སྲན་གྲེའུ་ལ་སོགས་པ་མཐའ་གཅིག་ཏུ་ཞོག་ལ། ཁྱེད་གང་ཞིག་སྣོད་གང་དོན་དུ་གཉེར་བ་དེ་དེས་ལོང་ལ་དེང་ཤིག་ཅེས་སྨྲ་ཞིང་། དེས་དེ་ལས་ཕ་མ་ལོང་བ་གཉིས་གསོ་བ་དང་། ང་ལ་ཡང་དུས་དུས་སུ་བསོད་
སྙོམས་འབུལ་བར་བྱེད་དོ། །རྒྱལ་པོ་ཆེན་པོ་ང་དུས་གཅིག་གཅིག་ན་བཻ་བྷི་ཊིང་གའི་གྲོང་ཁྱེར་གྱི་གྲོང་རྡལ་ན་ཉེ་བར་རྟེན་ཅིང་བཞུགས་པ་ན་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་བཻ་བྷི་ཊིང་གའི་གྲོང་ཁྱེར་གྱི་གྲོང་རྡལ་དུ་བསོད་སྙོམས་ལ་ཞུགས་ཏེ། རིམ་

གྱིས་བསོད་སྙོམས་ལ་རྒྱུ་བ་ན་རྫ་མཁན་དགའ་སྐྱོང་གི་ཁྱིམ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་སྒོ་འཕར་ལ་མི་དྲག་པར་དལ་བུ་དལ་བུས་བརྡབས་པ་དང་། དེའི་ཚེ་རྫ་མཁན་དགའ་སྐྱོང་ནི་དགོས་པ་འགའ་ཞིག་གི་ཕྱིར་ཕྱི་རོལ་དུ་སོང་བར་གྱུར་ནས། རྫ་མཁན་དགའ་སྐྱོང་གི་ཕ་
མས་སྒོ་འཕར་བརྡབས་པའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྒོ་འཕར་ལ་མི་དྲག་པ་དལ་བུ་དལ་བུས་རྡེབས་པའི་འཕགས་པ་དེ་སུ་ཞིག །བཞིན་བཟངས་དེ་སུ་ཞིག་ཅེས་སྨྲས་སོ། །ངས་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་ཡང་དག་པར་རྫོགས་པའི་སངས་
རྒྱས་འོད་སྲུང་ཡིན་ཏེ་བསོད་སྙོམས་བཞེད་དོ། །དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ནང་དུ་སྤྱོན་ཅིག །བཞིན་བཟངས་དག་ནང་དུ་སྤྱོན་ཅིག །ཕྲུ་བ་འདི་རྣམས་ན་བཤོས་དྲོན་པོ་དང་། རྫེའུ་ན་སྲན་ཚོད་མཆིས་མོད་ཀྱི་ཁྱོད་ལ་བསྙེན་བཀུར་བགྱིད་པ་ནི་སླད་རོལ་དུ་
མཆིས་ལགས་ཀྱིས། གལ་ཏེ་བཞེད་ན་ཉིད་ཀྱིས་བཞེས་ཏེ་ཡོངས་སུ་ལོངས་སྤྱད་དུ་གསོལ། རྒྱལ་པོ་ཆེན་པོ་ངས་བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ནས་ཉིད་ཁོ་ནས་ཕྲུ་བའི་ནང་ནས་ཟན་དྲོན་དང་། རྫེའུ་ན་སྲན་ཚོད་ཡོད་པ་བླངས་ནས་ཡོངས་སུ་ལོངས་སྤྱད་དོ། །དེ་ནས་ཕྱི་ཞིག་
ནས་རྫ་མཁན་དགའ་སྐྱོང་འོངས་ནས་རྫ་མཁན་དགའ་སྐྱོང་གིས་ཕྲུ་བའི་ནང་ན་ཟན་དྲོན་དང་། རྫེའུ་ན་སྲན་ཚོད་ཡོད་པ་ཟོས་པར་མཐོང་ངོ་། །མཐོང་ནས་ཀྱང་ཕ་མ་ལོང་བ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ཕྲུ་བའི་ནང་ན་ཟན་དྲོན་དང་། རྫེའུ་ན་སྲན་ཚོད་མཆིས་པ་འདི་སུ་ཞིག་གིས་
གསོལ། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཁྱོད་སོང་ནས་རིང་པོ་མ་ལོན་པར་འདིར་སྒོ་འཕར་ལ་རྡེབས་པའི་སྒྲ་ཞིག་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །སྒོ་འཕར་ལ་མི་དྲག་པར་དལ་བུ་དལ་བུས་རྡེབས་པའི་འཕགས་པ་དེ་སུ་ཞིག །བཞིན་བཟངས་
དེ་སུ་ཞིག །དེས་འདི་སྐད་ཅེས། ང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡིན་ཏེ་བསོད་སྙོམས་བཞེད་དོ་ཞེས་གསུངས་ནས་དེ་ལ་འདི་སྐད་ཅེས། འཕགས་པ་ནང་དུ་སྤྱོན་ཅིག །བཞིན་བཟངས་ནང་དུ་སྤྱོན་ཅིག །ཕྲུ་བ་འདིའི་ནང་ན་བཤོས་དྲོན་པོ་དང་། རྫེའུ་ན་སྲན་ཚོད་མཆིས་མོད་

ཀྱི། ཁྱོད་ལ་བསྙེན་བཀུར་བགྱིད་པ་ནི་སླད་རོལ་དུ་མཆིས་ལགས་ཀྱིས་གལ་ཏེ་བཞེད་ན་ཉིད་ཀྱིས་བཞེས་ཏེ་ཡོངས་སུ་ལོངས་སྤྱད་དུ་གསོལ་ཞེས་གསོལ་པ་དང་། དེས་ཕྲུ་བའི་ནང་ན་ཟན་དྲོན་ཡོད་པ་དང་། རྫེའུ་ན་སྲན་ཚོད་ཡོད་པ་དེ་དག་གསོལ་བ་ལྟ་ཞིག །དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་
སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ལེགས་པར་བག་ཕབ་ཅིང་འདྲིས་པར་གྱུར་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་རིག་ནས་དགའ་བ་དང་བདེ་བ་དེ་ཉིད་ཀྱིས་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་འདས་པར་བྱས་སོ། །ཟླ་བ་ཕྱེད་ཀྱི་བར་དུ་ཡང་དེའི་ལྷན་ཅིག་
ལྡན་པའི་དྲན་པ་ལུས་མི་འདོར་ཞིང་དེ་རྟག་ཏུ་ལུས་ལ་བར་ཆད་མེད་པར་གནས་སོ། །ཞག་བདུན་གྱི་བར་དུ་ཕ་མའི་ཕྲུ་བ་ན་ཟན་དྲོན་པོ་ཡོད་པ་དང་། རྫེའུ་ན་སྲན་ཚོད་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲུ་བ་ན་ཡང་ཟན་དྲོན་ཡོད་ལ། རྫེའུ་ན་ཡང་སྲན་ཚོད་ཡོད་དོ། །རྒྱལ་པོ་ཆེན་པོ་ང་དུས་གཅིག་
ཅིག་ན་བཻ་བྷི་ཊིང་གའི་གྲོང་ཁྱེར་གྱི་གྲོང་རྡལ་དུ་ཉེ་བར་བརྟེན་ཏེ་དབྱར་བཞུགས་པར་ཞལ་གྱིས་བཞེས་པ་ལས་ང་ལ་དེར་ཐོག་མར་ལྷས་ཆར་ཕབ་པས་གཙུག་ལག་ཁང་ཟགས་པར་གྱུར་ཏོ། །དེའི་ཚེ་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་རྩྭ་སར་པས་གཡོགས་སོ། །ངས་དགེ་སློང་
ཞབས་འབྲིང་བྱེད་པ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་དེང་ལ་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་གཡོགས་པའི་རྩྭ་སར་པ་ཤུས་ལ་ངའི་གཙུག་ལག་ཁང་གཡོགས་ཤིག །དེ་རྣམས་ཀྱིས་བཀའ་བཞིན་འཚལ་ཞེས་ང་ལས་མཉན་ནས་རྫ་མཁན་དགའ་སྐྱོང་གི་
ལས་བྱེད་པའི་ཁང་པ་རྩྭ་སར་པས་གཡོགས་པ་འཆུ་བར་བྱེད་དོ། །དེའི་ཚེ་རྫ་མཁན་དགའ་སྐྱོང་དགོས་པ་འགའ་ཞིག་གི་ཕྱིར་ཕྱི་རོལ་དུ་སོང་བར་གྱུར་ཏོ། །རྫ་མཁན་དགའ་སྐྱོང་གི་ཕ་མ་ལོང་བས་ལས་ཀྱི་ཁང་པ་ཐོག་འཆུ་བའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རྫ་
མཁན་དགའ་སྐྱོང་གི་ལས་ཀྱི་ཁང་པ་རྩྭ་སར་པས་གཡོགས་པ་འཆུ་བའི་འཕགས་པ་དེ་སུ་ཞིག །བཞིན་བཟངས་དེ་སུ་ཞིག །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་འབྲིང་བ་དགེ་སློང་རྣམས་ཡིན་ཏེ། ཡང་དག་པར་

རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་དེར་ཐོག་མར་ལྷས་ཆར་ཕབ་པས་ཟགས་པར་གྱུར་ནས། ཁོ་བོ་ཅག་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་གཡོགས་པ་རྩྭ་སར་པ་བཤུས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་
གཡོག་གོ། །དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ལ་བསྙེན་བཀུར་བགྱིད་པ་ནི་སླད་རོལ་དུ་མཆིས་ལགས་ཀྱིས། འཕགས་པ་དག་སྣོམས་ཤིག །བཞིན་བཟངས་དག་སྣོམས་ཤིག །དེ་རྣམས་ཀྱིས་དེ་བཤུས་ཏེ་ངའི་གཙུག་ལག་ཁང་གཡོགས་སོ།། །།འདུལ་བ་གཞི།
བམ་པོ་དགུ་བཅུ་རྩ་བཞི་པ། དེ་ནས་ཕྱི་ནས་རྫ་མཁན་དགའ་སྐྱོང་འོངས་ནས་རྫ་མཁན་དགའ་སྐྱོང་གིས་ལས་ཀྱི་ཁང་པ་གཡོགས་པའི་རྩྭ་སར་པ་བཤུས་པར་མཐོང་ངོ་། །མཐོང་ནས་ཀྱང་ཕ་མ་ལོང་བ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ལས་ཀྱི་ཁང་པ་གཡོགས་པའི་རྩྭ་སར་
པ་དེ་རྣམས་སུ་ཞིག་གིས་བཤུས་ལགས། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཁྱོད་སོང་ནས་རིང་པོ་མ་ལོན་པར་འདིར་ལས་ཀྱི་ཁང་པ་གཡོགས་པའི་རྩྭ་སར་པ་འཆུ་བ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་ལས་ཀྱི་ཁང་པ་གཡོགས་པའི་རྩྭ་སར་པ་འཆུ་བའི་
འཕགས་པ་དེ་སུ་ཞིག །བཞིན་བཟངས་དེ་སུ་ཞིག་ཅེས་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས། ཁོ་བོ་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་འབྲིང་བ་དགེ་ས