Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ས་ཀྱི་སྤྱན་སྔར་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲགས་པ་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་ཏེ། འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་
གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་
བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་
སཱིའི་གྲོང་ཁྱེར་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་དྲང་སྲོང་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་སེམས་ཅན་ཐམས་ཅད་ལ་ཕན་པར་སེམས་པ་ཞིག་གནས་པ་དེ་བསོད་སྙོམས་ལ་ཞུགས་པ་ན་མི་རོ་ཞིག་མཐོང་ནས། དེ་དེ་ལ་ཞེན་པའི་སེམས་ཀྱིས་བསོད་སྙོམས་ལ་ཞུགས་ཏེ། བསོད་སྙོམས་སྤྱད་ནས་
སླར་ལོག་པ་དང་། ཇི་ཙམ་ན་མི་རོ་དེ་རྣམ་པར་སྡོས་ཤིང་རྣམ་པར་བམ་པར་འགྱུར་བ་བལྟས་པ་དང་། དེ་ཉིད་ཀྱི་མདུན་དུ་ཞིགས་ནས་དེས་དེ་ཉིད་དུ་འདོད་ཆགས་དང་བྲལ་བ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་གཞོན་ནུ་གྲགས་པ་འདི་ཉིད་
ཡིན་ཏེ། འདིས་དེ་ན་འདོད་ཆགས་དང་བྲལ་བ་བསྐྱེད་དེ། དེས་ན་ད་ལྟར་ཆུང་མའི་ནང་ན་འདུག་པ་ན་རྐྱེན་རྙེད་པ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་དང་

འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པས་དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་རྣམས་ནི་སྤངས་ལ་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།
དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཱ་རཱ་ཎ་སཱི་ན་ཁྱིམ་བདག་རིགས་ཀྱི་གཙོ་བོས་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ། རིགས་ཀྱི་
གཙོ་བོའི་བུ་དག་གིས་རིགས་ཀྱི་གཙོ་བོའི་བུ་གྲགས་པ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སངས་རྒྱས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་།
ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་རིགས་ཀྱི་གཙོ་བོའི་བུ་གྲགས་པ་རེ་ཞིག་ཤིན་ཏུ་གཞོན་པ་ཤིན་ཏུ་བདེ་བ་འདོད་པ་ཡང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་གིས། མ་ལ་བདག་ཅག་
གིས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེ་ནས་རིགས་ཀྱི་གཙོ་བོའི་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་
བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་རྣམས་བཱ་རཱ་ཎ་སཱི་ནས་བྱུང་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་རིགས་ཀྱི་གཙོ་བོའི་བུ་གཉིས་པ་དང་།
གསུམ་པ་དང་། བཞི་པ་དང་། ལྔ་པ་གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་ཅག་རབ་ཏུ་འབྱུང་བ་

དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་དེ་དག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་
ཐོབ་སྟེ། དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་དག་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོང་བར་གནས་པ་ན་གང་གི་ཕྱིར་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ཏེ་
གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་བདག་ཅག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་
བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་ཚེ་དང་ལྡན་པ་དེ་དག་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཀུན་ཤེས་པ་དང་ལྡན་པའི་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་བཅུ་དང་བཅུ་གཅིག་པ་ནི་བཅོམ་ལྡན་འདས་སོ། །བཱ་རཱ་ཎ་སཱིའི་གྲོང་མི་གཙོ་
བོ་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུས་རིགས་ཀྱི་གཙོ་བོའི་བུ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་སྟེ། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་
སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སངས་རྒྱས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་རིགས་ཀྱི་གཙོ་བོའི་བུ་དང་པོ་དང་།
གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་སྟེ། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ཏེ། རིགས་ཀྱི་གཙོ་བོའི་བུ་རྣམས་ནི་རེ་ཞིག་ཤིན་ཏུ་གཞོན་པ་ཤིན་ཏུ་བདེ་བ་འདོད་པ་ཡང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་

དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་གིས། མ་ལ་བདག་ཅག་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་བྱའོ་སྙམ་མོ། །དེ་ནས་གྲོང་གི་མི་གཙོ་བོ་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུ་པོ་དག་བཱ་རཱ་ཎ་
སཱི་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གྲོང་མི་གཙོ་བོ་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུ་པོ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་
ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ། དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་དག་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོང་བར་གནས་པ་ན་
གང་གི་ཕྱིར་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་ཅག་གི་སྐྱེ་བ་ཟད་དོ། །
ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་ཚེ་དང་ལྡན་པ་དེ་དག་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཀུན་ཤེས་པ་དང་ལྡན་པའི་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་དྲུག་བཅུ་དང་དྲུག་བཅུ་རྩ་གཅིག་པ་ནི་
བཅོམ་ལྡན་འདས་སོ། །དེ་ནས་བཅོམ་ལྡན་འདས་བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ལྷ་དང་མིའི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་

ཁྱེད་ཀྱང་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ཡང་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཆེད་དུ་རྒྱུ་ཞིང་དེང་ལ་ཁྱེད་གཉིས་
ཤིང་ནི་གཅིག་ཏུ་མ་འགྲོ་ཤིག །ང་ཡང་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ་དེར་རྒྱུ་ཞིང་གཤེགས་སོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་འདི་བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་འདུག་ནས་དེ་ཉན་ཐོས་རྣམས་ལ་འདི་སྐད་དུ་ཆོས་སྟོན་ཏོ། །དགེ་
སློང་དག་ང་ནི་ལྷ་དང་མིའི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱང་ལྷ་དང་མིའི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་ཞེས་བྱ་བ་ནས་རྒྱུ་ཞིང་དེང་ཤིག་ཅེས་བྱ་བའི་བར་དུ་སྟེ། ང་ཡང་ལྟེང་
རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བར་རྒྱུ་ཞིང་འགྲོའོ་ཞེས་ཟེར་གྱིས། མ་ལ་བདག་གིས་དེ་ལ་འདི་ལྟ་སྟེ། དཀྲུག་པའི་ལས་ཤིག་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་བྲམ་ཟེའི་ཁྱེའུའི་ཁ་དོག་ཏུ་བདག་ཉིད་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་
ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་ཚིགས་སུ་བཅད་པས་གསོལ་པ། མ་གྲོལ་གྲོལ་བར་འདུ་ཤེས་ན། །ཇི་ལྟར་བདག་ཉིད་གྲོལ་བར་སེམས། །བདག་གིས་དགེ་སྦྱོང་མ་བཀྲོལ་བས། །འཆིང་བ་ཆེན་པོས་བཅིངས་པ་ཡིན། །དེ་ནས་བཅོམ་ལྡན་འདས་འདི་སྙམ་
དུ་དགོངས་ཏེ། ཨེ་མའོ་འདི་ནི་བདུད་སྡིག་ཅན་ཡིན་ཏེ། འདི་ལྟ་སྟེ། དཀྲུག་པའི་ལས་ཀྱི་ཕྱིར་ཉེ་བར་འོངས་སོ་སྙམ་དུ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ནི་ལྷ་དང་མི་རྣམས་ཀྱི། །འཆིང་བ་གང་ཡིན་ཀུན་ལས་གྲོལ། །བར་ཆད་བྱེད་པ་ཁྱོད་བཅོམ་པར། །
སྡིག་ཅན་དེ་ལྟར་ཤེས་པར་གྱིས། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མའི་སེམས་ཀྱིས་བདག་གི་སེམས་ཤེས་སོ་སྙམ་དུ་རིག་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བ་ཡིད་ལ་གཅགས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལན་

གཉིས་སུ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱང་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་
དང་ཞེས་བྱ་བ་ནས་རྒྱུ་ཞིང་དེང་ཤིག་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །ང་ཡང་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ་དེར་གཤེགས་སོ། །བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལས་མཉན་ནས་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་
བཱ་རཱ་ཎ་སཱིར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་། གྲོང་ཁྱེར་སྡེ་ཅན་དུ་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་རས་བལ་ཅན་གྱི་ནགས་ཚང་ཚིང་གང་ན་བ་དེར་གཤེགས་ཏེ་བྱོན་ནས་ཤིང་ཞིག་གི་དྲུང་
དུ་བརྟེན་ཏེ་ཉིན་པར་གྱི་གནས་པས་བཞུགས་སོ། །དེའི་ཚེ་དྲུག་བཅུ་སྡེ་བཟང་པོའི་ཚོགས་གྲོང་ཁྱེར་སྡེ་ཅན་གྱི་ཕྱི་རོལ་དུ་ཉི་མ་རེ་རེ་ཞིང་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན། དེ་རྣམས་ལས་བུད་མེད་ཅིག་དམ་བཅས་པ་དྲལ་ཏེ་
བྲོས་སོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་བུད་མེད་དེ་ཚོལ་ཞིང་རས་བལ་ཅན་གྱི་ནགས་ཚང་ཚིང་གང་ན་བ་དེར་དོང་བ་དང་། དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་བཅོམ་ལྡན་འདས་མཛེས་པ། དད་པར་འོས་པ། བཟང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ། ཞི་བ་དང་
དུལ་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟ་བུར་གྱུར་པ། དཔལ་གྱིས་འབར་ཞིང་ཤིང་གི་དྲུང་ན་བརྟེན་ཏེ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིག་བུད་མེད་ཅིག་
གཟིགས་སམ། གཞོན་ནུ་དག་བུད་མེད་དེ་ཁྱེད་ཅག་གི་ཅིར་འོང་། བཙུན་པ་འདི་ནི་བདག་ཅག་གི་དྲུག་བཅུ་སྡེ་བཟང་པོའི་ཚོགས་གྲོང་ཁྱེར་སྡེ་ཅན་གྱི་སླད་རོལ་དུ་བུད་མེད་ཀྱིས་བགྱིས་པའི་རོལ་མོས་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་དེ། དེ་རྣམས་དང་བདག་

ཅག་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་པ་ན་བུད་མེད་ཅིག་དམ་བཅས་པ་དྲལ་ཏེ་བྲོས་ནས་བདག་ཅག་ཚོལ་ལགས་སོ། །གཞོན་ནུ་དག་ཇི་སྙམ་དུ་སེམས། བུད་མེད་ཚོལ་བ་གང་ཡིན་པ་དང་། བདག་ཉིད་ཚོལ་བ་གང་ཡིན་པ་གང་བདམ།
བཙུན་པ་བདག་ཅག་ལ་བུད་མེད་ཀྱིས་ཅི་བགྱི། བདག་ཅག་ནི་བདག་ཉིད་ཚོལ་བ་གང་ལགས་པ་དེ་འདམ་ལགས་སོ། །གཞོན་ནུ་དག་དེའི་ཕྱིར་འདུག་ཤིག་དང་ཁྱེད་ལ་ཆོས་བཤད་དོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་
ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ལ་ཆོས་དང་ལྡན་འདས་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་
བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་
པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་རྗེས་སུ་བསྔགས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་བཤད་དོ། །གང་གི་ཚེ་དེ་དག་བཅོམ་ལྡན་འདས་ཀྱིས་དགའ་བའི་སེམས་དང་། དགེ་བའི་སེམས་དང་། མགུ་བའི་སེམས་
དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་བཤད་པ་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་
དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དེ་རྒྱ་ཆེར་བཤད་དོ། །དཔེར་ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་པའི་ནང་དུ་བཅུག་ན་ཚོན་རྩི་ལེགས་པར་འཇེན་དུ་བཏུབ་པ་དེ་བཞིན་དུ་དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་

བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་ཀྱིས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་
རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་
བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་འཕགས་སོ། །མངོན་པར་འཕགས་སོ། །བདག་ཅག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་
སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་དྲུག་བཅུ་སྡེ་བཟང་པོའི་ཚོགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་
བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེའི་ཚེ་སེར་སྐྱའི་གཞི་ན་བྲམ་ཟེ་ལྷ་ཞེས་བྱ་བ་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། བཅོམ་ལྡན་འདས་ཀྱི་སྔོན་གྱི་ཐུགས་རག་པོར་གྱུར་པ་ཞིག་གནས་པ་དེ་དུས་གཞན་ཞིག་ན་གཉེན་ཟད། ནོར་ཟད། འབྱོར་པ་ཟད་པར་གྱུར་ཏོ། །
གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་དྲུག་བཅོམ་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དེའི་ཚེ་བྲམ་ཟེ་ལྷ་ཆུང་མ་དང་ལྷན་ཅིག་གྲོང་ཁྱེར་སྡེ་ཅན་དུ་འོངས་སོ། །བྲམ་ཟེ་ལྷས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ་ཞེས་ཐོས་ནས།
དེས་ཆུང་མ་ལ་སྨྲས་པ། བཟང་མོ་བཅོམ་ལྡན་འདས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ། འཁོར་ལོས་སྒྱུར་བའི་རིགས་སུ་འཁྲུངས་པའི་བཅོམ་ལྡན་འདས་དེ་ནི་གྲོང་ཁྱེར་སྡེ་ཅན་དུ་བསོད་སྙོམས་ལ་གཤེགས་ན་བདག་ཅག་གིས་བཅོམ་ལྡན་འདས་དེ་ལ་བསོད་སྙོམས་དབུལ་དུ་གང་གི་ཕྱིར་བདག་

གི་ཁྱིམ་ན་ཉི་མ་གཅིག་གི་ཁ་ཟས་ཀྱང་མེད་ཀྱིས། ངས་ཁྱོད་གཏར་བཅུག་སྟེ་ཀཱར་ཥཱ་པ་ཎ་ལྔ་ཞིག་སྐྱིན་པོར་བླང་ངོ་། །དེས་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །བྲམ་ཟེ་ལྷས་ཆུང་མ་བྲམ་ཟེ་ཞིག་ལ་གཏར་བཅུག་ནས་ཀཱར་ཥཱ་པ་ཎ་ལྔ་བཅོམ་ལྡན་འདས་བཤོས་
གསོལ་བའི་ཕྱིར་སྐྱིན་པོའི་ཚུལ་དུ་བླངས་སོ། །དེའི་ཆུང་མས་སྨྲས་པ། རྗེའི་སྲས་བདག་ནི་བྱང་ཆུབ་སེམས་དཔས་ལན་འགའ་ཡང་དྲི་མ་ཅན་དང་གོས་ངན་པ་གྱོན་པ་མ་གཟིགས་སོ། །བྲམ་ཟེ་ལྷས་ཁྱིམ་བདག་ཅིག་ལས་རྒྱན་རྣམས་བརྙས་ནས་ཆུང་མ་ལ་བསྐོན་ནོ། །དེ་ནས་བྲམ་ཟེ་
ལྷ་ཆུང་མ་དང་ལྷན་ཅིག་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ།
བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ལྷ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་བྲམ་ཟེ་ལྷའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བྲམ་ཟེ་ལྷས་བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས་ཆུང་མ་དང་ལྷན་ཅིག་
ཏུ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་
ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ལྷ་ལ་ཡོན་བསྔོ་བ་མཛད་ནས་གཤེགས་སོ། །དེའི་ཆུང་མས་རྒྱན་རྣམས་བཀྲོལ་ཏེ་བཞག་པ་དེ་མ་བྱིན་པར་
ལེན་པས་བརྐུས་སོ་ཞེས་བྲམ་ཟེ་ལྷས་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། འབྲོག་དགོན་པ་ཞིག་ཏུ་སོང་ནས་ང་ལ་རྒྱན་སྦྱིན་དུ་ག་ལ་ཡོད་གཞན་བྱར་མེད་ཀྱིས་བདག་འཆིའོ་སྙམ་པ་དང་། ཇི་ཙམ་ན་མི་ཞིག་གིས་དོང་བརྐོས་ནས་སོང་ངོ་། །བྲམ་ཟེ་ལྷ་ངོ་མཚར་སྐྱེས་ནས་

དེ་ན་ཅི་ཡོད་རེ་ཞིག་བལྟའོ་སྙམ་པ་ལས། ཇི་ཙམ་ན་རྒྱན་དེ་མཐོང་ནས་དེས་རྒྱན་བླངས་ཏེ་ཁྱིམ་དུ་འོངས་སོ། །ལྷའི་ཆུང་མ་ཡང་སྡུག་བསྔལ་ཞིང་ཡིད་མི་བདེ་བས་གདུངས་ནས་ཁྱིམ་ཕྱག་དར་བྱེད་པ་ན་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་ལྷ་རྣམས་ཀྱི་ལྷའི་མཐུས་ཇི་ཙམ་ན་
གསེར་གྱི་བུམ་པ་འཚེར་བག་ཅན་ཞིག་མཐོང་ངོ་། །ལྷས་དེ་ལ་དྲིས་པ། བཟང་མོ་འོ་ནི་ཅི་ཡིན། དེས་སྨྲས་པ། རྗེའི་སྲས་བདག་གིས་གསེར་གྱི་བུམ་པ་ཞིག་མཐོང་ངོ་། །དེས་ཀྱང་སྨྲས་པ། བཟང་མོ་ཁོ་བོས་ཀྱང་རྒྱན་དེ་མཐོང་ངོ་། །དེ་གཉིས་ཀྱིས་ལྷག་པར་ཡང་བཅོམ་ལྡན་
འདས་ལ་དད་པ་བསྐྱེད་དོ། །དེ་ལྟར་མངོན་པར་དད་པ་དང་བཅོམ་ལྡན་འདས་ཀྱིས་དེ་གཉིས་ཇི་ལྟར་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་པས་བྲམ་ཟེ་ལྷ་ཆུང་མ་དང་བཅས་ཏེ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་
ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ནུབ་མོ་འདས་ནས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་གྲོང་ཁྱེར་སྡེ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་སྡེ་ཅན་དུ་བསོད་
སྙོམས་ལ་ཞུགས་པ་ན་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་གྲོང་ཁྱེར་སྡེ་ཅན་དེར་ཐོག་མར་སུ་ཞིག་ལ་ཆོས་བཤད་སྙམ་པ་ལས། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཐོག་མར་ཆོས་བཤད་པར་བྱ་སྟེ། དེ་དག་
གིས་ང་སྔོན་གྱི་སྡུག་བསྔལ་སྤོང་བའི་རྣལ་འབྱོར་ལ་རྗེས་སུ་བརྩོན་པས་གནས་པ་ན་འདིས་མར་གསར་དང་འོ་ཐུག་སྦྲང་རྩི་ལྟར་མངར་བས་བསྙེན་བཀུར་བྱས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མའི་ཁྱིམ་གང་ན་བ་དེར་གཤེགས་སོ། །
གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་སྤྱོན། བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་

གདན་བཤམས་པ་འདི་ཉིད་ལ་བཞུགས་ཞེས་གསོལ་ནས་བཅོམ་ལྡན་འདས་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །དེ་ནས་གྲོང་བའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་
འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་
མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་
དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་རྗེས་སུ་བསྔགས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྒྱ་ཆེར་བཤད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དག་དགའ་བའི་སེམས་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་།
སྒྲིབ་པ་དང་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་བཤད་ན་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་
འབྱུང་བ་དང་། འགོག་པ་དང་། ལམ་དེ་རྒྱ་ཆེར་བཤད་དོ། །དཔེར་ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་པའི་ནང་དུ་བཅུག་ན་ཚོན་རྩི་ལེགས་པར་འཇེན་དུ་བཏུབ་པ་དེ་བཞིན་དུ་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཕགས་པའི་
བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །དེ་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། ཐེ་ཚོམ་

ལས་རྒལ་བ་དང་། སོམ་ཉི་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་འཕགས་སོ། །མངོན་པར་འཕགས་སོ། །བདག་ཅག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་
བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེའི་སླད་དུ་འདིར་ཞལ་ཟས་ཀྱི་མཛད་པ་མཛད་དུ་གསོལ་བཅོམ་ལྡན་འདས་ཀྱིས་གྲོང་པའི་བུ་མོ་དགའ་མོ་དང་།
དགའ་སྟོབས་མ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་པར་རིག་ཅིང་། བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་
ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ཏེ་ཕྱག་བཅབས་ཤིང་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་
ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་
པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་སྡེ་ཅན་ནས་གཤེགས་པ་ན་འདི་སྙམ་དུ་དགོངས་ཏེ། ངས་ཡུལ་མ་ག་དྷཱ་འདིར་ངང་ཚུལ་བཟང་པོར་བཀུར་བའི་དགེ་སྦྱོང་ངམ་བྲམ་ཟེ་གང་ཞིག་དབང་དུ་བྱས་ན་དེ་དབང་དུ་གྱུར་པས་

ཚེགས་ཆུང་ངུས་སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་འགྱུར་བ་སུ་ཞིག་ཡོད་སྙམ་མོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་རྒས་འཁོགས་གཏུགས་པ་ཞིག་ཡོད་པ་དེ་མ་ག་དྷཱའི་མི་རྣམས་ཀྱིས་བཀུར་སྟི་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་
བྱ་བ་དང་། མཆོད་པར་བྱ་བས་དགྲ་བཅོམ་པར་བཀུར་ཅིང་འཁོར་ལྔ་བརྒྱ་དང་ནཻ་རཉྫ་ནའི་ཀླུང་གི་འགྲམ་གྱི་བསྟི་གནས་ན་དཀའ་ཐུབ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་རྒས་འཁོགས་གཏུགས་པ་འདི་
མ་ག་དྷཱའི་མི་རྣམས་ཀྱིས་ཞེས་བྱ་བ་ནས་དཀའ་ཐུབ་སྤྱོད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། མ་ལ་ངས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་དབང་དུ་བྱས་ཏེ། འདི་དབང་དུ་གྱུར་ན་ཚེགས་ཆུང་ངུས་སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་
འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་དེར་གཤེགས་སོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །དགེ་སྦྱོང་ཆེན་པོ་ཚུར་སྤྱོན།
དགེ་སྦྱོང་ཆེན་པོ་བྱོན་པ་ལེགས་སོ། །དགེ་སྦྱོང་ཆེན་པོ་ཡུན་རིང་པོ་ཞིག་ལགས་ན་གང་ནས་འཁོར་ཏེ་འདིར་བྱོན། དགེ་སྦྱོང་ཆེན་པོ་གདན་བཤམས་པ་ཉིད་ལ་བཞུགས་ཤིག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ལྟེང་རྒྱས་
འོད་སྲུང་རལ་པ་ཅན་དང་། བཅོམ་ལྡན་འདས་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་མཛད་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་
ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན། ཁྱོད་ཀྱི་མེ་ཁང་དུ་བདག་ཞག་གཅིག་འདུག་གོ། །དགེ་སྦྱོང་ཆེན་པོ་བདག་ལ་ནི་མི་བདེ་བ་མ་མཆིས་ན། འོན་ཀྱང་དེ་ན་ཀླུ་གདུག་པ་ཞིག་གནས་ཏེ། དེས་ཁྱོད་ཐོ་བཙམས་པར་འགྱུར་དུ་མཆིའོ། །འོད་སྲུང་

ཁྱོད་ཀྱིས་རེ་ཞིག་གནང་བར་གྱིས་ཤིག་དང་ཐོ་བཙམས་པར་མི་འགྱུར་རོ། །དགེ་སྦྱོང་ཆེན་པོ་གལ་ཏེ་ཁྱོད་ལ་ཐོ་མི་བཙམ་ན་དགེ་སྦྱོང་ཆེན་པོ་ཅི་བདེ་བ་ཁོ་ནར་བཞུགས་ཤིག །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་མེ་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་ནས་མེ་ཁང་གི་
ཕྱི་རོལ་དུ་ཞབས་བསིལ་ནས་མེ་ཁང་གི་ནང་དུ་ཞུགས་ཏེ། ཉིད་ཀྱིས་རྩྭ་གདིང་བ་བཤམས་ནས་སྐུ་དྲང་པོར་བསྲང་སྟེ། སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ་བཞུགས་སོ། །ཀླུ་གདུག་པས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ཁྲོས་
པའི་མཐུས་དུད་པ་ཕྱུང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱི་མཐུས་དུད་པ་ཕྱུང་ངོ་། །ཀླུ་གདུག་པས་ཁྲོས་པའི་མཐུས་འབར་བར་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ན་ཀླུ་གདུག་པ་ཁྲོས་པའི་མཐུ་དང་། བཅོམ་ལྡན་
འདས་ཀྱི་རྫུ་འཕྲུལ་གྱི་མཐུས་མེ་ཁང་ཐམས་ཅད་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པས་སྲེག་པར་བྱེད་དོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་མཚན་མོ་རྒྱུ་སྐར་ལ་ལྟ་བ་ན་མེ་ཁང་ཐམས་ཅད་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་
གཅིག་ཏུ་གྱུར་ནས་སྲེག་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་ཆེན་པོ་འདི་ལྟར་མཛེས་པ། ཀླུ་གདུག་པས་ཐལ་བར་བྱས་པར་མ་གྱུར་གྲང་། ཀྱི་ཧུད་ཉོན་མོངས་པ་དག་གི་ཚིག་མ་ཉན་ཏོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་
ཏེ། ང་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་དང་བཅས་པ་ཆས་བཅད་ཀྱིས། མ་ལངས་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་ལ་སེམས་མཉམ་པར་བཞག་ན། མེས་ཀླུ་གདུག་པའི་མེ་ཟིལ་གྱིས་མནན་ལ་དེས་ཀྱང་དེའི་ལུས་ལ་གནོད་པར་མི་བྱེད་ཅིང་དེ་དུལ་བར་མཁྱེན་ནས་ལྷུང་
བཟེད་དུ་བཅུག་སྟེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ལ་སྦྱིན་པ་དེ་ལྟ་བུ་ཞིག་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་མཛད་པ་ལ་ཐུགས་མཉམ་པར་བཞག་ན་མེས་ཀླུ་གདུག་པའི་མེ་ཟིལ་གྱིས་མནན་ལ་དེས་ཀྱང་དེའི་ལུས་ལ་གནོད་པ་མི་བྱེད་པ་

དེ་ལྟ་བུ་མངོན་པར་འདུ་མཛད་དེ། དེ་དུལ་བར་མཁྱེན་ནས་ལྷུང་བཟེད་དུ་བཅུག་སྟེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་བསྣམས་ནས་གཤེགས་སོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གསོན་པ་ལྟ་ཞིག །འོད་སྲུང་གསོན་ནོ། །དགེ་སྦྱོང་ཆེན་པོ་ཁྱོད་ཀྱིས་ལྷུང་བཟེད་ན་བསྣམས་ཏེ་བྱོན་པ་ཅི། འོད་སྲུང་ཀླུ་གདུག་པ་གང་གི་མཐུས་ཁྱོད་ཀྱི་མེ་ཁང་དུ་མིར་གྱུར་པ་རྫུ་འཕྲུལ་དང་མི་ལྡན་པ་གནས་སུ་མི་སྟེར་
བ་དེ་ངས་བཏུལ་ནས་ལྷུང་བཟེད་དུ་བཅུག་ནས་ཁྱེར་ཏེ་འོངས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་
ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་མེ་ལ་ཡོངས་སུ་སྤྱོད་པ་རེ་རེའི་མེ་ཐབ་གསུམ་གསུམ་སྟེ་མེ་ཐབ་སྟོང་ལྔ་བརྒྱ་ཡོད་དོ། །དེ་ནས་བྲམ་
ཟེའི་ཁྱེའུ་དེ་རྣམས་མེ་ལ་ཡོངས་སུ་སྤྱོད་པར་འདོད་ན་མེ་དེ་སྤར་བར་མ་ནུས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །འདིར་
བདག་ཅག་ཞུགས་ལ་ཡོངས་སུ་སྤྱོད་པར་འཚལ་ན་ཞུགས་དེ་སྤར་བར་རྔོ་མ་ཐོག་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་བདག་གི་ཉེ་འཁོར་ན་གནས་པ་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་
ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛོད་ཅིག །འདིར་བདག་གི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་མེ་ལ་ཡོངས་སུ་སྤྱོད་པར་འཚལ་ན་མེ་དེ་སྤར་བར་རྔོ་མ་ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་

ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་བགྱིད་དོ། །འོད་སྲུང་མེ་དེ་སྦར་བར་འདོད་དམ། དགེ་སྦྱོང་ཆེན་པོ་སྦར་དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་དེ་རང་ཉིད་འབར་བར་གྱུར་
ཏོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་
ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་མེ་ལ་ཡོངས་སུ་སྤྱད་ནས་མེ་བསད་པར་འདོད་ན་མེ་བསད་པར་མ་ནུས་སོ། །བྲམ་ཟེའི་ཁྱེའུ་དེ་རྣམས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་སོང་སྟེ་ལྷགས་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་
སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །འདིར་བདག་ཅག་ཞུགས་ལ་ཡོངས་སུ་སྤྱད་ནས་ཞུགས་དགུམ་པར་འཚལ་ན་དགུམ་པའི་རྔོ་མ་ཐོག་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་བདག་གི་ཉེ་འཁོར་ན་
གནས་པ་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་གི་བྲམ་ཟེའི་ཁྱེའུ་
རྣམས་ཞུགས་ལ་ཡོངས་སུ་སྤྱད་ནས་ཞུགས་དགུམ་པར་འཚལ་ན་དགུམ་པར་རྔོ་མ་ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་མ་བྱུང་གྲང་སྙམ་བགྱིད་དོ། །འོད་སྲུང་མེ་དེ་བསད་དམ། དགེ་སྦྱོང་ཆེན་པོ་དགུམ་
དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་དེ་རང་ཉིད་ཤིའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་

ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་དུས་གཞན་ཞིག་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་རང་ཉིད་མེ་ལ་ཡོངས་སུ་སྤྱོད་པར་འདོད་ན་སྤར་
བར་མ་ནུས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་གནས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་ཉིད་ཞུགས་ལ་ཡོངས་སུ་སྤྱོད་པར་འཚལ་ན་སྤར་བར་རྔོ་མ་ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་
གྲང་སྙམ་བགྱིད་དོ། །འོད་སྲུང་མེ་དེ་སྤར་བར་འདོད་དམ། དགེ་སྦྱོང་ཆེན་པོ་སྤར་དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་དེ་རང་ཉིད་འབར་བར་གྱུར་ཏོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་
སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་དུས་
གཞན་ཞིག་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་རང་ཉིད་མེ་ལ་ཡོངས་སུ་སྤྱད་ནས་མེ་བསད་པར་འདོད་ན་བསད་པར་མ་ནུས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་གནས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་མོ། །དེ་
ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་ཉིད་ཞུགས་ལ་ཡོངས་སུ་སྤྱད་ནས་ཞུགས་དགུམ་པར་འཚལ་ན་དགུམ་པའི་རྔོ་མ་

ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་བགྱིད་དོ། །དྲང་སྲོང་མེ་དེ་བསད་དམ། དགེ་སྦྱོང་ཆེན་པོ་དགུམ་དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་
རྣམས་ཀྱི་ལྷའི་མཐུས་མེ་དེ་རང་ཉིད་ཤིའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་
འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་དུས་གཞན་ཞིག་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་མེ་ཁང་ཐམས་ཅད་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་དེ་ལ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་
དང་བཅས་པ་དང་། གཞན་ཡང་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱིས་བསྒྲིམས་ཀྱང་བསད་མ་ནུས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་གནས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་
སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། དགེ་སྦྱོང་ཆེན་པོ་འདིར་བདག་གི་མེ་ཁང་ཐམས་ཅད་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་
སྲེག་པར་བགྱིད་པ་དེ་ལ་བདག་འཁོར་དང་བཅས་པ་དང་། གཞན་ཡང་སྐྱེ་བོའི་ཚོགས་ཆེན་པོས་བསྒྲིམས་ན་ཞུགས་དགུམ་པའི་རྔོ་མ་ཐོག་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་འཁོར་ན་དགེ་སྦྱོང་ཆེན་པོ་བཞུགས་ན་དེའི་མཐུ་ཞིག་བྱུང་བར་མ་གྱུར་གྲང་སྙམ་བགྱིད་དོ། །འོད་
སྲུང་མེ་ཁང་དེ་ཞི་བར་བྱ་འམ་དགེ་སྦྱོང་ཆེན་པོ་ཞི་བར་མཛད་དུ་གསོལ། དེ་ནས་འདི་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་ཁང་དེ་རང་ཉིད་ཞི་བར་གྱུར་ཏོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་

སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ།། །།འདུལ་བ་གཞི། བམ་པོ་བརྒྱད་བཅུ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་
ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། དེ་རྣམས་དཔེར་ན་མེའི་ཕུང་པོ་འབར། རབ་ཏུ་འབར།
ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་བཞི་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་གོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ཉིད་ཀྱི་མཚན་མོ་རྒྱུ་སྐར་རྣམས་ལ་བལྟ་བ་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་
འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་བཞི་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ། འདི་ལྟར་དེའི་སྤྱན་སྔ་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་
བཞི་ཡོད་དོ་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ནང་པར་སྔར་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་མདང་སུམ་བདག་རྒྱུ་སྐར་རྣམས་
ལ་བལྟ་བ་ན་དགེ་སྦྱོང་ཆེན་པོའི་སྤྱན་སྔ་ན་ཞུགས་ཀྱི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཏེ་སྲེག་པར་བྱེད་པ་བཞི་མཐོང་ངོ་། །མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། །དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ། འདི་ལྟར་དེའི་སྤྱན་
སྔ་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བགྱིད་པ་བཞི་མཆིས་སོ་སྙམ་མོ། །འོད་སྲུང་ཅིང་མེ་ལ་ཡོངས་སུ་སྤྱོད་དམ། ང་མེ་ལ་ཡོངས་སུ་མི་སྤྱོད་དེ། དེ་ལྟ་མོད་ཀྱི་འདིར་མདང་སུམ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཁ་དོག་འཕགས་

པས་མཚན་མོ་ལ་བབ་པ་ནང་གང་ན་བ་དེར་འོངས་ཏེ་ལྷགས་ནས། ངའི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དེ་རྣམས་དཔེར་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་བཞི་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་པ་ཡིན་
ནོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་
ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། དེ་དཔེར་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་
རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་བཞི་པོ་དེ་དག་བས་ཀྱང་ཆེས་ལྷག་ཅིང་ཆེས་འཕགས་ལ་ཆེས་བཟང་བ་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་གོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ཉིད་ཀྱི་མཚན་མོ་རྒྱུ་སྐར་རྣམས་ལ་བལྟ་བ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེའི་ཕུང་པོ་ཆེན་
པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ། འདི་ལྟར་དེའི་མདུན་ན་མེའི་ཕུང་པོ་ཆེན་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་
འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་པ་ཞིག་ཡོད་དོ་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་
གསོལ། འདིར་བདག་མདང་སུམ་རྒྱུ་སྐར་རྣམས་ལ་བལྟ་བ་ན་དགེ་སྦྱོང་ཆེན་པོའི་སྤྱན་སྔ་ན་ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བགྱིད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་དུ་སེམས་ཏེ། དགེ་

སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ། འདི་ལྟར་དེའི་སྤྱན་སྔ་ན་མེའི་ཕུང་པོ་ཆེན་པོ་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བགྱིད་པ་ཞིག་མཆིས་སོ་སྙམ་མོ། །འོད་སྲུང་ཅིང་མེ་ལ་ཡོངས་སུ་སྤྱོད་དམ། ང་མེ་ལ་ཡོངས་
སུ་མི་སྤྱོད་དེ། དེ་ལྟ་མོད་ཀྱི་འདིར་མདང་སུམ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ནང་གང་ན་བ་དེར་འོངས་ཏེ་ཕྱིན་ནས་ངའི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། དེ་དཔེར་ན་མེའི་ཕུང་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་
ནས་སྲེག་པ་བཞི་པོ་དེ་དག་པས་ཀྱང་ཆེས་ལྷག་ཅིང་ཆེས་འཕགས་ལ་ཆེས་བཟང་བ་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་པ་ཡིན་ནོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་
མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་བཅོམ་ལྡན་འདས་གང་ན་བ་
དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། དཔེར་ན་མེའི་ཕུང་པོ་བཞི་པོ་དེ་དག་ཉིད་སྔ་མ་བཞིན་དུ་སྲེག་པ་ཞེས་བྱ་བ་ནས་མེའི་ཕུང་པོ་ལྔ་པ་དེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བྱེད་དོ་ཞེས་བྱ་བའི་བར་དེ་དག་པས་ཀྱང་ཆེས་ལྷག་ཅིང་ཆེས་འཕགས་
ལ་ཆེས་བཟང་བ་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་གོ །ལྟེང་རྒྱས་འོད་སྲུང་རལ་པ་ཅན་དེ་ཉིད་ཀྱི་མཚན་མོ་རྒྱུ་སྐར་རྣམས་ལ་བལྟ་བ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མེའི་ཕུང་པོ་ཆེན་པོ་འབར་རབ་ཏུ་འབར་བ་ཞེས་བྱ་བ་ནས་སྲེག་པར་བྱེད་པ་ཞེས་བྱ་བའི་བར་ཞིག་མཐོང་ངོ་། །
མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། །དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ། འདི་ལྟར་དེའི་མདུན་དུ་མེའི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནས་སྲེག་པར་བྱེད་པའི་བར་ཞིག་ཡོད་དོ་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་གང་

ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་མདང་སུམ་རྒྱུ་སྐར་རྣམས་ལ་བལྟ་བ་ན་དགེ་སྦྱོང་ཆེན་པོའི་སྤྱན་སྔ་ན་ཞུགས་ཀྱི་ཕུང་པོ་ཆེན་པོ་འབར་བ་ཞེས་བྱ་བ་ནས་སྲེག་པར་བྱེད་པ་ཞེས་བྱ་བའི་བར་ཞིག་
མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་ཡང་མེ་ལ་ཡོངས་སུ་སྤྱོད་དེ། འདི་ལྟར་དེའི་སྤྱན་སྔ་ན་མེའི་ཕུང་པོ་ཆེན་པོ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པར་བགྱིད་པ་ཞིག་མཆིས་སོ་སྙམ་མོ། །འོད་
སྲུང་ཅིང་མེ་ལ་ཡོངས་སུ་སྤྱོད་དམ། ང་མེ་ལ་ཡོངས་སུ་མི་སྤྱོད་དེ། དེ་ལྟ་མོད་ཀྱི་འདིར་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པ་ཁ་དོག་འཕགས་པས་མཚན་མོ་ལ་བབ་པ་ན་ང་གང་ན་བ་དེར་འོངས་ཏེ་ཕྱིན་ནས། ངའི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། དེ་དཔེར་ན་མེའི་ཕུང་པོ་
འབར་རབ་ཏུ་འབར་བ་བཞི་པོ་དེ་དག་ནས་སྔ་མ་བཞིན་དུ་མེའི་ཕུང་པོ་ཆེན་པོ་ལྔ་པ་དེ་འབར་བ་ནས་མེ་ལྕེ་གཅིག་ཏུ་གྱུར་པ་ནས་སྲེག་པར་བྱེད་པའི་བར་གོང་མ་བཞིན་དུ་སྟེ། དེ་དག་པས་ཀྱང་ཆེས་ལྷག་ཅིང་ཆེས་འཕགས་ལ་ཆེས་བཟང་བ་ལྟ་བུའི་ལུས་ཀྱིས་ཕྱོགས་གཅིག་ཏུ་འདུག་པ་ཡིན་ནོ། །
དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་གཽ་ཏ་མ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་
ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་འདུག་གནས་ན་མཆོད་སྦྱིན་ཞག་བདུན་པ་བྱེད་པ་ལ་བབ་བོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། གལ་ཏེ་མ་ག་དྷཱའི་མི་རྣམས་ཀྱིས་དགེ་སྦྱོང་ཆེན་པོ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་
འདི་ལྟར་མཐུ་ཆེ་བ་ཡིན་པར་ཤེས་ན་དེ་ཉིད་ལ་བྱ་བ་བྱེད་པར་སེམས་ཀྱི། བདག་ལ་ནི་དེ་ལྟར་མ་ཡིན་པའི་གནས་འདི་ཡོད་ཀྱིས། ཀྱེ་མ་དགེ་སྦྱོང་ཆེན་པོ་ཞག་བདུན་ཞིག་འདི་ནས་གཞན་དུ་སོང་ཡང་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་

ཅན་གྱི་སེམས་མཁྱེན་ནས་ཞག་བདུན་གཞན་དུ་བཞུད་དོ་དེའི་ཚེ་ཞག་བདུན་དུ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་ནས། བཟའ་བ་དང་བཅའ་བ་རབ་ཏུ་མང་པོ་དང་ལྡན། སྐྱེ་བོའི་ཚོགས་ཆེན་པོ་ཡང་དབང་དུ་གྱུར་ཏོ། །དེ་ནས་ལྟེང་རྒྱས་འོད་སྲུང་
རལ་པ་ཅན་གྱི་འདུག་གནས་ན་མཆོད་སྦྱིན་དེ་ཞག་བདུན་དུ་བྱས་ཟིན་ནས་འདི་སྙམ་དུ་སེམས་ཏེ། འདིར་བདག་ལ་ཞག་བདུན་དུ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་ཞིང་བཟའ་བ་དང་བཅའ་བ་རབ་ཏུ་མང་པོ་དང་ཡང་ལྡན། སྐྱེ་བོའི་ཚོགས་ཆེན་པོ་ཡང་དབང་དུ་གྱུར་གྱིས། ཀྱེ་མ་ད་ནི་དགེ་སྦྱོང་ཆེན་
པོ་འོངས་ཀྱང་ཅི་མ་རུང་། བདག་གིས་དེ་ཡང་དེ་ལ་ལོངས་སྤྱོད་དུ་གཞུག་གོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་སེམས་མཁྱེན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་གཤེགས་སོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་
བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བྱོན་ཏམ། འོད་སྲུང་འོངས་སོ། །དགེ་སྦྱོང་ཆེན་པོ་ཁྱོད་ཅིའི་སླད་དུ་ཞག་བདུན་འདི་ནས་གཞན་དུ་བཞུད་ལགས། འོད་སྲུང་ཁྱོད་ཀྱི་འདུག་གནས་ན་མཆོད་
སྦྱིན་ཞག་བདུན་དུ་བྱེད་པ་ལ་བབ་ནས་འདི་སྙམ་དུ། གལ་ཏེ་མ་ག་དྷཱའི་མི་རྣམས་ཀྱིས་དགེ་སྦྱོང་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་ཡིན་པར་ཤེས་ན་དེ་ཁོ་ན་ལ་བྱ་བ་བྱེད་པར་སེམས་ཀྱི། བདག་ལ་ནི་དེ་ལྟ་མ་ཡིན་པའི་གནས་འདི་ཡོད་པར་འགྱུར་གྱིས། ཀྱེ་མ་དགེ་སྦྱོང་
ཆེན་པོ་ཞག་བདུན་ཞིག་འདི་ནས་གཞན་དུ་སོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་མ་ཡིན་ནམ། ངའི་ཐུགས་ཀྱིས་ཁྱོད་ཀྱི་སེམས་ཤེས་ནས་ཞག་བདུན་འདི་ནས་གཞན་དུ་སོང་ངོ་། །འོ་ན་ཅིའི་སླད་དུ་འདིར་བྱོན་ལགས། འོད་སྲུང་ཁྱོད་ཀྱིས་མཆོད་སྦྱིན་ཞག་བདུན་དུ་བྱས་ཟིན་ནས་འདི་སྙམ་
དུ་བདག་ལ་ཞག་བདུན་དུ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་ཞིང་བཟའ་བ་དང་བཅའ་བ་རབ་ཏུ་མང་པོ་དང་ཡང་ལྡན། སྐྱེ་བོའི་ཚོགས་ཆེན་པོ་ཡང་དབང་དུ་གྱུར་གྱིས། ཀྱེ་མ་དགེ་སྦྱོང་ཆེན་པོ་འོངས་ཀྱང་ཅི་མ་རུང་། བདག་གིས་དེ་ཡང་དེ་ལ་ཡོངས་སུ་ལོངས་སྤྱོད་དུ་གཞུག་གོ་སྙམ་དུ་

སེམས་པ་མ་ཡིན་ནམ། དགེ་སྦྱོང་ཆེན་པོ་དེ་ལྟ་ལགས་སོ། །ངའི་ཐུགས་ཀྱིས་ཁྱོད་ཀྱི་སེམས་ཤེས་ནས་ང་འོངས་པ་ཡིན་ནོ། །དགེ་སྦྱོང་ཆེན་པོ་ཅི་བདེ་ཁོ་ནར་ལོངས་སྤྱད་དུ་གསོལ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་
འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་དེའི་སླད་དུ་བདག་གི་ཉེ་འཁོར་དུ་བཞུགས་ཤིག་དང་བདག་གིས་ཁྱོད་ལ་ཆོས་དང་མཐུན་པའི་འཚོ་བ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་
གྱིས་བཅོམ་ལྡན་འདས་ཀྱི་ཆེད་དུ་རང་ཁོ་ནས་གཡོས་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གདུགས་ཚོད་ལགས་ཤིང་མཆིས་ན། དགེ་སྦྱོང་ཆེན་པོ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ།
འོད་སྲུང་དེའི་ཕྱིར་སོང་ཤིག་ང་ཡང་འོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་འཛམ་བུ་ཞེས་བྱ་བ་གང་གིས་འཛམ་བུའི་གླིང་དུ་གདགས་པ་དེ་ལས་ཁ་དོག་དང་དྲི་དང་རོ་དང་ལྡན་
པའི་འཛམ་བུའི་སྙེ་མ་རྣམས་ཀྱིས་ལྷུང་བཟེད་བཀང་ནས་བསྣམས་ཏེ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་དེར་གཤེགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་དེའི་འོག་ཏུ་ལྟེང་རྒྱས་འོད་སྲུང་
རལ་པ་ཅན་འོངས་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་བསྟི་གནས་ཀྱི་གདན་བཤམས་པ་ཉིད་ལ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བྱོན་ཏམ། འོད་སྲུང་འོངས་སོ། །དགེ་སྦྱོང་ཆེན་པོ་ཁྱོད་ཀྱི་ལྷུང་བཟེད་

ན་ཅི་མཆིས། འདིར་ངས་འོད་སྲུང་ཁྱོད་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་འཛམ་བུ་ཞེས་བྱ་བ་གང་གིས་འཛམ་བུའི་གླིང་དུ་གདགས་པ་དེ་ལས་ཁ་དོག་དང་། དྲི་དང་། རོ་དང་ལྡན་པའི་འཛམ་བུའི་སྙེ་མ་རྣམས་ཀྱིས་
ལྷུང་བཟེད་བཀང་ནས་འདིར་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱིས། གལ་ཏེ་འདོད་ན་ལོངས་སྤྱོད་ཅིག །དགེ་སྦྱོང་ཆེན་པོ་ཅི་བདེ་ཁོ་ནར་འཚལ་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་
ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །འཛམ་བུའི་སྙེ་མ་ཇི་ལྟ་བར་སྐྱུ་རུ་རའི་སྙེ་མ་རྣམས་ཀྱང་དེ་བཞིན་ནོ། །བྱང་གི་སྒྲ་མི་སྙན་གྱི་གླིང་དུ་གཤེགས་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུས་ལྷུང་བཟེད་བཀང་སྟེ་བསྣམས་
ནས། ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་དེའི་འོག་ཏུ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འོངས་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་བསྟི་གནས་ཀྱི་གདན་བཤམས་
པ་ཉིད་ལ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བྱོན་ཏམ། འོད་སྲུང་འོངས་སོ། །དགེ་སྦྱོང་ཆེན་པོ་ཁྱོད་ཀྱི་ལྷུང་བཟེད་ན་ཅི་མཆིས། འདིར་ངས་འོད་སྲུང་ཁྱོད་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ཇི་ལྟར་ཐུགས་མཉམ་པར་བཞག་
ན་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་གཤེགས་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུས་ལྷུང་བཟེད་བཀང་ནས་འདིར་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱིས། གལ་ཏེ་འདོད་ན་ལོངས་སྤྱོད་ཅིག །དགེ་སྦྱོང་ཆེན་པོ་ཅི་བདེ་ཁོ་ནར་འཚལ་ལགས་སོ། །དེ་ནས་ལྟེང་
རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་དང་། སུམ་བཅུ་རྩ་གསུམ་པའི་གནས་སུ་གཤེགས་ནས་ལྷའི་བདུད་

རྩིས་ལྷུང་བཟེད་བཀང་ནས་བསྣམས་ཏེ་ཞེས་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ཀྱི་ཆེད་དུ་རང་ཉིད་ཀྱིས་གཡོས་བྱས་ནས་
བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གདུགས་ཚོད་ལགས་ཤིང་མཆིས་ན། དགེ་སྦྱོང་ཆེན་པོ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་
ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་
བཟའ་བ་དང་བཅའ་བས་ལྷུང་བཟེད་བཀང་ནས་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལས་བསོད་སྙོམས་བཞེས་ནས་ཕྱོགས་གཞན་ཞིག་ཏུ་བཞུགས་ནས་ཞལ་ཟས་ཀྱི་བྱ་བ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཆུས་ཆུའི་དགོས་པ་ཞིག་བྱུང་
ངོ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཆུས་ཆུའི་དགོས་པ་བྱུང་བར་ཤེས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལག་པས་ས་ལ་བསྣུན་པ་དང་། དེ་ནས་བཀོད་མ་ཆེན་པོ་ཞིག་བྱུང་སྟེ། ཆུ་བབ་
པ་དེ་ལ་བཅོམ་ལྡན་འདས་ཀྱིས་ཆུས་ཆུའི་བྱ་བ་མཛད་དོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་བསྟི་གནས་ན་འཆག་པ་ན་བཀོད་མ་ཆེན་པོ་བྱུང་སྟེ་ཆུ་བབ་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཆུ་འདི་སྔོན་ནི་མེད་ན་འདི་ད་ལྟར་གང་ནས་བབ་སྙམ་མོ། །དེ་ནས་ལྟེང་
རྒྱས་འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། བདག་འདིར་བསྟི་གནས་ན་འཆག་པ་ན་བཀོད་མ་ཆེན་པོའི་ཆབ་ཅིག་མཐོང་ངོ་། །མཐོང་ནས་ཀྱང་འདི་

སྙམ་དུ་སེམས་ཏེ། ཆུ་འདི་སྔོན་ནི་མ་མཆིས་ན་ད་ལྟར་ཆུ་འདི་གང་ནས་བབ་སྙམ་བགྱིད་དོ། །འོད་སྲུང་རལ་པ་ཅན་འདིར་ཁྱོད་ལས་ངས་བསོད་སྙོམས་བཞེས་ནས་ཕྱོགས་འདིར་ཞུགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛད་པ་ན་ང་ལ་ཆུས་ཆུའི་དགོས་པ་ཞིག་བྱུང་ངོ་། །དེ་ནས་ལྷ་རྣམས་
ཀྱི་དབང་པོ་བརྒྱ་བྱིན་གྱིས་ང་ལ་ཆུས་ཆུའི་དགོས་པ་བྱུང་བར་ཤེས་ནས་ཕྱོགས་འདིར་ལག་པ་ས་ལ་བསྣུན་པ་ལས། དེ་ནས་བཀོད་མ་ཆེན་པོ་བྱུང་བ་དེ་ལ་ངས་ཆུས་ཆུའི་བྱ་བ་མཛད་དོ། །འོད་སྲུང་རྫིང་འདི་ནི་ལག་པས་བརྐོས་པ་ཞེས་བྱའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་
དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེ་ནས་བཅོམ་ལྡན་
འདས་ཕྱི་འབྲེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རྫིང་ལག་པས་བརྐོས་པ་གང་ན་བ་དེར་གཤེགས་ཏེ་བྱོན་ནས། རྫིང་ལག་པས་བརྐོས་པའི་འགྲམ་གྱི་མཐའ་གཅིག་ཏུ་ན་བཟའ་ཆོས་གོས་རྣམས་བཞག་སྟེ། རྫིང་ལག་པས་བརྐོས་པར་ཞུགས་ནས་སྐུ་ཁྲུས་མཛད་ནས་རྫིང་ལག་
པས་བརྐོས་པ་ནས་འབྱུང་བར་བཞེད་པ་ན་ཤིང་ཨརྫུ་ན་གང་ན་བ་དེ་ལོགས་སུ་ཕྱག་བརྐྱང་ངོ་། །དེ་ནས་ཨརྫུ་ནའི་ཡལ་ག་ཆེན་པོ་འདུད་པར་གྱུར་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་བཟུང་ནས་རྫིང་ལག་པས་བརྐོས་པ་ནས་བྱུང་ངོ་། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་བསྟི་གནས་ན་འཆག་པ་
ན་རྫིང་ལག་པས་བརྐོས་པའི་འགྲམ་ན་ཨརྫུ་ནའི་ཡལ་ག་ཆེན་པོ་འདུད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཨརྫུ་ནའི་ཡལ་ག་འདི་སྔོན་ནི་འདུད་པར་མ་གྱུར་ན། ཨརྫུ་ནའི་ཡལ་ག་ཆེན་པོ་འདི་ད་སུ་ཞིག་གིས་བཏུད་སྙམ་མོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་
པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། བདག་འདིར་བསྟི་གནས་ན་འཆག་པ་ན་རྫིང་ལག་པས་བརྐོས་པའི་འགྲམ་ན་ཨརྫུ་ནའི་ཡལ་ག་ཆེན་པོ་འདུད་པ་མཐོང་ངོ་། །

མཐོང་ནས་ཀྱང་བདག་འདི་སྙམ་དུ་སེམས་ཏེ། ཨརྫུ་ནའི་ཡལ་ག་ཆེན་པོ་འདི་སྔོན་ནི་འདུད་པར་མ་གྱུར་ན། ད་འདི་སུ་ཞིག་གིས་བཏུད་སྙམ་བགྱིད་དོ། །འོད་སྲུང་ང་འདིར་ཕྱི་འབྲེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རྫིང་ལག་པས་བརྐོས་པ་གང་ན་བ་དེར་གཤེགས་ཏེ་བྱོན་ནས།
རྫིང་ལག་པས་བརྐོས་པའི་འགྲམ་གྱི་མཐའ་གཅིག་ན་ན་བཟའ་ཆོས་གོས་རྣམས་བཞག་སྟེ་རྫིང་ལག་པས་བརྐོས་པར་ཞུགས་ཏེ། ལུས་ཁྲུས་བྱས་ནས་རྫིང་ལག་པས་བརྐོས་པ་ནས་འབྱུང་བར་འདོད་ནས་ཤིང་ཨརྫུ་ན་འདི་གང་ན་བ་དེ་ལོགས་སུ་ལག་པ་བརྐྱང་བ་དང་། དེ་ནས་
ཨརྫུ་ནའི་ཡལ་ག་ཆེན་པོ་འདི་འདུད་པར་གྱུར་ཏེ། དེ་ལ་ང་འཇུས་ནས་རྫིང་ལག་པས་བརྐོས་པ་ནས་བྱུང་ངོ་། །འོད་སྲུང་ཤིང་འདི་ནི་ཨརྫུ་ན་ལག་པས་བཟུང་བ་ཞེས་བྱའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་
ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་
བརྙེས་ནས། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངའི་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་གང་དུ་བཀྲུ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ནས་བྲག་ཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་ཞིག་བླངས་
ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་འདི་ལ་བཀྲུ་བར་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་བཀྲུས་སོ། །
དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངའི་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་གང་དུ་དགྲམ་སྙམ་པ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ནས། བྲག་ཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་ཞིག་ཁྱེར་ནས་

བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་དགྲམ་དུ་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་
བཀྲམ་མོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་བསྟི་གནས་ན་འཆག་པ་ན་རྡོ་ལེབ་ཆེ་ལ་རིང་བ་དག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། རྡོ་ལེབ་ཆེ་ལ་རིང་བ་འདི་དག་སྔོན་ནི་མེད་ན་རྡོ་ལེབ་ཆེ་ལ་རིང་བ་འདི་དག་ད་སུ་ཞིག་གིས་ཁྱེར་ཏེ་འོངས་སྙམ་མོ། །དེ་ནས་ལྟེང་རྒྱས་
འོད་སྲུང་རལ་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་མཁྱེན་པར་མཛད་དུ་གསོལ། འདིར་བདག་བསྟི་གནས་ན་འཆག་པ་ན་རྡོ་ལེབ་ཆེ་ལ་རིང་བ་དག་ཅིག་མཐོང་ངོ་། །མཐོང་ནས་ཀྱང་བདག་
འདི་སྙམ་དུ་སེམས་ཏེ། རྡོ་ལེབ་ཆེ་ལ་རིང་བ་འདི་དག་སྔོན་ནི་མ་མཆིས་ན་རྡོ་ལེབ་ཆེ་ལ་རིང་བ་འདི་དག་ད་སུ་ཞིག་གིས་འཚལ་ཏེ་མཆིས་སྙམ་བགྱིད་དོ། །འོད་སྲུང་འདིར་ངས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་ཅིག་བརྙེས་སོ། །དེ་ནས་ང་འདི་སྙམ་དུ་དགོངས་ཏེ། ཕྱག་དར་ཁྲོད་པའི་ཤ་
ནའི་རས་གང་དུ་བཀྲུ་སྙམ་པ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་ངའི་དགོངས་པ་ཤེས་ནས་བྲག་ཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་ཞིག་བླངས་ཏེ། ང་གང་ན་བ་དེར་འོངས་ཏེ། ཕྱིན་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་
ཤ་ནའི་རས་རྣམས་བཀྲུ་བར་གསོལ། ངས་དེ་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་བཀྲུས་སོ། །ང་འདི་སྙམ་དུ་དགོངས་ཏེ། ངས་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་གང་དུ་དགྲམ་སྙམ་པ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་ངའི་དགོངས་པ་ཤེས་ནས་
བྲག་ཅིག་ལས་རྡོ་ལེབ་ཆེ་ལ་རིང་བ་གཞན་ཞིག་བླངས་ཏེ། ང་གང་ན་བ་དེར་འོངས་ཏེ་ཕྱིན་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་དགྲམ་དུ་གསོལ། ངས་དེ་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་བཀྲམ་མོ། །འོད་

སྲུང་རྡོ་ལེབ་ཆེ་ཞིང་རིང་བ་འདི་དག་ནི་གནོད་སྦྱིན་གྱིས་བླངས་པ་ཞེས་བྱའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་
ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི་གནས་ཀྱི་ནགས་ཚང་ཚིང་ན་བཞུགས་སོ། །དེའི་ཚེ་ནཻ་རཉྫ་ནའི་ཆུ་ཆེར་བྲུག་ནས་བབ་བོ། །དེ་ནས་བཅོམ་ལྡན་འདས་ཆུ་ཀླུང་མི་གང་བས་ལྷག་པས་ཁེབས་པའི་སྟེང་ནས་ས་རྡུལ་གྱིས་ཡོག་པ་བླ་གབ་མེད་པ་ལ་འཆག་པས་འཆག་པར་མཛད་
དོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་དེ་ལྟར་མཛེས་པ་ཆུ་ཆེན་པོ་བྲུག་པས་ཁྱེར་བར་མ་གྱུར་གྲང་། མ་ལ་བདག་གིས་དགེ་སྦྱོང་ཆེན་པོ་བཙལ་ལོ་སྙམ་དུ་བསམས་ནས་ཤིང་གཅིག་པའི་གྲུའི་ནང་དུ་ཞུགས་ཏེ་བཅོམ་ལྡན་འདས་བཙལ་
བ་ན། ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱིས་བཅོམ་ལྡན་འདས་ཆུ་ཀླུང་མི་གང་བས་ལྷག་པས་ཁེབས་པའི་སྟེང་ནས་རྡུལ་གྱིས་ཡོག་པ་བླ་གབ་མེད་པ་ན་འཆག་པས་འཆག་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་གསོན་
ནམ། འོད་སྲུང་གསོན་ནོ། །དགེ་སྦྱོང་ཆེན་པོ་ཞུགས་ཤིང་གཅིག་པའི་གྲུར་འཇུག་གམ། འོད་སྲུང་འཇུག་གོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་གཅིག་པའི་གྲུ་ཇི་ལྟ་བར་ཆུ་ལ་འཇུག་པ་དེ་ལྟ་བུའི་རྫུ་འཕྲུལ་
མངོན་པར་འདུ་བྱ་བ་འདུ་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤིང་གཅིག་པའི་གྲུ་ཇི་ལྟ་བར་ཆུ་ལ་འཇུག་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་
སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་སེམས་མཁྱེན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་

སྲུང་ཁྱོད་ནི་དགྲ་བཅོམ་པ་མ་ཡིན། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་མ་ཡིན་ཏེ། དགྲ་བཅོམ་པའི་ལམ་གང་ཡིན་པ་དེ་ཡང་མི་ཤེས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་གཽ་ཏ་མའི་
ཐུགས་ཀྱིས་བདག་གི་སེམས་མཁྱེན་ཏོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། དགེ་སྦྱོང་ཆེན་པོའི་སྤྱན་སྔར་
བདག་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །འོད་སྲུང་ཁྱོད་ཀྱིས་འཁོར་ལ་བལྟས་སམ། དགེ་སྦྱོང་ཆེན་པོ་མ་བལྟས་ལགས་སོ། །འོད་སྲུང་དེའི་ཕྱིར་རེ་ཞིག་འཁོར་ལ་ལྟོས་ཤིག །འདི་ལྟར་ཁྱོད་ལྟ་བུའི་མི་གྲགས་པ་དང་ལྡན་པ་ཤེས་ཉེན་ཅན་རྣམས་ཀྱིས་ནི་འཁོར་ལ་བལྟ་
བ་ལེགས་པ་ཡིན་ནོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་རང་གི་བསྟི་གནས་གང་ཡིན་པ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནི་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་
ན་ཤེས་ལྡན་དག་ཅི་བྱེད། མཁན་པོ་བདག་ཅག་གིས་ཆུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་མཁན་པོ་ལ་བརྟེན་ནས་ལགས་པས་གལ་ཏེ་མཁན་པོ་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་ན། བདག་ཅག་ཀྱང་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ་། །བྲམ་
ཟེའི་ཁྱེའུ་དག་ཁྱེད་ཀྱིས་དེའི་ཕྱིར་གཡང་གཞི་དང་། ཤིང་ཤུན་དང་། ཁར་བ་དང་། རིལ་བ་སྤྱི་བླུགས་དང་། བླུགས་གཟར་འདི་དག་ཆུ་ཀླུང་ནཻ་རཉྫ་ནའི་ནང་དུ་འོར་ཅིག །མཁན་པོ་བཀའ་བཞིན་འཚལ་ཞེས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཡང་གཞི་དང་། ཤིང་ཤུན་དང་།
ཁར་བ་དང་། རིལ་བ་སྤྱི་བླུགས་དང་། བླུགས་གཟར་རྣམས་ཆུ་ཀླུང་ནཻ་རཉྫ་ནའི་ནང་དུ་བོར་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་འདི་ལྟར་བདག་ཅག་གིས་བགྱི་བ་གང་ལགས་

པ་དེ་བགྱིས་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་གིས་འཁོར་ལ་བལྟས་ལགས་ཏེ། བདག་ལེགས་པར་གསུངས་པའི་
ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་དགེ་སྦྱོང་ཆེན་པོའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །འོད་སྲུང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག །དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་དག་རབ་ཏུ་བྱུང་བ་
དང་། དེས་བསྙེན་པར་རྫོགས་པ་དང་། དེས་དགེ་སློང་གི་དངོས་པོར་གྱུར་ཏོ། །དེའི་ཚེ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་སྤུན་ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་ཆུ་ཀླུང་ནཻ་རཉྫ་ནའི་འཇུག་ངོགས་ཀྱི་འགྲམ