Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང
Văn bản gốc(Tây Tạng)
Trang 13 / 19 (50.000 ký tự/trang)
ྱལ་སྲིད་འཕེལ་ཞེས་བྱ་བ་ཕྱིར་རྒོལ་ བས་རྦད་པའི་བྲམ་ཟེ་རྣམས་ལ་བྱིན་ནོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ཤིན་ཏུ་ཁྲོས་འཁྲུགས་ནས་གཞོན་ནུ་ཐམས་ཅད་སྒྲོལ་བཀུག་སྟེ་སྨྲས་པ། གཞོན་ནུ་ཁྱོད་ངའི་ཡུལ་ན་མ་འདུག་པར་སོང་ཤིག །དེ་ནས་གཞོན་ནུ་ ཐམས་ཅད་སྒྲོལ་ཕས་སྤངས་པ་དང་བསམས་པ། བདག་གིས་བྱང་ཆུབ་ཀྱི་ཕྱིར་འབད་པ་བྱས་པ་དང་། འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་ཀྱི་གོ་ཆ་བགོས་པས་གླང་པོ་ཆེ་དེ་ཡང་བཏང་སྟེ། དེ་བས་ཁྱིམ་ན་གནས་པས་ནི། །ཅི་ནུས་པས་ནི་སྦྱིན་པ་བཏང་། ། དཀའ་ཐུབ་ནགས་སུ་བརྟེན་ནས་ནི། །ངེས་པ་མཆོག་དག་བྱ་བ་ཡིན། །བསླངས་ན་མི་སྦྱིན་བྱ་བ་ཡི། །ཚིག་ནི་སྨྲ་བར་མི་ཕོད་ཀྱི། །དེ་བས་བདག་ནི་ཁྱིམ་སྤངས་ཏེ། །དཀའ་ཐུབ་ནགས་སུ་རབ་ཏུ་འགྲོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལྟར་སྙིང་ལ་མནའ་མཐོ་ བཅད་ནས་ཆུང་མ་རྒྱགས་སྦྱིན་མའི་དྲུང་དུ་སོང་སྟེ་དེ་དག་རྒྱས་པར་སྨྲས་སོ། །དེ་ནས་རྒྱགས་སྦྱིན་མས་ཐོས་མ་ཐག་ཏུ་སྡུག་པ་དང་བྲལ་བར་དོགས་པའི་སྙིང་གིས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟར་ན་བདག་ཀྱང་དཀའ་ཐུབ་ཀྱི་ནགས་སུ་ མཆི་སྟེ། བདག་ནི་རྗེའི་སྲས་དང་བྲལ་ན་སྐད་ཅིག་ཙམ་ཡང་འཚོ་བར་རྔོ་མི་ཐོག་ལགས་སོ། །ཅིའི་སླད་དུ་ཞེ་ན། ནམ་མཁའ་ཟླ་བས་སྟོངས་པར་གྱུར་པ་དང་། །ཇི་ལྟར་ས་ནི་ལོ་ཏོག་གིས་སྟོངས་དང་། །པད་མ་ཆུ་ཡིས་སྟོངས་པར་གྱུར་པ་དང་། །བུད་མེད་ཁྱིམ་ཐབ་ཀྱིས་ སྟོངས་དེ་བཞིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ཅག་མཐར་གདོན་མི་ཟ་བར་འབྲལ་བར་འགྱུར་ཏེ། འདི་ནི་འཇིག་རྟེན་གྱི་རང་བཞིན་ནོ། །ཁྱོད་ནི་བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། བགོ་བ་མཆོག་ལ་གོམས་པས་ལུས་ཤིན་ཏུ་སྐྱིད་དེ་བ་ ཡིན། དཀའ་ཐུབ་ཀྱི་ནགས་ན་ནི་རྩྭ་དང་ལོ་མ་བཏིང་བར་ནི་ཉལ། རྩ་བ་དང་། མེ་ཏོག་དང་། འབྲས་བུ་ནི་ཟ། རྩྭ་དཱུར་བ་དང་། ཟུག་རྡོ་དང་། རྩྭ་དང་། ཚེར་མས་གང་བའི་ས་ལ་ནི་རྒྱུ། ཡང་དང་ཡང་དུ་ཟ་གཅིག་པ་ལ་ནི་སྟེན། བདག་ཉིད་སྐྱེ་བོ་ཐམས་ཅད་ལ་ནི་ བསྟེན་དགོས། གློ་བུར་དུ་འོངས་པ་ཐམས་ཅད་མཆོད་པ་ལ་ནི་འབད་དགོས་ལ། དེ་ན་ཡང་ང་གདོན་མི་ཟ་བར་ཅི་ནུས་ཀྱིས་སྦྱིན་པ་གཏོང་སྟེ་དེ་ལ་ཁྱོད་ཀྱིས་ཅུང་ཟད་ཀྱང་མི་འགྱོད་པར་བྱ་དགོས་སོ། །དེ་བས་ན་རེ་ཞིག་ད་དུང་ཡང་ལེགས་པར་སོམས་ཤིག་རྒྱགས་སྦྱིན་མས་སྨྲས་པ། རྗེའི་ སྲས་བདག་རྔོ་ཅི་ཐོག་གིས་རྗེའི་སྲས་ཀྱི་རྗེས་སུ་སྒྲུབ་ལགས་སོ། །བྱང་ཆུབ་སེམས་དཔའ་སྨྲས་པ། གལ་ཏེ་དེ་ལྟ་ན་དམ་བཅས་པ་དེ་དག་ཁྱོད་ཀྱིས་དྲན་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཕའི་དྲུང་དུ་སོང་ནས་མགོ་བོས་ཕྱག་བྱས་ཏེ། ཡབ་ཅིག་བདག་གིས་སྦྱིན་ པར་གླང་ཆེན་སྩལ། །ནོངས་པ་གང་ལགས་ས་བདག་བཟོད་པར་གསོལ། །བདག་ནི་གྲོང་ནས་དགོན་པར་མཆི་ལགས་ཀྱི། །མི་ཡི་དབང་པོ་ཕྱག་མཛོད་སྟོངས་མ་གྱུར། །དེ་ནས་རྒྱལ་པོ་བུ་དང་བྲལ་བའི་སྡུག་བསྔལ་གྱིས་དབུགས་ཀྱིས་བརྣངས་ཏེ་སྐད་འདར་འདར་བོས་སྨྲས་པ། བུ་སྦྱིན་པའི་བློ་བོར་ལ་འདུག་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ས་ནི་རི་དང་བཅས་པར་ཡང་། །གལ་ཏེ་ལྡོག་པར་འགྱུར་གདའ་ཡིས། །ས་བདག་བདག་ནི་སྦྱིན་པ་ལས། །སེམས་ནི་ལྡོག་པར་མི་བགྱིད་དོ། །ཞེས་སྨྲས་ནས་སོང་ངོ་། །དེ་ནས་བུ་དང་། བུ་མོ་དང་། ཆུང་མ་དང་ལྷན་ཅིག་ཤིང་རྟའི་ནང་དུ་ཞུགས་ཏེ་གྲོང་ཁྱེར་དམ་པ་དེ་ནས་བྱུང་ནས་ཕོ་བྲང་འཁོར་གྱི་མི་དང་ཡུལ་མི་མྱ་ངན་བྱེད་པ་བརྒྱ་སྟོང་རྗེས་སུ་འབྲང་བཞིན་དུ་སོང་ངོ་། །དེ་ནས་མི་ཞིག་གིས་ངུ་ཞིང་སྨྲེ་སྔགས་འདོན་པའི་སྒྲ་དེ་ཡང་ཐོས། སྐྱེ་བོའི་ཚོགས་ཆེན་པོ་གྲོང་ཁྱེར་གྱི་སྒོར་བྱུང་བ་ཡང་ མཐོང་ནས་མི་ཞིག་ལ་དྲིས་པ། ཀྱེ་ནང་རྗེ་སྐྱེ་བོའི་ཚོགས་ཆེན་པོ་འདི་ཆོ་ངེས་འདེབས་པ་ཅི་ལས་གྱུར་དེས་སྨྲས་པ། ཤེས་ལྡན་ཅི་མི་ཤེས་སམ། འདི་ལྟར་མི་ཡི་དབང་པོ་ཉིད་ཀྱི་སྲས་པོ་མཆེ་བ་བཟང་། །བརྟན་པའི་ངང་ཚུལ་རབ་ཏུ་སྦྱིན་ལ་དགའ་བ་འདི་ནས་སྤྱུགས། དེ་ནི་བུ་དང་ཆུང་མར་ བཅས་ཏེ་ནགས་མཐར་ཆས་པ་ལ། །ཕོ་བྲང་འཁོར་བ་རྣམས་འདུས་ཤིན་ཏུ་སྙིང་རྗེས་ཆོ་ངེས་འདེབས། །དེ་ནས་བྱང་ཆུབ་སེམས་དཔས་གྲོང་ཁྱེར་དམ་པ་དེ་ནས་བྱུང་བའི་ཕོ་བྲང་འཁོར་བ་རྣམས་ལ་ཅི་རིགས་པར་མངོན་དུ་སོང་ནས་སྨྲས་པ། ཤེས་ལྡན་དག་སླར་དེང་ཤིག །སླར་ དེང་ཤིག །འདི་ལྟར་ཤིན་ཏུ་ཡུན་རིང་པོ་ནས་སྡུག་པ་དང་འགྲོགས་པ་ཡང་མཇུག་ཏུ་གདོན་མི་ཟ་བར་འབྲལ་བའི་མཐའ་ཅན་དུ་འགྱུར་ཏེ། གཉེན་གྱི་སྐྱེ་བོ་དང་འགྲོགས་པ་ནི་ལམ་ཀའི་ངལ་བསོ་བའི་བསྟི་གནས་ཀྱི་ཤིང་དང་འདྲ་བས་གདོན་མི་ཟ་བར་སྡུག་པ་དང་བྲལ་ བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཀུན་ན་སྐྱེ་བོ་དབང་མེད་དེ། །མཛའ་བ་རྣམས་དང་བྲལ་བར་འགྱུར་བསམས་ནས། །ཁྱེད་ཀྱིས་ས་སྟེང་འབད་པ་ཐམས་ཅད་ཀྱིས། །ཞི་ཕྱིར་བློ་གྲོས་མི་གཡོ་བརྟན་པ་གྱིས། །དེ་ནས་དཔག་ཚད་སུམ་བརྒྱ་འདས་པ་དང་། །བྱང་ཆུབ་ སེམས་དཔའ་མཐོང་ནས་བྲམ་ཟེ་ཞིག་མངོན་དུ་འོངས་ཏེ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་བདག་ནི་ཁྱོད་ཀྱི་ཡོན་ཏན་ཐོས་ནས་འདི་ནས་དཔག་ཚད་སུམ་བརྒྱ་ཙམ་གྱི་ཡུལ་ནས་འདིར་མཆིས་ལགས་ཀྱིས། ཁྱོད་ཀྱི་ཤིང་རྟ་མཆོག་འདིས་བདག་ངལ་བ་འབྲས་བུ་མཆིས་པར་བགྱི་བའི་རིགས་ སོ། །དེ་ནས་རྒྱགས་སྦྱིན་མ་མི་བཟོད་པ་སྐྱེས་ཏེ་ཚིག་བརླང་པོས་བྲམ་ཟེ་དེ་ལ་སྨྲས་པ། ཨེ་མའོ་ནགས་ནའང་མི་དབང་སྲས་ལ་སློང་བ་གང་། །བྲམ་ཟེ་འདི་ནི་ཤིན་ཏུ་བརྩེ་བ་མེད་པའི་བློ། །མི་དབང་སྲས་པོ་མི་དབང་དཔལ་ལས་ཉམས་གྱུར་པ། །འདི་ལ་འདིར་ནི་སྙིང་རྗེ་ཅིག་མི་ སྐྱེ་འམ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་བྲམ་ཟེ་མ་སྤྱོ་ཤིག །དེ་ཅིའི་ཕྱིར་ཞེ་ན། རྒྱགས་སྦྱིན་གལ་ཏེ་ནོར་འདོད་ལེན་པ་འདི་དག་མེད་གྱུར་ན། །ཀུན་སྦྱིན་མེད་པར་མི་གང་ཞིག་གིས་ས་སྟེང་བྱང་ཆུབ་འཐོབ། །སྦྱིན་སོགས་ཕ་རོལ་ཕྱིན་དྲུག་ཚུལ་གྱིས་ཡོན་ཏན་ མཆོག་ཅན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀུན་མཁྱེན་ཉིད་མཆོག་རྟག་ཏུ་འཐོབ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བས་རྟ་དང་ལྡན་པའི་ཤིང་རྟ་དེ་བྲམ་ཟེ་དེ་ལ་བྱིན་ནས་སྨྲས་པ། བྲམ་ཟེ་སེར་སྣ་དྲི་མ་སེལ་བྱེད་པ། །ཤིང་རྟ་རབ་ཏུ་བྱིན་པ་འདི་ཡིས་ འདིར། །བདག་ནི་དྲང་སྲོང་ཆེ་མཆོག་གིས་བསྐོར་བའི། །ཟག་མེད་ཆོས་ཀྱི་ཤིང་རྟ་ཆེ་སྐོར་ཤོག །དེ་ནས་ཐམས་ཅད་སྒྲོལ་གྱིས་སྙིང་རབ་ཏུ་དགའ་བས་ཤིང་རྟའི་མཆོག་དེ་ཡང་བྲམ་ཟེ་ལ་བྱིན་ནས་གཞོན་ནུ་མདོག་གནག་ཕྲག་པ་ལ་ཁྱེར། རྒྱགས་སྦྱིན་མས་ནི་གཞོན་ནུ་མ་དྲ་བ་ཅན་ ཁྱེར་ནས་དཀའ་ཐུབ་ཀྱི་ནགས་ལོགས་སུ་ཆས་པ་དང་རིམ་གྱིས་དཀའ་ཐུབ་ཀྱི་ནགས་སུ་ཕྱིན་ཏོ། །དེ་ནས་ཐམས་ཅད་སྒྲོལ་དཀའ་ཐུབ་ཀྱི་ཚལ་དེར་རང་གི་སྙིང་མགུ་བར་བྱེད་པའི་བརྟུལ་ཞུགས་བླངས་ཏེ་གནས་སོ། །ཅི་ཙམ་ན་རྒྱགས་སྦྱིན་མ་རྩ་བ་དང་འབྲས་བུའི་ཕྱིར་དཀའ་ཐུབ་ཀྱི་ ནགས་སུ་སོང་བ་དང་བྲམ་ཟེ་ཞིག་ཐམས་ཅད་སྒྲོལ་གྱི་དྲུང་དུ་འོངས་ནས་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །བདག་ཅག་བཀོལ་བ་མ་མཆིས་པ། །སྤ་ཤུག་ལྷན་ཅིག་འཁྱམ་བགྱིད་ན། །དེ་ཡི་དོན་དུ་བུས་པ་གཉིས། །ཁྱོད་ཀྱིས་བདག་ལ་སྦྱིན་པའི་རིགས། ། དེ་སྐད་ཅེས་སྨྲས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་བུ་སྡུག་པ་གཏོང་བ་ལ་ཆུང་ཤིག་སེམས་ཤིང་འདུག་པ་དང་དེ་ནས་བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་ལ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་བདག་གིས་ཁྱོད་ཐམས་ཅད་སྟེར་བའོ་ཞེས་ཐོས་ན་འདི་ ལྟར་ཁྱོད་ལ་བདག་གིས་བསླངས་པ་དེ་ལ་ཅི་ཞིག་དཔྱད་དུ་ཡོད། ཁྱོད་ནི་ཀུན་སྟེར་སྙིང་རྗེ་ཡི། །བདག་ཉིད་ཅན་དུ་ས་སྟེང་གྲགས། །ཇི་ལྟར་གྲགས་པ་དེ་བཞིན་དུ། །ཁྱོད་ཀྱིས་རྟག་ཏུ་བྱ་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་གྱིས་ བྲམ་ཟེ་དེ་ལ་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ། །རང་གི་སྲོག་ནི་གཏོང་བ་ལའང་། །ལན་འགའ་དཔྱོད་པ་མ་མྱོང་ན། །རང་གི་བུ་ནི་གཏོང་བ་ལ། །བདག་བློ་གཞན་དུ་འགྱུར་ཅི་སྨོས། །བྲམ་ཟེ་ཆེན་པོ་དེ་ལྟ་མོད་ཀྱི། བདག་གིས་ནགས་སུ་བསྐྱེད་བསྐྱེད་པའི། །བུས་པ་འདི་གཉིས་ ཡོངས་སྤངས་ན། །མ་དང་བྲལ་བའི་ཉོན་མོངས་པ། །འདི་དག་ཇི་ལྟར་གནས་སྙམ་མོད། །གཞོན་ནུ་ཤིན་ཏུ་བརྩེ་མེད་པས། །བུས་པ་བཏང་ལ་བདག་མིན་ཞེས། །ཁ་ཅིག་བདག་ལ་འཕྱར་འོང་གིས། །བྲམ་ཟེ་བདག་ནི་ཁྲིད་ན་ལེགས། །དེ་ནས་བྲམ་ཟེ་དེས་ཐམས་ཅད་ སྒྲོལ་ལ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ། ས་འདི་ཐམས་ཅད་དུ་ཡོན་ཏན་གྲགས་པ། སྲོག་ཆགས་ཐམས་ཅད་ལ་སྙིང་རྗེ་བརྩེ་བས་འོ་བྱམས་པར་ཞུགས་པ། སྦྱིན་པ་དང་། མཆོད་པ་དང་། བཀུར་སྟིས་སྤོས་ཀྱི་གླང་པོ་ལྟ་བུ་དགེ་ སྦྱོང་དང་། བྲམ་ཟེ་དང་། བློ་བུར་བའི་སྐྱེ་བོ་ལ་མཆོད་པ་བྱེད་པ། སྐྱེ་བོ་བཀྲེན་པ་དང་། ཕོངས་པ་དང་། མགོན་མེད་པ་དང་། ལྟོགས་པ་ཡོངས་སུ་སྡུག་པ་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་པ། མཐོང་ན་དོན་ཡོད་པ་ཁྱོད་ཀྱིས་བདག་ འོངས་ན་ནོམ་པ་མེད་པའམ། ལམ་གྱིས་དུབ་པ་འབྲས་བུ་མེད་པའམ། མཐོང་ན་དོན་མེད་པའམ། རེ་བ་དང་ཡུན་རིང་པོ་ནས་བརྣག་བརྣག་པའི་འདོད་པ་འབྲས་བུ་མེད་པར་བྱ་བ་གང་ཡིན་པ་དེ་ནི་ཆ་མ་ཡིན་ཏེ། ཁྱོད་ཀྱི་མེད་དོ་ཞེས་བྱ་བའི་ཚིག་གིས་ཁོ་བོའི་ཡིད་ལ་རེ་བ་ཀུན་ཏུ་རྟོག་པའི་ རྟ་བསྟབས་ན་མྱུར་དུ་ལྡོག་པར་འགྱུར་རོ། །དེ་བས་ན་ཁྱོད་ཀྱིས་བདག་གི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱས་ནས་བཏང་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆུ་གཏེར་གོས་སུ་གྱོན་ཞིང་བཟའ་མིག་མཚུངས་མེད་པ། །རི་བོ་མཆོག་རྒྱས་ནུ་མར་ལྡན་པའི་རོ་སྟོད་ཅན། །གྲོང་ཁྱེར་ གྲོང་རྡལ་བཅས་པའི་ས་ལ་བཙལ་བྱས་ཀྱང་། །མཆེ་བཟང་ཁྱོད་དང་མཚུངས་པར་གཏོང་ཕོད་ཡོད་མ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་གྱིས་བྲམ་ཟེའི་ཚིག་དེ་ཐོས་ནས་བུ་ལ་ཆགས་པའི་སློང་བས་འདི་དག་སེམས་པར་བྱེད་དེ། གལ་ཏེ་རེ་ཞིག་བུ་གཉིས་པོ། །བྲམ་ ཟེ་བྱིན་ན་བུ་དང་ནི། །བྲལ་བ་ལས་བྱུང་སྡུག་བསྔལ་དག །བདག་དང་རྒྱགས་སྦྱིན་གྱིས་འཐོབ་འགྱུར། །འོན་ཏེ་འདི་ལ་མ་བྱིན་ན། །བརྟུལ་ཞུགས་ལས་ཀྱང་ཉམས་གྱུར་ཅིང་། །བྲམ་ཟེ་འདི་ནི་ཚེ་ཆད་དེ། །ཇི་ལྟར་འོངས་པ་བཞིན་དུ་འགྲོ། །ཉེས་ན་བུ་བྲལ་ཉམ་ཐག་པའི། ། མྱ་ངན་ས་སྟེང་བདག་གིས་བླང་། །དེ་བཞིན་མ་བྱས་དམ་བཅས་པ། །ཞིག་ཅིང་བརྟུལ་ཞུགས་ཉམས་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་གྱིས་སྡུག་པའི་བུ་གཉིས་ངེས་པར་བཏང་བར་ཆད་ནས་སྨྲས་པ། ཀྱེ་ཁོ་བོས་དཀའ་སྤྱད་བརྒྱ་ཡིས་འཇིག་རྟེན་ སྡུག་བསྔལ་གྱི། །རྒྱ་མཚོ་ཆེན་པོ་སོ་སོར་འཇིགས་བྱེད་པ། །གཏིང་མི་དཔོགས་པར་རབ་ཏུ་བྱིང་བ་དག །ཕ་རོལ་བསྒྲལ་ཕྱིར་ལམ་གྱི་ཟམ་སྟེགས་བཅའ། །ཟླ་བ་དྲི་མེད་ཉ་བའི་བཞིན་རས་ཅན། །མ་ཞུམ་ཁ་ནས་དེ་སྐད་ཚིག་སྨྲས་ནས། །མཆི་མའི་བརླན་ཆུས་མིག་ནི་ གང་གྱུར་པས། །བྱིས་པ་གཉིས་པོ་བྲམ་ཟེ་དེ་ལ་བྱིན། །ཡང་སྨྲས་པ། བུ་འདི་བྱིན་པའི་འབྲས་བུ་ནི། །རྒྱ་ཆེན་བདག་གིས་ཐོབ་གྱུར་ནས། །དེས་ནི་འཁོར་བའི་རྒྱ་མཚོ་ལས། །འཇིག་རྟེན་རྣམས་ནི་བསྒྲལ་བར་བྱ། །བྱིས་པ་གཞོན་ནུ་དག་བྱིན་མ་ཐག་ཏུ་ས་འདི་རྣམ་པ་དྲུག་ ཏུ་གཡོས་སོ། །དེ་ནས་ས་གཡོ་བ་དེས་ནགས་དེ་ན་གནས་པའི་དཀའ་ཐུབ་ཅན་རྣམས་སྡངས་ནས་ཕན་ཚུན་སྨྲས་པ། ས་ནི་མི་བཟད་གཡོས་གྱུར་པ། །འདི་ནི་སུ་ཡི་མཐུ་ལྟས་ཡིན། །གང་གི་མཐུ་ནི་འདི་འདྲ་བ། །ཤིན་ཏུ་བསལ་བར་ཤེས་པར་བྱ། །དེ་ན་གནས་འཇོག་དང་རུས་གཅིག་ པ་རྒན་པོ་དཀའ་ཐུབ་ཅན་ལྟས་ཤེས་པ་ལ་མཁས་པ་གཞན་ཞིག་ཡོད་པ་དེས་དྲང་སྲོང་དེ་རྣམས་ལ་དོན་དེ་གོ་བར་བྱས་པ། གདོན་མི་ཟ་བར་དཀའ་ཐུབ་ཀྱི་ནགས་སུ་འདུག་པའི་བུ་བྱིས་པ་འབྲས་བུ་དང་ཆུ་འཐུང་བ་ཡིད་དུ་འོང་བའི་མིག་ཏུ་སྡུག་པར་བྱེད་པ་གཉིས་ཐམས་ཅད་སྒྲོལ་གྱིས་སྐྱེ་བོ་སྡུག་ བསྔལ་གྱིས་ཉམ་ཐག་པ། ཡོངས་སུ་ཐར་བར་བྱ་བའི་ཕྱིར་བཏང་སྟེ། དེས་ནས་གཡོས་པར་གྱུར་ཏོ།། །།འདུལ་བ་གཞི། བམ་པོ་བརྒྱ་པ། དེ་ནས་བུས་པ་གཞོན་ནུ་དེ་གཉིས་ཀྱིས་ཕས་སྙིང་ནས་ཡོངས་སུ་བཏང་བའི་བློ་རིག་ནས་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་ཐལ་མོ་གཉིས་སྦྱར་ ནས་ཐམས་ཅད་སྒྲོལ་གྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡབ་ཅིག་ཡུམ་ནི་མ་མཆིས་པར། །ཁྱོད་ནི་བདག་ཅག་སྩོལ་བཞེད་པ། །རེ་ཞིག་དེ་ནི་མཐོང་གྱུར་ནས། །དེ་ནས་བདག་ཅག་སྩལ་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་ཡིད་ལ་གཅགས་པའི་སྡུག་བསྔལ་ གྱིས་ངོམ་ཟུང་གནག་ཅིང་མཆི་མ་འཛག་བཞིན་དེ་གཉིས་ལ་འཁྱུད་ནས་སྨྲས་པ། བུ་དག་ང་ཡི་སྙིང་དུ་མི་སྡུག་མིན། །སྙིང་བརྩེ་སྙིང་རྗེ་མེད་མིན་ཏེ། །འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །ཡོན་ཏན་མཐོང་ནས་བཏང་བ་ཡིན། །ཅི་ནས་ང་ཡིས་བྱང་ཆུབ་མཆོག །ཞི་བ་རང་ གིས་ཐོབ་ནས་ནི། །སྡུག་བསྔལ་རྒྱ་མཚོ་ལ་གནས་པའི། །རྟེན་མེད་འཇིག་རྟེན་རྣམས་བསྒྲལ་ལོ། །དེ་ནས་བྱིས་པ་གཞོན་ནུ་དེ་དག་གིས་ཕས་སྙིང་ནས་ཡོངས་སུ་བཏང་བའི་བློ་རིག་ནས་ཕའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་སྙིང་རྗེ་རྗེ་སྐད་དང་སྨ་ བབ་པའི་ཚིག་གིས་དལ་གྱིས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་ཐག་བཀུམ་ན། །མ་ལ་བདག་ཅག་གཉིས་ཀྱི་ཕྲིན། །ཁྱོད་ཀྱིས་བཟོད་པ་མཛོད་ཅིག་ཅེས། །ཡབ་ཅིག་ཁྱོད་ཀྱིས་གསུང་དུ་གསོལ། །ཡབ་གཞན་ཡང་བྱིས་པར་གྱུར་པས་བླ་མ་ཁྱོད་ལ་ ནོངས་པ་བགྱིས་པ་གང་། །གལ་ཏེ་ལ་ལར་ཐུགས་ལ་མི་བབ་ཚིག་འགའ་སྨྲས་པའམ། །གུས་པར་མཉན་པས་ཡོངས་སུ་མཉེས་པ་ཉིད་དུ་མ་བགྱིས་པ། །དེ་ནི་བྱིས་པའི་ནོངས་པ་ལགས་ཞེས་བཟོད་པ་མཛད་དུ་གསོལ། །དེ་སྐད་ཅེས་སྨྲས་ནས་ཕ་ལ་ཕྱག་འཚལ་ཏེ་ལན་ གསུམ་དུ་བསྐོར་བ་བྱས་ནས་མིག་མཆི་མས་གང་བཞིན་བླ་མ་ལ་སྨྲ་བར་ཡིད་ལ་གཅགས་པས་ཡང་དང་ཡང་ཕྱིར་ལྟ་ཞིང་བསྟི་གནས་དེ་ནས་བྱུང་སྟེ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བྱིས་པ་གཞོན་ནུའི་ཚིག་ཤིན་ཏུ་སྙིང་རྗེར་རུང་བ་དེ་དག་གིས་སྙིང་བློང་ནས་ཡིད་ཀྱི་བྱང་ཆུབ་ཏུ་ སྨོན་ལམ་བཏབ་སྟེ། དཀའ་ཐུབ་ཀྱི་ཚལ་གྱི་ལོ་མའི་སྤྱིལ་བུར་ཞུགས་སོ། །བྱིས་པ་གཞོན་ནུ་དག་དོང་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་སྟོང་ཕྲག་དུ་མས་ཡང་བར་སྣང་ལ་ཅ་ཅོ་དང་ག་ཞའི་སྒྲ་འབྱིན་ཅིང་། ཨེ་ མའོ་རབ་སྦྱིན་བདག་ཉིད་ཆེ། །བྱིས་པ་འདི་གཉིས་བཏང་ནས་ཀྱང་། །གང་གི་ཡིད་ནི་འགྱུར་མེད་པ། །དེ་ནི་ངེས་པ་རྨད་ཅིག་གོ། །དེ་ནས་རྒྱགས་སྦྱིན་མ་རྩ་བ་དང་འབྲས་བུ་རྣམས་ཁྱེར་ཏེ་བསྟི་གནས་ལོགས་སུ་ཆས་པ་ལས་ས་ཆེ་ཐང་དུ་གཡོས་པ་དེས་མྱུར་བ་ཁོ་ནར་བསྟི་གནས་དེ་ ཉིད་དུ་སོང་བ་དང་། ལྷ་གཞན་ཞིག་གིས་རྒྱགས་སྦྱིན་མ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐར་བར་བྱ་བར་བརྩོན་པ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་སྙམ་ནས་སེང་གེ་མོ་ཞིག་གི་གཟུགས་སུ་བསྒྱུར་ཏེ་ལམ་བཀག་ནས་འདུག་པ་དང་རྒྱགས་སྦྱིན་ མས་རི་དགས་ཀྱི་རྒྱལ་པོའི་ཆུང་མ་དེ་ལ་སྨྲས་པ། རི་དགས་རྒྱལ་པོའི་ཆུང་མ་སྒེག་སྒེག་མ། །ཁོ་མོ་ལམ་འདིར་བཀག་ནས་ཅི་སྟེ་འདུག །ཇི་ལྟར་བདག་ནི་མི་འཕྱོ་ངེས་གྱུར་ན། །ལམ་ལས་བཟུར་ཏེ་མྱུར་དུ་འགྲོ་བར་གྱིས། །གཞན་ཡང་ཁྱོད་ཀྱང་རི་དགས་རྒྱལ་པོའི་ཆུང་མ་ལ། ། བདག་ཀྱང་མི་ཡི་དབང་པོ་སེང་གེ་ཡི། །བཙུན་མོ་ཡིན་པས་ཆོས་ཀྱི་སྤུན་གྱུར་གྱིས། །རི་དགས་རྒྱལ་མོས་བདག་གི་ལམ་ཕྱེ་ཤིག །དེ་སྐད་ཅེས་སྨྲས་པ་དང་ལྷ་སེང་གེ་མོའི་གཟུགས་སུ་བསྒྱུར་བ་དེ་ཡང་ལམ་དེ་ནས་ལོགས་ཤིག་ཏུ་སོང་ངོ་། །དེ་ནས་རྒྱགས་སྦྱིན་མས་བཀྲ་མི་ ཤིས་པའི་ལྟས་དག་མཐོང་ནས་ཡུད་ཙམ་ཞིག་བསམས་པ། ཇི་ལྟར་བར་སྣང་ལ་ངུད་མོའི་སྒྲ་གྲག་པ་དང་། ཇི་ལྟར་ཡང་ཚལ་ན་གནས་པའི་འབྱུང་པོ་རྣམས་མྱ་ངན་བྱེད་པའི་སྒྲ་གྲག་པ་ལས་ན་གདོན་མི་ཟ་བར་བསྟི་གནས་སུ་མ་ལེགས་པ་ཞིག་བྱུང་བར་གྱུར་ཏོ་སྙམ་ནས་སྨྲས་པ། ཇི་ ལྟར་བདག་མིག་འགུལ་བ་དང་། །ཇི་ལྟར་བྱ་སྐད་འབྱིན་པ་དང་། །ཇི་ལྟར་བདག་ནི་དོགས་པ་ལས། །བུས་པ་དེ་གཉིས་བཏང་བར་ངེས། །ཇི་ལྟར་ས་འདི་གཡོས་པ་དང་། །བདག་གི་སྙིང་ནི་འདར་བ་དང་། །ཇི་ལྟར་ལུས་ཀྱང་རྨ་བ་ལས། །བུས་པ་དེ་ཡང་བཏང་བར་ངེས། ། ཞེས་དེ་ལྟ་བུའི་མི་ལེགས་པ་བརྒྱ་སྟོང་དག་སེམས་ཤིང་བསྟི་གནས་སུ་སོང་ནས་བསྟི་གནས་སུ་ཞུགས་ཏེ། མི་དགའ་བཞིན་བལྟས་ན་བུ་དེ་གཉིས་མ་མཐོང་ནས་དེ་ནས་རྨོངས་ཤིང་སྙིང་འདར་བས་བསྟི་གནས་ཀྱི་གཞི་དེའི་རྗེས་བཞིན་དུ་སེམས་ཏེ། ཕྱོགས་འདི་ན་ནི་གཞོན་ནུ་མདོག་ནག་སྲིང་ མོ་དང་ལྷན་ཅིག་རི་དགས་ཀྱི་ཕྲུ་གུ་དང་ལྷན་ཅིག་རྟག་ཏུ་རྩེ་རྩེ། འདི་ནི་དེ་གཉིས་ཀྱིས་ས་རྡུལ་ལས་བྱས་པའི་ཁྱིམ་ཡིན། འདི་ནི་དེ་གཉིས་ཀྱི་རྩེད་མོའི་ཆ་བྱད་ཡིན་ན་དེ་གཉིས་ནི་མི་སྣང་ན་གལ་ཏེ་ཞིག་ན་བདག་གིས་མ་མཐོང་གི་ལོ་མའི་སྤྱིལ་བུར་ཞུགས་ནས་ཉལ་ལྟ་སྲིད་དམ་སྙམ་དུ་དེ་ལྟར་ སྙིང་ལ་རེ་ཞིག་བུ་མཐོང་བར་འདོད་པས་རྩ་བ་དང་འབྲས་བུ་ཕྱོགས་གཅིག་ཏུ་བཞག་ནས་མིག་མཆི་མས་གང་བཞིན་དུ་ཁྱིམ་ཐབ་ཀྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། རྗེའི་སྲས་ཁྱེའུ་དང་བུ་མོ་དེ་གཉིས་གང་དུ་མཆིས། ཐམས་ཅད་སྒྲོལ་གྱིས་སྨྲས་པ། ཁོ་བོའི་དྲུང་དུ་བྲམ་ཟེ་ཞིག །རེ་ བས་ཡང་དག་འོངས་གྱུར་ན། །བུས་པ་དེ་གཉིས་དེ་ལ་བྱིན། །དེ་ལ་རྗེས་སུ་ཡི་རང་གྱིས། །དེ་སྐད་ཅེས་སྨྲས་པ་དང་། རྒྱགས་སྦྱིན་མ་རི་དགས་མོ་མདའ་དུག་ཅན་གྱིས་ཕོག་པ་བཞིན་དུ་ས་ལ་སྐྱེལ་ནས་ཉ་ཆུའི་གནས་ནས་ཕྱུང་བ་བཞིན་དུ་འགྲེ་ལྡོག་པར་བྱེད། ཁྲུང་ཁྲུང་བུ་སྟོར་བ་ བཞིན་དུ་ནི་སྙིང་རྗེ་རྗེ་སྐད་དུ་དུ། བ་བེའུ་ཤི་བ་བཞིན་དུ་ནི་འབའ་སྒྲ་སྣ་ཚོགས་འདོན་ཅིང་སྨྲས་པ། པད་མོ་གཞོན་ནུ་ལྟ་བུའི་བྱད་བཞིན་ཅན། །ལག་པ་པད་མའི་མདའ་ལྟར་གཞོན་ཤ་ཅན། །བདག་གི་བུ་གཉིས་སྡུག་བསྔལ་མ་མྱོང་བ། །འགྲོ་བ་གང་དུ་ སོང་ནས་སྡུག་བསྔལ་གྱུར། །རི་དགས་བུ་ལྟར་དྲང་ཞིང་རི་དགས་མིག །རི་དགས་ལྷན་ཅིག་བསྟི་གནས་དགའ་བ་ན། །དེ་རིང་བདག་གི་བུ་གཉིས་ཇི་ལྟ་བུར། །གཞན་གྱི་དབང་གིས་དོང་ཞིང་སྡུག་བསྔལ་གྱུར། །མིག་ནི་མཆི་མས་གང་བའི་མིག་གིས་ནི། །སྙིང་རྗེས་དུ་ བས་ཤིན་ཏུ་སྡུག་བསྔལ་བ། །དེ་རིང་བདག་གིས་ལེགས་པར་མ་མཐོང་བས། །སྐྱེ་བོ་བཀྲེན་པའི་ནང་ན་སྡུག་པས་འཚོ། །དེ་གཉིས་བདག་གི་པང་ནས་བསྐྱེད་བསྐྱེད་པ། །ཟས་སུ་རྩ་བ་མེ་ཏོག་འབྲས་བུ་ཟ། །བཟོད་དང་གནས་པས་བླ་མ་རྟག་དགའ་བས། །བདག་གི་བུ་གཉིས་ ཤིན་ཏུ་སྡུག་བསྔལ་ལོ། །དེ་གཉིས་མ་དང་ཉེ་དུ་བྲལ་བ་དང་། །རྩ་ལག་རྣམས་ཀྱིས་གཟུ་ལུམས་སྤངས་པ་ལས། །སྐྱེ་བོ་སྡིག་ཅན་ངན་དང་ཕྲད་གྱུར་ནས། །བདག་གི་བུ་གཉིས་ཤིན་ཏུ་སྡུག་བསྔལ་ལོ། །སྐོམ་ཞིང་བཀྲེས་པས་བདག་ཉིད་རྟག་གདུངས་ན། །དེ་གཉིས་སུ་ཡི་དབང་ གིས་འགྲོ་བར་འགྱུར། །བྲན་དུ་གྱུར་པས་གདོན་མི་ཟ་བར་ནི། །དེ་གཉིས་ཉམ་ཐག་སྡུག་བསྔལ་ཡོངས་སུ་ཟིན། །བདག་གིས་ངེས་པར་ཚེ་རབས་གཞན་དག་ཏུ། །སྲོག་ཆགས་སྡུག་པ་བརྒྱ་དག་ཕྲལ་བ་ཡི། །སྡིག་ལས་ཤིན་ཏུ་མི་བཟད་འདིར་བྱས་པ། །དེས་ན་བ་བེའུ་མེད་ བཞིན་ཆོ་ངེས་འདེབས། །བདེན་ཚིག་གང་གིས་བདག་ནི་རྟག་ཏུ་ཡང་། །སེམས་ཅན་ཀུན་ལ་ཡིད་ནི་མཉམ་གྱུར་པ། །བདེན་ཚིག་དེས་ནི་བདག་གི་བུ་གཉིས་པོ། །བྲན་དུ་གྱུར་པ་ལས་ནི་ཐར་བར་ཤོག །དེ་ནས་རྒྱགས་སྦྱིན་མས་བུས་པ་གཞོན་ནུ་དེ་དག་གིས་བསྐྱེད་ཅིང་བསྲུངས་ པའི་ཤིང་གང་ཡིན་པ་དེ་དག་ལོ་མ་ཐིབ་བེ་འདུག་པར་མཐོང་ནས་སྙིང་དུ་སྡུག་ནས་འཁྱུད་དེ་སྨྲས་པ། བུས་པས་རིལ་བ་ཆུང་ངུའི་ཆུས་བཅུས་པ། །ལོ་མ་རྣམས་ལ་ཆུ་ཐིགས་འཛག་པ་ཡི། །ལྗོན་ཤིང་རྣམས་ནི་སེམས་དང་བཅས་པ་བཞིན། །བུས་པ་ནུ་ཞོ་མ་བླུད་ལྟ་བུར་ངུ་། ། ཡང་བུས་པ་གཞོན་ནུ་དེ་གཉིས་དང་རྩེ་རྩེ་བའི་རི་དགས་ཀྱི་ཕྲུ་གུ་བསྟི་གནས་ན་འདུག་པ་རྣམས་མཐོང་ནས་མི་དགའ་སྟེ་སྙིང་རྗེ་རྗེ་སྐད་ཀྱི་ཚིག་གིས་དལ་བུས་སྨྲས་པ། དེའི་ནེའུ་ཟླ་མཐོང་བར་འདོད་པ་གང་། །གནས་སུ་ས་ཚུགས་མཚོན་ཅིང་ཚོལ་བྱེད་པ། །རི་དགས་ཕྲུ་གུ་རྒྱུ་བ་ འདི་དག་ཀྱང་། །བདག་གི་སྡུག་བསྔལ་མི་ཆུང་གཞན་ཡིན་ནོ། །དེ་ནས་བུས་པ་གཞོན་ནུ་དེ་དག་ལམ་གང་ནས་དོང་བའི་ལམ་དེར་རྗེས་བཅད་པ་དང་། བུས་པ་གཞོན་ནུ་དེ་གཉིས་རྗེས་དྲང་པོར་མ་བྱུང་གི་གྱ་གྱུས་གང་བར་མཐོང་ནས་ལྷག་པར་ཡང་སྡུག་བསྔལ་གྱིས་གདུངས་ནས་ སྨྲས་པ། ཇི་ལྟར་འཐེན་པའི་རྗེས་བྱུང་དང་། །ལ་ལར་མྱུར་དུ་སོང་བ་ལས། །བརྡེགས་ཏེ་ཁྲིད་པར་གདོན་མི་ཟ། །ཀྱེ་མ་བྲམ་ཟེ་བརྩེ་མེད་མཆོག །མགུལ་ནི་དབུགས་ཀྱིས་བརྫགས་ཤིང་སྐད་ཀྱང་འཛེར། །མ་མཆུ་མཛེས་པ་འདར་ཞིང་བདག་གི་བུ། །རི་དགས་བཞིན་དུ་མིག་ ཀྱང་རིག་རིག་སྟེ། །རྐང་པ་འཇམ་པོས་ཇི་ལྟར་སོང་ཞིག་གུ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟར་སྨྲེ་སྔགས་འདོན་པའི་བདག་ཉིད་དེ་མཐོང་ནས་མི་རྟག་པ་ཉིད་དང་ལྡན་པའི་ཚིག་དེ་དང་དེ་དག་གིས་རྣམ་གྲངས་མང་པོར་གོ་བར་བྱས་ནས་སྨྲས་པ། ཁོ་བོས་བུ་གཉིས་གྲགས་པ་ཡིས། ། བཏང་བ་མ་ཡིན་སྡང་བས་མིན། །སེམས་ཅན་ཀུན་ལ་ཕན་དོན་དུ། །བཏང་བར་དཀའ་བའི་བུ་དེ་བཏང་། །མཆོག་ཏུ་བཏང་དཀའ་བདག་ཉིད་དང་། །བུ་དང་ཆུང་མ་རྣམས་བཏང་ནས། །སེམས་དཔའ་ཆེན་པོས་ཚུལ་བཞིན་དུ། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །རྒྱགས་ སྦྱིན་བདག་གིས་གཏོང་བ་ལ་བརྟེན་གཏང་དཀའ་བའི། །བུས་པ་དེ་གཉིས་འཇིག་རྟེན་ཐར་པའི་དོན་དུ་བཏང་། །བདག་དང་ཆུང་མ་གཞོན་ནུ་ནོར་ཡང་གཏང་བྱ་སྟེ། །ཀུན་ལ་ཐམས་ཅད་བཏང་བའི་བློ་གྲོས་ང་ལ་ཡོད། །དེ་ནས་རྒྱགས་སྦྱིན་མས་སེམས་བརྟན་ཏེ། བྱང་ཆུབ་སེམས་ དཔའ་ལ་སྨྲས་པ། ཁྱོད་ལ་བར་ཆད་མི་བགྱིད་ཀྱིས། །ཁྱོད་བློ་གཞན་དུ་མ་འགྱུར་ཅིག །གལ་ཏེ་བདག་ཀྱང་སྩོལ་བཞེད་ན། །དོགས་པ་མ་མཛད་བདག་སྩོལ་ཅིག །གཞན་ཡང་དཔའ་བོ་གང་ཕྱིར་ཉིད་ཀྱི་མི། །སྡུག་པས་ཆགས་པ་བཏང་བ་ཡི། །དོན་དེ་མྱུར་དུ་ཐོབ་ནས་ནི། ། སྲིད་ལས་འགྲོ་བ་བསྒྲལ་བར་མཛོད། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་དང་། རྒྱགས་སྦྱིན་མ་བརྩོན་འགྲུས་ཤིན་ཏུ་རྨད་དུ་བྱུང་བ་དང་། ཤིན་ཏུ་བྱ་དཀའ་བར་རིག་ནས་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་ བསྐོར་ཏེ། སྟེང་གི་ནམ་མཁའ་ལས་བསྟི་གནས་དེར་ལྷགས་ནས་སྣང་བ་རྒྱ་ཆེན་པོས་གནས་དེ་གསལ་བར་བྱས་ཏེ། ནམ་མཁའ་ལ་འདུག་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འདི་ལྟར་འཇིག་རྟེན་རྨོངས་པ་བློ་ངན་གཞུང་གིས་བཅིངས་པའི་བློ་གྲོས་ཅན། །ལོངས་ སྤྱོད་ལ་ཆགས་སྙིང་གི་ཞགས་པ་བུ་ཡིས་བཅིངས་པའི་ནང་ན་ཡང་། །ཁྱབ་བདག་ཁྱོད་གཅིག་ཆགས་པ་མེད་པས་དགའ་བསྐྱེད་པའི་བུ་གཏོང་བས། །ངེས་པར་གོ་འཕང་བ་དེ་དང་ཞི་བ་དྲི་མེད་དཀའ་བ་མེད་པས་འཐོབ། །དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་ནས་ལྷ་ རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། འདི་གཅིག་པུ་གཡོག་དང་བྲལ་ན་ཉོན་མོངས་པར་འགྱུར་གྱིས། མ་ལ་བདག་གིས་རྒྱགས་སྦྱིན་མ་བསླང་ངོ་སྙམ་ནས། དེ་ནས་བྲམ་ཟེའི་ཆ་བྱད་དུ་བསྒྱུར་ཏེ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་ནས་ཡང་བྱང་ཆུབ་སེམས་དཔའ་ལ་ སྨྲས་པ། ཡན་ལག་ཀུན་བཟང་ཁྱིམ་ཐབ་ལས། །འཕྱོ་བ་མེད་ཅིང་སྙིང་ཉེ་བ། །རིགས་ན་བསྔགས་པའི་སྲིང་མོ་འདི། །བདག་ལ་བྲན་མོའི་དོན་དུ་སྩོལ། །དེ་ནས་རྒྱགས་སྦྱིན་མ་མི་བཟོད་པ་སྐྱེས་ནས་བྲམ་ཟེ་ལ་སྨྲས་པ། ངོ་ཚ་མེད་ཅིང་བརྐམ་པ་ཁྱོད། །འདི་ནི་ བྲམ་ཟེའི་ཐ་ཤལ་ཏེ། །ཁྱོད་ལྟ་འཕྱོན་མ་མི་བྱེད་ཅིང་། །དམ་ཆོས་དགའ་བ་ང་འདོད་དམ། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་སྙིང་རྗེ་དང་ལྡན་པའི་སྙིང་གིས་རྒྱགས་སྦྱིན་མ་ལ་བརྟག་པར་བརྩམས་པ་དང་། དེ་ནས་རྒྱགས་སྦྱིན་མས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་ནི་བདག་ལ་གཡར་ངན་མེད། །དེ་བཞིན་བདག་ལ་ལྟ་མ་ལགས། །གཅིག་པུ་ཇི་ལྟར་བཞུགས་འགྱུར་ཞེས། །དེ་ལྟར་ཁྱོད་སླང་གཡར་ངན་བགྱིད། །དེ་ནས་བྱང་ཆུབ་སེམས་དཔས་རྒྱགས་སྦྱིན་མ་ལ་སྨྲས་པ། གོ་འཕང་མི་ཟད་མྱ་ངན་མེད་པ་ཚོལ་བདག་ལ། །ས་ སྟེང་འདིར་ནི་རྒྱགས་སྦྱིན་མྱ་ངན་བྱ་མི་དགོས། །ཁྱོད་ནི་མྱ་ངན་མེད་པར་བྲམ་ཟེ་འདི་རྗེས་འབྲོངས། །བདག་ནི་རི་དགས་འཆི་བ་བཞིན་དུ་བསྟི་གནས་འཐེན། །དེ་སྐད་ཅེས་སྨྲས་ནས་དགའ་བ་དང་། མགུ་བ་དང་། ཡིད་རབ་ཏུ་དགའ་བས་བསམས་པ། སྦྱིན་པ་འདི་ནི་ནགས་ ཚལ་འདིར། །བདག་གི་སྦྱིན་པ་ཐ་མ་ཡིན། །རྒྱགས་སྦྱིན་འདིར་ཡང་ཡོངས་བཏང་ནས། །ཡོངས་སུ་གཟུང་བ་མེད་པར་འགྱུར་སྙམ་དུ་རིག་ནས་རྒྱགས་སྦྱིན་མ་ལག་པ་ནས་བཟུང་སྟེ་བྲམ་ཟེ་དེ་ལ་སྨྲས་པ། བདག་གི་མཆིས་འབྲང་སྡུག་པ་འདི། །སྙིང་ནས་སྙིང་ཉེ་བསྒོ་བ་ཉན། ། ཡ་རབས་ཚུལ་ཅན་སྙན་པར་སྨྲ། །བྲམ་ཟེའི་མཆོག་ཁྱོད་བཞེས་སུ་གསོལ། །དེ་ནས་མཆེ་བ་བཟང་པོ་ཡི། །ཆུང་མ་བྱང་ཆུབ་འདོད་ཕྱིར་བཏང་། །ཆུ་ལ་གྲུ་ནི་ཇི་ལྟ་བར། །ས་ནི་མཐའ་དག་རྣམ་དྲུག་གཡོས། །དེ་ནས་རྒྱགས་སྦྱིན་མ་བྲམ་ཟེའི་དབང་དུ་གྱུར་ཏེ། །ཁྱོ་དང་། བུ་ དང་། བུ་མོ་དང་བྲལ་བའི་སྡུག་བསྔལ་གྱིས་ཉམ་ཐག་ནས་དབུགས་བརྫགས་པས་མགུལ་སྒྲ་ངར་ངར་པོར་འགགས་བཞིན་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཚེ་རབས་སྔ་མ་ལ། །ཅི་འདྲ་བ་ཡི་ལས་ངན་བྱས། །དེས་ན་བ་བེའུ་ཤི་བ་བཞིན། །སྐྱེ་བོ་མེད་པའི་ནགས་ན་ངུ་། །དེ་ ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེའི་ཆ་བྱད་མི་སྣང་བར་བྱས་ཏེ་རང་བཞིན་གྱི་ཆ་བྱད་དུ་གནས་ནས་རྒྱགས་སྦྱིན་མ་ལ་སྨྲས་པ། སྐལ་བཟངས་བདག་ནི་བྲམ་ཟེ་མ་ཡིན་མི་ཡང་མ་ཡིན་གྱི། །བདག་ནི་ལྷ་ཡི་དབང་པོ་བརྒྱ་བྱིན་ལྷ་མིན་འཇོམས་བྱེད་དེ། །ཁྱོད་ཀྱི་འདུལ་བའི་མཆོག་ ཏུ་གྱུར་པ་འདི་ཡིས་བདག་མགུ་ཡིས། །བདག་ལས་དམ་པ་གང་ཞིག་འདོད་པ་དེ་འདིར་སྨྲ་བར་གྱིས། །དེ་ནས་དེའི་ཚིག་གིས་རྒྱགས་སྦྱིན་མ་ཡིད་བདེ་བ་སྐྱེས་ནས་བརྒྱ་བྱིན་ལ་ཕྱག་འཚལ་ནས་སྨྲས་པ། སྤྱན་སྟོང་ལྡན་པ་བདག་གི་བུ། །བྲན་གྱུར་པ་ལས་ཐར་མཛད་ཅིང་། །མེས་ པོའི་དྲུང་དུ་ཕྱིན་པར་ཡང་། །སུམ་བཅུ་རྩ་གསུམ་བདག་པོས་མཛོད། །དེ་སྐད་ཅེས་སྨྲས་ནས་ཡང་དབང་པོ་ཆེན་པོ་བསྟི་གནས་སུ་ཞུགས་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ། རྒྱགས་སྦྱིན་མ་ལག་པ་གཡོན་པས་བཟུང་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་གིས་ཁྱོད་ ལ་རྒྱགས་སྦྱིན་འདི། །གཡོག་གི་ཕྱིར་ནི་སྦྱིན་པར་བྱས། །ཁྱོད་ཀྱིས་སུ་ལའང་མ་སྦྱིན་ཅིག །བཞག་པ་བྱིན་ན་སྨད་པར་འགྱུར། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེ་ཁྱེའུ་དང་བུ་མོ་ཁྱེར་བ་དེ་ཇི་ལྟར་གྲོང་ཁྱེར་གཞན་ཡིན་ནོ་སྙམ་ནས་གྲོང་ཁྱེར་དེ་ ཉིད་དུ་སོང་སྟེ་བུས་པ་གཞོན་ནུ་དེ་དག་བཙོང་བར་བརྩམས་པ་དེ་ལྟ་བུར་རྨོངས་པར་བྱས་སོ། །ཇི་ཙམ་ན་བློན་པོ་རྣམས་ཀྱིས་མཐོང་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ཁྱོད་ཀྱི་དཔོན་པོ་མདོག་ནག་དང་། །དྲ་བ་ཅན་དང་དེ་གཉིས་ནི། །བྲམ་ཟེ་ཤིན་ཏུ་མ་རུངས་པ། །གྲོང་ཁྱེར་མཆོག་ འདིར་འཚོང་ཞིང་མཆིས། །དེ་སྐད་ཅེས་ཐོས་ནས་རྒྱལ་པོ་དེ་སེམས་མི་དགའ་ནས་སྨྲས་པ། གཞོན་ནུ་གཉིས་མྱུར་དུ་སྟོན་ཅིག །བློན་པོ་རྣམས་ཀྱིས་སྐད་ཕྱུང་བ་དང་གྲོང་ཁྱེར་པ་རྣམས་མྱུར་དུ་རྒྱལ་པོའི་མདུན་དུ་ཉེ་བར་ལྷགས་ནས། ཇི་ཙམ་ན་བློན་པོ་གཞན་ཞིག་གིས་རྒྱལ་པོའི་ དྲུང་དུ་ཁྲིད་པ་དང་། མི་ཡི་དབང་པོ་མངོན་ཕྱོགས་ཁྲིད་པའི་ཚ་བོ་གོས་མེད་ཅིང་། །ལུས་རྦེག་དྲི་མ་ཅན་གྱི་ལུས་དེ་དེ་ཡིས་མཐོང་ནས་ནི། །མོད་ལ་སེང་གེའི་ཁྲི་ལས་ས་ཡི་སྟེང་དུ་ལྟུང་གྱུར་ཏེ། །ཕོ་བྲང་འཁོར་མི་བློན་ཚོགས་བུད་མེད་དག་ཀྱང་ངུ་བར་གྱུར། །དེ་ནས་རྒྱལ་པོས་ བློན་པོ་རྣམས་ལ་སྨྲས་པ། གང་ཞིག་ནགས་ན་གནས་པ་ཡང་། །སྦྱིན་ལ་མངོན་པར་དགའ་བའི་ཡིད། །མིག་བཟངས་དེ་ནི་མྱུར་དུ་འདིར། །ཆུང་མ་དང་བཅས་དགུག་པར་གྱིས། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱས་ནས་རང་གི་གནས་ སུ་སོང་ངོ་། །ཕྱི་ཞིག་ན་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་འདས་པ་དང་། །བྲམ་ཟེ་དེ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་རྣམས་ལྷན་ཅིག་བསྟི་གནས་དེར་སོང་ནས་བྱང་ཆུབ་སེམས་དཔའ་ལ་གསོལ་བ་བཏབ་སྟེ། རང་གི་གྲོང་ཁྱེར་དུ་བོས་ནས་རྒྱལ་པོར་བཅུག་གོ། །དེ་ ནས་རྒྱལ་པོ་ཐམས་ཅད་སྒྲོལ་ཐམས་ཅད་གཏོང་ཞེས་བྱ་བར་གྱུར་ཏོ། །དེས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། མཛའ་བོ་དང་། ཉེ་དུ་དང་། གཉེན་བཤེས་དང་། ཞོ་ཤས་འཚོ་བ་རྣམས་ལ་སྦྱིན་པ་རྣམ་པ་དུ་མ་དག་བྱིན་ནས་ཚིགས་སུ་བཅད་དེ་སྨྲས་པ། བྱང་ ཆུབ་དོན་དུ་གཉེར་བ་ཡིས། །རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང་། །དམངས་རིགས་གདོལ་པ་གཡུང་པོ་ལའང་། །འཇིགས་པ་མེད་པར་སྦྱིན་པ་བཏང་། །གསེར་དང་དངུལ་དང་བ་ལང་དང་། །རྟ་དང་ནོར་བུའི་རྣ་རྒྱན་དང་། །དེ་བཞིན་ལས་དག་བྱེད་པའི་བྲན། །ཚུལ་ཁྲིམས་ཕུན་ སུམ་ཚོགས་ལ་སྦྱིན། །ཆགས་པ་མེད་པའི་སེམས་ཀྱིས་ནི། །བུ་དང་ཆུང་མ་ཡོངས་བཏང་བས། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །མི་ཡིས་དག་པ་ཐོབ་པར་འགྱུར། །གང་གི་ཚེ་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་གྱིས་ཐམས་ཅད་སྒྲོལ་གྱི་ཆེད་དུ་བྲམ་ཟེ་ཛུ་ཛུ་ཀ་ལ་ནོར་ མང་པོ་སྦྱིན་པ་དེའི་ཚེ་དེ་འབྱོར་པ་རྒྱ་ཆེན་པོར་གྱུར་པ་དང་། དེ་ལ་སྙིང་དུ་སྡུག་པ་དང་། རྩ་ལག་དང་། གྲོགས་པོ་དག་འོངས་ནས་སྨྲས་པ། ཁྱོད་ཀྱི་འབྱོར་པ་དང་། དཔལ་དང་སྐལ་བ་ཕུན་སུམ་ཚོགས་པ་གང་ཡིན་པ་ཅི་ཡང་རུང་དེ་དག་ཐམས་ཅད་ནི་གཞོན་ནུ་ཐམས་ཅད་སྒྲོལ་ དེ་ལ་བརྟེན་ཏེ་ཡིན་ནོ། །དེས་སྨྲས་པ། གཞོན་ནུ་ཐམས་ཅད་སྒྲོལ་གྱིས་ཁོ་བོ་ལ་ཅི་ཞིག་བྱས། རིགས་མཆོག་གི་ནང་དུ་སྐྱེས་པས་ཁོ་བོ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་ཏེ། །དེས་ན་ཁོ་བོ་སྐལ་པ་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གཞོན་ནུ་ཐམས་ཅད་སྒྲོལ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཛུ་ཛུ་ཀ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་ པ་མི་ཚོར་བ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་འདི་ལྟར་བསླབ་པར་བྱ་སྟེ། བྱས་པ་གཟོ་བ་དང་བྱས་པ་ཚོར་བར་བྱ་སྟེ། ཅུང་ཟད་བྱས་པ་ཡང་ཆུད་མི་གསན་པར་བྱ་ན་མང་པོ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །སངས་རྒྱས་ བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ཡུལ་ཙམ་པ་ན་ཁྱིམ་བདག་གྲུ་འཛིན་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་རྣམ་ཐོས་ཀྱི་བུ་ལ་ནོར་ གྱིས་འགྲན་པ་ཞིག་གནས་ཏེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། དུས་གཞན་ཞིག་ ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། འདི་ལྟར་དེའི་མངལ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་ཡིད་དུ་མི་འོང་བའི་སྒྲ་ཅུང་ཟད་ཀྱང་མི་ཐོས་ཤིང་གྲང་བ་ན་གྲང་བའི་ཡོ་བྱད་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དང་། སྨན་པས་བཅས་པའི་ཁ་ཟས་ཧ་ཅང་ཁ་བ་མ་ཡིན་པ་དང་། ཧ་ཅང་སྐྱུར་བ་མ་ ཡིན་པ་དང་། ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་དང་། ཧ་ཅང་མངར་བ་མ་ཡིན་པ་དང་། ཧ་ཅང་ཚ་བ་མ་ཡིན་པ་དང་། ཧ་ཅང་བསྐ་བ་མ་ཡིན་པ་སྟེ། དེ་ལྟར་ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་སྤངས་པའི་ཁ་ཟས་ཀྱིས་བསྙེན་བཀུར་བྱེད་ཅིང་དོ་ ཤལ་དང་། སེ་མོ་དོས་ལུས་བརྒྱན་ནས་ལྷའི་བུ་མོ་དགའ་ཚལ་ན་རྒྱུ་བ་བཞིན་དུ་ཁྲིའུ་ནས་ཁྲིའུར་དང་། ཁྲི་ནས་ཁྲིར་རྒྱུ་ཞིང་འོག་གིས་གཞི་ལ་མི་འབབ་བོ། །དེའི་ཚེ་ཁྱིམ་བདག་གྲུ་འཛིན་དགོས་པ་འགའ་ཞིག་ལ་རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེ་ཡང་ཟླ་བ་དགུ་འམ། བཅུ་ལོན་ཏེ་རྒྱུ་སྐར་ གྲོ་བཞིན་ལ་བབ་པ་ན་ཁྱེའུ་གཟུགས་བཟང་པོ་བལྟ་ན་སྡུག་པ་མཛེས་པ་དེའི་རྐང་པའི་མཐིལ་གཉིས་ལ་སྤུ་གསེར་གྱི་ཁ་དོག་འདྲ་བ་སོར་བཞི་ཙམ་སྐྱེས་པ་ཞིག་བཙས་སོ། །བཙས་ནས་ཇི་ཙམ་ན་ཁྱིམ་བདག་གྲུ་འཛིན་གྱི་མི་ཞིག་རིངས་པ་རིངས་པར་རྒྱལ་པོའི་ཁབ་ཏུ་སོང་ནས་ཁྱིམ་བདག་གྲུ་ འཛིན་ལ་སྨྲས་པ། ཁྱིམ་བདག་དགྱེས་པ་སྐྱེད་ཅིག །ཁྱོད་ཀྱི་ཁྱེའུ་ཞིག་བཙས་སོ། །དེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྨྲས་པ། ཀྱེ་ནང་རྗེ་ཅི་ཞིག་སྨྲ། དེས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ཁྱེའུ་ཞིག་བཙས་སོ། །དེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཡང་དྲིས་པ། ཀྱེ་ནང་རྗེ་ཅི་ཞིག་སྨྲ། དེས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ཁྱེའུ་ཞིག་བཙས་སོ། །ཡང་དྲིས་པ། ཀྱེ་ནང་རྗེ་ཅི་ཞིག་སྨྲ། དེ་ནས་མི་དེ་འདི་སྙམ་དུ་སེམས་ཏེ་ཅི་ཁྱིམ་བདག་འདི་ཡང་ནས་ཡང་དུ་འདྲི་བ་བདག་ལ་ཀྱལ་ཀ་སྨྲ་བར་མི་འདོད་གྲང་སྙམ་དུ་བསམས་ནས་ཅང་མི་སྨྲ་བར་འདུག་གོ། །ཁྱིམ་ བདག་གིས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱིས་ཉེས་ཏེ། གལ་ཏེ་ཁྱོད་ཀྱིས་ལན་བརྒྱར་སྨྲས་པར་གྱུར་ན་ཡང་། ངས་ཀྱང་ཁྱོད་ཀྱི་ཁ་གསེར་གྱིས་ལན་བརྒྱ་བཀང་བར་འགྱུར་བ་ཞིག །དེ་ནས་ཁྱིམ་བདག་གྲུ་འཛིན་གྱིས་མི་དེའི་ཁ་གསེར་གྱིས་ལན་གསུམ་བཀང་ནས་དཀོར་པ་ལ་ཁྱེའུ་དཀན་ དབབ་པའི་རིན་གསེར་བྱེ་བ་ཉི་ཤུ་བྱིན་ཅིག་ཅེས་སྤྲིང་ངོ་། །ཁྱིམ་བདག་གྲུ་འཛིན་དགའ་བ་དང་ཡིད་བདེ་བས་རྒྱལ་པོའི་དྲུང་དུ་སོང་ནས་ལྷ་བདག་གི་ཁྱེའུ་ཞིག་བཙས་སོ། །རྒྱལ་པོས་སྨྲས་པ་ལེགས་སོ། །ངས་དེ་ལ་ཙམ་པ་གཞི་དང་བཅས་པ་དང་། གླང་པོ་ཆེ་བདུན་གྱི་ཚོགས་ སྦྱིན་ནོ། །ཁྱིམ་བདག་གྲུ་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བལྟས་ཏེ་ཙམ་པར་འོངས་ནས་དེ་ནས་ཁྱིམ་བདག་གི་གཉེན་རྣམས་ཀྱིས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །གཞན་དག་ གིས་སྨྲས་པ། ཁྱེའུ་འདི་རྒྱུ་སྐར་གྲོ་བཞིན་ལ་བཙས་ལ་འདི་བཙས་པ་ན་ཕས་ཀྱང་དཀན་དབབ་པའི་རིན་དུ་གསེར་བྱེ་བ་ཉི་ཤུ་བྱིན་པས། དེ་བས་ན་ཁྱེའུའི་མིང་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ཞེས་བྱ་བར་གདགས་སོ་ཞེས་དེའི་མིང་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ཞེས་བྱ་བར་བཏགས་ཏེ། ཁྱེའུ་གྲོ་བཞིན་སྐྱེས་ བྱེ་བ་ཉི་ཤུ་པ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ཏེ། དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་ དང་གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྐྱེད་པར་བྱེད། སྲིང་བར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དེ། དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་ པ་ལ་ཉེ་བར་ཞུགས་ཤིང་། བརྟག་པ་བརྒྱད་པོ་གཞི་བརྟག་པ་དང་། གོས་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། ཤིང་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། གཞོན་ནུ་བརྟག་པ་དང་། གཞོན་ནུ་མ་བརྟག་པ་དང་། འབྱེད་པ་དང་། ཀློག་པ་ལ་མཁས་ པ་དང་། གཡེར་པོར་གྱུར་ཏོ། །དེ་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཞེས་རིགས་མཉམ་པ་མང་པོས་ཐོས་ནས་བུ་སྲིང་དག་བྱིན་ནོ། །དེའི་ཕས་འདུག་པའི་ཁང་པ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་རྩིག་ཏུ་བཅུག་སྟེ་ཆུང་མ་ གསུམ་པོ་ཆེན་མ་དང་། བར་མ་དང་། ཆུན་མ་བཞག་ནས་དེ་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་སྟེ་སྐྱེས་པ་མེད་པ་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ཉི་མ་རེ་རེ་ཞིང་ལྔ་བརྒྱའི་སྟོན་མོ་སྣོད་ནས་འཚེད་ཅིང་སྦྱོར་རོ། །ལྷ་སྦྱིན་གྱིས་གཞོན་ནུ་མ་སྐྱེས་དགྲ་ ལ་རྦད་པ་གཞོན་ནུ་རྒྱལ་པོ་ཐམས་ཅད་ནི་གང་གི་ཚེ་སྐྲ་སྐྱ་བོ་སྐྱེས་པར་གྱུར་པ་དེའི་ཚེ་གཞོན་ནུའི་ཐུ་བོ་ཤོས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ནས་རབ་ཏུ་འབྱུང་ན། ཁྱོད་ཀྱི་ཡབ་ནི་སྐྲ་ཁ་དོག་རྣམ་པ་གསུམ་པའི་མཐར་ཕྱིན་ན་འོན་ཀྱང་འདོད་པ་རྣམས་ལ་ཞེན་བཞིན་ཏེ་ཉེ་བར་ཞི་བར་མི་འགྲོའོ། ། མ་སྐྱེས་དགྲས་སྨྲས་པ། དེ་ཉིད་ཀྱིས་ཤེས་མོད། དེ་ལ་ཅི་བྱར་ཡོད། ལྷ་སྦྱིན་གྱིས་སྨྲས་པ། ཕ་རོལ་གནོད་པ་གྱིས་ཤིག །འདོད་པ་དོན་དུ་གཉེར་བ་རྣམས་ནི་མི་བྱེད་པ་ཅི་ཡང་མེད་པས། ཇི་ཙམ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་མར་གསོལ་ནས་འཇམས་གསོལ་བར་ བཞེད་པའི་འཇམས་ཀྱི་ཞལ་ཏ་བྱས་ཏེ། འོད་མའི་ཚལ་དུ་སོང་བ་མ་སྐྱེས་དགྲས་མཐོང་ནས་དེས་རྡོ་རྗེ་རྩེ་གཅིག་པ་ཞིག་འཕངས་པ་དང་རྒྱལ་པོ་སྒྲ་ལ་མཁས་པ་ཡིན་པས་དེས་གཡོན་ཕྱོགས་སུ་ཐུག་པའི་རྫེའུ་ཆག་པར་གྱུར་ནས་དེ་ཉིད་ནས་སླར་ལོག་གོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་འདི་ལྟ་བུ་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་མ་སྐྱེས་དགྲ་མི་དགེ་བའི་བཤེས་གཉེན་ ལྷ་སྦྱིན་གྱིས་ཟིན་པས། དེ་བཞིན་གཤེགས་པའི་བསོད་སྙོམས་མ་རུང་བར་བྱས་ཀྱིས་ཙམ་པར་གྲུ་འཛིན་གྱི་བུའི་དྲུང་དུ་སོང་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ནས་ཇི་ ལྟར་སེམས་མཉམ་པར་བཞག་ན་རྒྱལ་པོའི་ཁབ་ནས་མི་སྣང་བར་གྱུར་ཏེ་ཙམ་པར་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ཉི་མ་ལ་དད་པས་དེ་ཉི་མ་རེ་རེ་ཞིང་ནང་པར་སྔར་ལངས་ཏེ་ཉི་མ་ལ་ཕྱག་བྱེད་པ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ རྫུ་འཕྲུལ་གྱིས་ཉི་མའི་དཀྱིལ་འཁོར་བརྟོལ་ནས་བབས་པ། ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་མཐོང་ངོ་། །མཐོང་ནས་ཀྱང་བདག་གིས་མངོན་སུམ་ཁོ་ནར་ཉི་མ་ཉིད་ཀྱི་གཟུགས་མཐོང་ངོ་སྙམ་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །མཐོང་ནས་ཡང་ཚིགས་སུ་བཅད་ནས་སྨྲས་པ། ཉི་མ་བརྟོལ་ནས་ས་སྟེང་མངོན་ཕྱོགས་མྱུར་ཉིད་དུ། །བདག་གི་གནས་སུ་བྱོན་པ་འདི་ཀོ་སུ་ཞིག་ལགས། །འདི་ཅི་ཉི་མའམ་ནོར་སྦྱིན་ཟླ་བའམ་བརྒྱ་བྱིན་ནམ། །འོན་ཏེ་ལྷ་ཡི་བདག་པོ་མོད་ལ་གཤེགས་ཤིག་གུ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་སེམས་ཀྱིས་ཀྱང་དེའི་བསམ་པ་ ཤེས་ནས་ཡང་ཚིགས་སུ་བཅད་དེ་སྨྲས་པ། ཁོ་བོ་འོད་ཟེར་སྟོང་གི་འོད་འབར་ཉི་མ་མ་ཡིན་རྒྱུ་སྐར་བདག་པོ་མིན། །ཁོ་བོ་རྣམ་ཐོས་མ་ཡིན་མཆོག་ལྡན་མ་ཡིན་ལེགས་པའི་བརྟུལ་ཞུགས་དབང་ཕྱུག་མིན། །ཁོ་བོ་ཐུགས་ཞི་གཟི་བརྗིད་ཀྱིས་འབར་སངས་རྒྱས་སྲས་པོ་ཡིན་པར་ཤེས་པར་ བྱོས། །ཁོ་བོ་ཐུབ་ལ་བསོད་སྙོམས་དགོངས་ནས་བསླང་བའི་ཕྱིར་ནི་ཁྱོད་ཀྱི་དྲུང་དུ་འོངས། གྲོ་བཞིན་སྐྱེས་ཀྱིས་སྨྲས་པ། ཅི་ཤེས་ལྡན་ཉིད་ཐུབ་པ་ཡིན་ནམ། དེས་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་གསེར་གྱི་རི་བོ་ལྷུན་པོའི་ཟླར་ནི་ཡུངས་ཀར་ཁྱེར་ཏེ་འོང་བ་དང་། ཇི་ལྟར་ཉི་ མའི་ཟླར་ནི་ས་སྟེང་སྲོག་ཆགས་སྲིན་བུ་མེ་ཁྱེར་འཇལ་བ་དང་། །རིན་ཆེན་གྱིས་ཕྱུག་རྒྱ་མཚོའི་ཟླར་ནི་འདི་ནི་གནག་གི་རྨིག་རྗེས་སྒྲུན་པ་ལྟར། །དེ་བཞིན་མི་མཆོག་བླ་མ་སངས་རྒྱས་ལ་ལྟོས་སྟོན་པའི་སྲས་དག་རིག་པར་གྱིས། གྲོ་བཞིན་སྐྱེས་ཀྱིས་སྨྲས་པ། རྗེས་སུ་དཔག་པ་འདི་ཡིས་ ན། །བདག་གིས་ཁྱོད་ཀྱི་འདྲེན་པ་ནི། །ཇི་ལྟར་དཀའ་ཐུབ་རབ་ཆེ་བ། །གསལ་བར་རབ་ཏུ་རྟོགས་ལགས་སོ། །དགོས་པ་ཅི་ལ་བྱོན་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱི་བསོད་སྙོམས་ཕུལ་ཅིག །བཅོམ་ལྡན་འདས་དེ་སུ་ཡིན། ཁྱིམ་བདག་གི་བུ་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་ སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཡོད་དོ། །ཁྱིམ་བདག་གི་ བུ་དེ་ནི་སངས་རྒྱས་ཞེས་བྱའོ། །དེས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་བ་སྤུའི་ཁུང་ཐམས་ཅད་གཡོས་ཤིང་མངོན་པར་དད་པ་དེས་སྣོད་དུ་བཙོས་པ་ལྔ་བརྒྱ་པོ་དེ་ཉིད་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་ལས་ བསོད་སྙོམས་བླངས་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་ཙམ་པ་ནས་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་ཕྱིན་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེས་བཅོམ་ལྡན་འདས་ལ་བསོད་སྙོམས་ཕུལ་ཏེ་བཅོམ་ལྡན་འདས་ཀྱིས་ གསོལ་པར་བརྩམས་པ་ན། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་སྣོད་ནས་བཙོས་པ་ཕྱི་མ་ཤོས་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། ཇི་ཙམ་ན་འོད་མའི་ཚལ་ཐམས་ཅད་ཁ་ཟས་ཀྱི་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་པར་མཐོང་ནས་དེས་བསམས་ པ། གདོན་མི་ཟ་བར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནམ། ལྷ་གཞན་དག་གིས་བཅོམ་ལྡན་འདས་ལ་བསོད་སྙོམས་ཕུལ་ཏེ། འདི་ལྟར་འོད་མའི་ཚལ་འདི་ཁ་ཟས་ཀྱི་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་པར་གྱུར་ཏོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཙུན་པ་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནམ། ལྷ་གཞན་དག་གིས་བསོད་སྙོམས་ཕུལ་བའམ་ཅི་ལགས་ན། འདི་ལྟར་འོད་མའི་ཚལ་འདི་ཞལ་ཟས་ཀྱི་དྲི་བདའ་བ་སྣ་ཚོགས་ཀྱིས་ཁྱབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ ཆེན་པོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་མ་ཡིན་ལ། ལྷ་གཞན་རྣམས་ཀྱིས་ཀྱང་མ་ཕུལ་ཏེ། དེ་ལྟ་མོད་ཀྱི་ཁྱོད་ཉིད་ཀྱི་ཡུལ་ཙམ་པ་ན་གྲུ་འཛིན་གྱི་བུ་ཉི་མ་རེ་རེ་ལྔ་བརྒྱའི་སྟོན་མོ་སྣོད་ནས་འཚེད་ཅིང་སྦྱོར་བ་ཡོད་དེ། དེ་ལས་དགེ་སློང་མཽད་གལ་གྱི་བུས་བླངས་སོ། །བཅོམ་ ལྡན་འདས་དེའི་བསྔགས་པ་གསུང་བར་བརྩམས་པ་ཐོས་ནས་དེ་ཡང་མཐོང་བར་འདོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་དེའི་བསམ་པ་མཁྱེན་ནས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སེམས་ཅན་དེ་ནི་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ་ཡིན་པས་ཁྱོད་བསོད་ ནམས་ཡོངས་སུ་ཟད་པར་འགྱུར་དུ་འོང་གིས་དེ་ལ་བཀའ་མ་སྩོལ་ཅིག །དེ་ལྟ་མོད་ཀྱི་རྒྱལ་པོ་ཆེན་པོ་ལྷུང་བཟེད་ཀྱི་ལྷག་མ་ལ་ལོངས་སྤྱོད་ཅིག །དེས་གསོལ་པ། བཙུན་པ་བདག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལགས་ཏེ། སྔོན་ནི་སུའི་ལྷུང་བཟེད་ཀྱི་ལྷག་མ་ ཡང་མ་འཚལ་ལགས་མོད་ཀྱི། བཅོམ་ལྡན་འདས་ནི་ཆོས་ཉིད་ཀྱིས་བདག་གི་ཡབ་ལགས་པས། གལ་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་ལོངས་སྤྱོད་པར་བགྱིའོ་ཞེས་དེས་ལོངས་སྤྱོད་པར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ ཆེན་པོ་ཁྱོད་ཀྱིས་སྔོན་ལན་འགའ་ཡང་བཟའ་བ་དང་བཏུང་བ་འདི་འདྲ་བ་ལོངས་སྤྱད་པ་ཡོད་དམ། རྒྱལ་པོས་གསོལ་པ། བཙུན་པ་བདག་ཀྱང་རྒྱལ་པོའི་རྒྱུད་དུ་བཙས། རྒྱལ་པོའི་རྒྱུད་ལས་ཆེན་པོར་གྱུར་ཅིང་རྒྱལ་པོར་གྱུར་ཀྱང་གཡར་ཟས་དང་བཏུང་བ་འདི་འདྲ་བ་ནི་སྔོན་ལན་འགའ་ ཡང་མྱོང་བར་མ་འཚལ་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་སྐལ་བ་ཆེན་པོ་དེ་ནི་འདི་ལྟར་འདི་འདྲ་བའི་བཟའ་བ་དང་བཏུང་བ་ལ་ལོངས་སྤྱོད་དོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་ འདས་ཀྱི་སྤྱན་སྔ་ནས་སོང་ནས། དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཡུལ་ཙམ་པར་འདོང་གིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག །ཅིའི་སླད་དུ་ལགས། གྲུ་འཛིན་གྱི་བུ་བལྟའོ། །ལྷའི་ཡུལ་ན་དེ་མཆིས་པས་དེ་ཉིད་དགུག་ཏུ་གསོལ། དེ་ནི་སེམས་ཅན་བསོད་ ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ་ཡིན་པས་དེ་ལ་བཀའ་མི་སྩོལ་ཏོ། །ལྷ་ཇི་ལྟར་བཀའ་མ་སྩལ་ཀྱང་བདག་ཅག་གིས་མཆི་བར་འགྱུར་བ་དེ་ལྟར་བགྱིའོ། །དེ་བཞིན་དུ་གྱིས་ཤིག །དེ་རྣམས་ཀྱིས་ཙམ་པར་ཡི་གེ་སྤྲིང་བ། ཤེས་ལྡན་དག་རྒྱལ་པོ་གཤེགས་པར་འགྱུར་གྱིས་གྲོང་ཁྱེར་བྱི་ དོར་གྱིས་ཤིག །རྩྭ་དང་ཆས་དག་སྟ་གོན་གྱིས་ཤིག་ཅེས་སྤྲིང་བ་དེ་རྣམས་ཀྱིས་ཐོས་ནས་ཤིན་ཏུ་དགའ་བར་གྱུར་པ་དང་ཡང་ཡི་གེ་སྤྲིང་བ། ཤེས་ལྡན་དག་རྒྱལ་པོ་ནི་མི་གཤེགས་མོད་ཀྱི་གཞོན་ནུ་གཤེགས་པར་འགྱུར་རོ་ཞེས་སྤྲིང་བ་དང་། དེ་རྣམས་སྐྲག་སྟེ་ གཞོན་ནུ་གཏུམ་པོ་ལན་འགའ་ཞིག་འོངས་ན་ཡང་གནོད་པར་འགྱུར་རོ་སྙམ་ནས་ཡང་སྤྲིང་བ། རྒྱལ་པོ་ཡང་མི་གཤེགས་གཞོན་ནུ་ཡང་མི་གཤེགས་ཏེ། དེ་ལྟ་མོད་ཀྱི་ཁྱེད་ཀྱིས་གང་གཱ་ཇི་ལྟར་རྒྱུན་ལས་བཟློག་ཕྱོགས་སུ་འབབ་པ་དེ་ལྟར་གགས་རྩིགས་ཤིག་ཅེས་སྤྲིང་བ་ཐོས་ནས་ཙམ་ པ་ན་གནས་པའི་གྲོང་ཁྱེར་གྱི་མི་རྣམས་འདུས་ནས་ཤེས་ལྡན་དག་གདོན་མི་ཟ་བར་རྒྱལ་པོ་ནི་བདག་ཅག་ལ་ཆད་པ་གཅད་པར་བཞེད་པས་དེས་ན་ཡི་གེ་འདི་སྐད་སྤྲིང་མོད་ཅེས་དེ་རྣམས་ཀྱིས་བློན་པོ་རྣམས་ལ་དོན་དེ་སྤྲིང་བ་དང་། དེ་རྣམས་ཀྱིས་བླགས་ཏེ་ཡང་དྲང་པོར་སྤྲིང་བ། ཤེས་ལྡན་དག་ འདི་ནི་བདེན་པ་ཡིན་ཏེ། རྒྱལ་པོ་དང་གཞོན་ནུ་ཡང་མི་གཤེགས་ལ། གང་གཱ་གགས་བརྩིག་པ་ཡང་དགོས་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་མོད་ཀྱི་ལྷ་ནི་གྲུ་འཛིན་གྱི་བུ་བལྟ་བར་བཞེད་དོ་ཞེས་སྤྲིང་བ་དང་། དེ་རྣམས་ཀྱིས་ཉན་རྣ་བའི་མི་ཞིག་མངགས་སོ། །དེས་ཀྱང་དེ་བཞིན་དུ་བསྙད་དོ། ། དེ་ནས་དེ་རྣམས་འདུས་ནས་ཁྱིམ་བདག་གྲུ་འཛིན་གྱི་དྲུང་དུ་སོང་ནས་ཁྱིམ་བདག་ལྷ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་བལྟ་བར་བཞེད་ནས་བློན་པོ་རྣམས་ཀྱིས་བདག་ལ་དྲང་པོར་སྤྲིང་སྟེ། ཉན་རྣ་བའི་མིས་ཀྱང་དོན་དེ་ཉིད་སྨྲས་ན། འདི་ཐོང་ཤིག །དེས་སྨྲས་པ། ཤེས་ལྡན་དག་ཁོ་བོའི་གགས་ ཀྱི་སྐལ་བ་གང་ཡིན་པ་གསེར་གྱི་གོང་བུས་རྩིག་ཀྱང་བླའི་མི་བཏང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་མ་འོངས་པའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བར་གྱིས་ཤིག་དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དམ་ཞིག་བཅའ་སྟེ། གལ་ཏེ་ཁྱེད་ ཅག་གི་བུ་རྣམས་ཀྱང་གྲོ་བཞིན་སྐྱེས་དང་ལྷན་ཅིག་གཏོང་བ་ལྟ་ན་བཏང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་དེ་བཞིན་དུ་བགྱིའོ། །འོ་ན་ཤེས་ལྡན་དག་དིང་ཤིག །ཁྱིམ་བདག་གྲུ་འཛིན་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ ལ་འདི་སྐད་ཅེས་སྨྲས་སོ། །བུ་གྲོང་མི་འདི་དག་འདི་སྐད་ཅེས་ཟེར་རོ། །དེས་སྨྲས་པ། ཡབ་གལ་ཏེ་དེ་ལྟ་ན་མཆིའོ། །བུ་གདོན་མི་ཟ་བར་རྒྱལ་པོ་དེ་ཁྱོད་ཀྱི་རྐང་མཐིལ་གྱི་སྤུ་གསེར་གྱི་ཁ་དོག་ཅན་བལྟ་བར་འདོད་ཀྱིས། རྒྱལ་པོ་དེ་དག་ནི་གནས་མ་ཡིན་པར་ཁྲོ་བས་ཁྱོད་ལ་གནོད་ པ་བྱེད་པར་འགྱུར་དུ་འོང་གིས་ཁྱོད་ཀྱིས་རྐང་པ་བཏེག་སྟེ་དེ་ལ་བསྟན་པར་མི་བྱའི། འདི་རེ་མུ་ཏིག་ཕྲེང་བ་འདི་རྒྱལ་པོ་དེའི་ཞབས་ཀྱི་དྲུང་དུ་ཞོག་ལ་ཕྱག་བྱས་ནས་དེའི་སྤྱན་སྔར་སྐྱིལ་མོ་ཀྲུང་ཆོས་ཏེ་འདུག་ཤིག་དང་། དེས་ན་སྤུ་རྣམས་མཐོང་བར་འགྱུར་རོ། །ཁྱིམ་བདག་གྲུ་འཛིན་གྱིས་ བསམས་པ། གྲོ་བཞིན་སྐྱེས་བཞོན་པ་གང་གིས་གཏང་། ཅི་གླང་པོ་ཆེའི་བཞོན་པས་སམ། རྟའི་བཞོན་པས་སམ། ཤིང་རྟའི་བཞོན་པས་སམ། འོན་ཏེ་གྲུའི་བཞོན་པས་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། འདི་དག་གི་ནང་ན་གྲུའི་བཞོན་པ་མཆོག་ཡིན་པས་གྲུའི་ བཞོན་པས་གཏང་ངོ་སྙམ་དུ་བསམས་ནས་དེས་ཆུ་བོ་གང་གཱ་ལ་གྲུ་སྦྲེངས་ནས་དེར་སྐྱེད་མོས་ཚལ་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་སྟེ། མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་དང་ལྡན་ཞིང་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་ལ་སོགས་ པ་བྱ་རྣམས་སྐད་འབྱིན་ཅིང་རོལ་མོའི་ཆ་བྱད་སྣ་ཚོགས་དང་། བུད་མེད་རྒྱན་སྣ་ཚོགས་ཀྱིས་བཀླུབས་པ་དག་འདུག་ཏུ་བཅུག་སྟེ། འབྱོར་པ་དེས་ཆུའི་ནང་ནས་བཏང་ངོ་། །དེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཉེ་བར་ཕྱིན་པ། རྒྱལ་པོ་གཟུགས་ཅན་སྙིང་པོས་གྲུ་འཛིན་གྱི་བུ་འོང་ངོ་ཞེས་ཐོས་ནས་ དེས་རྒྱལ་པོའི་ཁབ་ནས་གང་གཱའི་འབབ་ཆུའི་བར་དེར་འོབས་བརྐོས་ནས་ཆུས་བཀང་སྟེ་དེའི་ནང་ནས་གྲུ་དྲངས་སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཡང་རྡོ་བ་དང་། གསེག་མ་དང་། གྱོ་མོ་བསལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཞིམ་པོའི་པོག་ཕོར་བཞག །དར་གྱི་ཆུན་ འཕྱང་མང་པོ་བཏགས། རྒྱལ་མཚན་དང་། བ་དན་བཙུགས་མེ་ཏོག་སྣ་ཚོགས་ཀྱིས་ལྷ་རྣམས་ཀྱི་དགའ་ཚལ་གྱི་སྐྱེད་མོས་ཚལ་བཞིན་དུ་དགའ་དགའ་ལྟར་བྱས་ཏེ། དེ་འབྱོར་པ་དེས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཁྲིད་དོ། །དེ་ནས་རྒྱལ་པོ་སེང་གེའི་ཁྲི་ལ་འདུག་པའི་རྐང་པའི་དྲུང་དུ་ མུ་ཏིག་གི་ཕྲེང་བ་བཞག་ནས་མགོ་བོས་ཕྱག་བྱས་ཏེ་མདུན་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་པ་དང་། རྒྱལ་པོས་དེའི་རྐང་པ་གཉིས་ལ་གསེར་གྱི་ཁ་དོག་འདྲ་བའི་སྤུ་ཡོད་པ་མཐོང་ངོ་། །མཐོང་ནས་ཀྱང་ཀྱེ་མ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ནི་བསོད་ནམས་ཀྱི་ སྐལ་བ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་མཆོག་ཏུ་ངོ་མཚར་སྐྱེས་སོ། །མཐོང་ནས་སྨྲས་པ་གྲོ་བཞིན་སྐྱེས་ཁྱོད་ཀྱིས་བཅོམ་ལྡན་འདས་མཐོང་ངམ། ལྷ་མ་མཐོང་ལགས་སོ། །ཚུར་ཤོག་འདོང་ངོ་། །དེས་དྲིས་པ་ལྷ་ཅི་བཅོམ་ལྡན་འདས་བཞོན་པས་གཤེགས་སམ། འོན་ཏེ་ ཞབས་ཀྱིས་ལགས། རྒྱལ་པོས་སྨྲས་པ། དེ་རབ་ཏུ་བྱུང་བ་ཡིན་ན་དེ་ལ་བཞོན་པས་ཅི་བྱ། དེས་སྨྲས་པ། ལྷ་གལ་ཏེ་དེ་ལྟ་ན་བདག་ཀྱང་སུག་པ་ཁོ་ནས་འཆིའོ་ཞེས་དེ་རྐང་པ་ཁོ་ནས་ཆས་པ་ན། དེའི་ཞོ་ཤས་འཚོ་བ་རྣམས་ཀྱིས་ས་ལ་གོས་དག་བཏིང་བ་དང་། དེས་སྨྲས་ པ། ཅི་བཅོམ་ལྡན་འདས་གདིང་བ་ལས་བཞུད་དམ། འོན་ཏེ་གདིང་བ་མེད་པར་བཞུད། དེ་རྣམས་ཀྱིས་སྨྲས་པ། གདིང་བ་མེད་པར་བཞུད་དོ། །དེས་སྨྲས་པ། གདིང་བ་སྡུས་ཤིག །བདག་ཀྱང་གདིང་བ་མེད་པར་འགྲོའོ། །ཞོ་ཤས་འཚོ་བ་རྣམས་ཀྱིས་གོས་ རྣམས་བསྡུས་པ་དང་། མི་མ་ཡིན་པ་རྣམས་ཀྱིས་བཏིང་ནས་དེས་སྨྲས་པ། ཤེས་ལྡན་དག་ངས་ཁྱེད་ཅག་ལ་མ་བཟློག་གམ། དེ་རྣམས་ཀྱིས་སྨྲས་པ། ལྷ་བཟློག་ལགས་སོ། །འོ་ན་ཡང་སུ་ཞིག་གིས་བཏིང་། ལྷ་ཁྱོད་བསོད་ནམས་ཀྱི་སྐལ་བ་ཆེན་པོ་མངའ་བས་མི་མ་ ཡིན་པ་རྣམས་ཀྱིས་བཏིང་ལགས་གྲང་། དེས་སྙིང་ནས་ཚིག་ཏུ་སྨྲས་པ། མི་མ་ཡིན་པ་དག་གོས་རྣམས་སྡུས་ཤིག །དེ་རྣམས་ཀྱིས་བསྡུས་ནས་རྐང་པ་ས་ལ་བཞག་པ་ནས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། ས་ཆེན་པོ་འདི་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་པར་གྱུར་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་ མཐོ་ན་མཐའ་དམའ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གྲུ་འཛིན་གྱི་བུས་ལན་འགའ་ཡང་གདིང་བ་མེད་པར་རྐང་པས་ལམ་བོར་ཏེ། ད་ལྟར་བོར་བ་ཡང་ཆོས་ལ་ གུས་པས་ཡིན་གྱི་བསོད་ནམས་ཡོངས་སུ་ཟད་པས་ནི་མ་ཡིན་ཏེ། དེས་ནས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེ་ནས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་ འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་པས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པར་མཛད་པས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་འཇིག་ ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་བ་དང་། དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཁྱིམ་བདག་གི་བུ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་ཕ་མས་མ་གནང་བའི་རིགས་ཀྱི་བུ་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་མི་བྱེད་ཀྱིས་སོང་ལ་ཕ་དང་། མ་ལ་རྟོགས་ཤིག །རྒྱལ་པོས་གསོལ་པ། བཙུན་ པ་བདག་ནི་རྟེན་པ་ཐམས་ཅད་ཀྱི་དཔོན་པོ་ལགས་ཏེ་དོན་དུ་འདི་ནི་ཆོས་ཉིད་ཀྱིས་བདག་གི་བུ་ལགས་པས་འདི་བདག་གིས་གནང་ལགས་ཀྱིས་བཅོམ་ལྡན་འདས་ཅི་ལེགས་སུ་རབ་ཏུ་དབྱུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་དགེ་སློང་ཚུར་ཤོག་ཚངས་ པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ་སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ལྷུང་བཟེད་དང་། བྱ་མ་བུམ་གྱིས་འབྲེལ་པ་དང་། ལོ་བརྒྱ་ ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། ། དྲུག་སྡེ་རྣམས་ཀྱིས་དེ་ལ་ཅོ་དྲི་བར་བརྩམས་པ། རེ་ཞིག་བསྟན་པ་ལ་ནི་གཅིག་ཏུ་བརྩོན་པར་བྱ་དགོས་པ་ཡིན་ན། མར་སར་གྱི་གོང་བུ་འདིས་ཁྱད་པར་ཅི་ཞིག་རྟོགས་པར་འགྱུར་ཞེས་དེ་རྣམས་ཀྱིས་དེ་ཅོ་དྲིས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་ པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་དགེ་སློང་གཅིག་ཏུ་བརྩོན་པའི་རྣལ་འབྱོར་དང་མཐུན་པའི་ཏིང་ངེ་འཛིན་དུ་གསུངས་པ་གང་ལགས། ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་འཆག་པས་ཐོབ་པའི་ཏིང་ངེ་འཛིན་ནི་ཡུན་རིང་དུ་གནས་པར་ འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་སྟེ། འཆག་ས་བྱས་ནས་དེ་ན་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་རྒྱལ་པོའི་ཁབ་ཀྱི་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་གནས་ནས་རྟག་ཏུ་འགྲུས་པ་དང་ལྡན་པར་བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པའི་ཆོས་རྣམས་ལ་རྣལ་འབྱོར་གྱི་རྗེས་སུ་བརྩོན་པའི་སྒོམ་པས་གནས་སོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་བཞག་པ་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་སྙམ་དུ་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ ཉན་ཐོས་བརྩོན་འགྲུས་བརྩམས་ཏེ་གནས་པ་ཇི་སྙེད་ཅིག་ཡོད་པ་དེ་རྣམས་ཀྱི་ནང་ན་བདག་མཆོག་ཡིན་ན། འོན་ཀྱང་བདག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་མ་གྱུར་གྱིས། བདག་གི་ཉེ་དུ་རྣམས་ལ་ལོངས་སྤྱོད་རྒྱ་ཆེན་པོ་ཡོད་པས། མ་ལ་བདག་འདུག་ལ་ འདོད་པ་རྣམས་ལ་ལོངས་སྤྱོད་ཅིང་སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པའི་བསམ་པ་མཁྱེན་ནས་དགེ་སློང་ཞིག་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག །ཁྱོད་གྲོ་བཞིན་སྐྱེས་བྱེ་བ་ཉི་ ཤུ་པ་གང་ན་བ་དེར་སོང་ལ་ཕྱིན་ནས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་འདི་སྐད་ཅེས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ཁྱོད་ལ་སྟོན་པ་གསུང་ངོ་ཞེས་སྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེས་བཅོམ་ལྡན་འདས་ལས་མཉན་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་གང་ན་བ་དེར་ སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་ཁྱོད་ལ་སྟོན་པ་གསུང་ངོ་། །ཚེ་དང་ལྡན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་དགེ་སློང་དེ་ལས་མཉན་ནས་བཅོམ་ལྡན་འདས་གང་ ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོ་བཞིན་སྐྱེས་ཁྱོད་ གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་བཞག་པ་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་བརྩོན་འགྲུས་བརྩམས་ཏེ་གནས་པ་ཇི་སྙེད་ཡོད་པ་དེ་རྣམས་ཀྱི་ནང་ན་བདག་མཆོག་ཡིན་ན། འོན་ཀྱང་བདག་ལེན་པ་མེད་པར་ཟག་པ་རྣམས་ལས་ སེམས་རྣམ་པར་གྲོལ་བར་མ་གྱུར་གྱིས། བདག་གི་ཉེ་དུ་རྣམས་ལ་ལོངས་སྤྱོད་རྒྱ་ཆེན་པོ་ཡོད་པས་མ་ལ་བདག་འདུག་ལ་འདོད་པ་རྣམས་ལ་ལོངས་སྤྱོད་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱའོ་སྙམ་པ་སྐྱེས་པར་མ་གྱུར་ཏམ། དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་འདི་སྙམ་ དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བདག་གི་སེམས་མཁྱེན་ཏོ་སྙམ་དུ་བསམས་ནས་འཇིགས་པ་དང་སྐྲག་པ་དང་སྐྱོབས་པ་སྤུ་ཟིང་ཞེས་བྱེད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་ལྟ་ལགས་སོ། །དེའི་ཕྱིར་གྲོ་བཞིན་སྐྱེས་ཁྱོད་ལ་དྲི་ཡིས་ ཁྱོད་ཀྱིས་ཇི་ལྟར་བཟོད་པ་བཞིན་དེའི་ལན་ཐོབ་ཤིག །གྲོ་བཞིན་སྐྱེས་ཇི་སྙམ་དུ་སེམས་ཁྱོད་སྔོན་ཁྱིམ་པར་གྱུར་པ་ན་པི་བང་གི་རྒྱུད་ཀྱི་སྒྲ་ལ་མཁས་པ་ཡིན་ནམ། བཙུན་པ་བདག་སྔོན་ཁྱིམ་པར་གྱུར་པ་ན་པི་བང་གི་རྒྱུད་ཀྱི་སྒྲ་ལ་མཁས་པ་མད་ལགས་སོ། །གྲོ་ བཞིན་སྐྱེས་ཇི་སྙམ་དུ་སེམས། གང་གི་ཚེ་པི་བང་གི་རྒྱུད་ཤིན་ཏུ་བསྡམས་པར་གྱུར་པ་དེའི་ཚེ་ཇི་ག་པི་བང་གི་སྒྲ་སྙན་པར་འགྱུར་བའམ། སྒྲ་ཡིད་དུ་འོང་བའམ། སྒྲ་དང་ལྡན་པའམ། ལས་སུ་རུང་བར་འགྱུར་རམ། བཙུན་པ་མ་ལགས་སོ། །འོ་ན་གང་གི་ཚེ་པི་བང་གི་རྒྱུད་ ལྷག་པར་ལྷོད་པར་གྱུར་པ་དེའི་ཚེ་ཇི་ག་པི་བང་གི་སྒྲ་སྙན་པར་འགྱུར་བའམ། སྒྲ་ཡིད་དུ་འོང་བའམ། སྒྲ་དང་ལྡན་པའམ། ལས་སུ་རུང་བར་འགྱུར་རམ། བཙུན་པ་མ་ལགས་སོ། །གང་གི་ཚེ་པི་བང་གི་རྒྱུད་ཤིན་ཏུ་བསྡམས་པ་མ་ཡིན་ཞིང་ལྷག་པར་ལྷོད་པ་མ་ཡིན་པར་གྱུར་ཏེ་རྒྱུད་རན་པར་ འདུག་པ་དེའི་ཚེ་པི་བང་གི་སྒྲ་སྙན་པར་འགྱུར་བའམ། སྒྲ་ཡིད་དུ་འོང་བའམ། སྒྲ་དང་ལྡན་པའམ། ལས་སུ་རུང་བར་འགྱུར་བ་མ་ཡིན་ནམ། བཙུན་པ་དེ་ལྟ་ལགས་སོ། །གྲོ་བཞིན་སྐྱེས་དེ་བཞིན་དུ་ཧ་ཅང་བརྩོན་འགྲུས་བརྩམས་པ་ནི་རྒོད་པར་འགྱུར་རོ། །ཧ་ཅང་ཞན་ན་ནི་ཞུམ་ པར་འགྱུར་རོ། །གྲོ་བཞིན་སྐྱེས་དེ་ལྟ་བས་ན་ཁྱོད་ཀྱིས་རན་པ་ཉིད་རྟོགས་པར་བྱ་སྟེ། དེས་ཀྱང་ང་རྒྱལ་དུ་མི་བྱ་ཞིང་དེ་ལ་ཡང་བག་ཡོད་པར་བྱ། དེའི་ཚེ་མཚན་མ་ཡང་གཟུང་བར་བྱ། གྲོ་བཞིན་སྐྱེས་ཁྱོད་གནས་པ་འདིས་གནས་ན་རིང་པོ་མི་ཐོགས་པ་ཁོ་ནར་ཟག་པ་རྣམས་ཟད་ ནས་ཟག་པ་མེད་པ་རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་མཐོང་བའི་ཆོས་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་ གཞན་མི་ཤེས་སོ་ཞེས་སྒྲོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ ནས་བཅོམ་ལྡན་འདས་ཀྱིས་པི་བང་གི་དཔེ་འདིས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་ལ་གདམས་ངག་ཕོག་ནས་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་གཏོང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་གཏོང་བར་གནས་པ་ན་གང་གི་ཕྱིར་རིགས་ཀྱི་བུ་ རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་ པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་ཚེ་དང་ལྡན་པ་དེ་ཀུན་ཤེས་པར་གྱུར་ཏེ། སེམས་ཤིན་ཏུ་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་དགྲ་བཅོམ་པ་ཐོབ་སྟེ། རྣམ་ པར་གྲོལ་བའི་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་བཅོམ་ལྡན་འདས་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བའི་དུས་ནི་འདི་ཡིན་ནོ་སྙམ་ནས་དེ་ནས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་བཅོམ་ ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ དགེ་སློང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་པ་གང་ལགས་པ་དེ་དེའི་ཚེ་གནས་དྲུག་ ལ་མོས་པར་འགྱུར་ཏེ་ངེས་པར་འབྱུང་བ་ལ་མོས་པར་འགྱུར་བ་ལགས། འཚེ་བ་མ་མཆིས་པ་ལ་མོས་པར་འགྱུར་བ་ལགས། རབ་ཏུ་དབེན་པ་ལ་མོས་པར་འགྱུར་བ་ལགས། སྲེད་པ་ཟད་པ་དང་། ལེན་པ་ཟད་པ་དང་། མི་བརྗེད་པའི་སེམས་ལ་མོས་པར་འགྱུར་བ་ལགས་ སོ། །བཙུན་པ་འདི་ན་ཁ་ཅིག་འདི་སྙམ་དུ་ཀྱེ་མ་ཚེ་དང་ལྡན་པ་འདི་དད་པ་ཙམ་ཁོ་ན་ལ་གནས་པས་ངེས་པར་འབྱུང་བ་ལ་མོས་སོ་སྙམ་དུ་སེམས་ན། བཙུན་པ་དེ་ལྟར་བལྟ་བར་མི་བགྱི་སྟེ། འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་ པས་ངེས་པར་འབྱུང་བ་ལ་མོས་པར་འགྱུར་ལགས་སོ། །བཙུན་པ་འདི་ན་ཁ་ཅིག་འདི་སྙམ་དུ་ཀྱེ་མ་ཚེ་དང་ལྡན་པ་འདི་ཚུལ་ཁྲིམས་ཙམ་ཁོ་ན་ལ་བརྟེན་ནས་མི་འཚེ་བ་ལ་མོས་སོ་སྙམ་དུ་སེམས་ན། བཙུན་པ་དེ་ལྟར་བལྟ་བར་མི་བགྱི་སྟེ། འདོད་ཆགས་ཟད་པ་དང་། ཞེ་སྡང་ ཟད་པ་དང་། གཏི་མུག་ཟད་པས་མི་འཚེ་བ་ལ་མོས་པར་འགྱུར་ལགས་སོ། །བཙུན་པ་འདི་ན་ཁ་ཅིག་འདི་སྙམ་དུ་ཀྱེ་མ་ཚེ་དང་ལྡན་པ་འདི་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཙམ་ཁོ་ན་ཚོལ་བའི་སླད་དུ་རབ་ཏུ་དབེན་པ་ལ་མོས་སོ་སྙམ་དུ་སེམས་ན། བཙུན་པ་ དེ་ལྟར་བལྟ་བར་མི་བགྱི་སྟེ། འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་པ་དང་། སྲེད་པ་ཟད་པ་དང་། ལེན་པ་ཟད་པ་ལས་མི་བརྗེད་པའི་སེམས་ལ་ཡང་མོས་པར་འགྱུར་ལགས་ཏེ། བཙུན་པ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་ པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་པ་གང་ལགས་པ་དེ་དེའི་ཚེ་དེ་གནས་དྲུག་པོ་འདི་དག་ལ་མོས་པར་འགྱུར་ལགས་སོ། །བཙུན་པ་ དགེ་སློང་སློབ་པ་གང་ཡིན་པ་མ་ཐོབ་པ་གང་ལགས་པ་དེ་གོང་མའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་ཚུལ་ལ་ལན་མང་དུ་གནས་ཏེ། དེ་དེའི་ཚེ་སློབ་པའི་ཚུལ་ཁྲིམས་དང་། སློབ་པའི་དབང་པོ་དང་ལྡན་པ་ལགས་སོ། །དེ་དུས་གཞན་ན་ཟག་པ་རྣམས་ ཟད་ནས་ཟག་པ་མེད་པའི་རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་མཐོང་བའི་ཆོས་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བགྱིས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །སྲིད་པ་འདི་ལས་གཞན་མི་ཤེས་ སོ་ཞེས་སྒྲོགས་པ་དེའི་ཚེ་ནི་དེ་མི་སློབ་པའི་ཚུལ་ཁྲིམས་དང་། མི་སློབ་པའི་དབང་པོ་རྣམས་དང་ལྡན་ལགས་སོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་གཅིག་པ། བཙུན་པ་དཔེར་ན་བུས་པ་གཞོན་ནུ་ཆུང་ངུ་ཞན་པ་གན་རྐྱལ་དུ་ཉལ་བ་དེ་ནི་དེའི་ཚེ་བྱིས་པའི་ ངང་ཚུལ་དང་། བྱིས་པའི་དབང་པོ་རྣམས་དང་ལྡན་ལགས་ལ། དེ་དུས་གཞན་ན་ཆེན་པོར་གྱུར་པའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་པ་དེའི་ཚེ་ན་ཆེན་པོའི་ངང་ཚུལ་དང་། ཆེན་པོའི་དབང་པོ་དང་ལྡན་ལགས་སོ། །བཙུན་པ་དེ་བཞིན་དུ་དགེ་སློང་སློབ་པ་ཡིད་མ་ཐོབ་པ་གང་ ལགས་པ་དེ་གོང་མའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་དོན་དུ་གཉེར་བའི་ཚུལ་ལ་ལན་མང་དུ་གནས་ཏེ། དེ་དེའི་ཚེ་སློབ་པའི་ཚུལ་ཁྲིམས་དང་སློབ་པའི་དབང་པོ་དང་ལྡན་ལགས་སོ། །དེ་དུས་གཞན་ན་ཟག་པ་རྣམས་ཟད་ནས་ཟག་པ་མེད་པའི་རྣམ་པར་གྲོལ་བའི་ སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་མཐོང་བའི་ཆོས་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བགྱིས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་སྒྲོགས་པ་དེའི་ ཚེ་ནི་དེ་མི་སློབ་པའི་ཚུལ་ཁྲིམས་དང་། མི་སློབ་པའི་དབང་པོ་དང་ལྡན་ལགས་སོ། །གལ་ཏེ་དེའི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་མིག་ལ་ཤིན་ཏུ་སྣང་བར་གྱུར་ཀྱང་དེའི་རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་དེ་གཏུགས་ པར་མི་འགྱུར་ཏེ། དེའི་སེམས་ཕྱིན་ཅི་མ་ལོག་པ་ཤིན་ཏུ་རྣམ་པར་གྲོལ་བ། ཤིན་ཏུ་བསྒོམས་པ་དེ་ནང་དུ་གནས་པར་འགྱུར་ཞིང་དེ་ལ་ཟད་པར་ཡང་རྗེས་སུ་བལྟའོ། །གལ་ཏེ་དེའི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་རྣམས་ དང་། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཡིད་ལ་ཤིན་ཏུ་སྣང་བར་གྱུར་ཀྱང་དེའི་རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་དེ་ གཏུགས་པར་མི་འགྱུར་ཏེ་དེའི་སེམས་ཕྱིན་ཅི་མ་ལོག་པ། ཤིན་ཏུ་རྣམ་པར་གྲོལ་བ། ཤིན་ཏུ་བསྒོམས་པ་དེ་ནང་དུ་གནས་པར་འགྱུར་ཞིང་དེ་ལ་ཟད་པར་ཡང་རྗེས་སུ་བལྟའོ། །བཙུན་པ་དཔེར་ན་གྲོང་ཁྱེར་རམ། གྲོང་རྡལ་དང་ཧ་ཅང་ཡང་ཐག་མི་རིང་བ་ ཞིག་ན་རི་བྲག་ཆེན་པོ་སེར་ག་མ་མཆིས་པ། ཤིན་ཏུ་མཁྲེགས་པ་གཅིག་ཏུ་འཐས་པ་ཞིག་མཆིས་ན། དེ་ལ་གལ་ཏེ་ཤར་ཕྱོགས་ནས་རླུང་གི་ཤུགས་དྲག་པོ་ལངས་ཀྱང་དེ་གཡོས་པར་མི་འགྱུར། དེ་འགུལ་བར་མི་འགྱུར་ཞིང་དེ་ནུབ་ཕྱོགས་སུ་བཀུར་བར་མི་ནུས་ལགས་སོ། ། གལ་ཏེ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རླུང་གི་ཤུགས་དྲག་པོ་ལངས་ཀྱང་དེ་གཡོས་པར་མི་འགྱུར། དེ་འགུལ་བར་མི་འགྱུར་ཞིང་དེ་ལྷོ་ཕྱོགས་སུ་བཀུར་བར་མི་ནུས་ལགས་ཏེ། གང་ནས་རླུང་གི་ཤུགས་དྲག་པོ་ལངས་ཀྱང་དེས་དེ་གཡོས་པར་མི་འགྱུར། དེ་འགུལ་བར་མི་འགྱུར་ཞིང་དེ་གང་དུ་ཡང་བཀུར་བར་མི་ནུས་ལགས་སོ། །དེ་བཞིན་དུ་གལ་ཏེ་དེའི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་མིག་ལ་ཤིན་ཏུ་སྣང་བར་གྱུར་ཀྱང་དེའི་རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་དེ་གཏུགས་པར་མི་ འགྱུར་ཏེ་དེའི་སེམས་ཕྱིན་ཅི་མ་ལོག་པ། ཤིན་ཏུ་རྣམ་པར་གྲོལ་བ། ཤིན་ཏུ་བསྒོམས་པ་དེ་ནང་དུ་གནས་པར་འགྱུར་ཞིང་དེ་ལ་ཟད་པར་ཡང་རྗེས་སུ་ལྟའོ། །གལ་ཏེ་དེའི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཡིད་ལ་ཤིན་ཏུ་སྣང་བར་གྱུར་ཀྱང་དེའི་རྣམ་པར་གྲོལ་བའི་སེམས་དང་། རྣམ་པར་གྲོལ་བའི་ཤེས་རབ་དེ་གཏུགས་ པར་མི་འགྱུར་ཏེ། དེའི་སེམས་ཕྱིན་ཅི་མ་ལོག་པ། ཤིན་ཏུ་རྣམ་པར་གྲོལ་བ། ཤིན་ཏུ་བསྒོམས་པ་དེ་ནང་དུ་གནས་པར་འགྱུར་ཞིང་དེ་ལ་ཟད་པར་ཡང་རྗེས་སུ་ལྟའོ། །ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས། དེ་སྐད་ཅེས་གསོལ་ནས་གནས་བརྟན་དགྲ་བཅོམ་ པས་གཞན་ཡང་འདི་སྐད་ཅེས་གསོལ་ཏོ། །ངེས་པར་འབྱུང་ལ་མོས་པ་དང་། །སེམས་ནི་འཚེ་བ་མེད་པ་དང་། །རབ་ཏུ་དབེན་ལ་མོས་པ་དང་། །སྲེད་པ་ཟད་ལ་དགའ་བ་དང་། །ལེན་པ་ཟད་ལ་མོས་པ་དང་། །སེམས་ནི་བརྗེད་པ་མེད་གྱུར་པ། །སྐྱེ་མཆེད་སྐྱེ་ བ་ཤེས་ནས་སུ། །སེམས་ནི་རྣམ་པར་གྲོལ་བར་འགྱུར། །དེ་ནས་སེམས་ནི་རྣམ་གྲོལ་ཞིང་། །སེམས་ཞི་བ་ཡི་སྐྱོབ་པ་ཡིས། །བྱ་བ་དག་ནི་བྱས་ཟིན་པས། །བྱ་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་བྲག་གི་རི་བོ་ལ། །རླུང་གིས་རབ་ཏུ་མི་གཡོས་པ། །དེ་བཞིན་ སྡུག་དང་མི་སྡུག་པའི། །གཟུགས་རྣམས་དང་ནི་སྒྲ་དག་དང་། །དྲི་དང་རོ་དང་རེག་པ་དང་། །ཆོས་ཀྱིས་སྐྱོབ་པ་མི་གཡོ་སྟེ། །བཀྲིར་མི་བཏུབ་པའི་སེམས་གནས་ཤིང་། །དེ་ལའང་ཟད་པར་རྗེས་སུ་ལྟ། །དགེ་སློང་རྣམས་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་ པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཤིང་རྐང་པའི་མཐིལ་གཉིས་སུ་སྤུ་གསེར་གྱི་ཁ་དོག་འདྲ་བ་ སྐྱེས་པ་དང་། གདུགས་རེ་རེ་ཞིང་ལྔ་བརྒྱའི་སྟོན་མོ་སྣོད་ནས་སྒྲོལ་ཞིང་སྦྱོར་བ་དང་། འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལན་འགའ་ཡང་གདིང་བ་མ་མཆིས་པའི་ས་ཕྱོགས་སུ་རྐང་པ་མ་བཞག་པ་དང་། བཙས་མ་ཐག་ཏུ་དཀན་དབབ་པའི་རིན་གསེར་བྱེ་བ་ ཕྲག་ཉི་ཤུ་ཐོབ་ཅིང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དག