Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 004_འདུལ་བ།_ང
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
་པར་བྱ་བ་དང་། འདོད་པར་བྱ་བ་ཡིན་པས་ཁྱོད་ཀྱིས་ཁོ་བོ་ སུ་ལ་ཡང་མ་བསྟན་དང་། བྱས་པ་ལ་ལན་དུ་ཕན་བཏགས་པ་ཡིན་ནོ། །དེ་ནས་མི་དེས་དེ་བཞིན་དུ་བགྱིའོ་ཞེས་ཁས་བླངས་ནས། རི་དགས་ཀྱི་དཔོན་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ་རྐང་པ་ལ་གཏུགས་ནས་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་བཙུན་མོ་ཟླ་འོད་མ་ རྩེད་མོས་དུབ་ནས་མལ་ཆེན་པོར་ལེགས་པར་གཉིད་ལོག་པ་ལས་མཚན་མོའི་ཐུན་ཐ་མ་ལ་རྨི་ལམ་དུ་རི་དགས་ཀྱི་དཔོན་པོ་གཟུགས་མཆོག་ཏུ་སྡུག་པ་ཞིག་སེང་གེའི་ཁྲི་ལ་འདུག་ནས། རྒྱལ་པོའི་འཁོར་མང་པོ་ལ་ཆོས་འཆད་པར་མཐོང་ངོ་། །མཐོང་ནས་ཀྱང་མངོན་ སུམ་དུ་གྱུར་པ་བཞིན་དུ་རྨི་ལམ་དུ་རྨིས་པས། ཡིད་བདེ་བ་སྐྱེས་ནས་མྱུར་བ་མྱུར་བར་མལ་ནས་ལངས་ཏེ་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོས་ཐོས་ནས་ཀྱང་དེའི་བདེན་པའི་རྨི་ལམ་གྱི་ཁྱད་པར་ལ་མཆོག་ཏུ་ངོ་མཚར་སྐྱེས་ཏེ། མི་འདོད་པའི་འགྲོ་བར་སྐྱེས་པ་དེས་གོ་ཇི་ལྟར་ སེང་གེའི་ཁྲི་ལ་འདུག་ནས་རྒྱལ་པོའི་འཁོར་མང་པོ་ལ་ཆོས་འཆད་པར་འགྱུར་སྙམ་མོ། །དེ་ནས་བཙུན་མོ་ཟླ་འོད་མས་དགའ་བ་དང་། སྙན་པ་དང་། གཡེར་བག་གི་གཏམ་དང་ལྡན་པའི་ཀུན་དུ་སྤྱོད་པས་རྒྱལ་པོ་ཡུད་ཙམ་ཞིག་དགའ་བར་བྱས་ནས་ སྨྲས་པ། ལྷ་རི་དགས་དེ་ཁུགས་པར་བགྱི་བའི་སླད་དུ་ནན་ཏན་མཛད་དུ་གསོལ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་པའི་ཡུལ་ན་རྔོན་པ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ངའི་སྤྱན་སྔར་ཁུག་ཅིག །བློན་པོ་རྣམས་ཀྱིས་ཡུལ་སོ་སོར་རྒྱལ་པོའི་ མི་རྣམས་ལ་བསྒོ་བ། ལྷས་བཀའ་སྩལ་པ། ངའི་ཡུལ་ན་རྔོན་པ་གནས་པ་རྣམས་འདིར་ཁུག་ཅིག་ཅེས་བྱུང་གིས་ཁྱོད་ཀྱིས་རྔོན་པ་ཐམས་ཅད་འདིར་ཐོང་ཤིག །དེ་རྣམས་ཀྱིས་ཡུལ་རྣམས་ན་གནས་པའི་རྔོན་པ་ཐམས་ཅད་རྒྱལ་པོའི་དྲུང་དུ་བཏང་ནས། བློན་པོ་རྣམས་ ཀྱིས་རྒྱལ་པོ་ལ་ཕུལ་བ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངའི་ཡུལ་ན་རི་དགས་ཀྱི་དཔོན་པོ་གཟུགས་ཤིན་ཏུ་རབ་ཏུ་སྡུག་པ་ཞིག་ཡོད་དོ། །ཞེས་ངས་ཐོས་ཀྱིས་ཁྱེད་ཀྱིས་དེ་རྙི་འཇམ་ཞིང་ལྷོད་པས་ཟུང་ལ་མ་སྣད་པ་རང་ལ་ཕུལ་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་ནི་འདི་ཉིད་ཀྱིས་འཚོ་བ་ལགས་པས་བདག་ཅག་གིས་དུས་འདི་ཙམ་གྱི་བར་དུ་ལྷའི་ཡུལ་དུ་བརྒྱུས་པ་ལས་རི་དགས་ཀྱི་དཔོན་པོ་མཆོག་འདི་ལྟ་བུ་ནི་སྔོན་ཆད་ལན་འགའ་ཡང་མ་ཐོས་ན་མཐོང་བ་ལྟ་ཅི་སྨོས། ལྷ་གཅིག་ནས་གཅིག་ཏུ་སྨྲས་ཏེ་ཕྱོགས་ག་གེ་མོ་ ཞིག་ན་མཆིས་སོ་ཞེས་གསན་ནས་བདག་ཅག་ལ་བཀའ་སྩལ་པའི་རིགས་སོ། །དེ་ལྟ་ན་བདག་ཅག་གིས་ཀྱང་ལྷའི་བཀའ་སྩལ་པ་ངེས་པར་འགྲུབ་པར་མཆིའོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་བཱ་རཱ་ཎ་སཱིར་དྲིལ་སྒྲོགས་སུ་ཆུག་ལ། ལྷས་ བཀའ་སྩལ་པ། ངའི་ཡུལ་ན་རི་དགས་ཀྱི་དཔོན་པོ་གཟུགས་ཤིན་ཏུ་རབ་ཏུ་སྡུག་པ་ཞིག་ཡོད་ཀྱིས་སུས་དེའི་གཏམ་ངའི་སྙན་དུ་གསོལ་ན། དེ་ངས་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་ལ་དེ་ལ་གྲོང་རྡལ་མཆོག་ལྔ་སྦྱིན་ནོ་ཞེས་སྒོ་ཤིག །བློན་པོ་རྣམས་ཀྱིས་རྒྱལ་པོ་ལས་ མཉན་ནས་བཱ་རཱ་ཎ་སཱིར་དྲིལ་བསྒྲགས་པ། བཱ་རཱ་ཎ་སཱི་ན་གནས་པའི་གྲོང་མི་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཀྱི་ཤེས་ལྡན་དག་ཉོན་ཅིག །ལྷས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་ཡུལ་ན་རི་དགས་ཀྱི་དཔོན་པོ་གཟུགས་ཤིན་ཏུ་རབ་ཏུ་སྡུག་ པ་ཞིག་ཡོད་ཀྱིས་སུས་དེའི་གཏམ་ངའི་སྙན་དུ་གསོལ་པ། དེ་ངས་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་ཏེ། དེ་ལ་གྲོང་རྡལ་མཆོག་ལྔ་སྦྱིན་ནོ་ཞེས་བྱུང་ངོ་། །དེ་ནས་དེ་མཐོང་བའི་མི་དེ་འདི་སྙམ་དུ་སེམས་ཏེ། ཅི་རེ་ཞིག་འཁོར་རྗེས་སུ་བསྐྱང་བར་བྱ་འམ། འོན་ ཏེ་བྱས་པ་གཟོ་བར་བྱ་སྙམ་པ་ལས་འདོད་པ་ལ་སོ་སོར་བསྟེན་པ་ནི་སྡིག་པའི་ལས་མི་བྱེད་པ་ཅི་ཡང་མེད་པས་དེ་འདོད་པའི་རྒྱུས་བསླང་བའི་ཞེ་སྡང་གི་མེ་དྲག་པོས་སྙིང་གདུངས་ནས་བསམས་པ། བྱས་པ་གཟོ་བ་རེ་ཞིག་ཞོག །དགྲ་ལ་ཤ་གླན་པའི་དུས་ལ་བབ་ བོ། ཅི་བདག་གིས་ཡང་དེ་འདྲ་བའི་གནས་སྐབས་ཐོབ་པར་འགྱུར་རམ། རེ་ཞིག་དེ་ལ་ཤ་གླན་པར་བྱའོ་སྙམ་ནས། དེ་ནམ་ནངས་པ་དང་། རྒྱལ་པོའི་དགོས་པ་སྒྲུབ་པའི་འཁོར་གྱི་ནང་དུ་འདུག་པས་རྒྱལ་པོའི་ཕོ་བྲང་གི་སྒོ་ལྷུག་པར་འདུག་པ་ན་དེ་མེ་ཏོག་ཤིན་ཏུ་ དྲི་ཞིམ་པ་སྣ་ཚོགས་དག་ཁྱེར་ཏེ་སྒོ་བ་དང་། བློན་པོ་རྣམས་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་རྒྱལ་པོས་ཐོས་པར་བྱས་ནས། འཁོར་གྱི་ནང་དུ་ཞུགས་ཏེ་ཐོག་མར་བཀུར་སྟི་རྣམ་པ་སྣ་ཚོགས་བྱས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ཕྱོགས་ག་གེ་མོ་ཞིག་ན་ཞུགས་ཤིང་སྣ་ ཚོགས་ཀྱི་ནགས་བྱ་དང་རི་དགས་འདྲིས་པས་མཛེས་པར་བགྱིས་པ་ན་རི་དགས་ཀྱི་དཔོན་པོ་གསེར་གྱི་གློ་ཞེས་བགྱི་བ་རི་དགས་ཀྱི་ཚོགས་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མཆིས་ཏེ། བདག་གིས་ལྷ་ལ་རི་དགས་དམ་པ་གཟུགས་མཆོག་ཏུ་སྡུག་པ་དེ་བསྟན་པར་ བགྱིའོ། །དེ་ནས་རྒྱལ་པོས་དེ་ཐོས་ནས་ཡིད་བདེ་བ་སྐྱེས་ཏེ། བློན་པོ་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་ཡ་མཚན་སྐྱེས་པ་ཡུལ་སྣ་ཚོགས་ནས་ལྷགས་པ་གཞན་རྣམས་དང་བཱ་རཱ་ཎ་སཱི་ན་གནས་པའི་གྲོང་མི་དང་ཡུལ་མི་རྣམས་ཀྱིས་ཀྱང་མདུན་དུ་བདར་ཏེ། མི་དེས་ལམ་ བསྟན་པ་བཞིན་རིམ་གྱིས་ཕྱོགས་དེར་ཕྱིན་ཏོ། །ཇི་ཙམ་ན་བྱ་རོག་བྱང་ཆུབ་སེམས་དཔའ་དང་དམ་བཅས་པས་ཕྱོགས་སུ་བལྟ་བའི་ཕྱིར་ནགས་ཚང་ཚིང་དེའི་ཤིང་ཁ་ན་འདུག་པས་སྐྱེ་བོའི་ཚོགས་ཆེན་པོ་ནགས་ཚང་ཚིང་དུ་ཕྱོགས་ཏེ་འོང་བ་མཐོང་ནས་དེས་ རིངས་པ་རིངས་པར་རི་དགས་ཀྱི་དཔོན་པོའི་དྲུང་དུ་སོང་སྟེ་སྨྲས་པ། རི་དགས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གིས་སྔར་མི་རྣམས་ནི་ཕན་པ་བྱས་པ་མི་སེམས་ཤིང་བྱས་པ་མི་གཟོ་ལ་བྱས་པ་མི་ཚོར་བ་ཡིན་ནོ་ཞེས་སྨྲས་པ་ཡིན་ཏེ། མི་དེས་སྐྱེས་མང་དུ་ཁྱེར་ནས་འོང་ངོ་། །སྒྲ་དེ་རི་ དགས་རྣམས་ཀྱིས་ཐོས་ནས་སྐྲག་སྟེ་ཀུན་དུ་བྲོས་སོ། །རི་དགས་ཀྱི་དཔོན་པོ་བྱང་ཆུབ་སེམས་དཔས་བསམས་པ། གལ་ཏེ་བདག་གིས་རི་དགས་འདི་དག་མ་བསྲུངས་ན་དེ་རིང་ཉིད་དུ་ཁ་བཏགས་པར་འགྱུར་གྱིས་སེམས་ཅན་ཡལ་བར་དོར་བ་བས་ནི་རང་གི་སྲོག་ཆུད་ གཟོན་པ་བླའོ་སྙམ་ནས་རྒྱལ་པོ་སུར་སོང་ངོ་། །དེ་ནས་མི་སྙིང་རྗེ་མེད་ཅིང་འཇིག་རྟེན་ཕ་རོལ་ལ་མི་ལྟ་བ་དེ་རི་དགས་ལ་བལྟ་བར་བརྟུན་པའི་བློས་རི་དགས་ཀྱི་མཆོག་དེ་ལག་པ་གཉིས་ཀྱིས་བསྟན་ཏེ་སྨྲས་པ། ལྷ་རི་དགས་ཀྱི་དཔོན་པོ་ནི་འདི་ལགས་སོ། །ལས་ཤིན་དུ་ དྲག་པོ་ཡོངས་སུ་རྫོགས་པ་དག་ནི་རྣམ་པར་སྨིན་པའི་དུས་ལ་མི་ལྟོས་པ་ཡིན་པས་ཚིག་སྨྲས་མ་ཐག་ཁོ་ནར་མི་དེའི་ལག་པ་གཉིས་ཀ་ས་ལ་ལྷུང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་སྐྱོ་བ་སྐྱེས་ནས་མི་དེ་ལ་དྲིས་པ། ཀྭའི་ནང་རྗེ་འདི་ཅི་ལས་གྱུར། དེ་སྡུག་བསྔལ་གྱི་ཚོར་བས་ཉེན་ ཅིང་ང་རོ་མི་གསལ་བས་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་ཆེན་གང་ཞིག་བཀུམ་ནས་ནོར། །འཕྲོག་དེ་ཆོམ་རྐུན་མ་ལགས་ཀྱི། །རྒྱལ་ཆེན་བྱས་པ་མི་གཟོ་བ། །གང་ལགས་དེ་ནི་ཆོམ་རྐུན་ལགས། །རྒྱལ་པོས་སྨྲས་པ། ཀྭའི་ནང་རྗེ་སྨྲས་པ་དེའི་དོན་ཅི་ཡིན། དེས་ཇི་ ལྟར་གྱུར་པ་ཐམས་ཅད་རྒྱས་པར་རྒྱལ་པོ་ལ་སྨྲས་སོ། །དེ་ནས་རྒྱལ་པོས་བྱས་པ་ཆུད་གཟོན་པའི་མི་དེ་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། ཅི་ཕྱིར་ཐ་ཆད་སར་ནི་བྱིང་མ་གྱུར། །ཅིའི་ཕྱིར་ལྕེ་ནི་དུམ་བུ་བརྒྱར་མ་ལྷགས། །ཇི་ལྟར་ཁྱོད་ཀྱིས་ལུས་འདི་གསང་བ་བས། །རྡོ་རྗེ་ཆར་ མདུང་མངའ་ཆེན་བརྡེག་མ་གྱུར། །དེ་ནས་རྒྱལ་པོས་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དེ་ཤེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རི་དགས་ཀྱི་དཔོན་པོ་བདག་ཉིད་ཆེན་པོ་འདི་ནི་བསྙེན་བཀུར་བྱ་བར་འོས་ཀྱིས་དེང་ལ་གྲོང་ཁྱེར་དང་ལམ་བྱི་དོར་བྱེད་དུ་ཆུག་ཤིག ། དེ་རྣམས་ཀྱིས་གྲོང་ཁྱེར་དེའི་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་བསལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་ཕོར་དག་བཞག །རྒྱལ་མཚན་བཙུགས། དར་གྱི་ཆུན་འཕྱང་མང་པོ་དབྱངས། མེ་ཏོག་སྣ་ཚོགས་ཀྱིས་དགའ་དགའ་ ལྟར་བཀྲམ་སྟེ། ལྷ་རྣམས་ཀྱི་དགའ་ཚལ་གྱི་སྐྱེད་མོས་ཚལ་བཞིན་དུ་ལམ་ཡང་མཛེས་པར་བྱེད་དུ་བཅུག་ནས་བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་ཏོག་གི་ཕྲེང་བ་དག་ཐོགས་ཏེ་བསུར་དོང་ངོ་། །དེ་ནས་རྒྱལ་པོས་རི་དགས་ཀྱི་དཔོན་པོ་གཟུགས་ཤིན་ཏུ་སྡུག་པ་དེ་ འབྱོར་པ་ཆེན་པོས་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཞུགས་ནས་སེང་གེའི་ཁྲི་ལ་འདུག་ཏུ་བཅུག་གོ། །དེ་ནས་རྒྱལ་པོ་རྒྱལ་པོའི་འབྱོར་པ་དང་། མཐུ་ཆེན་པོས་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་དང་བཅས་པས་ཡོངས་སུ་བསྐོར་ཅིང་ འདུག་གོ། །དེ་ནས་རི་དགས་ཀྱི་དཔོན་པོ་བྱང་ཆུབ་སེམས་དཔས་འཁོར་ལ་བལྟས་ནས་རྒྱལ་པོ་དང་འཁོར་དེ་ལ་དེ་ལྟ་བུའི་ཆོས་བཤད་དེ། དེ་ཐོས་པས་རྒྱལ་པོ་འཁོར་དང་བཅས་པས་བསླབ་པ་ལྔའི་གཞི་བླངས་སོ། །སེམས་ཅན་དུ་མ་དག་གིས་ནི་དགེ་བའི་རྩ་བ་དག་ ཐོབ་བོ། །དེ་ནས་རྒྱལ་པོས་ནགས་དེ་རི་དགས་རྣམས་ལ་བྱིན་ནོ། །སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཡང་མི་འཇིགས་པ་བྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རི་དགས་ཀྱི་དཔོན་པོ་གསེར་གྱི་གློ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ དེའི་དུས་ཀྱི་མི་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །གཞན་ཡང་ཇི་ལྟར་ལྷ་སྦྱིན་འདི་བྱས་པ་མི་གཟོ་ཞིང་བྱས་པ་མི་ཚོར་བ་དེ་ཉོན་ ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་མེ་ཏོག་ཕྲེང་རྒྱུད་མཁན་ཞིག་གནས་ཏེ། དེའི་མེ་ཏོག་གི་རབ་ཆུའི་ཕ་རོལ་ན་ཡོད་པས་དེ་ཉི་མ་རེ་རེ་ཞིང་ཆུ་རྒལ་ཞིང་མེ་ཏོག་ཐུའོ། །ཇི་ཙམ་དུས་གཞན་ཞིག་ན་ཆུ་རྒལ་བ་ན་དུས་ཚིགས་མ་ཡིན་པའི་ཨ་མྲའི་ འབྲས་བུ་ཆུས་ཁྱེར་བ་ཞིག་མཐོང་ནས་དེས་དེ་བླངས་ཏེ་སྒོ་བ་ལ་བྱིན་ནོ། །སྒོ་བས་གསོལ་ཀ་བ་ལའོ། །གསོལ་ཀ་བས་རྒྱལ་པོ་ལའོ། །རྒྱལ་པོས་བཙུན་མོ་ལའོ། །བཙུན་མོས་དེ་མྱངས་པ་ན་རོལ་ཞེན་ནས་རྒྱལ་པོ་ལ་གསོལ་བ་བཏབ་པ། ལྷ་ཨ་མྲའི་འབྲས་བུ་ འདི་འདྲ་བ་གཞན་ཡང་སྩལ་བའི་རིགས་སོ། །རྒྱལ་པོས་གསོལ་ཀ་བ་ལ་སྨྲས་པ། ཁྱོད་ཀྱིས་ཨ་མྲའི་འབྲས་བུ་སུ་ལས་འོངས། དེས་སྨྲས་པ། སྒོ་སྲུངས་ཀྱིས་སྩལ་ལགས་སོ། །སྒོ་སྲུངས་ལ་སྨྲས་པ་དང་། དེས་སྨྲས་པ། མེ་ཏོག་ཕྲེང་རྒྱུད་མཁན་ གྱིས་སྩལ་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་མེ་ཏོག་ཕྲེང་རྒྱུད་མཁན་ཁུག་ཤིག །རྒྱལ་པོའི་མི་རྣམས་ཀྱིས་བཀུག་ནས་རྒྱལ་པོས་སྨྲས་པ། ཀྭའི་མེ་ཏོག་ཕྲེང་རྒྱུད་མཁན་ཁྱོད་ཀྱིས་ཨ་མྲའི་འབྲས་བུ་འདི་ག་ལས་རྙེད། དེས་ཇི་ལྟར་གྱུར་པ་ སྨྲས་པ་དང་། རྒྱལ་པོས་དེ་ཉིད་ལ་བསྒོ་བ། སོང་ལ་ཨ་མྲའི་འབྲས་བུ་འདི་འདྲ་བ་གཞན་ཡང་ཁྱེར་ཏེ་ཤོག་ཤིག །མིའི་དབང་པོ་རྣམས་ཀྱི་ཚིག་ནི་གཅིག་ཏུ་མི་རུང་བས་དེ་བག་ཚ་བས་སྙིང་ལ་ཟུག་ཅིང་ཨ་མྲའི་འབྲས་བུ་བཙལ་བར་བརྩམས་ཏེ། དེས་རྒྱགས་ཁྱེར་ནས་ཐོག་ མ་ཨ་མྲ་རྙེད་པ་ལོགས་སུ་སོང་བ་དང་། རིའི་ཕྱོགས་གཅིག་ན་ཨ་མྲའི་ཤིང་སྤྲེའུ་རྣམས་ཀྱི་བགྲོད་པར་གྱུར་གྱི་མི་རྣམས་ཀྱི་ནི་མ་ཡིན་པ་དེ་མཐོང་ནས། དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་དེ་ཤིང་དེ་ལ་ཕན་ཚུན་ནས་བརྟགས་ན། གཡང་ས་ཆེན་པོར་སྐྱེས་པས་མི་རྣམས་ཀྱིས་ བགྲོད་པ་མ་ཡིན་ཏེ་གཟེག་པར་མ་ནུས་སོ། །དེ་དེ་ན་ཨ་མྲའི་འབྲས་བུ་འདོད་པའི་ཕྱིར་ཞག་མང་དུ་ལོན་པས་རྒྱགས་ཟད་པར་གྱུར་ཏོ། །དེས་བསམས་པ། བདག་འདི་བཞིན་འདུག་ན་ཡང་རྒྱགས་མེད་པས་འཆིར་ཆབས་གཅིག་གིས་ཅི་བྱུང་བ་བྱུང་གཟེག་གོ་ཞེས་དེས་རྡོ་ བ་རྣམས་ལ་འཇུས་ཏེ་འཛེག་པར་བརྩམས་པ་ལས་ཨ་མྲའི་འབྲས་བུ་མ་ཐོབ་པར་གཡང་དུ་ལྷུང་ངོ་། །རི་དེ་ལ་བྱང་ཆུབ་སེམས་དཔའ་སྤྲེའུར་གྱུར་པ་ན་སྤྲེའུ་རྣམས་ཀྱི་དཔོན་པོར་གྱུར་ཏོ། །སྟེས་དབང་གིས་དེས་རི་དེ་ལ་ཚོགས་བཞག་སྟེ། ཕྱོགས་དེར་ཕྱིན་པ་དང་། ཇི་ ཙམ་ན་དེས་མེ་ཏོག་ཕྲེང་རྒྱུད་མཁན་དེ་སྡུག་བསྔལ་དོག་ཅིང་ཉམ་ང་བར་གྱུར་པར་མཐོང་ནས་བྱང་ཆུབ་སེམས་དཔའ་ནི་བཟོའི་གནས་དང་ལས་ཀྱི་གནས་དེ་དང་དེ་དག་ལ་མཁས་པ་ཡིན་ཏེ། དེ་དེ་ལ་ཕན་པ་སྐྱེད་པ་ལྷུར་ལེན་པས་རིམ་གྱིས་མ་སད་ན་དབྱུང་བར་མི་ནུས་སོ། །ཞེས་ རྡོ་རྣམས་ཀྱིས་གོམས་པར་བྱ་བར་བརྩམས་ཏེ། གང་གི་ཚེ་བདག་གིས་དབྱུང་བར་ནུས་སོ་སྙམ་དུ་རིག་པ་དེའི་ཚེ་དེས་དེ་གཡང་ས་ནས་རིམ་གྱིས་ཕྱུང་བ་དང་། རྡོ་བ་བཏེག་པ་དང་། མེ་ཏོག་ཕྲེང་རྒྱུད་མཁན་ཕྱུང་བས་ཤིན་ཏུ་དུབ་པར་གྱུར་ཏོ། །དེའི་ཚེ་དུད་འགྲོ་ཡང་མིའི་སྐད་ དུ་སྨྲ་བ་ཡིན་པས་དེས་དེ་ལ་དྲིས་པ། ཁྱོད་ཅིའི་ཕྱིར་ཉམ་ང་བ་འདི་ལྟ་བུ་དང་ལྡན་པར་གྱུར། དེས་ཇི་ལྟར་གྱུར་པ་སྨྲས་པ་དང་། བྱང་ཆུབ་སེམས་དཔས་བསམས་པ། འདི་ཨ་མྲའི་འབྲས་བུ་མེད་པར་སོང་ན་གནོད་པ་འཐོབ་པར་འགྱུར་གྱི། བདག་གིས་འདི་ལ་ཨ་མྲའི་ འབྲས་བུ་སྦྱིན་ནོ་སྙམ་ནས་བདག་ཉིད་ཆེན་པོ་དེ་སྤྲོ་བ་དང་གཞན་ལ་ཕན་པར་བྱ་བ་ལ་བརྩོན་པ་མ་བོར་བས་དུབ་བཞིན་དུ་ཡང་ཤིང་དེ་ལ་འཛེགས་ནས་ཨ་མྲའི་འབྲས་བུ་ཀླག་པར་བརྩམས་ཏེ། མི་དེ་ཇི་ཙམ་འདོད་ཀྱི་བར་དུ་ཨ་མྲའི་འབྲས་བུ་ཟར་བཅུག་ནས་ཐུ་བ་ཡང་བཀང་ངོ་། ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་བག་འབེབས་པ་ཡིན་པས་དེ་ནས་སྤྲེའུའི་དཔོན་པོ་དེ་བབས་ནས་དེས་མི་དེ་ལ་སྨྲས་པ། ཀྭའི་ནང་རྗེ་ཁོ་བོ་དུབ་པས་ཡུད་ཙམ་ཞིག་ཉལ་གྱིས་རེ་ཞིག་ཕྱོགས་སུ་བྱར་གྱིས་ཤིག །དེས་སྨྲས་པ། བཀའ་བཞིན་འཚལ་ དེ་གཉིད་ལོག་པ་དང་མི་དེས་བསམས་པ། བདག་རྒྱགས་ཆད་པས་གལ་ཏེ་ཨ་མྲ་རྣམས་ཟོས་ན་ནི་བདག་གིས་རྒྱལ་པོ་ལ་ཡང་ཅི་དབུལ་དེ་བས་ན་སྤྲེའུ་འདི་བསད་ལ་ཤ་སྐམ་དུ་བྱས་ཏེ་ལམ་དུ་འཇུག་གོ་སྙམ་ནས། སྙིང་རྗེ་མེད་པ་འཇིག་རྟེན་ཕ་རོལ་ཡལ་བར་བོར་བ་དེས་དེ་རྡོ་བ་ ཆེན་པོས་བསད་དོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། ཕན་འདོགས་པ་ཡི་མཚན་ཉིད་དང་། །དེ་བཞིན་དྲིན་གཟོ་གྲོགས་པོར་བརྗོད། །མི་རྣམས་ལ་ཡང་ཁ་ཅིག་ནི། །ཕན་པ་བྱས་པ་མི་ཤེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་ དུས་ཀྱི་སྤྲེའུའི་དཔོན་པོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་མེ་ཏོག་ཕྲེང་རྒྱུད་མཁན་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་ཞིང་བྱས་པ་མི་ཚོར་བ་ ཡིན་ནོ། །གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་གྲོང་རྡལ་མེད་པའི་དགོན་པའི་གནས་རི་འོར་དང་རིའི་ཕུག་ཆུ་དང་། མེ་ཏོག་དང་། འབྲས་ བུས་རྒྱས་པ་ཞིག་ཏུ་བྱ་རྣམས་ཀྱི་ནང་དུ་སྐྱེས་ཏེ། བྱ་ཤིང་སྟ་མོ་ཞེས་བྱ་བར་གྱུར་ཏོ། །རི་དེ་ཉིད་ཀྱི་ཕྱོགས་ཞིག་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ཞིག་ཇི་ལྟར་འདོད་པའི་སྤྱོད་པ་དང་གནས་པས་རི་དགས་བསད་ཅིང་བསད་ཅིང་ཟ་བར་བྱེད་དོ། །དེ་དུས་གཞན་ཞིག་ན་ཤ་ཟོས་པ་ ལས་སོའི་བར་དུ་རུས་པ་ཆུད་ནས་དེ་འཇིགས་པ་དང་། བག་ཚ་བ་དང་བྲལ་བ་ཡིན་ཡང་སོའི་ནད་ཀྱི་ཚོར་བས་ལུས་ལ་གནོད་པར་གྱུར་ནས་བློང་བར་གྱུར་པས་ཁ་ཟས་ཟ་མ་ནུས་སོ། །སྟེས་དབང་གིས་ཤིང་སྟ་མོ་དེ་ཤིང་ཁ་གཅིག་ནས་གཅིག་ཏུ་རྒྱུ་བ་ལ་གོམས་པས་དེ་ ཕྱོགས་དེ་ནས་རི་དགས་ཀྱི་དཔོན་པོ་འདུག་པའི་ཕྱོགས་དེར་འོངས་པ་ན། དེས་སེང་གེ་དེ་སྡུག་བསྔལ་གྱི་ཚོར་བས་ཉེན་པར་མཐོང་ནས་སྨྲས་པ། ཞང་པོ་ཅིའི་ཕྱིར་བློང་བར་གྱུར། དེས་སྨྲས་པ། ཚ་བོ་བདག་སྡུག་བསྔལ་གྱི་ཚོར་བས་ཉེན་ཏོ། །ཁྱོད་སྡུག་བསྔལ་ ཅི་ལྟ་བུ་ཞིག་གིས། དེས་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། ཞང་པོ་ཁྱོད་ལ་བདག་གིས་དཔྱད་བྱས་ཁྱོད་ནི་སེང་གེ་ཡིན་ཏེ་རྐང་བཞི་བ་ཐམས་ཅད་ཀྱི་དཔོན་པོ་ཡིན་པས་ཕན་གདགས་པར་ནུས་ཀྱིས་ཁྱོད་ཀྱིས་བདག་ལ་དུས་དུས་སུ་ཕན་པ་བྱོས་ཤིག །དེས་སྨྲས་པ། དེ་བཞིན་དུ་བྱའོ། །ཤིང་སྟ་མོས་བསམས་པ། ཇི་ལྟར་འདིས་བྱེད་པ་ཡང་མ་ཚོར་བ་དེ་ལྟར་འདིའི་དཔྱད་བྱས་ནས་སོས་ནས་ཤེས་པར་འགྱུར་བར་བྱའོ་སྙམ་མོ། །དེ་ཕན་པར་བྱ་བ་ལྷུར་ལེན་པས་དེའི་སྤྱོད་པ་དང་གནས་པ་ལ་རྟོག་ཅིང་འདུག་གོ། །ཇི་ཙམ་ན་རི་དགས་ཀྱི་ དཔོན་པོ་དེ་རླུང་བདེ་བའི་རེག་པས་ནད་རྩེ་ཞིལ་ནས་རྡོ་བ་ཆེ་ཞིང་ཡངས་པ་ཞིག་ལ་ཁ་གདངས་ནས་གཉིད་ལོག་གོ། །དེ་ནས་ཤིང་སྟ་མོ་དེ་རི་དགས་ཀྱི་དཔོན་པོ་དེའི་དྲུང་དུ་སོང་ན་དེ་ལྟར་བསོད་པར་གནས་པར་མཐོང་ནས་དེས་བསམས་པ། འདིའི་དཔྱད་བྱ་བའི་དུས་དེ་ལ་བབ་བོ་ སྙམ་དུ་རིག་ནས་ལེགས་པར་བརྟགས་ཏེ་སོའི་བར་དུ་ཆུད་པའི་རུས་པ་འདབ་མས་བསྐྱོད་པའི་རིམ་པས་མོད་ལ་ཕྱུང་སྟེ་སྐྱེས་ཤིང་གཉིད་ཀྱི་སྙོམས་པ་བསལ་བའི་མིག་གིས་ལངས་ནས་འདུག་གོ། །དེ་ནས་ཤིང་སྟ་མོ་དེས་རི་དགས་ཀྱི་དཔོན་པོ་དེ་སྡུག་བསྔལ་དང་། ཡིད་མི་ བདེ་བ་དང་བྲལ་བར་རིག་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་དེའི་དྲུང་དུ་སོང་སྟེ་སྨྲས་པ། ཞང་པོ་ཁྱོད་ཀྱི་སྡུག་བསྔལ་གྱི་རྒྱུར་གྱུར་པ་ནི་རུས་པ་འདི་ཡིན་ནོ། །དེ་ནས་རི་དགས་ཀྱི་དཔོན་པོ་དེ་མཆོག་ཏུ་ངོ་མཚར་སྐྱེས་ནས་སྨྲས་པ། ཚ་བོ་ཕན་པ་འདིའི་ལན་ཁྱོད་ལ་བདག་གིས་ ངེས་པར་སླར་ཕན་པ་བྱས་དུས་དུས་སུ་ཤོག་ཤིག །ལེགས་སོ་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་ཤིང་སྟ་མོ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་རི་དགས་ཀྱི་དཔོན་པོ་ཤ་ལ་ཟ་བ་ན་ཤིང་སྟ་མོ་དེ་ཡང་བྱ་ཁྲ་ཞིག་གིས་ཟིན་ཏེ་དེའུ་ཤི་བ་ལས་ཤོར་ཏེ་བཀྲེས་པས་གདུངས་པའི་སྙིང་གིས་རི་ དགས་ཀྱི་དཔོན་པོ་དེའི་དྲུང་དུ་སོང་སྟེ། ཉམ་ཐག་པ་དག་རིག་པར་བྱས་ནས་སྨྲས་པ། ཞང་པོ་བདག་བཀྲེས་པས་གཟིར་གྱིས་ཤ་ལ་ཆུང་ཟད་བྱིན་ཅིག །དེས་ཚིགས་སུ་བཅད་དེ་སྨྲས་པ། ད་ལྟར་ཁོ་བོ་སྲོག་གཅོད་ཅིང་། །གཏུམ་པོ་མི་དགེ་བྱེད་པ་ཡི། །མཆེ་བའི་བར་ དུ་ཁྱོད་འོངས་པ། །གསོན་པ་དྲིན་ཆེར་མི་སེམས་སམ། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། རྒྱ་མཚོར་ལྷུང་བ་ཕུང་བ་སྟེ། །རྨི་ལམ་བསམས་པ་དོན་མེད་ཡིན། །ཕོ་ངན་བསྟེན་པ་གང་ཡིན་དང་། །བྱས་མི་གཟོ་ལ་བྱས་དོན་མེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཤིང་སྟ་མོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་རི་དགས་ཀྱི་དཔོན་པོ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ། ། ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ། །གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་མི་དབུལ་པོ་ཞིག་གནས་པ་དེ་ཤིང་བཙོང་ཞིང་བཙོངས་པས་འཚོ་བར་བྱེད་ དོ། །དེ་དུས་གཞན་ཞིག་ན་ནང་པར་སྔར་ལངས་ཏེ་སྟ་རེ་དང་ཁུར་ཤིང་དག་ཐོགས་ཏེ་ཤིང་གི་ཕྱིར་ནགས་ཁྲོད་དུ་སོང་བ་དང་། དུས་མ་ཡིན་པའི་ཆར་སྤྲིན་ཆེན་པོ་སྣ་ལ་རླུང་ལྡང་བ་ལངས་སོ། །མི་དེ་འདི་རུང་ངམ་འདི་རུང་ངམ་ཞེས་གནས་ཀྱི་ཁྱད་པར་ཚོལ་ཞིང་ཤིང་ནས་ཤིང་ གཞན་གྱི་དྲུང་དུ་སོང་ན་འོན་ཀྱང་གཤེར་བར་གྱུར་པ་ཉིད་པས། དེས་ཤིང་དྲུང་བརྒྱུས་ཏེ་རིམ་གྱིས་བྲག་ཕུག་ཅིག་ཏུ་ཞུགས་པ་དང་། དེས་བྲག་ཕུག་དེ་ན་དོམ་ཞིག་གནས་པ་དེ་མཐོང་ནས་སྔངས་ཏེ་འབྲོས་པར་བརྩམས་པ་ལས། དོམ་གྱིས་སྨྲས་པ། བུ་ཅིའི་ཕྱིར་སྡངས་བུ་ མ་འཇིགས་པར་ཁོ་བོའི་དྲུང་ན་འདུག་ཤིག །དེ་བག་ཚ་བཞིན་དུ་བྲེད་ནས་འགྲོ་མ་ནུས་སོ། །དེ་ནས་དོམ་དེས་དབུགས་ཕྱུང་སྟེ། ལག་པ་གཉིས་ཀྱིས་པང་དུ་འཁྱུད་ནས་རྩ་བ་དང་འབྲས་བུས་ཚིམ་པར་བྱས་སོ། །ཡུལ་ངན་ཡང་ཞག་བདུན་དུ་བྱུང་ལྷས་ཀྱང་ཆར་པ་མ་བཅད་ དོ། །ཞག་བདུན་འདས་ཏེ་ཞག་བརྒྱད་པའི་ཉིན་པར་ཆར་སྤྲིན་སངས་ནས་དོམ་གྱིས་ཕྱོགས་བཞིར་བལྟས་ཏེ་རྩ་བ་དང་། འབྲས་བུ་རབ་ཏུ་མང་པོ་བྱིན་ནས་མི་དེ་ལ་སྨྲས་པ། བུ་ཆར་སྤྲིན་སངས་ཏེ་ཡུལ་ངན་མེད་ཀྱིས་ཅི་བདེར་སོང་ཤིག །མི་དེས་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཡབ་མཆི་ན་བདག་གིས་ཁྱེད་ལ་ལན་ཅི་ཞིག་གླན། དེས་སྨྲས་པ། བུ་ཅི་ནས་ཀྱང་ཁོ་བོ་སུ་ལ་ཡང་མ་སྨྲས་ན་དེ་ཉིད་ཀྱིས་ལན་གླན་པ་ཡིན་ནོ། །དེས་སྨྲས་པ། ཡབ་དེ་བཞིན་དུ་བགྱིའོ་ཞེས་དེས་དེ་ལ་བསྐོར་བ་བྱས་ནས་རྐང་པ་ལ་ཕྱག་བྱས་ནས་ཆས་སོ། །དེ་བཱ་རཱ་ཎ་སཱིར་ཞུགས་ པ་དང་རྔོན་པ་ཞིག་རི་དགས་འཆོར་དུ་ཆས་པ་དེས་དེ་མཐོང་ནས་སྨྲས་པ། གྲོགས་པོ་ཁྱོད་དུས་འདི་སྲིད་ཅིག་ལོན་ན་གང་ནས་འདིར་འོངས། ཁྱོད་ཀྱི་བུ་སྨད་ནི་ཁྱོད་དུས་མ་ཡིན་པར་ཆར་ཞག་བདུན་བབ་པས་གཅན་གཟན་གྱིས་བསད་པར་མ་གྱུར་གྲང་ཞེས་སྐྲག་པར་གྱུར་ནས་ཤིན་ཏུ་སྨྲེ་ སྔགས་འདོན་ཏོ། །དུས་མ་ཡིན་པའི་ཆར་ཞག་བདུན་བབ་པས་བྱ་དང་། རི་དགས་ཀྱང་དུ་མ་ཤི་ན་ཁྱོད་ཇི་ལྟར་ཤོར། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། གྲོགས་པོ་དོམ་དེ་གང་ན་འདུག་པའི་ཕུག་དེ་སྨྲོས་ཤིག །དེས་སྨྲས་པ། ནེའུ་ཟླ་ཅིས་ འཚོ་ཡང་བླ། སླར་ནགས་ཁྲོད་དུ་མི་འགྲོའོ། །དེས་དེ་ལ་ཇི་ལྟར་ཁས་ལེན་པར་འགྱུར་བ་དེ་ལྟར་ཤའི་སྐལ་བ་སུམ་ཉིས་སྦྱིན་པས་བསླུས་པ་དང་ལམ་མཚོན་པའི་ཕྱིར་སོང་སྟེ། ཇི་ཙམ་ན་རིམ་གྱིས་བདག་ཉིད་ཆེན་པོའི་དོམ་དེ་གང་ན་གནས་པའི་ཕུག་དེར་ཕྱིན་ཏོ། །དེ་ནས་སྙིང་ རྗེ་མེད་པ་ལ་གནས་པ་བྱས་པ་མི་གཟོ་བས་སྨྲས་པ། ཕུག་འདི་ན་དོམ་གནས་སོ། །དེ་ནས་རྔོན་པ་ཕ་རོལ་གྱི་སྲོག་ལ་གནོད་པ་བྱེད་པས་ཕུག་དེར་མེ་བཏང་ངོ་། །དེ་ནས་བདག་ཉིད་ཆེན་པོའི་དོམ་དེ་དུ་བས་སུབས་པའི་ཡིད་དང་མིག་མཆིས་མས་གང་བས་ཚིགས་སུ་བཅད་དེ་ སྨྲས་པ། བདག་ནི་རི་ཡི་སུལ་གནས་ཏེ། །རྩ་བ་འབྲས་བུ་ཆུ་འཐུང་ཞིང་། །སེམས་ཅན་ལ་ནི་ཕན་བློ་ཡིས། །སུ་ལ་གནོད་པ་ཅི་ཞིག་བྱས། །འཆི་བའི་དུས་ལ་བབ་གྱུར་པས། །ད་ནི་ཅི་ཡང་བྱར་མེད་དེ། །ལུས་ཅན་འདོད་དང་མི་འདོད་པའི། །ལས་ཀྱི་ རྗེས་སུ་འབྲང་བར་བྱ། །ཞེས་སྨྲས་ནས་ཤིའོ། །དེ་ནས་དེ་རྣམས་ཀྱིས་བཤས་ཏེ་ཤ་བགོས་ནས་བྱས་པ་ཆུད་གཟོན་པའི་མི་དེ་ལ་སྨྲས་པ། ཤའི་སྐལ་བ་སུམ་ཉིས་ལོང་ཤིག །དེས་བླང་ངོ་ཞེས་ལག་པ་གཉིས་བརྐྱང་བ་དང་ས་ལ་ལྷུང་ངོ་། །དེ་ནས་རྔོན་པ་དེ་རྣམས་ ཀྱིས་དེ་ལྟར་མ་རུང་བ་དེ་མཐོང་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲས་ཏེ། རང་རང་གི་སྐལ་བ་ཡང་བོར་ནས་དོང་ངོ་། །ཤིན་ཏུ་ཡ་མཚན་དུ་གྱུར་པ་དེ་སྐྱེ་བོའི་ཚོགས་ཆེན་པོས་ཐོས་ནས་ཕྱོགས་དེར་འདུས་སོ། །རྒྱལ་པོ་ཚངས་སྦྱིན་ཡང་ཡ་མཚན་སྐྱེས་ནས་དེ་ཉིད་དུ་འོངས་སོ། ། རི་དེའི་ཕྱོགས་གཅིག་ན་དགེ་འདུན་གྱི་གཙུག་ལག་ཁང་ཡོད་པས་དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་དེའི་པགས་པ་བླངས་ཏེ། ཡ་མཚན་གྱི་མིག་ཕྱེ་ནས་དོན་དེ་དགེ་སློང་གི་དགེ་འདུན་ལ་རིག་པར་བྱའོ་ཞེས་དགེ་འདུན་གྱི་གཙུག་ལག་ཁང་དེར་སོང་ནས་པགས་པ་ དག་བཏིང་སྟེ། རྒན་པའི་མཐའ་ལོགས་སུ་འདུག་ནས་དགེ་འདུན་ལ་དོན་དེ་རྒྱས་པར་སྨྲས་སོ། །དེ་ན་གནས་བརྟན་དགྲ་བཅོམ་པ་ཞིག་ཡོད་པ་དེས་ཚིགས་སུ་བཅད་དེ། རྒྱལ་པོ་དེ་ལ་སྨྲས་པ། རྒྱལ་ཆེན་འདི་ནི་དོམ་མ་ལགས། །བྱང་ཆུབ་སེམས་དཔའ་གཟི་ འཆང་སྟེ། །རྒྱལ་ཆེན་འཇིག་རྟེན་གསུམ་པོ་དང་། །ཁྱོད་ཀྱིས་ཀྱང་ནི་མཆོད་འོས་ལགས། །རྒྱལ་པོས་བསམས་པ། འདི་ལ་མཆོད་པ་བྱའོ་སྙམ་མོ་དགེ་སློང་རྣམས་ཀྱིས་སྨྲས་པ། ལྷ་འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལགས་ཀྱིས་འདི་ལ་མཆོད་ པ་མཛོད་ཅིག །དེ་ནས་རྒྱལ་པོ་ཚངས་སྦྱིན་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་དང་བཅས་པས་དྲིའི་ཤིང་ཐམས་ཅད་བླངས་ཏེ། ཕྱོགས་དེར་དོང་ནས་དེའི་ཤ་དང་། ཀེང་རུས་ཐམས་ཅད་ཕུང་པོ་གཅིག་ཏུ་བྱས་ནས་སྨྲས་ པ། ཤེས་ལྡན་དག་དྲིའི་ཤིང་ཐམས་ཅད་སྤུངས་ལ་སྤུངས་ཟིན་ནས་སྲེགས་ཤིག །དེ་དྲིའི་ཤིང་ཐམས་ཅད་ཀྱིས་སྤུངས་ཏེ་སྤུངས་ནས་བཀུར་སྟི་ཆེན་པོ་བྱས་ཏེ་བསྲེགས་ནས་ཕྱོགས་དེ་ཉིད་དུ་མཆོད་རྟེན་ཆེན་པོ་བྱེད་དུ་བཅུག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་བཏགས་ནས་དུས་མཆོད་ཆེན་པོ་བཙུགས་སོ། །དེ་ལ་བྱ་བ་བྱས་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་མཐོ་རིས་སུ་གཞོལ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དོམ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་མི་བྱས་པ་ ཆུད་གཟོན་པ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ། །གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་། བྱས་པ་ མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་མི་དབུལ་པོ་ཞིག་ཡོད་པ་དེ་ཤིང་བཙོང་ཞིང་བཙོངས་པས་འཚོ་བར་བྱེད་དོ། །དེ་དུས་གཞན་ཞིག་ན་ནང་པར་སྔར་ལངས་ཏེ་སྟ་རེ་དང་ཁུར་ཤིང་བླངས་ཏེ་ཤིང་གི་ཕྱིར་ནགས་ཁྲོད་དུ་སོང་བ་དང་། རི་དེའི་ ཕྱོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་ནགས་སྟུག་པོ་མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་རྒྱས་པ་ཞིག་ཡོད་པ་དེ་ན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་དོམ་རྣམས་ཀྱི་ནང་དུ་སྐྱེས་པ་ཞིག་ཡོད་དོ། །ཇི་ཙམ་ན་ཤིང་ཐུན་དེ་ཤིང་འཚོལ་བ་ན་ཕྱོགས་གཞན་ཞིག་ནས་ སྟག་གིས་གཙེས་ཏེ་འཆི་བའི་འཇིགས་པས་སྐྲག་ནས་སྟེས་དབང་གི་ཤིང་གང་ལ་བྱང་ཆུབ་སེམས་དཔའ་དོམ་དེ་གནས་པའི་ཤིང་དེ་ལ་འཛེགས་པ་ལས་དེས་དེ་མཐོང་ནས་ལྷག་པར་སྐྲག་པར་གྱུར་པ་དང་། བདག་ཉིད་ཆེན་པོ་དེས་དབུགས་ཕྱུང་ནས་བཟུང་སྟེ་པང་དུ་བཞག་གོ། ། སྟག་དེ་ཡང་ཁ་ཟས་ལ་ཞེན་པས་ཤིང་དྲུང་དེ་ཉིད་མི་གཏང་བར་སྨྲས་པ། ཀྱེ་བདག་ཉིད་ཆེན་པོ་མི་མགོ་ནག་འདི་རྣམས་ནི་བྱས་པ་མི་གཟོ་བ་ཡིན་གྱིས་འོར་ཅིག་དང་དེ་ཟོས་ཏེ་འགྲོའོ། །མི་གཞན་ཕལ་ཆེར་སྐྱབས་སུ་འོངས་པ་ལ་བྱམས་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་ སྨོས་ཀྱང་ཅི་དགོས་པས་དེས་སྨྲས་པ། འདི་བདག་ལ་སྐྱབས་སུ་འོངས་པས་བདག་གིས་མི་དོར་རོ། །འོན་ཀྱང་སྟག་དེ་ཤ་དང་ཁྲག་འདོད་པས་དེ་ཉིད་དུ་འདུག་གི་མ་སོང་ངོ་། །དེ་ནས་དོམ་དེས་མི་དེ་ལ་སྨྲས་པ། བུ་ཁོ་བོ་ངལ་གྱིས་རེ་ཞིག་ཁྱོད་འདུག་ཤིག་དང་ཁོ་བོ་ངལ་སོས་ པར་བྱའོ། །དེ་དེའི་པང་དུ་འདུག་ནས་ངལ་བ་དང་དུབ་པས་གཉིད་ལོག་གོ། །སྟག་གིས་སྨྲས་པ། ཀྭའི་མི་ཁྱོད་དུས་ཇི་སྲིད་ཞིག་ཏུ་འདིར་འདུག །འོ་ནི་མར་འོར་ཅིག་དང་ཟོས་ལ་འགྲོའོ། །དེ་ནས་ཁྱོད་ཅི་བདེར་སོང་ཤིག །སྙིང་རྗེ་མེད་པ་སྡིག་པའི་ལས་ཅན་འཇིག་ རྟེན་ཕ་རོལ་ཡལ་བར་བོར་བ་དེས་བསམས་པ། བདག་གིས་དུས་ཇི་སྲིད་ཞིག་ཏུ་འདིར་གནས་པར་བྱས་དེས་སྨྲས་པ། ལེགས་ཀྱིས་དོར་རོ་སྙམ་ནས་དེས་དེ་བོར་བ་དང་བདག་ཉིད་ཆེན་པོ་དེས་བོར་བ་ན་སྨྲས་པ། ཀྱེ། མིན། ཚིག །དེས། ཀྱི། ཅི། སེ། ངན། བསྟེན། གྲོ་ཞེས་སྨྲས་ཏེ་ལྷུང་ནས་སྟག་གིས་ཚུལ་མ་ཡིན་པས་བསད་དོ། །མི་དེས་བསམས་ཏེ་སྨྲས་པ། དེ་ཐོས་ནས་བསམས་པ། འདིས་བདག་ལ་ཇི་ཞིག་བགོ་བཤའ་བྱ་བར་འདོད་དེ། གང་གི་ཕྱིར་འདི་སྐད་ཅེས་སྨྲས་སོ་སྙམ་ནས། དེ་སྲེད་པས་ལྡོངས་ བས་བླ་བར་གྱུར་ཏེ། དེ་སེམས་འཁྲུགས་ཤིང་སྨྱོས་ནས་དེ་དང་དེ་དག་ཏུ་འཁྱམ་པ་ན་འདི་སྐད་ཅེས་ཀྱེ། མིན། ཚིག །དེས། ཀྱི། ཅི། སེ། ངན། བསྟེན། གྲོ་ཞེས་སྨྲའོ། །དེ་གཉེན་རྣམས་ཀྱིས་ཁྱིམ་དུ་ཁྲིད་ན་དེ་བཞིན་དུ་བླ་ཞིང་འདུག་གོ། །དེ་རྣམས་ཀྱིས་འབྱུང་པོའི་དཔྱད་བྱ་བའི་ རིག་སྔགས་དང་། གསང་སྔགས་འཆང་དང་། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་དང་། སྙིང་དུ་སྡུག་པ་དང་། ཉེ་དུ་དང་། རྩ་ལག་རྣམས་ལ་དྲིས་ན། དེ་རྣམས་རྣམ་པ་ཕལ་མོ་ཆེར་སྨྲ་ཞིང་དཔྱད་ནི་ཆུང་ཟད་ཀྱང་མི་བྱེད་དོ། །དེའི་ཚེ་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བའི་བསྟི་ གནས་ཤིང་རྣམ་པ་སྣ་ཚོགས་ཀྱི་ནགས་སྟུག་པོ་འབྲས་བུ་དང་། མེ་ཏོག་དང་། ཆུ་ཕུན་སུམ་ཚོགས་པ། བྱ་དུ་མ་སྐད་འབྱིན་པས་མཛེས་པར་བྱས་པ་ཞིག་ཡོད་པ་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །མི་དེའི་གཉེན་རྣམས་ཀྱིས་མི་དེ་ཁྲིད་དེ་དྲང་སྲོང་དེའི་ གན་དུ་དོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དྲང་སྲོང་ཆེན་པོ་བདག་ཅག་གི་གཉེན་འདི་ཡང་དང་ཡང་འདི་སྐད་དུ་བླ་བ་འདི་ལ་ཇི་ལྟར་བགྱི། དེས་སྨྲས་པ། སེམས་ཅན་འདི་ནི་སྡིག་པ་བྱེད་པ་ཡིན་ཏེ། རང་བཞིན་ངན་པ་འདིས་བྱང་ཆུབ་སེམས་དཔའ་ཕན་འདོགས་ འདོགས་པ་སྟག་གི་མདུན་དུ་བོར་རོ། །བདག་ཉིད་ཆེན་པོ་དེས་ནི་འདི་ལ་ཆོས་བཤད་པར་བྱའོ་སྙམ་དུ་བསམས་ན་འདིས་དེ་བོར་ཏེ། དེ་བོར་བ་ན་མྱ་མྱོ་ཁྱེར་ཏེ་ཚིགས་སུ་བཅད་པ་བཅུ་ལས་ཡི་གེ་རེ་རེ་ཞིག་དྲན་པ་ནི་ཀྱེ། མིན། ཚིག །དེས། ཀྱི། ཅི། སེ། ངན། བསྟེན། གྲོ་ཞེས་བྱ་བ་ཡིན་ནོ། །དྲང་སྲོང་དེའི་སློབ་མ་ཞིག་གིས་སྨྲས་པ། མཁན་པོ་རེ་ཤིག་ཚིགས་སུ་བཅད་པ་དེ་རྣམས་ཇི་ལྟ་བུ་ལགས་པ་གསུངས་ཤིག །དྲང་སྲོང་དེས་རིམ་བཞིན་དུ་ཚིགས་སུ་བཅད་པ་དེ་རྣམས་སྨྲ་བར་བརྩམས་པ། ཀྱེ་མ་ཀྱི་ཧུད་འཇིག་རྟེན་འདིར། ། ཆོས་མ་ཡིན་པ་མི་བཟད་དེ། །ཚོགས་པར་མི་དབྱུང་མི་རྣམས་ལ། །གྲོགས་པོ་གསོད་པར་བྱེད་པ་ཡོད། །གྲོགས་གསོད་གནས་སྐབས་གང་དུ་ཡང་། །བདེ་བར་འགྱུར་བ་མ་ཡིན་ཏེ། །སྟན་ལ་མ་ཡིན་ལམ་དུ་མིན། །འདུག་མིན་འཆག་པ་ན་ཡང་མིན། ། དེ་ལྷུང་སྙིང་ནི་རྗེ་རྗེ་སྐད། །འདི་ལ་ཚིག་ཏུ་སྨྲས་པ་གང་། །དེས་ནི་སེམས་ཅན་བློ་ངན་པོ། །ཇི་ལྟར་ཁན་ད་འབར་བཞིན་སྲེག །ཤིན་ཏུ་མི་བཟད་ལས་བྱས་པ། །ངེས་ཁྱོད་འཇིག་རྟེན་ཕ་རོལ་དུ། །སྡུག་བསྔལ་རེག་པའི་ཚོར་བ་ནི། །སིམ་པ་མ་ཡིན་མྱོང་ བར་འགྱུར། །ཐ་ཤལ་བས་ཀྱང་ཐ་ཤལ་ཁྱོད། །ངུ་འབོད་ཤིན་ཏུ་མི་བཟད་པར། །ཀྱི་ཧུད་ཀྱི་ཧུད་ཅེས་སྒྲོགས་པའི། །སྡུག་བསྔལ་ངན་པ་ཆེན་པོ་འཐོབ། །མི་དགེའི་ལས་ཅན་གཏུམ་དེ་ལ། །དེ་ཡིས་ཅི་ཞིག་བྱས་གྱུར་ན། །ཚོགས་པར་མི་འབྱུང་མི་ རྣམས་ལས། །གྲོགས་པོ་གསོད་པར་བྱེད་པ་ཡོད། །ཆོས་འཇིག་བྱེད་པ་མི་བཟད་པའི། །སེམས་ནི་སྡིག་པ་ཡིན་པར་ཤེས། །ཁྱོད་ཀྱིས་དོམ་ལ་སྡིག་པ་དང་། །སྟག་ལ་གང་བྱས་དྲན་པར་གྱིས། །བློ་ངན་ཁྱོད་ཀྱིས་ཇི་ལྟ་བུར། །གྲོགས་ལ་བྱ་བ་མི་ ཤེས་ཏེ། །གསོད་པར་བྱེད་པས་གསོད་འཐོབ་ལ། །ཤ་འཁོན་ཅན་གྱིས་འཁོན་རྣམས་མཐོང་། །སྟག་གི་འཇིགས་ཆེན་བྱུང་བ་ན། །ཁྱོད་ནི་ཡུན་རིང་བསྟེན་བྱས་ཤིང་། །ཉལ་བ་ན་ཡང་ཁྱོད་བསྲུངས་ན། །ཁྱོད་ཀྱིས་དེ་ནི་མ་བསྲུངས་སོ། །གྲོགས་འཁུ་ཁ་ ན་མཐོ་ཆེར། །ཆོས་སྨྲ་བ་རྣམས་རྗོད་བྱེད་དོ། །བློ་ངན་ལུས་ནི་ཞིག་གྱུར་ནས། །དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དོམ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྱས་ པ་ཆུད་གཟོན་པའི་མི་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཡིན་ནོ།། །། འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་དགུ་པ། གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་ན་རྒྱལ་པོ་ཤི་བི་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །རྒྱལ་པོ་དེ་ཡང་དད་པ་བཟང་བ། དགེ་བའི་བསམ་པ་ཅན། བདག་ལ་ཕན་པ་དང་། གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན། བདག་ཉིད་ཆེན་པོ་ཆོས་འདོད་པ། སྐྱེ་དགུ་རྣམས་ལ་བྱམས་ པ། ཐམས་ཅད་རབ་ཏུ་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་ཡིན་ཏེ། དེ་འདི་ལྟ་སྟེ་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེས་པ་དང་། ཕོངས་པ་དང་། འགྲོ་བར་ཆས་པའི་སློང་བ་རྣམས་ལ་སྦྱིན་ པར་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དེ། ལྷག་པར་ཡང་ནད་པ་རྣམས་ལ་སྦྱིན་ནོ། །རྒྱལ་པོ་དེའི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ནས་ཕ་དང་མ་གཉིས་ལ་ཕྱག་བྱས་ཏེ་ནད་པ་ལ་བལྟས་ནས་དགོས་པའི་ཆེད་ཀྱི་ཕྱིར་འདུག་པར་བྱེད་དོ། །ཇི་ཙམ་ན་མི་ནད་པ་སྨན་པ་ཐམས་ ཅད་ཀྱིས་བོར་བ་འཚོ་བའི་རེ་བ་མེད་ལ་འཆི་བ་ལ་མངོན་དུ་ཕྱོགས་པ་ཞིག་དེ་དང་དེ་དག་ཏུ་འཁྱམ་ཞིང་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏོ། །དེའི་ཚེ་རྒྱལ་པོ་ཤི་བི་སོ་གའི་དུས་ལ་བབ་སྟེ། མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་སྒྲ་འབྱིན་པའི་ནགས་ཚལ་སྟུག་པོའི་སྐྱེད་མོས་ཚལ་གྱི་སར་བཙུན་མོས་ཡོངས་སུ་བསྐོར་ཏེ་ཆས་སོ། །ནད་པ་དེ་ཡང་ཚོར་བ་དྲག་པོས་གདུངས་པས་ཡིད་མི་བདེ་བ་སྐྱེས་ཤིང་ལུས་ཀྱི་དབུགས་ནི་བརྫགས། མིག་ནི་མཆི་མས་གང་བཞིན་ ལག་པ་ཁར་བ་ལ་བརྟེན་ནས་དལ་བུས་རྒྱལ་པོའི་དྲུང་དུ་སོང་ནས་མགོ་བོས་ཕྱག་བྱས་ཏེ་སྨྲས་པ། ལྷ་བདག་བྲོ་ནད་འདི་ལས་ཡོངས་སུ་བསྐྱབ་ཏུ་གསོལ། སྲོག་སྩལ་དུ་གསོལ། དེ་ནས་ཤི་བིའི་རྒྱལ་པོས་ནད་པ་དེའི་ཚིག་སྙིང་རྗེ་རྗེ་སྐད་དུ་དལ་བུས་ཡི་གེ་རེ་རེ་ནས་སྨྲས་པ་ཐོས་ནས་སྙིང་ རྗེས་ཀུན་ནས་བསྐྱོད་པའི་སེམས་ཀྱིས་དེ་ཉིད་ནས་སླར་ལོག་སྟེ། བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ངའི་ཡུལ་ན་གནས་པའི་སྨན་པ་རྣམས་ཁུག་ཅིག །དེ་རྣམས་ཀྱིས་སྨན་པ་ཐམས་ཅད་བཀུག་སྟེ་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་རྒྱལ་པོས་མི་དེ་བཀུག་ནས་སྨྲས་པ། ཤེས་ལྡན་ དག་མི་འདིའི་དཔྱད་གྱིས་ཤིག །སྨན་པ་རྣམས་ཀྱིས་དཔྱད་དེ་བློ་གྲོས་གཅིག་ཏུ་བྱས་ནས་སྨྲས་པ། ལྷ་འདིའི་སྨན་དཀོན་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེའི་སྨན་ཅི་འདྲ་བ་ཞིག་ཡིན། སྨན་པ་རྣམས་ཀྱིས་སྨྲས་པ། ལྷ་སྐྱེས་པ་ཐོག་མ་བཙས་ནས་སུ་ལ་ཡང་ཁྲོམ་ མྱོང་བ་གང་ལགས་པ་དེའི་ཁྲག་གིས་ནས་ཐུག་སྦྱར་ནས་གལ་ཏེ་འཚལ་དུ་སྩལ་ན་འདི་སོས་པར་འགྱུར་ལགས་ཀྱི་གཞན་དུ་མ་ལགས་སོ། །རྒྱལ་པོས་ཐོས་ནས་བསམས་པ། བདག་གིས་ནི་འདི་འདྲ་བའི་སྡུག་བསྔལ་གྱིས་ཉེན་པ་གཞན་དག་ཞི་བར་བྱེད་མི་ནུས་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ གམ། འཚོ་བ་འདི་ལྟ་བུ་བདག་ལ་ཅི་དགོས་ཞེས་དེ་སྙམ་དུ་བསམས་ནས། རྒྱལ་པོ་རང་གི་རྒྱུད་ལ་བརྟག་པར་བརྩམས་ནས་དེས་མ་མ་ལ་སྨྲས་པ། ང་སྔོན་སུ་ལ་ལན་འགའ་ཁྲོས་པ་ཡོད་དམ། དེས་སྨྲས་པ། ལྷ་གང་གི་ཚེ་ཁྱོད་བདག་གིས་པང་དུ་བླངས་པ་དེའི་ཚེ་ནས་བདག་ཀྱང་སུ་ལ་ ཡང་ཁྲོ་མ་མྱོང་ན་ཁྱོད་ལྟ་སྨོས་ཅི་འཚལ། དེ་ནས་མའི་དྲུང་དུ་སོང་སྟེ་སྨྲས་པ། ཡུམ་བདག་སྔོན་སུ་ལ་ཡང་ལན་འགའ་ཁྲོས་པ་མ་མཆིས་སམ། དེས་སྨྲས་པ། བུ་ཁྱོད་གང་གི་ཚེ་ཁོ་མོའི་རུམ་དུ་ཞུགས་པ་དེའི་ཚེ་ནས་བདག་ཀྱང་སུ་ལ་ཡང་ཁྲོམ་མྱོང་ན་ཁྱོད་ལྟ་ཞིག་ཅི་སྨོས། རྒྱལ་པོས་བསམས་པ། ད་ནི་སྨན་རྙེད་དོ་སྙམ་ནས་དེས་སྨན་པ་དེ་རྣམས་ལ་སྨྲས་པ། ངའི་ལུས་ཀྱི་ཡན་ལག་ལྔའི་རྩ་གཏུབས་ཤིག །དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་ནི་མི་ཕལ་པའི་ཆེད་དུ་ལྷའི་སྐུ་ལ་མཚོན་གྱིས་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་ གནས་དང་ལས་ཀྱི་གནས་དེ་དང་དེ་དག་ལ་མཁས་པ་ཡིན་པས་དེས་རང་ཉིད་ཀྱི་ལུས་ཀྱི་ཡན་ལག་ལྔའི་རྩ་གཏར་ཏེ། ཁྲག་གིས་རྫེའུ་བཀང་ནས་དེས་ནས་ཐུག་སྦྱར་ཏེ་བླུད་དོ། །རྒྱལ་པོ་དེ་ལ་རྗེས་སུ་ཆགས་པའི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་ རྣམས་ངུ་བ་ལ་ཞུགས་སོ། །ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཀྱིས་ཀྱང་འཕྱ་བར་བརྩམས་ཏེ་མི་ཕལ་པ་གཅིག་གི་ཕྱིར་འདི་སྙེད་ཀྱི་སེམས་ཅན་འདོར་བ་ལྟ་ཅི་ཐ་ཚིག་ཅེས་གླེང་ངོ་། །དེ་ནས་རྒྱལ་པོས་སྐྱེ་བོའི་ཚོགས་དེ་དབུགས་ཕྱུང་ནས་ཐབས་དེས་ ཟླ་བ་དྲུག་ཏུ་ལུས་ཀྱི་ཡན་ལག་ལྔའི་རྩ་གཏར་ཏེ། གཏར་ནས་ནས་ཐུག་བླུད་དོ། །རྒྱལ་པོ་ཤི་བིའི་ལུས་དེ་ཚགས་འདྲ་བར་གྱུར་ནས་གཟི་བྱིན་ཡོངས་སུ་ཉམས་སོ། །གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བསམས་པ། འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ ཡིན་ཏེ། གལ་ཏེ་ཡོངས་སུ་ཉམས་ནམ་ལེགས་སོ་སྙམ་ནས་དེ་རྣམས་དེ་ལ་ཉི་མ་རེ་རེ་ཞིང་གཟི་བྱིན་སྒྲུབ་པར་བྱེད་དེ་དེས་དེ་འཚོའོ། །གང་གི་ཚེ་མི་དེའི་ནད་དེ་ཞི་བར་གྱུར་པ་དེའི་ཚེ་རྒྱལ་པོ་ཤི་བིས་གྲོང་རྡལ་མཆོག་ལྔ་བྱིན་ནས་བཱ་རཱ་ཎ་སཱི་ན་གཙོ་བོར་བཀུར་བར་གྱུར་ཏོ། །མཐའ་དག་ཏུ་ སྒྲ་གྲགས་པ་རྒྱལ་པོ་ཤི་བིའི་ལུས་ཀྱི་ཡན་ལག་ལྔའི་རྩ་གཏུབས་པའི་ཁྲག་གིས་ནད་པའི་རིམ་གྲོ་དུས་འདི་སྲིད་ཅིག་བྱས་པས་དེ་ཡང་སོས་པར་གྱུར་ཏོ། །གང་ཡང་ཡ་མཚན་སྐྱེས་པའི་སེམས་ཅན་རྣམས་ལྷགས་ནས་མི་དེ་ལ་དྲིས་པ། ཀྱེ་ནང་རྗེ་ཁྱོད་ལ་རྒྱལ་པོ་ཤི་བིས་དུས་འདི་སྲིད་ ཅིག་རིམ་གྲོ་བྱས་སོ་ཞེས་གྲག་ན་བདེན་ནམ། དེས་སྨྲས་པ། བདག་ལ་དེས་ཅི་ཞིག་བྱས། ངན་ཁྲག་ལྟ་ཞིག་ས་ལ་ཕོ་འམ་གཞན་ལ་བྱིན་ཡང་རུང་སྟེ་ངོ་མཚར་ཅི་ཞིག་ཆེ། དེ་སྐད་ཅེས་སྨྲས་མ་ཐག་ཁོ་ནར་དེའི་ཁྱིམ་དུ་མེ་བྱུང་ནས་དེས་དེའི་ཁྱིམ་དང་ནོར་ཐམས་ཅད་ཚིག་པར་གྱུར་ཏོ། ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ཤི་བི་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྱས་པ་ཆུད་གཟོན་པའི་མི་གང་ཡིན་པ་དེ་ནི་ལྷས་བྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་ བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའི་ཕོ་བྲང་ཞིག་ན་རྒྱལ་པོ་ཞིག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་ བྱེད་དུ་འཇུག་གོ། །དེ་དུས་གཞན་ཞིག་ན་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དེ། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ ན་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པགས་པའི་མདོག་གསེར་འདྲ་བ། མགོ་གདུགས་ལྟར་འདུག་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་ བཙས་ཏེ། དེ་བཙས་པ་ན་དགེ་བ་སྟོང་ཕྲག་དུ་མ་བྱུང་བར་གྱུར་ཏོ། །དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དེ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདི་བཙས་པས་ན་དགེ་བ་སྟོང་ཕྲག་དུ་མ་བྱུང་བས་ཁྱེའུ་མིང་དགེ་བྱེད་དུ་ གདགས་སོ་ཞེས་དེའི་མིང་དགེ་བྱེད་དུ་བཏགས་ཏེ། ཁྱེའུ་དགེ་བྱེད་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དེ། དེ་མ་མ་བརྒྱད་པོ་དག་གིས་ འོ་མ་དང་། ཞོ་དང་། མར་དང་། ཞུན་མར་གྱི་སྙིང་པོ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །རྒྱལ་པོ་དེ་ཡང་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད་དེ། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་ཁྱེའུ་ཞིག་བཙས་ཏེ། དེ་བཙས་པ་ན་མི་དགེ་བ་སྟོང་ཕྲག་དུ་མ་བྱུང་ ནས་དེའི་མིང་ནི་སྡིག་བྱེད་ཅེས་བྱ་བར་བཏགས་ཏེ། དེ་ཡང་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་ཏོ། །གཞོན་ནུ་དགེ་བྱེད་ནི་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཅན། སྦྱིན་འདོད་པ། སྦྱིན་པ་ལ་དགའ་བ་ཡིན་པས་དེ་དགེ་སྦྱོང་དང་། བྲམ་ཟེ་ དང་། བཀྲེན་པ་དང་། ཕོངས་པའི་སློང་བ་རྣམས་ལ་སྦྱིན་པ་གཏོང་བར་བྱེད་དོ། །ཕས་དེ་ལ་སྨྲས་པ། བུ་ཁྱོད་རྟག་ཏུ་སྦྱིན་པ་མ་གཏོང་ཞིག །དེ་ལྟར་བཏང་ན་རེ་ཞིག་འུ་བུ་ཅག་ལ་ནོར་གྱི་རིགས་དེ་རྙེད་ག་ལ་ཡོད། འདི་ནི་ཆོས་ཉིད་ཡིན་ཏེ་སྦྱིན་ པ་པོ་དང་སྦྱིན་བདག་ལ་སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོང་བར་འགྱུར་ཞིང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་དེའི་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་དང་། བཟང་པོ་འབྱུང་བ་ཡིན་པས་ཡུལ་གཞན་གྱི་རྒྱལ་པོ་ཞིག་གིས་དེའི་ཡོན་ཏན་ གྱི་བདག་ཉིད་ཆེན་པོ་ཐོས་ནས་བུ་མོ་སྦྱིན་ནོ། །རྒྱལ་པོས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བསུ་བར་བྱས་པ་དང་། དགེ་བྱེད་ཀྱིས་སྨྲས་པ། རེ་ཞིག་ནོར་མ་བསྒྲུབས་ཀྱི་བར་དུ་བདག་མཆིས་འབྲང་མི་འཚལ་གྱིས། ཡབ་རྒྱ་མཚོ་ཆེན་པོར་འཇུག་པར་གནང་བའི་རིགས་ སོ། །དེས་སྨྲས་པ། དེ་བཞིན་དུ་གྱིས་ཤིག །དེ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་ཆས་པ་ན་དེའི་ནུ་བོ་སྡིག་བྱེད་གང་ཡིན་པ་དེས་བསམས་པ། འདི་སྐྱེ་བོ་མང་པོ་སྡུག་པ་དང་། ཡིད་དུ་འོང་བ་ཡིན་ཏེ། གལ་ཏེ་ཡང་རྒྱ་མཚོ་ཆེན་པོའི་གྲུ་གྲུབ་སྟེ་སླར་འོངས་ནས་ལྷག་ པར་ཡང་སྐྱེ་བོ་མང་པོ་སྡུག་པ་དང་ཡིད་དུ་འོང་བར་འགྱུར་ཞིང་དེས་ན་ཕ་འདུག་བཞིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་པར་འགྱུར་བའི་གནས་གང་ཡིན་པ་འདི་ཡོད་ཀྱིས། འདིར་ཡོང་ཅིའི་དུས་ལ་བབ་ཅེ་ན། བདག་ཀྱང་དེ་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་ཞུགས་ ལ་དེར་འདི་སྲོག་དང་ཕྲལ་ན། བདག་མི་འདོད་བཞིན་དུ་ཡང་རྒྱལ་ཚབ་ཏུ་དབང་བསྐུར་བར་འགྱུར་རོ་སྙམ་དུ་བསམས་ནས་ཕའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་དགེ་བྱེད་རྒྱ་མཚོ་ཆེན་པོར་མཆི་ན་བདག་ཀྱང་དེ་དང་ལྷན་ཅིག་མཆིའོ། །དེས་སྨྲས་པ། དེ་བཞིན་དུ་གྱིས་ ཤིག །དེ་ནས་དགེ་བྱེད་ཀྱིས་རང་གི་ཡུལ་དུ་དྲིལ་སྒྲོགས་སུ་བཅུག་པ། གྲོང་ཁྱེར་ན་གནས་པའི་ཚོང་པ་ཤེས་ལྡན་དག་ཉོན་ཅིག །གཞོན་དུ་དགེ་བྱེད་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་གིས། དེད་དཔོན་དགེ་བྱེད་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འཇུག་པར་ཁྱེད་ཅག་ ལས་སུ་སྤྲོ་བ་དེ་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་མེད་པར་འགྱུར་གྱིས། རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་སྟ་གོན་གྱིས་ཤིག །ཚོང་པ་བརྒྱ་ཕྲག་དུ་མས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་དེད་དཔོན་དགེ་བྱེད་ནུ་བོ་སྡིག་བྱེད་དང་ལྷན་ཅིག་དགེ་ མཚན་དང་བདེ་ལེགས་སུ་འགྱུར་བ་དག་བྱས་ནས་ཚོང་པ་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ། ཤིང་རྟ་དང་། ཁུར་དང་། གཟེབ་དང་། པང་ཚད་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དག་གིས་རྒྱ་མཚོ་ཆེན་པོར་འཇུག་པའི་ཟོང་མང་པོ་ཁྱེར་ནས་ཆས་ཏེ་དེ་རིམ་གྱིས་ གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་དང་། རྒྱལ་པོའི་ཕོ་བྲང་དང་། ཚོང་རྡལ་རྣམས་ལ་ལྟ་ཞིང་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ནས། དེས་ཀཱརྵཱ་པ་ཎ་ལྔ་བརྒྱས་གྲུ་ཉོས་ཏེ་ཞོ་ཤས་འཚོ་བ་ལྔ་པོ་སྟོབས་པར་བྱེད་པ་དང་། སེལ་བར་བྱེད་པ་དང་། རྐྱལ་ཆེན་པ་དང་། གྲུ་ པ་དང་། རླུང་ཡོར་ཐོགས་པ་ཁྲིད་ནས་ལན་གསུམ་དུ་དྲིལ་བསྒྲགས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་ནས་གྲུ་སྤངས་པ་ན་ནུ་བོ་སྡིག་བྱེད་ལ་སྨྲས་པ། གལ་ཏེ་རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཆག་པར་གྱུར་ནམ་རྟབས་པར་ངའི་མགུལ་དུ་འཇུས་ཤིག །དེས་སྨྲས་པ། ལེགས་ཀྱིས་ དེ་བཞིན་དུ་བགྱིའོ། །ཇི་ཙམ་ན་གྲུ་དེ་རྗེས་སུ་མཐུན་པའི་རླུང་གིས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རླུང་ཡོར་ཐོགས་པས་སྨྲས་པ། འཛམ་བུའི་གླིང་གི་ཚོང་པ་ཤེས་ལྡན་དག་ཉོན་ཅིག །རིན་པོ་ཆེའི་གླིང་ཞེས་བྱ་བ་རྡོ་རྗེ་དང་། བཻ་ཌཱུརྱ་དང་། ཨིནྡྲ་ནཱི་ལ་དང་། མ་རྒད་ལ་སོགས་ པའི་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་ཤིག་ཡོད་དོ་ཞེས་ཐོས་པ་གང་ཡིན་པ་དེར་ཡུ་བུ་ཕྱིན་གྱིས། རིན་པོ་ཆེ་ཅི་འདོད་པ་ལོང་ཤིག །དེ་ནས་དེ་རྣམས་དགའ་བ་དང་མགུ་བས་བརྟགས་ཤིང་བརྟགས་ནས་རིན་པོ་ཆེ་རྣམས་ཀྱིས་གྲུ་དེ་དཔེར་ན་ཏིལ་ལམ། འབྲས་སམ། རྒྱ་སྲན་ནམ། སྲན་མ་ལ་སོགས་པ་བཞིན་དུ་བཀང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤིན་ཏུ་བརྟགས་པ་དང་མཁས་པ་ཡིན་པས་གཞོན་ནུ་དགེ་བྱེད་ཀྱིས་ཆེན་པོ་ལ་འོས་པའི་ནོར་བུ་ཆེན་པོ་རྣམས་རྐེད་ལ་བཏགས་སོ། །ཇི་ཙམ་ན་གྲུ་དེ་སླར་བསྒྱུར་བ་ལས་ འགྲམ་དང་། ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ཆུ་སྲིན་ཉའི་རིགས་ཀྱིས་ཚུལ་མ་ཡིན་པས་མ་རུང་བར་བྱས་སོ། །དེ་ནས་སྡིག་བྱེད་ཀྱིས་དགེ་བྱེད་ཀྱི་མགུལ་ནས་འཇུས་པ་དང་། དེས་དེ་འབད་པ་ཆེན་པོས་འགྲམ་དུ་ཕྱུང་ངོ་། །དེ་ཁུར་གྱིས་ དུབ་ནས་གཉིད་ཀྱིས་ལོག་པ་དང་། དེ་འགྲེས་པའི་རྐེད་པ་ལ་རིན་པོ་ཆེ་བཏགས་པ་དག་སྡིག་བྱེད་ཀྱིས་མཐོང་ནས་དེས་བསམས་པ། འདི་ནི་རིན་པོ་ཆེ་འདི་ལྟ་བུ་དག་ཁྱེར་ཏེ་འགྲོ་བར་འགྱུར་ན། བདག་གི་ལག་པ་སྟོང་པར་འགྲོ་བར་འགྱུར་བ་ལྟ་ཞེས་བསམས་ནས་ དེས་དེ་གཉིད་སྟུག་པོས་ནོན་པ་ན་རིན་པོ་ཆེ་དེ་རྣམས་ཀྱང་ཕྲོགས། མིག་གཉིས་ཀྱང་ཚེར་མས་ཕྱུང་ནས་དེས་དེ་ལོང་བར་རྒྱ་མཚོའི་འགྲམ་དུ་བོར་ཏེ་སོང་ངོ་། །སྟེས་ཏེ་ཕྱུགས་རྫི་དག་ཅིག་ཕྱུགས་སྐྱོང་ཞིང་ཕྱོགས་དེར་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་མཐོང་ནས་དྲིས་པ། ཀྱེ་ ནང་རྗེ་ཁྱོད་སུ་ཞིག་དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ། དེ་རྣམས་ཀྱིས་ཐོས་ནས་སྙིང་རྗེ་སྐྱེས་ཏེ། དེ་རྣམས་ཀྱིས་དེ་ཕྱུགས་རྫི་དཔོན་པོའི་ཁྱིམ་དུ་ཁྲིད་དོ། །དེ་དེ་ན་པི་ཝང་བླང་བར་བརྩམས་པ་དང་། ཕྱུགས་རྫི་དཔོན་པོ་དེའི་ཆུང་མ་གཟུགས་དང་ལང་ཚོའི་དྲེགས་ པས་རྒྱགས་པས་པི་ཝང་གི་སྒྲ་ཐོས་ནས་བསྒུགས་པ་ལས། དེ་བྱས་པ་ཆུད་གཟོན་པའི་སྤྱོད་པ་རྗེས་སུ་དྲན་ནས་རྣ་བ་བཀག་སྟེ་འདུག་ནས་མ་བཏུབ་བོ། །འདོད་པ་ལ་ཞེན་པ་རྣམས་ནི་མི་བྱ་བ་ཅི་ཡང་མེད་པས་དེས་ཁྱིམ་ཐབ་ལ་དཔར་བ་སྨྲས་པ། མི་ལོང་བ་འདི་ བདག་ལ་སྒུགས་ན། ཁྱོད་འདི་འདྲ་བ་དག་སྡུད་པར་བྱེད་དམ། ཤ་འཁོན་རྣམས་ཀྱི་ནང་ན་འདི་ལྟ་སྟེ་བུད་མེད་ཀྱི་ཤ་འཁོན་ནི་ཐ་ཆད་ཡིན་པས་དེས་བསམས་པ། འདི་ཆད་པས་ནི་བཅད་ཟིན་པས་སྤང་པ་མ་གཏོགས་པར་འདི་ལ་ཅི་བྱར་ཡང་མེད་དོ་སྙམ་ནས་དེས་དེ་ཁྱིམ་ནས་སྤངས་ ཏེ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་ན་པི་ཝང་གིས་འཚོ་བར་བྱེད་དོ། །དེའི་ཕ་ཤི་ནས་དེའི་ནུ་བོ་སྡིག་བྱེད་རྒྱལ་སྲིད་ལ་བཞག་གོ། །དེ་ཡང་རིམ་གྱིས་མཚམས་གཞན་གྱི་རྒྱལ་པོ་སྔོན་བུ་མོ་བྱིན་པ་གང་ཡིན་པ་དེའི་གྲོང་ཁྱེར་དུ་ཕྱིན་ཏོ། ། དེ་ཡང་ཆེན་མོར་གྱུར་ནས། དེ་སློང་བ་ཡུལ་སྣ་ཚོགས་ན་གནས་པ་རྒྱལ་པོའི་བུ་དང་། བློན་པོའི་བུ་དང་། མདུན་ན་འདོན་གྱི་བུ་དག་ལྷགས་ནས་ཕས་སྨྲས་པ། བུ་མོ་ཁྱོད་གང་ལ་བྱིན་པའི་གཞོན་ནུ་དགེ་བྱེད་དེ་ནི་རྒྱ་མཚོ་ཆེན་པོར་སོང་བ་ལས་དེ་ཉིད་དུ་ཚུལ་མ་ ཡིན་པས་ཤི་བར་གྱུར་ཏོ། །ད་ནི་ཁྱོད་སློང་བ་དག་ལྷགས་ཏེ། གང་ལ་ཁྱོད་མ་བྱིན་པ་དེ་མི་དགའ་བར་འགྱུར་ན། འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེས་སྨྲས་པ། ཡབ་གལ་ཏེ་དེ་ལྟར་ན་གྲོང་ཁྱེར་བྱི་དོར་བགྱིད་དུ་སྩོལ་ཅིག་དང་བདག་ཉིད་ཀྱིས་ཁྱིམ་ཐབ་འདམ་ མོ། །རྒྱལ་པོས་སྨྲས་པ། བུ་དེ་བཞིན་གྱིས་ཤིག །དེ་ནས་རྒྱལ་པོས་ཡུལ་སྣ་ཚོགས་དང་གྲོང་ཁྱེར་སྣ་ཚོགས་རྣམས་སུ་རང་ཉིད་ཁྱིམ་ཐབ་འདམ་པར་བསྒྲགས་ནས་གྲོང་ཁྱེར་དེ་ཡང་གསེག་མ་དང་། རྡོ་བ་དང་། གྱོ་མོ་བསལ་ཅིང་ཙན་དན་གྱི་ཆུས་ཆག་ ཆག་བཏབ། དྲི་ཞིམ་པའི་པོག་པོར་དག་བཞག །གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་། དར་གྱི་ཆུན་འཕྱང་མང་པོ་དཔྱངས། མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ལྷ་རྣམས་ཀྱི་དགའ་ཚལ་གྱི་སྐྱེད་མོས་ཚལ་བཞིན་དུ་དགའ་དགའ་ལྟར་བྱས་ནས་དྲིལ་སྒྲོགས་ སུ་བཅུག་པ། གྲོང་ཁྱེར་ན་གནས་པ་དང་གྲོང་མི་དང་ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཀྱི་ཤེས་ལྡན་དག་ཉོན་ཅིག །སང་རྒྱལ་པོའི་གཞོན་ནུ་མ་རང་ཉིད་ཁྱིམ་ཐབ་འདམ་གྱིས་ཁྱེད་ཅག་འབྱོར་པ་ཇི་ལྟ་བ་བཞིན་དུ་འདུ་བར་གྱིས་ཤིག །ནམ་ནངས་ནས་རྒྱལ་པོའི་ གཞོན་ནུ་མ་དེ་རྒྱན་སྣ་ཚོགས་ཀྱིས་བཀླུབས་ཏེ་གཞོན་ནུ་མ་དུ་མས་ཡོངས་སུ་བསྐོར་ནས་ནགས་ཚལ་གྱི་ལྷ་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་ནང་ན་ཤིན་ཏུ་མཛེས་པ་དེ་བཞིན་དཔལ་གྱི་འབྱོར་པ་ཆེན་པོས་གྲོང་ཁྱེར་གྱི་དབུས་ན་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་འདུས་པའི་ནང་དུ་རང་ ཉིད་ཁྱིམ་ཐབ་འདམ་དུ་འོངས་སོ། །དགེ་བྱེད་དེ་ཡང་དེའི་ཕྱོགས་གཞན་ཞིག་ན་པི་ཝང་ལེན་ཅིང་འདུག་གོ། །སེམས་ཅན་རྣམས་ནི་ལས་རྣམས་ཁོ་ནས་ཕན་ཚུན་སྦྱོར་བར་བྱེད་པ་ཡིན་ལ། རྒྱུའི་སྟོབས་ཆེ་ཡང་རྐྱེན་གྱི་སྟོབས་ལ་ལྟོས་པ་ཡིན་པས། དེ་ནས་རྒྱལ་པོའི་ གཞོན་ནུ་མ་དེ་པི་ཝང་གི་སྒྲས་སེམས་བསྡུས་པས་དགེ་བྱེད་པི་ཝང་ལེན་པ་ལ་ཆགས་ནས་དེས་དེ་ལ་འདི་བདག་གི་ཁྱིམ་ཐབ་བོ་ཞེས་མེ་ཏོག་གི་ཕྲེང་བ་བོར་རོ། །སྐྱེ་བོའི་ཚོགས་ཡིད་མི་བདེ་བར་གྱུར་ཅིང་ཁ་ཅིག་སྙིང་ན་ནས་མོད་ལ་འཕྱ་བར་བརྩམས་པ། རྒྱལ་པོའི་གཞོན་ནུ་མ་འདི་ལྟར་གཟུགས་བཟང་བ་དར་ལ་བབ་པ་སྒྱུ་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པས་ཡུལ་སྣ་ཚོགས་ནས་ལྷགས་པའི་རྒྱལ་པོ་དང་། བློན་པོ་དང་། མདུན་ན་འདོན་གྱི་བུ་རྣམས་དང་། གཞན་ཡང་གྲོང་ཁྱིམ་ན་གནས་པའི་སྐྱེས་པའི་གཙོ་བོ་རྣམས་ སྤངས་ཏེ་ལོང་བ་ལ་ཁྱིམ་ཐབ་ཏུ་འདམ་པ་ཅི་ཐ་ཚིག །ཞོ་ཤས་འཚོ་བ་རྣམས་ཡིད་མི་བདེ་ཞིང་མི་དགའ་བས་རྒྱལ་པོ་ལ་སྨྲས་པ། ལྷ་གཞོན་ནུ་མ་རང་ཉིད་ཀྱིས་ཁྱིམ་ཐབ་བདམས་ལགས་སོ། །རྒྱལ་པོས་སྨྲས་པ། ཅི་འདྲ་བ་ཞིག །ལྷ་ལོང་བ་ཞིག་ལགས་སོ། །དེ་ ཡང་ཐོས་ནས་ཡིད་མི་བདེ་བར་གྱུར་ཏེ་དེ་ནས་དེ་བཀུག་ནས་སྨྲས་པ། བུ་རྒྱལ་པོ་དང་། ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དང་། བློན་པོའི་བུ་དང་། མདུན་ན་འདོན་གྱི་བུ་གཟུགས་བཟང་བ་དང་དར་ལ་བབ་པ་འབྱོར་པ་ཕུན་སུམ་ཚོགས་པ་དག་ཡོད་ན། ཁྱོད་ ཀྱིས་ཅིའི་ཕྱིར་འདི་འདྲ་བ་ཞིག་ཁྱིམ་ཐབ་ཏུ་བདམས། དེས་སྨྲས་པ། ཡབ་འདི་ཁོ་ན་བདག་འཚལ་ལགས་སོ། །རྒྱལ་པོས་སྨྲས་པ། བུ་གལ་ཏེ་དེ་ལྟར་ན་དེ་ཉིད་ཀྱི་ཐད་དུ་སོང་ཤིག་ཅིའི་ཕྱིར་འདུག །དེ་དེའི་དྲུང་དུ་སོང་ནས་སྨྲས་པ། བདག་གི་ཁྱིམ་ཐབ་ཏུ་ཁྱོད་ འདམས་སོ། །དེས་སྨྲས་པ། ཁྱོད་ཀྱིས་མ་ལེགས་པ་ཞིག་བྱས་ཏེ་དེ་ལྟ་མོད་ཀྱི་འདི་ནི་ལོང་བ་ཡིན་པས། བདག་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ་སྙམ་དུ་བསམས་པ་ལྟ་ཞིག །དེས་སྨྲས་པ། བདག་ནི་དེ་ལྟ་བུའི་ལས་བྱེད་པ་མ་ཡིན་ནོ། ། དེས་སྨྲས་པ། ཅི་མངོན་དེས་བདེན་པ་གསོལ་བར་བརྩམས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་རྒྱལ་བུ་གཞོན་ནུ་དགེ་བྱེད་དེ་དང་ཁྱོད་ལ་འདོད་ཆགས་སྐྱེས་ཀྱི་གཞན་སུ་ལ་ཡང་མ་ཡིན་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་ཁྱོད་ཀྱི་མིག་གཅིག་སྔོན་གྱི་ཇི་ལྟ་བ་བཞིན་ དུ་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་མ་ཐག་ཁོ་ནར་དེའི་མིག་གཅིག་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏེ། དེས་སྨྲས་པ། དགེ་བྱེད་དེ་ཉིད་ང་ཡིན་ཏེ། ནུ་བོ་ཤོས་སྡིག་བྱེད་ཀྱིས་འདི་ལྟ་བུའི་གནས་སྐབས་སུ་བྱས་སོ། །དེས་སྨྲས་པ། གཞོན་ནུ་དགེ་བྱེད་དེ་ཁོ་ན་ ཁྱོད་ཡིན་པར་ཅི་མངོན། དེས་ཀྱང་བདེན་པ་གསོལ་བར་བརྩམས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་སྡིག་བྱེད་ཀྱིས་བདག་གི་མིག་ཕྱུང་བ་ན་དེ་ལ་ངན་སེམས་ཅུང་ཟད་ཀྱང་མ་བྱུང་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་བདག་གི་མིག་ཅིག་ཤོས་ཀྱང་ སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་བྱས་པ་དང་། བདེན་པ་གསོལ་བས་དེའི་མིག་ཅིག་ཤོས་ཀྱང་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་གཞོན་ནུ་མ་དེས་དགེ་བྱེད་དབང་པོ་མ་ཚང་བ་མ་ཡིན་པ་དེ་ཁྲིད་ནས་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ཡབ་དགེ་བྱེད་དེ་ ནི་འདི་ཉིད་ལགས་སོ། །རྒྱལ་པོ་ཡིད་མ་ཆེས་པ་ལས་དེས་ཇི་ལྟར་གྱུར་པ་སྨྲས་པ་དང་རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་དེ་ནས་དེས་བུ་མོ་དེ་དཔལ་གྱི་འབྱོར་པ་ཆེན་པོས་བ་བྱིན་ནས་དཔུང་ཆེན་པོ་དང་ཆས་ཏེ་གྲོང་ཁྱེར་དེར་སོང་སྟེ་སྡིག་བྱེད་རྒྱལ་སྲིད་ལས་ཕྱུང་སྟེ་དགེ་བྱེད་དེ་ཡང་ཕའི་ རྒྱལ་སྲིད་ལ་བཞག་གོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དགེ་བྱེད་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་སྡིག་བྱེད་གང་ཡིན་པ་དེ་ནི་ལྷས་བྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདིས་ བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །གཞན་ཡང་འདི་ཇི་ལྟར་བྱས་པ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའི་ཕོ་བྲང་ཞིག་ན་རྒྱལ་པོ་ཞིག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་ དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་རིམ་གྱིས་བུ་བཞི་བཙས་ཏེ་ཡལ་ག་དང་། ལྕུག་ མ་དང་། རྗེས་སུ་མཐུན་པའི་ལྕུག་མ་དང་ས་གའོ། །དེ་རྣམས་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་ནས་ཡུལ་གཞན་གྱི་རྒྱལ་པོའི་བུ་མོ་དག་ལས་ཆུང་མ་བླངས་པ་དང་། དེ་རྣམས་རྒྱལ་པོ་ལ་བརྙས་ཐབས་བྱེད་པར་བརྩམས་པ་དང་། དེ་ནས་རྒྱལ་པོས་ སྤྱུགས་ཏེ་རང་རང་གི་ཆུང་མ་ཁྲིད་དེ་དོང་བ་ལས་ཇི་ཙམ་ན་དགོན་པའི་ལམ་ཞིག་ཏུ་ཕྱིན་པ་ན་དེ་རྣམས་ལམ་རྒྱགས་ཆད་ནས་དེ་རྣམས་ལ་ཕན་ཚུན་དུ་ནང་ཁྲིམས་བཅས་ཏེ། ཆུང་མ་རེ་རེ་བསད་ལ་དེའི་ཤས་དགོན་པའི་ལམ་རྒལ་བར་བྱའོ་ཞེས་བྱས་སོ། །ས་གས་བསམས་པ། གཞན་གྱི་སྲོག་གཅོད་པ་བས་རང་གི་སྲོག་ཆུད་ཟོས་པ་བླའི་འདིར་ཡོང་ཅིའི་དུས་ལ་བབ་ཅེ་ན་ཆུང་མ་ཁྲིད་དེ་བྲོས་ཏེ་འགྲོའོ་སྙམ་ནས། དེས་ཆུང་མ་ཁྲིད་དེ་བྲོས་པ་ལས་དེའི་ཆུང་མ་བཟའ་བ་དང་བཏུང་བ་དང་བྲལ་བ་དང་ལམ་གྱི་དུབ་པས་བློང་བློང་པོར་གྱུར་ཏེ་སྨྲས་པ། རྗེའི་སྲས་སྲོག་ དང་བྲལ་བར་འགྱུར་རོ། །ས་གས་བསམས་པ། བདག་གིས་འདི་སྲིན་པོ་རྣམས་ཀྱི་ནང་ནས་ཡོངས་སུ་བསྐྱབས་ནས་ད་གལ་ཏེ་ཤི་བར་གྱུར་ནམ་ལེགས་སོ་སྙམ་ནས་དེས་བརླའི་ཤ་ལས་བཅད་དེ་ཟར་བཅུག་ཅིང་། ལག་པ་གཉིས་ཀྱི་རྩ་གཏུབས་པའི་ཁྲག་བླུད་དེ་དེས་དེ་ཁྲིད་དེ་ རིམ་གྱིས་རི་ཞིག་གི་དྲུང་དུ་ཕྱིན་ནས། དེ་ན་རྩ་བ་དང་འབྲས་བུས་འཚོ་བར་བྱེད་དོ། །རི་དེའི་དྲུང་ན་འབབ་ཆུ་ཞིག་འབབ་པ་དེ་ལ་མི་ཞིག་དགྲས་ལག་པ་དང་རྐང་པ་གཏུབས་ནས་ཆུར་བསྐྱུར་ཏེ་དེ་ཆུས་ཁྱེར་བ་ན་ཉམ་ཐག་པའི་ང་རོའི་སྐད་འབྱིན་ཏོ། །ས་གཡང་ཕྱོགས་གཞན་ཞིག་ན་རྩ་བ་ དང་འབྲས་བུ་རྐོ་བ་ལས་དེས་མི་དེའི་འོ་དོད་འབོད་པ་ཐོས་ནས། དེ་སེམས་ཀྱི་རྒྱུད་སྙིང་རྗེས་བརླན་པས་རི་དེ་ལ་འཛེགས་ཏེ་ཀུན་ཏུ་བལྟ་བར་བརྩམས་པ་ལས། ཇི་ཙམ་ན་མི་ཆུས་ཁྱེར་བ་དེ་མཐོང་ནས་དེས་མྱུར་བ་མྱུར་བར་རི་ལས་བབས་ཏེ་འབབ་ཆུའི་ནང་དུ་ཞུགས་ནས་མི་དེ་ ཁུར་དུ་བླངས་ཏེ་འབབ་ཆུའི་འགྲམ་དུ་ཕྱུང་སྟེ་བཞག་ནས་དེའི་སྡུག་བསྔལ་གྱིས་སྙིང་གདུངས་ནས་སྨྲས་པ། བུ་འདི་ཅི་ལས་གྱུར། དེས་ཇི་ལྟར་གྱུར་པ་ཐམས་ཅད་སྨྲས་ནས་དེ་ནས་དེས་དེ་དབུགས་ཕྱུང་སྟེ། རྩ་བ་དང་འབྲས་བུས་ཚིམ་པར་བྱས་ནས་ཆུང་མ་ལ་གཏད་དེ། དེས་ དེའི་རིམ་གྲོ་བྱས་ནས་སོས་པར་གྱུར་ཏོ། །དེ་དེའི་རིམ་གྲོ་བྱེད་པ་ན་གཅུགས་པའི་བདེ་བས་ཡང་དང་ཡང་དུ་དྲུང་དུ་སོང་ནས་གཏམ་རྣམ་པ་སྣ་ཚོགས་སྨྲ་ཞིང་འདུག་གོ། །འདི་ནི་ཆོས་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱིས་འདོད་ཆགས་ཆུང་བ་ཡིན་པས་ས་ ག་དེ་དང་ལྷན་ཅིག་རེས་འགའ་དགའ་མགུར་སྤྱོད་ལ། རེས་འགའ་དགའ་མགུར་སྤྱོད་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་མཐུས་སྡོང་བུ་དང་རྩ་བ་དང་འབྲས་བུ་དེ་དག་ལྷག་པར་མཐུ་དང་ལྡན་པ་ཡིན་པས་དེས་དེ་དག་ལོངས་སྤྱད་པས་ཉོན་མོངས་པ་བདོ་ནས་མི་རྐང་ལག་ རྡུམ་བུ་དེ་ལ་བསྒུགས་པར་བརྩམས་པ་དང་དེ་མ་བཏུབ་ནས་སྨྲས་པ། རེ་ཞིག་བདག་ཤི་ཟིན་པ་དང་འདྲ་བ་ལས་ད་ལྟ་སོས་པ་ཡང་སྟེས་ཏེ་གསོན་ན། གལ་ཏེ་ཡང་འདི་འདྲ་བ་བྱས་ན་ཁྱོད་ཀྱི་ཁྱོད་ས་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་ཕྲལ་བར་འགྱུར་བའི་གནས་གང་ཡིན་ པ་དེ་ཡོད་དོ། །དེ་ལ་དེས་ཡང་ནས་ཡང་དུ་བསྒུགས་པ་དང་ཉོན་མོངས་པ་རྣམས་ནི་ཐུལ་བར་དཀའ་བ་ཡིན་པས་དེ་དེ་དང་ལྷན་ཅིག་ཉལ་ལོ། །དེ་དེ་དང་ལྷན་ཅིག་ཀུན་དུ་དགའ་བ་དང་ཡིད་དུ་འོང་བ་དང་། ལྷག་པར་ཆགས་པར་གྱུར་པས་མངགས་ཀྱང་དེའི་དྲུང་དུ་མི་འགྲོའོ། །དེས་ བསམས་པ། འདི་ལྟར་འདི་ཆགས་པར་གྱུར་ལ་ཤ་འཁོན་རྣམས་ཀྱི་ནང་ན་འདི་ལྟ་སྟེ། བུད་མེད་ཀྱི་ཤ་འཁོན་ཐ་ཆད་ཡིན་པས་ད་ནི་བདག་མ་རུང་ངོ་སྙམ་ནས་དེས་དེ་དང་ལྷན་ཅིག་གྲོས་བྱ་བར་བརྩམས་ཏེ། ཁྱོད་ཀྱི་ཁྱོ་འདིས་གལ་ཏེ་བདག་ཅག་ཉལ་བ་ཤེས་པར་གྱུར་ན་གདོན་མི་ཟ་ བར་ཁྱོད་ལ་གནོད་པ་བྱེད་ཅིང་བདག་ཀྱང་སྲོག་དང་བྲལ་བར་འགྱུར་རོ། །དེས་བསམས་པ། སྨྲས་པ་འདི་ནི་ལེགས་ཀྱིས་ཐབས་ཤིག་བཤམ་པར་བྱའོ་སྙམ་མོ། །བུད་མེད་ནི་མ་བསླབས་པར་མཁས་པས་དེས་མགོ་བོ་གོས་ཀྱིས་དཀྲིས་ནས་རིའི་བྲག་ཀ་ཞིག་ན་ཉལ་ཏེ་འདུག་གོ། ། ཇི་ཙམ་ན་ས་ག་རྩ་བ་དང་འབྲས་བུ་ཁྱེར་ཏེ་འོངས་ནས་དེ་དེ་ལྟར་ཉལ་བ་མཐོང་ནས་དེ་ནས་དྲིས་པ་བཟང་མོ་འདི་ཅི་ཞིག །དེས་སྨྲས་པ། རྗེའི་སྲས་བདག་ཀླད་པ་བྲོ་འཚལ་ཏེ་ཏེ་པོར་མི་བདེའོ། །ས་གས་སྨྲས་པ། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། དེས་རིའི་བྱ་སྐྱིབས་ན་རྡོ་དྲེག་ཅིག་ མཐོང་ནས་དེས་སྨྲས་པ། རྗེའི་སྲས་བདག་སྔོན་ཡང་ཀླད་པའི་བྲོ་ནད་འདི་ལྟ་བུས་ཐེབས་པ་ན་སྨན་པས་རྡོ་དྲེག་བསྟན་ཏེ་དེས་སོས་པར་གྱུར་ལགས་སོ། །ས་གས་སྨྲས་པ། རྡོ་དྲེག་བཙལ་ལོ། །དེས་སྨྲས་པ། རྗེའི་སྲས་རིའི་བྱ་སྐྱིབས་འདི་ལ་མཆིས་ཀྱིས་བདག་ གིས་ཁྱོད་ཀྱིས་སྤྱང་ཐག་གཟུང་གིས་ཁྱོད་ཀྱིས་ཕྱུང་ཤིག །བདག་ཉིད་ཆེན་པོ་དྲང་པོ་དྲང་པོ་ཡིན་པས་དེའི་ངན་གཡོ་མ་ཤེས་པས་དེ་བཞིན་དུ་བྱས་ཟུང་ཤིག་དང་དབྱུང་ངོ་ཞེས་ཁས་བླངས་ནས་དེས་དེ་ཐག་པ་ལས་དཔྱང་ལ་བཏང་བ་དང་། དེས་ལག་པ་གཅིག་གིས་ཐག་པ་བཏང་བ་ན་ དེས་ཀྱང་བཏང་ནས་ཆུར་ལྷུང་ངོ་། །སེམས་ཅན་ཚེ་རིང་བ་རྒྱལ་སྲིད་ཀྱི་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་ནི་མི་འཆི་བ་ཡིན་པས་ཆུའི་རྒྱུན་ཕྱོགས་སུ་ཁྱེར་ནས་རྒྱལ་པོའི་ཕོ་བྲང་ཞིག་ཏུ་ཕྱིན་ཏོ། །དེའི་རྒྱལ་པོ་ཡང་བུ་མེད་པར་ཤིའོ། །བློན་པོ་རྣམས་དང་། གྲོང་མི་དང་། ཡུལ་ མི་དང་བཅས་པ་ཐམས་ཅད་འདུས་ནས་གྲོས་བྱེད་དེ། ཤེས་ལྡན་དག་རྒྱལ་པོ་ནོངས་ན་ད་སུ་ཞིག་རྒྱལ་སྲིད་ལ་གཞག་པར་བྱ། དེ་རྣམས་ཀྱིས་མཚན་མཁན་གྱི་མི་རྣམས་བསྐོས་ཏེ། ཤེས་ལྡན་དག་སེམས་ཅན་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ་ཚོལ་ཅིག་དང་དེ་ རྒྱལ་སྲིད་ལ་གཞག་པར་བྱའོ། །དེ་རྣམས་ཀྱིས་ཕྱོགས་ཀུན་དུ་བཙལ་བར་བརྩམས་པ་ན། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ས་ག་ལ་རྒྱལ་སྲིད་འབྱུང་ བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ཉེ་བར་གནས་པས་འབབ་ཆུ་ནས་བྱུང་ནས་ཕྱོགས་གཞན་ཞིག་ན་འདུག་པ་ལས་བྱང་ཆུབ་སེམས་དཔའི་མཐུས་ས་ཕྱོགས་དེ་རྒྱན་གྱིས་བརྒྱན་པ་བཞིན་དུ་འདུག་གོ། །ཇི་ཙམ་ན་མཚན་མཁན་གྱི་མི་རྣམས་ཕྱོགས་དེར་ལྷགས་ནས་བདག་ ཉིད་ཆེན་པོ་དེ་རྒྱལ་སྲིད་ཀྱི་མཚན་དང་ལྡན་པར་མཐོང་ནས། དེ་རྣམས་དགའ་བ་དང་ཡིད་བདེ་བས་བློན་པོ་རྣམས་ཀྱི་དྲུང་དུ་དོང་སྟེ་སྨྲས་པ། བདག་ཅག་གིས་བཙལ་ན་སེམས་ཅན་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ་ཞིག་ཡོད་དེ་དེ་ལ་རྒྱལ་སྲིད་འོས་སོ། །དེ་ནས་བློན་ པོ་དེ་རྣམས་ཀྱིས་ལམ་གྱི་བྱི་དོར་བྱས་གྲོང་ཁྱེར་བྱི་དོར་བྱས་ནས་དཔལ་གྱི་འབྱོར་པ་ཆེན་པོས་གྲོང་ཁྱེར་དུ་ཁྲིད་དེ་ཉི་མ་དང་། ཚེས་གྲངས་དང་། ཡུད་ཙམ་དང་། རྒྱུ་སྐར་རྣམས་རིམ་བཞིན་དུ་སྦྱར་ཏེ་རྒྱལ་སྲིད་ཀྱི་དབང་བསྐུར་རོ། །དེ་ལ་བཙུན་མོ་མེད་ནས་བློན་པོ་རྣམས་དང་། མདུན་ན་འདོན་རྣམས་དང་། ཡུལ་གཞན་གྱི་རྒྱལ་པོ་རྣམས་དང་། གཞན་ཡང་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་རྣམས་དང་། རང་གི་བུ་མོ་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་ཁྲིད་དེ་རྒྱལ་པོས་ཁབ་ཏུ་བཞེས་པར་བྱ་བའི་ཕྱིར་གྲོང་ཁྱེར་དེར་ལྷགས་ན། རྒྱལ་པོ་ དེ་བུད་མེད་ཀྱིས་སུན་ཕྱུང་བ་ཡིན་པས་ཁས་མ་བླངས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་རྣམས་ནི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མིར་བཅས་པ་ལགས་ཀྱིས་བཙུན་མོ་གཞག་ཏུ་གསོལ། ཡུལ་སྣ་ཚོགས་ན་གནས་ པའི་མི་གཙོ་བོ་རྣམས་དང་ཡུལ་གཞན་གྱི་རྒྱལ་པོ་རྣམས་དང་། མི་གཙོ་བོ་དེ་རྣམས་ཀྱི་བུ་མོ་རྣམས་དེའི་མངོན་དུ་འགྱུར་བར་བྱ་བའི་ཕྱིར་སྟ་གོན་བྱས་ཏེ་བཞག་ན། འོན་ཀྱང་དེ་ཁས་ལེན་དུ་མ་བཏུབ་སྟེ་བུད་མེད་རྣམས་ཡང་དང་ཡང་དུ་སྨོད་དོ། །སེམས་ཅན་རྣམས་ཀྱི་བསོད་ནམས་ ཀྱི་མཐུས་ལོངས་སྤྱོད་རྣམས་མཐུ་དང་ལྡན་ཞིང་ཕུན་སུམ་ཚོགས་པ་ཡིན་པས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བུད་མེད་བྱས་པ་ཆུད་གཟོན་པས་རི་དེ་ལས་བོར་བ་དེའི་ཚེ་རི་དེའི་རྩ་བ་དང་འབྲས་བུ་རྣམས་སྲབས་པར་གྱུར་ཅིང་མཐུ་མེད་པར་གྱུར་ཏོ། །དེ་ནས་བུད་མེད་དེ་མུ་གེའི་དུས་ཀྱི་འཆི་བའི་ འཇིགས་པས་སྐྲག་ནས་རྐང་ལག་མ་ཚང་བའི་མི་དེ་ཁུར་དུ་ཐོགས་ཏེ་གྲོང་མཐར་སོང་ནས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་ཡང་སྤྲང་ཞིག་རྒྱུའོ། །དྲིས་པ་ན་སྨྲས་པ། བདག་ཁྱིམ་ཐབ་ལས་མི་འཕྱོ་བའོ། །བུད་མེད་གང་ཞིག་ཁྱིམ་ཐབ་ལས་ མི་འཕྱོ་བ་དེ་འཇིག་རྟེན་གྱིས་མཆོད་པའི་ཆོས་དེ་ཡོད་པས་དེ་གང་དུ་ཞུགས་པ་དེར་སློང་མོ་འཐོབ་བོ། །ཇི་ཙམ་ན་དེ་རིམ་གྱིས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་དང་། འཇིག་རྟེན་གྱིས་ཐོས་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །ཁ་ཅིག་དག་ནི་ངོ་མཚར་སྐྱེས་ནས་དེ་ལ་བལྟ་བའི་ཕྱིར་ཕྱིར་ བྱུང་བ་དང་གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་གླགས་རྙེད་ནས་དེ་དག་འཕྱ་བར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། རྒྱལ་པོ་འདི་ནི་བུད་མེད་ཐམས་ཅད་ལ་སྨོད་པར་བྱེད་ན་ཁྱིམ་ཐབ་ལས་མི་འཕྱོ་བ་མི་རྐང་ལག་མ་ཚང་བ་ཁུར་ནས་འཁྱམ་ པ་དམ་པ་འདི་མ་མཐོང་བ་ལྟ། གཏམ་དེ་མདུན་ན་འདོན་གྱིས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་བསམས་ནས་དེས་སྨྲས་པ། བུད་མེད་དེ་བལྟས་ཁུག་ཤིག །དེ་བཀུག་ནས་རྒྱལ་པོས་མཐོང་བ་དང་། འཛུམ་དམུལ་ཏེ་ཚིགས་སུ་བཅད་པས་སྨྲས་པ། ང་ཡི་བརླ་ཡི་ ཤ་དག་དང་། །ཁྲག་ཀྱང་ཟོས་ཤིང་འཐུངས་ནས་ནི། །རྡུམ་པོ་ཁུར་དུ་ཐོགས་པ་ཁྱོད། །ཁྱིམ་ཐབ་ལས་ད་མི་འཕྱོ་འམ། །རྡོ་དྲེག་དག་གི་ཆེད་དུ་ནི། །ང་ནི་གཡང་སར་བོར་ནས་སུ། །རྡུམ་པོ་ཁུར་དུ་ཐོགས་པ་ཁྱོད། །ཁྱིམ་ཐབ་ལས་ད་མི་འཕྱོ་འམ། །དེ་ངོ་ཚ་ བར་གྱུར་པའི་སྙིང་གིས་གདོང་སྨད་དེ་འདུག་གོ། །བློན་པོ་རྣམས་ཀྱིས་དོན་དེ་རྒྱལ་པོ་ལ་དྲིས་པ་དང་དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་ནས། དེ་ལ་སྨད་པའི་ཚིག་གིས་གྲོང་ཁྱེར་གྱི་ཕྱི་རོལ་དུ་བསྐྲད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས་ དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་གཞོན་ནུ་ས་ག་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བུད་མེད་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། །ད་ལྟར་ཡང་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་ཡིན་ནོ། ། གཞན་ཡང་ཇི་ལྟར་འདི་བྱས་པ་མི་གཟོ་བ་དང་བྱས་པ་མི་ཚོར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཐམས་ཅད་ཀྱི་གྲོང་རྡལ་གྱི་གྲོང་ཁྱེར་ན་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ཞེས་བྱ་བ་ཞིག་རྒྱལ་སྲིད་བྱེད་དུ་འཇུག་སྟེ། །འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ ལེགས་པ། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་འཐབ་པ་དང་། ཐབ་མོ་དང་། ཁྲག་ཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་གྱུར་པ་འབྲས་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་ཆོས་ཀྱི་རྒྱལ་པོ་ ཆོས་དང་ལྡན་པ། ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་པོ་དེ་ཡང་དད་པ་བཟང་བ། དགེ་བའི་བསམ་པ་ཅན། བདག་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན། བདག་ཉིད་ཆེན་པོ་ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་ཡོད་པ་དེ་དུས་གཞན་ ཞིག་ན་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ། མཛེས་ པ། བལྟ་ན་སྡུག་པ། པགས་པའི་མདོག་གསེར་འདྲ་བ། མགོ་བོ་གདུགས་ལྟར་འདུག་པ། དཔུང་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། །ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །བཙས་ནས་དེའི་ བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ཀྱིས་སྨྲས་པ། ཁྱེའུ་འདི་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ཀྱི་སྲས་ཡིན་པས་དེ་བས་ན་ཁྱེའུའི་མིང་ཐམས་ཅད་སྒྲོལ་ཞེས་བྱ་བར་གདགས་སོ། །ཞེས་བཏགས་ནས་ཁྱེའུ་ ཐམས་ཅད་སྒྲོལ་མ་མ་བརྒྱད་པོ་བང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་དང་། མ་མ་བརྒྱད་ལ་རྗེས་སུ་གཏད་ནས་དེ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་ དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིད་པར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་ལ་ཉེ་བར་ཞུགས་ཤིང་རྒྱལ་པོ་ རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡུལ་གྱི་འབྱོར་བ་དང་། མཐུ་དང་། བརྩོན་འགྲུས་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་མངོན་པར་ཟིལ་གྱིས་མནན་ཏེ་གནས་པ་རྣམས་ཀྱི་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པར་གྱུར་པ་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ ཆེའི་གཉའ་བར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་ལ་ཞོན་པའི་ཐབས་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་དང་། མདུན་དུ་བསྣུར་བ་དང་། ཕྱིར་བསྣུར་བ་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། ཞགས་པ་གདབ་པ་དང་། མདའ་ བོ་ཆེ་འཕེན་པ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། འཛིན་སྟངས་དང་། གོམ་སྟངས་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་སྟེ་གནས་ལྔ་རྣམས་ལ་ཡང་བྱང་བར་གྱུར་ཏོ། ། གཞོན་ནུ་ཐམས་ཅད་སྒྲོལ་དད་པ་བཟང་བ། དགེ་བའི་བསམ་པ་ཅན། བདག་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེན་པོ་ཆོས་འདོད་པ། སྐྱེ་དགུ་རྣམས་ལ་བྱམས་པ། ཐམས་ཅད་རབ་ཏུ་གཏོང་བ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། དེའི་གཏོང་བ་རྒྱ་ཆེན་པོ་ཐོས་ན་དཔག་ཚད་བརྒྱ་ནས་ཀྱང་དོན་དུ་གཉེར་བའི་སྐྱེ་བོ་འོང་སྟེ། ཐམས་ཅད་ཀྱང་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱས་ནས་གཏོང་ངོ་། །དེ་ནས་རེ་ཞིག་ཅིག་ན་བྱང་ཆུབ་སེམས་དཔའ་ཤིང་རྟ་ནོར་བུ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བྱི་རུ་དང་། བཻ་ཌཱུརྱ་དང་། སྤུག་དང་། པད་མ་རཱ་ག་དང་། ཨིནྡྲ་ནཱི་ལས་འབར་བར་བྱས་པ། ཙན་དན་མཆོག་གི་སྙིང་པོ་ལས་བསྒྲུབས་པ། སེང་གེ་དང་། སྟག་དང་། གུང་གི་པགས་པས་གཡོགས་པ། རྟ་རླུང་གི་ཤུགས་ལྟར་ མགྱོགས་པ། གསེར་དང་དངུལ་གྱི་དྲིལ་བུ་གཡེར་ཀའི་སྒྲ་འཁྲོལ་བ་བཞི་དང་ལྡན་པ་མཆོག་གི་ནང་དུ་ཞུགས་ནས་གྲོང་ཁྱེར་དམ་པ་ནས་སྐྱེད་མོས་ཚལ་དུ་མངོན་དུ་སོང་ངོ་། །དེ་ནས་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཤེས་པ་ཁ་ཅིག་གིས་ཐམས་ཅད་སྒྲོལ་བསུ་ནས་སྨྲས་པ། རྒྱལ་ རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །ཡང་སྨྲས་པ། ཁྱོད་ནི་འཇིག་རྟེན་ཐམས་ཅད་དུ། །ཐམས་ཅད་གཏོང་ཞེས་རྣམ་པར་གྲགས། །བྲམ་ཟེ་རྣམས་ལ་ཤིང་རྟ་འདི། །ཁྱོད་ཀྱིས་སྦྱིན་པ་གཏང་བར་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ ཅད་སྒྲོལ་ཤིང་རྟ་དེ་ལས་མྱུར་བ་མྱུར་བར་བབས་ཏེ་སྙིང་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བས་བྲམ་ཟེ་དེ་དག་ལ་ཤིང་རྟ་དེ་བྱིན་ནས་སྨྲས་པ། བདག་གིས་ཇི་ལྟར་བྲམ་ཟེ་ལ། །མཆོག་ཏུ་དགའ་བས་ཤིང་རྟ་བཏང་། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ ཆུབ་མཆོག་རེག་ཤོག །དེ་དུས་གཞན་ཞིག་ན་གླང་པོ་ཆེའི་མཆོག་རྒྱལ་སྲིད་འཕེལ་ཞེས་བྱ་བ་མེ་ཏོག་ཀུན་ད་དང་། པུཎྜ་རཱི་ཀ་དང་། ཁ་བ་དང་། དངུལ་དང་། སྤྲིན་དཀར་པོ་ལྟ་བུའི་མདོག་ཅན་བདུན་ལེགས་པར་གྱུར་པ། རྐང་ལག་ལེགས་པར་གནས་པ། གླང་པོ་ཆེས་སྲུང་ གི་བུ་ལྟར་འགྱིང་ཞིང་འགྲོ་བ། སྐལ་བ་མཆོག་གི་མཚན་ཅན། བསོད་ནམས་བྱས་པས་མཐོང་བ་ལ་ཞོན་ནས་ཤིན་ཏུ་སྡུག་པའི་བྲན་དང་། མཛའ་བཤེས་དང་། གཡོག་རྣམས་ཕྱི་བཞིན་འབྲང་ཞིང་ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞིན་དུ་སོ་གའི་དུས་ལ་ བབ་པས་ཤིང་རྣམས་མེ་ཏོག་ཁ་འབུས་ཤིང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་སྒྲ་འབྱིན་པའི་ནགས་ཚལ་གྱི་སྐྱེད་མོས་ཚལ་གྱི་སར་སོང་བ་དང་། དེ་ནས་ཕྱིར་རྒོལ་བས་རྦད་པའི་བྲམ་ཟེ་ཁ་ཅིག་གཞོན་ ནུ་ཐམས་ཅད་སྒྲོལ་གྱི་དྲུང་དུ་རིངས་པ་རིངས་པར་འོངས་ནས་གཞོན་ནུ་ཐམས་ཅད་སྒྲོལ་ལ་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །ཡང་སྨྲས་པ། ལྷ་མིན་ལྷར་བཅས་འཇིག་རྟེན་དུ། །ཁྱོད་ནི་ཐམས་ཅད་གཏོང་ཞེས་གྲགས། །ཁྱོད་ཀྱི་གླང་པོ་མཆོག་ འདི་ནི། །བདག་ཅག་རྣམས་ལ་སྩལ་པའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་མཆོག་དེ་ལས་མྱུར་བ་མྱུར་བར་བབས་ནས། དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་ཡིད་ཀྱིས་དེ་དག་ལ་གླང་པོ་ཆེའི་མཆོག་དེ་བྱིན་ནས་སྨྲས་པ། བདག་གིས་ཇི་ལྟར་བྲམ་ཟེ་ལ། །མཆོག་ཏུ་དགའ་བས་གླང་ཆེན་བཏང་། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ཆུབ་མཆོག་རེག་ཤོག །རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་གྱི་བུ་ཐམས་ཅད་སྒྲོལ་གྱིས་གླང་པོ་ཆེའི་མཆོག་རྒ