Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 173
Văn bản gốc(Tây Tạng)
Trang 9 / 12 (50.000 ký tự/trang)
སེམས་ལ་གནོད་པའོ། །གནད་གཅོད་པས་སྡུག་བསྔལ་བ་ནི། གནད་ཀྱི་གཤིས་སུ་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ། །ཟས་དང་གོས་ལ་སོགས་པས་བདེ་བ་ལྷུར་བྱས་ནས་བཀྲེས་སྐོམ་དང་ཚ་གྲང་ལ་སོགས་པ་བསྲུང་བར་བྱས་པའོ། །ཡིད་ དུ་འོང་བ་ནི་གཅེས་ཕངས་སུ་འཛིན་པའོ། །འདྲིས་པ་ནི་ཐོག་མ་མེད་པ་ནས་ངའི་ལུས་སྙམ་དུ་ཞེན་པའོ། །གཤིན་རྗེས་བཟུང་བས་སྡུག་བསྔལ་བ་ནི། གཤིན་རྗེའི་ཞགས་པས་ཞེས་ཚིགས་སུ་བཅད་པ་གཉིས་སོ། །ཆོ་ངེས་འདེབས་ན་དེ་ཉེ་དུ་རྣམས་ཀྱིས་ཐོས་པས་གྲོགས་བྱེད་ པར་འགྱུར་རོ་ཞེ་ན། དེ་ཡིས་ཞེས་རྐང་པ་གཉིས་སོ། །གཤིན་རྗེས་བཟུང་མོད་ཉེས་པ་ཅིར་འགྱུར་ཞེ་ན། བགྲོད་དཀའ་ཞེས་རྐང་པ་བཞིའོ། །དུས་ཀྱི་ཞགས་པ་ནི་འཆི་བའི་དུས་ཀྱི་ཚེའོ། །དེ་ལྟར་མིའི་སྡུག་བསྔལ་བསྟན་ནས། ངན་འགྲོའི་སྡུག་བསྔལ་སྟོན་པའི་ཡི་དགས་ཟས་ ལ་སྒྲིབ་པ་ཅན་གྱི་སྡུག་བསྔལ་ནི། མི་བཟད་པ་སྐོམ་པས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཕྱིའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་སྟོན་པའི་རི་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། དུས་རླབས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རླུང་གིས་ཆུ་བསྐྱོད་པའི་དུས་སུ་རླབས་ཆེན་པོ་ལངས་ནས་ཆུ་ གྱེན་དུ་འཐོར་བས་རི་རྩེ་བསིལ་བའོ། །ཆུ་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། །ཆུ་གཏེར་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཆུ་གཏེར་ནི་རྒྱ་མཚོ་སྟེ་ཆུ་མི་ཟད་པའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །ཆར་སྤྲིན་ཕྱིན་ཅི་ལོག་ཏུ་སྣང་བ་ནི། །འདི་ནི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཚ་གྲང་ཕྱིན་ ཅི་ལོག་ཏུ་སྣང་བ་ནི། ཚ་བས་ཉེན་ལ་ཞེས་རྐང་པ་གཉིས་སོ། །དེ་ལྟར་ཕྱིན་ཅི་ལོག་ཏུ་སྣང་བའི་རྒྱུ་ནི་ཤིན་ཏུ་ཞེས་རྐང་པ་གཉིས་སོ། །ནང་གི་སྒྲིབ་པ་ཅན་གྱི་སྡུག་བསྔལ་ནི། ཁབ་མིག་ཙམ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ལྟར་ཡི་དགས་ཀྱི་སྡུག་བསྔལ་བརྗོད་ནས། དམྱལ་ བའི་སྡུག་བསྔལ་སྟོན་པའི་ཁྱིས་འཚེ་བ་ནི་རལ་པའི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྤུ་གྲིས་སྨས་པ་ནི་སྤུ་གྲི་ཞེས་རྐང་པ་གཉིས་སོ། །ཁྲོན་པར་ལྟུང་བ་ནི། རྩེ་གསུམ་ཞེས་རྐང་པ་གཉིས་སོ། །གཤིན་རྗེའི་ཁ་བས་ཐུ་བ་ནི། །དེ་བས་དས་འཇིགས་པའོ། །ལོ་མའི་རལ་གྲིས་ གཤགས་པ་ནི། ཉིན་མཚན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེའི་ཚེ་དུད་མོ་ཁོན་བཤེས་ཡིན་གྱི་དེ་ལས་གཞན་པའི་བཤེས་མེད་པས་དེ་བརླག་པར་གནས་སོ། །བུད་མེད་འབར་བས་འཁྱུད་པ་ནི། བུད་མེད་ཅེས་ཚིགས་སུ་བཅད་པ་གཅིག་གོ། །འཁྲིགས་པ་ནི་སྔ་མ་ཤི་བར་ཕྱི་ མ་སྐྱེ་བའོ། །ལུག་གིས་འཇོམས་པ་ནི་རི་དང་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཤལྨ་ལིའི་གནོད་པའི་ཡར་འཛེགས་པའི་ཚེ་ཚེར་མས་གནོད་པ་ནི། བསེ་ཁྱི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྦྲུལ་གྱིས་གནོད་པ་ནི་གཤིན་རྗེའི་ཞེས་རྐང་པ་གཉིས་སོ། །བྱས་གནོད་པ་ནི། གསོན་པོར་ཞེས་ཚིགས་སུ་བཅད་པ་གཅིག་གོ། །མར་འབབ་པའི་ཚེ་ཚེར་མས་གནོད་པ་ནི། ཐུར་དུ་ཞེས་རྐང་པ་གཉིས་སོ། །མཚོན་གྱིས་གནོད་པ་ནི། །དེ་ན་ཞེས་རྐང་པ་གཉིས་སོ། །བྱས་འཚེ་བ་ནི། དེ་ཚེ་ཞེས་རྐང་པ་གཉིས་སོ། །གཡང་སར་ལྷུང་བ་ནི། ཁ་ཅིག་རི་བོའི་ ཞེས་རྐང་པ་གཅིག་གོ། །ཟངས་སུ་བཙོས་པ་ནི། ཁ་ཅིག་འབྲུ་མར་ཞེས་རྐང་པ་གཅིག་གོ། །ས་གཞི་འབར་བར་ལྟུང་བ་ནི་གཞན་དག་ཅེས་རྐང་པ་གཉིས་སོ། །འབུ་སྦྲང་གིས་ཟ་བ་ནི། ཁ་ཅིག་འབུ་སྦྲང་ཞེས་རྐང་པ་གཉིས་སོ། །འོ་ན་དེ་ལྟར་སྡུག་བསྔལ་ཆེན་པོས་ བཅོམ་པ་རྣམས་འཆི་འཕོ་བར་མི་འགྱུར་བ་ཅི་སྟེ་ཞེ་ན། དེ་དག་གསོན་པའི་རྒྱུ་ནི། ལས་ཀྱི་ཞེས་རྐང་པ་གཉིས་སོ། །ལས་ནི་མི་དགེ་བའོ། །འཚོ་བ་ནི་སྲོག་གོ། །ཐོགས་པ་ནི་དེས་གཟུང་བའོ། །རང་གི་ཡན་ལག་བསྐྱོད་པ་ཙམ་ཡང་ངོ་། །གསོན་པ་ནི་ བདག་ཉིད་འཆི་བར་སྨོན་ཀྱང་མི་འཆི་བའོ། །དེ་ལྟར་ཚ་བའི་དམྱལ་བ་བསྟན་ནས། གྲང་བའི་དམྱལ་བ་སྟོན་པའི་ཆུ་བུར་ཅན་ནི་ལྷགས་པ་ཞེས་རྐང་པ་ཕྱེད་དང་གསུམ་མོ། །ཆུ་བུར་རྡོལ་བ་ནི། རྡོལ་བ་ཞེས་རྐང་པ་ཕྱེད་དང་གཉིས་སོ། །སོ་ཐམ་ཐམ་པ་ནི་ཀོས་ཐག་ཅེས་ཚིགས་སུ་ བཅད་པ་གཅིག་གོ། །ད་ནི་རབ་ཏུ་ཚ་བ་བྱེ་བྲག་ཏུ་སྟོན་པའི་མེའི་གནོད་པ་ནི། དམྱལ་མེས་ཞེས་རྐང་པ་གཉིས་སོ། །དམྱལ་བའི་སྲུང་མས་འཚེ་བ་ནི། རུས་གོང་ཞེས་རྐང་པ་གཉིས་སོ། །མནར་མེད་པའི་སྡུག་བསྔལ་སྟོན་པའི་མདོར་བསྟན་པ་ནི། གཉིས་ལས་ཕྱིའི་གནོད་ པ་ནི། ལ་ལར་ཞེས་རྐང་པ་གཉིས་སོ། །ནང་གི་གནོད་པ་ནི་བྲང་གི་ཞེས་རྐང་པ་གཉིས་སོ། །རྒྱས་པར་བཤད་པ་ཡང་གཉིས་ལས་ནང་གི་གནོད་པ་ནི། གློ་ནས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཕྱིའི་གནོད་པ་ནི། སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གསུམ་མོ། །དེ་ལས་གནས་ ཁང་གི་གནོད་པ་ནི། སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། མདའི་གནོད་པ་ནི། མདའ་ཆེན་ཞེས་རྐང་པ་གཅིག་གོ། །དབྱུག་པས་གནོད་པ་ནི་དམྱལ་བའི་སྲུང་མས་ཞེས་རྐང་པ་གཅིག་གོ། །ཁུ་བ་འབར་བའི་གནོད་པ་ནི། ལྕགས་ཞུན་ཞེས་རྐང་པ་དྲུག་གོ། །སྤྱིའི་དོན་ བསྡུ་བ་ནི། སྐྱེ་བོ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ལྟར་དམྱལ་བའི་སྡུག་བསྔལ་བསྟན་ནས། དུད་འགྲོའི་སྡུག་བསྔལ་སྟོན་པ། དེས་དལ་འབྱོར་རྙེད་པར་དཀའ་བ་ནི། སྐྱེ་བོ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །འཆལ་སྤྱོད་པ་ནི་མི་དགེ་བ་བྱེད་པའོ། །དེ་ཉེས་པ་ཅིར་འགྱུར་ ཞེ་ན། བརྒྱལ་ཞེ་ན། འཇིག་རྟེན་འགྲོ་བ་མཐའ་ཡས་བྱེ་བ་འཕྱེས་རྣམས་སུ་དུད་འགྲོར་སྐྱེའི། མིའི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད། མིའི་ནང་ན་ཡང་སྨད་པར་སྐྱེ་བ་ནི། གལ་ཏེ་ཞེས་རྐང་པ་གཅིག་གོ། །དུད་འགྲོ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། དུད་འགྲོ་ཞེས་རྐང་པ་ བྱེད་དང་གཉིས་སོ། །དེ་ནས་དམྱལ་བར་ལྟུང་བ་ནི། གང་གིས་ཞེས་རྐང་པ་ཕྱེད་དང་གཉིས་སོ། །དེ་ལྟར་ཐེག་པ་ཐུན་མོང་གི་ལམ་སྒྲུབ་པ་གདམས་ནས་ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ལ་གདམས་པ་བརྗོད་པ་ན་སྒྲུབ་པའི་རྟེན་ནི་གང་ཞིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །གང་ཞིག་ནི་ དལ་འབྱོར་རོ། །སྐྱེ་བ་ནི་སེམས་ཅན་རྣམས་དེར་བྱིང་བ་དང་དེ་ལས་བརྒལ་དཀའ་བས་རྒྱ་མཚོའོ། །བྱང་ཆུབ་མཆོག་གི་ས་བོན་དགེ་བ་ནི་དེ་སྐྱེད་པ་སྟེ། །ཇི་སྐད་དུ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་གསུངས་པ་ལྟ་བུའོ། ། དགེ་བ་ནི་དེ་མ་བསྐྱེད་པ་སྐྱེད་ཅིང་མི་ཉམས་པར་བྱེད་པའོ། །བསྒྲུབ་པར་བྱ་བའི་ལམ་སྟོན་པ་ནི། བདེ་གཤེགས་ཞེས་རྐང་པ་གཉིས་སོ། །མི་མ་ཡིན་པས་བསྒྲུབ་པར་མི་ནུས་པ་ནི། ལམ་དེ་ཞེས་རྐང་པ་གཉིས་སོ། །མི་རྣམས་ལམ་བསྒྲུབ་པ་ལ་སྦྱར་བ་ནི། མིའི་དངོས་པོ་ ཞེས་རྐང་པ་གཉིས་སོ། །ལམ་ལ་འཇུག་པའི་སྒོ་མི་རྟག་པ་ཡིད་ལ་བྱེད་པ་ན་སྐད་ཅིག་གི་མི་རྟག་པ་ནི། མར་མེ་ཞེས་རྐང་པ་གཉིས་སོ། །གློ་བུར་གྱི་མི་རྟག་པ་ནི། འདི་ནི་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ། །རྒྱུན་གྱི་མི་རྟག་པ་ནི། སོ་ག་ཞེས་ཚིགས་སུ་བཅད་པ་གཅིག་ གོ། །སྒྲུབ་པའི་གནས་ནི། ཟླ་བའི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྒྲུབ་པའི་གྲོགས་ནི། ནགས་མཐོངས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དགའ་བའི་ནགས་ཚལ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ལ་ཡོད་པའོ། །སྒྲུབ་པའི་ཆ་རྐྱེན་ཆུ་ཕུན་སུམ་ཚོགས་པ་སྟོན་པ་ནི་ ནགས་རླུང་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཆུ་གཙང་ནི་དྲི་རྙོག་པ་དང་། སྲོག་ཆགས་མེད་པའོ། །དོགས་བདེ་བ་ནི་འགྲམ་གཉིས་ཀྱང་ངོ་། །དབེན་པ་ནི་འདུ་འཛི་ཉུང་བའོ། །དེ་ན་སྐྱིད་པ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མོའི་ལུས་ལྷའི་སྤོས་དང་སྨན་དྲི་ཞིམ་ པོས་བྱུགས་པའི་མགོ་བོའི་ལན་བུའི་རྒྱན་དུ་ཐོགས་པ་མེ་ཏོག་གི་ཚོགས་མཛེས་པ་ཟིལ་གྱིས་གནོན་པའི་རྒྱུན་དང་ལྡན་པ་ལྷའི་ཆུ་ལའང་ཡོད་པར་འགྱུར་རམ། རྒྱུན་དང་ལྡན་པའི་ལྷའི་ཆུ་ནི་སུམ་ཅུ་རྩ་གསུམ་པའི་མཚེའུ་དལ་གྱིས་འབབ་པ་ཡིན་ནོ། །ཤིང་ཕུན་སུམ་ཚོགས་པ་ རྩ་བ་འབྲས་བུ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཉམས་དགའ་ནི་ཡིད་དུ་འོང་བའོ། །བས་མཐའ་ནི་གྲོང་ཟད་པའི་མུར་ཐུག་པའོ། །གཅིག་པུ་ནི་གྲོགས་མེད་པར་རོ། །དམྱལ་སྡོང་ནི་ཁྱིམ་གྱི་གྲོང་འདབ་བམ་ཆུང་མ་སྟེ་འབྲས་བུའི་མིང་རྒྱུ་ལ་ བཏགས་པའོ། །བསླུས་མེད་གནས་པ་ནི་ངེས་བྲིད་པར་མི་ནུས་པའོ། །དེ་དག་གི་དོན་བསྡུས་པ་ནི་རི་སུལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ལ་གནས་ཀྱི་དོན་བསྡུ་བ་ནི་རི་སུལ་ཞེས་རྐང་པ་གཅིག་གོ། །ཤིང་གི་དོན་བསྡུ་བ་ནི། ཉེར་སྤྱོད་ཅེས་རྐང་པ་གཅིག་གོ། །ཆུའི་དོན་ བསྡུ་བ་ནི་ཆུ་ངོགས་ཞེས་རྐང་པ་གཉིས་སོ། །རི་སུལ་ཡངས་པ་ནི་གཅོང་རོང་དང་ངམ་གྲོག་ལ་སོགས་པ་མེད་པའོ། །ཉེར་སྤྱོད་རྒྱ་ཆེ་བ་ནི་དེར་འཆག་པ་དང་འདུག་པ་ལ་སོགས་པ་བག་ཡངས་སུ་སྤྱོད་པའོ། །ཉན་པ་ནི་ཐོས་པའི་ཚེ་རྣ་བར་འཕྲོད་པའོ། །ཇི་ལྟར་སྙན་ཞེ་ན་རྔ་ལྟར་རོ། །ཕུ་ ཆུ་བདག་ཅག་སྐོམ་པས་ཉོན་མོངས་ཤིང་སྡུག་བསྔལ་བའི་ཡུལ་མིན་ཏེ། འཐུངས་ན་ངོམས་པས་བདེ་ཞིང་སྐྱིད་པའི་ཡུལ་ཡིན་ཞེས་འགྲོན་ལ་སྒྲོགས་པ་བཞིན་ཆུ་སྒྲ་འབྱིན་པའོ། །སྒྲུབ་པའི་བར་ཆད་སྤོང་བ་ན། འདོད་པའི་ཉེས་པ་ཡིད་ལ་བྱེད་པ་ནི། འདོད་པ་རྣམས་ཞེས་བྱ་བ་ལ་ སོགས་པའོ། །དེ་ལ་འདོད་པ་རྣམས་སྣང་ལ་རང་བཞིན་མེད་པ་ནི། འདོད་པ་རྣམས་འབྱོར་དང་ཞེས་རྐང་པ་གཉིས་སོ། །འདོད་པའི་འབྲས་བུ་ཡིད་དུ་མི་འོང་བ་ནི་རྨི་ལམ་ལྟ་བུ་ཞེས་རྐང་པ་གཉིས་སོ། །ངན་སྤྱོད་འཁྲུལ་པ་ནི་མི་དགེ་བ་བཅུ་བྱེད་པའོ། །དེ་ལ་ཆགས་པ་ནི་འདོད་པ་ ལ་སྲེད་པའོ། །འདོད་པའི་བདེ་བ་ཡིད་དུ་མི་འོང་བ་ནི། ཡུལ་དང་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དུག་པས་འདོད་པ་ཉེས་དམིགས་ཆེ་བ་ནི་དུག་དང་ཞེས་རྐང་པ་གཉིས་སོ། །དེའི་གཏན་ཚིགས་ནི་དུག་ནི་ཞེས་རྐང་པ་དྲུག་གོ། །དེ་ལྟར་འདོད་པ་དང་ཡུལ་གྱི་ཉེས་པ་བརྗོད་ནས། འདོད་བྱེད་ཡུལ་ཅན་གྱི་ཉེས་པ་སྟོན་པ་ནི། ཇི་ལྟར་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རྙེད་པ་གྲུབ་པ་མེད་པ་ནི་རྩྭ་ལོ་མ་ཟོས་པའོ། །དེ་དང་འདྲ་བར་བདེ་འགྲོར་གྲུབ་པ་མེད་པར་ངན་འགྲོར་ལྟུང་བའོ། །དེ་ལྟར་འདོད་པ་སྤྱིའི་ཉེས་པ་བསྟན་ནས་ཁྱད་པར་དུ་ལྷའི་འདོད་པའི་ ཉེས་དམིགས་སྟོན་པའི་མཚེའུ་ལ་ཆགས་པའི་ཉེས་པ་ནི་ལྷའི་བུ་མོ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །འཕྲལ་ཐབས་གློང་བ་ནི་རང་གི་ཕུན་སུམ་ཚོགས་པས་དྲེགས་པའོ། །ལྗོན་ཤིང་ལ་ཆགས་པའི་ཉེས་པ་ནི་དགའ་ཚལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དཔག་བསམ་ གྱི་ཤིང་ནི་བཞི་སྟེ། བཟའ་བཏུང་དང་། གོས་དང་། རྒྱན་དང་། རོལ་མོའི་དཔག་བསམ་གྱི་ཤིང་ངོ་། །ས་ལ་ཆགས་པའི་ཉེས་པ་ནི། །རྐང་གཞག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ལ་རྐང་པ་གཞག་ན་ནེམས་ཞེས་སོར་བཞིས་དམའ་བར་འགྱུར་ཞིང་བཏེག་ན་པར་ཞེས་ སོར་བཞིས་མཐོ་བར་འགྱུར་བའོ། །རེག་ན་བདེ་བ་ནི་ལུས་ལ་ཕན་འདོགས་པའོ། །ཁང་བཟངས་ལ་ཆགས་པའི་ཉེས་པ་ནི། དྲིལ་བུ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཁང་པ་དེའི་སྟེང་གཡོགས་ནས་དྲིལ་བུ་མཛེས་པ་འཁྲོལ་ཞིང་མུ་ཏིག་གི་ཕྲེང་བའི་ཚོགས་འཕྱང་བ་འོད་ལྷག་ གེ་བའི་གཞལ་མེད་ཁང་དུ་ཞུགས་ཏེ། །ལྷ་ཡུལ་དེར་འདོད་པ་ལྔ་བགྲོད་ནས་ཏེ་ལོངས་སྤྱོད་བྱས་ནས་ཀྱང་ངོ་། །ཕ་མཐའ་སྟེ་ཐར་ཐབས་མེད་པའི་ནང་དུའོ། །དབང་ཕྱུག་ལ་ཆགས་པའི་ཉེས་པ་ནི། གང་དུ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རྣམ་པར་རྒྱལ་བྱེད་ཀྱི་ཁང་ བཟངས་གང་དུ་རྒྱལ་ཆེན་རིས་བཞི་དང་། །སུམ་ཅུ་རྩ་གསུམ་པའི་ལྷ་དང་། ཀླུ་དང་། མིའམ་ཅིའི་སྤྱི་བོས་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ནས། དེ་དག་གི་མགོ་བོའི་རྒྱན་གཙུག་གི་ནོར་བུ་མར་གད་ཀྱི་འོད་ཀྱི་ཚོགས་ཀྱིས་རྐང་རྟེན་ཏེ་གདན་ཁྲི་དམར་པོར་གྱུར་པའོ། །དེ་ཡང་ འགྲོ་བ་ངན་པར་འགྲོ་བར་འགྱུར་བ་ནི་ངན་སོང་དུ་ལྷུང་བ་སྟེ། ཇི་སྐད་དུ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེངས་ལྟུང་། །ཞེས་བཤད་པ་ལྟ་བུའོ། །སྲོག་ལ་ཆགས་པའི་ཉེས་པ་ནི་མེ་ཏོག་ཅེས་ཚིགས་སུ་བཅད་པ་གཅིག་གོ། ། འཚོ་བ་ནི་སྲོག་གོ། །དེ་མ་འགགས་བར་དུ་སེམས་ཅན་གསོན་པོར་འཚོ་བའོ། །སྡུག་བསྔལ་བ་ལ་བདེ་བར་རློམ་པའི་ཉེས་པ་ནི་སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ང་རྒྱལ་བྱེད་མོད་ཉེས་པ་ཅིར་འགྱུར་ཞེ་ན། དེ་ནི་ཞེས་རྐང་པ་གཉིས་སོ། །འཁོར་བ་ལ་ཆགས་ པའི་ཉེས་པ་ནི། དེ་ན་གཤིན་རྗེས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ལོག་པར་སྨོན་པ་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་ཐོབ་པར་འདོད་པའོ། །དེ་ཉིད་འཇིག་པའི་རྒྱུ་ཡིན་པས་འཇིག་པ་ཞེས་བྱའོ། །སྡུག་བསྔལ་བ་ལ་བདེ་བར་རློམ་པའི་དཔེ་དགོད་པ་ ནི་དམྱལ་རྣམས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དམྱལ་བ་དེ་ཉིད་ཤིན་ཅི་མ་རུང་སྙམ་པས་ཐོ་བ་བསྣུན་པས་མཆོག་ཏུ་བདེ་བ་ཡིན་པར་སེམས་སོ། །དོན་དེ་དང་འདྲ་བར་སྦྱར་བ་ནི། དེ་བཞིན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རྟག་ཏུ་ནི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་ དུའོ། །རེ་ཞིག་ཙམ་ཞིག་ནི་ལྷ་དང་མིར་སྐྱེས་པ་ནའོ། །ཇི་ཞིག་ལྟར་བསོད་ནམས་བསགས་པའི་དབང་གིས་ངན་འགྲོའི་སྐྱེ་ཤིའི་འཁྲུལ་འཁོར་མེད་ནས་སྐད་ཅིག་སྟེ། བདེ་འགྲོ་ནས་མ་ལྷུང་བར་དུ་ངན་འགྲོའི་སྡུག་བསྔལ་གཉུག་མར་བཟོད་དཀའ་མེ་ལྕེ་ལྟ་བུ་ཞི་འགྱུར་ན། ལྷ་དང་ མིའི་འཇིག་རྟེན་ཐམས་ཅད་བདེ་བ་ཁམ་འགའ་སྟེ། ལྷ་དང་མིའི་འདོད་པ་ལྔ་ལ་ཡང་སྲེད་པར་བྱེད་དོ། །ལམ་སྒྲུབ་པའི་རང་བཞིན་གཉེན་པོ་སྒོམ་པ་ན་འཁོར་བ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་ནི། ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྟུག་པོ་ནི་ཤས་ཆེ་ བའོ། །སྲབ་མོ་ནི་ཤས་ཆུང་བའོ། །མི་སྡུག་པར་ཡིད་ལ་བྱ་བ་ནི་ཇི་ལྟ་ཇི་ལྟར་སྡུག་པ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །མཆེད་པ་ནི་འཕེལ་བའོ། །ཞིལ་བ་ནི་འགྲིབ་པའོ། །ཞར་ལ་བུད་མེད་སྡུག་པར་སྨྲ་བའི་འབྲས་བུ་ནི། བུད་མེད་ཅེས་ཚིགས་སུ་བཅད་པ་གཅིག་ གོ། །ལུས་ནི་པདྨ་ལྟར་འཇམ། བྱད་བཞིན་ཟླ་བ་ལྟར་མཛེས། མིག་ནི་ཨུཏྤལ་ལྟར་དཀར་གནག་ཕྱེད་ཅེས་མགོ་སྙོམས་པའོ། །སྙོམས་མོད་ཉེས་པ་ཅིར་འགྱུར་ཞེ་ན། སྙན་དངགས་མཁན་གྱི་བརྫུན་དེའི་ཞེས་རྐང་པ་གཅིག་གོ། །མི་བཟད་པ་དེ་གང་ཞིག་ཅེ་ན། དེ་དག་ཅེས་རྐང་ པ་གཅིག་གོ། །མི་རྟག་པར་ཡིད་ལ་བྱེད་པ་ནི་སེམས་ཅན་མི་རྟག་པ་ནི། འགྲོ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྣོད་མི་རྟག་པ་ནི་གང་གི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ལོངས་སྤྱོད་མི་རྟག་པ་ནི་སྡུག་བསྔལ་བ་དང་། བདེ་བ་དང་། སྐྱེ་གནས་ལ་ལོངས་སྤྱོད་ པ་སྟེ། རིམ་པ་བཞིན་སྔོན་ཆད་ཅེས་པ་རྐང་པ་གཅིག་དང་གཅིག་དང་གཉིས་སོ། །བྱམས་པ་དང་སྙིང་རྗེ་ཡིད་ལ་བྱེད་པས་ཉེ་དུ་ལ་བྱམས་པ་སྒོམ་པ་ནི། སྐྱེ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །གྲོགས་ལ་བྱམས་པ་སྒོམ་པ་ནི། གང་དག་ཅེས་ཚིགས་སུ་བཅད་པ་གཅིག་ གོ། །དུས་ཀྱི་རིམ་པ་ནི་སོ་ག་ལ་སོགས་པའོ། །མཉམ་པ་ནི་རིགས་ལ་སོགས་པས་མཚུངས་པ་དང་འགྲོགས་པའོ། །མི་མཉམ་པ་ནི་མཐོ་བའམ་དམའ་བ་དང་འགྲོགས་པའོ། །གཉེན་བཤེས་ལ་སྙིང་རྗེ་བསྒོམ་པ་ནི། ཉེ་དུ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སེམས་ཅན་ཐམས་ ཅད་ཉེ་དུ་ཡིན་ན་དགྲ་དང་བར་མ་ལ་ཉེ་དུར་ངོ་མ་ཤེས་པ་ཇི་ལྟ་བུ་ཞེ་ན། སྐྱེ་ཤིས་ཞེས་རྐང་པ་གཉིས་སོ། །མ་ལ་བྱམས་པ་སྒོམ་པ་ནི། བྱིས་པ་ཞེས་ཚིགས་སུ་བཅད་པ་གཉིས་སོ། །བུའི་ཆེད་དུ་ལས་ཀྱི་མཐའ་སྣ་ཚོགས་ལ་འབད་པས་ངལ་བ་མང་པོ་བསྟེན་ཀྱང་བུ་ལ་བྱམས་པ་ བསྟེན་པ་དེ་དག་རང་བཞིན་གྱི་དོན་བྱེད་པའི་སྐབས་འདིར་བུ་ཤིན་ཏུ་མ་རབས་ཤིག་ཡོད་དུ་ཟིན་ནའང་མ་དེ་སྤོང་ཞིང་འདོར་བར་སུ་ཞིག་སྤྲོ་སྟེ་སྤྲོ་བར་མི་བྱའོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་སྒོམ་པའི་ཐབས་བསྟན་ནས། གོམས་པའི་ཕན་ཡོན་སྟོན་པའི་སྙིང་རྗེའི་ཕན་ཡོན་ནི། འགྲོ་ བ་སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྡུག་བསྔལ་མི་བཟད་པ་མང་པོ་ནི་སྡུག་བསྔལ་ཆེན་པོ་གསུམ་མམ། བརྒྱད་དམ། བརྒྱ་རྩ་བཅུ་ལ་སོགས་པའོ། །དབང་མེད་པ་ནི་མི་འདོད་བཞིན་དུ་འབྱུང་བའོ། །སྐྱབས་མེད་པ་ནི་སྡུག་བསྔལ་སེལ་བའི་གྲོགས་ མེད་པའོ། །གཞན་སྡུག་བསྔལ་བའི་དོན་དུ་བདག་གི་སྡུག་བསྔལ་བཟོད་པ་གང་ཡིན་པ་དེ་བདེ་བའི་རྒྱུ་ལ་གནས་པས་བདེ་ཞེས་སྐྱེས་མཆོག་གསུང་ངོ་། །ཐ་ན་སྐད་ཅིག་ཙམ་ཡང་གཞན་ལ་བཟའ་བཏུང་བྱིན་པས་དེས་བཀྲེས་སྐོམ་དང་བྲལ་བ་དང་། གོས་བྱིན་པས་ཚ་ གྲང་དང་བྲལ་བས་དེ་མགུ་ཞིང་རངས་པར་བྱས་པ་དེ་ས་བདག་དགའ་བ་གང་ཡིན་པ་དེ་དང་འདྲ་བར་སྙིང་རྗེ་གོམས་པ་འདི་ན་གང་ཞིག་ཡོད་དེ་མེད་དོ། །བྱམས་པའི་ཕན་ཡོན་ནི་གཞན་ཕན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །གཞན་ལ་མྱ་ངན་ལས་འདས་པའི་ཕན་ཡོན་ དང་། ལྷ་མིའི་བདེ་བ་བསྐྱེད་པར་བརྩོན་པས་བདག་དགའ་བ་རྙེད་པ་གང་ཡིན་པ་དེ་ནི་སྟེ། དེ་དང་མཉམ་པ་ཡུལ་ལྔའི་བདེ་བའི་ལོངས་སྤྱོད་ལྷུར་ལེན་པ་རྣམས་ཀྱིས་ཇི་ལྟར་ཐོབ་ཅེས་འོག་མ་དང་སྦྱར་རོ། །དེ་ལྟར་ཕན་ཡོན་བསྟན་ནས། སྤྱོད་པ་ སྟོན་པའི་བྱམས་པའི་སྤྱོད་པ་གཞན་བདེ་བ་སྒྲུབ་པ་ལ་བརྩོན་པ་ནི་ཤིན་ཏུ་རྙེད་སླ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །བྱམ་པའི་སྤྱོད་པ་བྱེད་པ་འདི་ཁོ་ནའོ། །འཕགས་པ་ནི་རང་གི་དོན་ལྷུར་ལེན་པ་རྣམས་པས་དེ་མཆོག་ཏུ་གྱུར་པའོ། །གཞན་བདེ་བ་སྒྲུབ་པ་ལ་གཞོལ་བ་ནི། ཉི་མ་རླབས་ཆེན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་འདྲ་ཞེས་བྱ་བ་ནི་ཉི་མ་དང་ས་དང་མཚུངས་པའོ། །གཅིག་ཏུ་གཞོལ་བ་ནི་རང་དོན་དང་འདྲེན་མས་མ་ཡིན་པའོ། །ཡང་ན་གཅིག་པུ་གཞོལ་ཏེ་གྲོགས་ལ་མི་ལྟོས་པར་རོ། །སྙིང་རྗེའི་སྤྱོད་པ་སྟོན་པའི་གཞན་གྱི་སྡུག་བསྔལ་ སེལ་བ་ལ་བརྩོན་པ་ནི། འཇིག་རྟེན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །གཞན་གྱི་སྡུག་བསྔལ་སེལ་བར་དགའ་བ་ནི། གཞན་གྱི་དོན་དུ་ཚིགས་སུ་བཅད་པ་གཅིག་གོ། །གཞན་གྱི་སྡུག་བསྔལ་སེལ་བ་ན་བདེ་བ་ནི། གཞན་ལ་ཕན་པར་ཞེས་ཚིགས་སུ་བཅད་པ་གཅིག་ གོ། །རང་སྨིན་ནས་གཞན་སྨིན་པར་བྱེད་པ་ནི། རྒལ་བར་འགྱུར་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་ཡིད་ལ་བྱེད་པ་བཤད་ནས། བསླབ་པ་གསུམ་བརྟན་པར་བྱེད་པ་འཆད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཚུལ་ཁྲིམས་བསྔགས་པ་ནི། དེ་ལྟར་ཞེས་རྐང་པ་གཅིག་གོ། །རྭ་དང་། བ་སོ་ལ་སོགས་པའི་རྒྱན་པས་གསེར་དང་། དངུལ་ལ་སོགས་པའི་རིན་པོ་ཆེའི་རྒྱན་མཆོག་ཏུ་གྱུར་པ་ལྟར་ལེགས་སྤྱད་དེ། ཚུལ་ཁྲིམས་ནི་རྒྱན་གྱི་མཆོག་གོ། །དེ་སྐད་དུ་ཡང་། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག། ། ཅེས་གསུངས་སོ། །ཤེས་རབ་བསྔགས་པ་ནི། གསལ་བའི་ཞེས་རྐང་པ་གཅིག་གོ། །ནོར་བུ་དང་མར་མེ་ལ་སོགས་པའི་གསལ་བའི་ནང་ན་ཉི་ཟླའི་གསལ་བ་མཆོག་ཡིན་པ་ལྟར་ཤེས་རབ་ནི་ཤེས་བྱ་གསལ་བར་བྱེད་པས་མཆོག་གོ། །དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཞི་བ་ བདུད་རྩི་ཡངས་ཞེས་སྨོས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་འཐོབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་། ཐུབ་པ་ཁྱེད་ཀྱི་ཡེ་ཤེས་ཀྱིས། །སྣང་བས་མི་ཤེས་རབ་རིབ་དག །འཇོམས་པའི་ཐ་ན་ཉི་མ་ཡང་། །མེ་ཁྱེར་ཙམ་ཡང་མི་ཕོད་དོ། །ཞེས་བཤད་དོ། །ཏིང་འཛིན་ བསྔགས་པ་ནི། དགའ་བའི་ཞེས་རྐང་པ་གཅིག་གོ། །མི་རྣམས་ཀྱི་དགའ་བའི་ནང་ན་འཁོར་ལོས་སྒྱུར་བའི་དགའ་བ་མཆོག་ཡིན་པ་ལྟར། ཏིང་ངེ་འཛིན་ནི་ཤིན་ཏུ་སྦྱངས་པའི་དགའ་བ་དང་ལྡན་པས་མཆོག་གོ། །འོ་ན་དེ་སུས་རྙེད་པར་འགྱུར་ཞེ་ན། བྱས་པ་གཟོ་བ་རྣམས་ཀྱིས་རྙེད་ པར་སླའི། བྱས་པ་མི་གཟོ་བས་རྙེད་པར་དཀའ་བའོ། །དེ་གསུམ་གྱིས་འབྲས་བུ་མྱ་ངན་ལས་འདས་པའི་བསྔགས་པ་ནི། བཀྲ་ཤིས་ཞེས་རྐང་པ་གཅིག་གོ། །གཟའ་དང་རྒྱུ་སྐར་དང་ཚེས་གྲངས་བཟང་པོ་ལ་སོགས་པ་བཀྲ་ཤིས་པ་རྣམས་ཀྱི་ནང་ན་གང་གིས་འདོད་པའི་དོན་གྲུབ་ པའི་བཀྲ་ཤིས་མཆོག་ཡིན་པ་ལྟར་ཞི་བ་སྟེ་མྱ་ངན་ལས་འདས་པ་ནི་སྡུག་བསྔལ་དང་། ཉོན་མོངས་པ་དང་བྲལ་བས་མཆོག་གོ། །འོན་ཏེ་སྡུག་བསྔལ་དང་བྲལ་བ་ཙམ་ཡིན་གྱི་བདེ་བ་མ་ཡིན་ནམ་ཞེ་ན། བདེ་རྒྱུན་སྟེན་ཞེས་སྨོས་ཏེ་བདེ་བའི་རྒྱུན་མི་འཆད་པས་སོ། །དེ་ལྟར་རྟོགས་ པའི་ཆོས་བསྔགས་ནས། ལུང་གི་ཆོས་བསྔགས་པ་ནི། བདེ་བར་གཤེགས་པའི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ལ་བརྟེན་ན་ཕན་ཡོན་ཅི་ཡོད་ཅེ་ན། ལྗོན་ཤིང་ཞེས་རྐང་པ་གཅིག་གོ། །འབྲས་བུ་རྒྱ་ཆེན་ནི་མཐོ་རིས་དང་ཐར་པའོ། །འོ་ན་གསུང་གི་དོན་ནམ་ཚིག་ གང་བསྟེན་ཞེ་ན། བདེ་གཤེགས་ཞེས་རྐང་པ་གཉིས་སོ། །སྦྲང་མ་མེ་ཏོག་བཞག་ནས་སྦྲང་རྩི་ལེན་པ་ལྟར་རོ། །དེ་ལྟར་གདམས་ངག་རྒྱས་པར་བརྗོད་ནས། མདོར་བསྡུས་ཏེ་བཤད་པའི་འགྲོ་བ་སྤྱི་ལ་གདམས་པ་ནི། སྐད་ཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །སྐད་ ཅིག་ལ་ལུས་འཇིག་ལོངས་སྤྱོད་ཟད་ཅིང་རྟག་ཏུ་སྟེ། གཉེན་པོ་སྐྱེས་ཀྱི་བར་དུ་སེམས་གཡེང་ཞིང་འཁྲུགས་པར་བྱེད་པའི་ཡུལ་ལྔ་པོ་རྣམས་སྤོངས། ཞི་བའི་བདེ་འབྲས་ཐོབ་པར་བྱེད་ཅིང་འཆིང་བའི་འཚེ་བ་མེད་པར་བྱེད་པ་གཅིག་པུ་གྲོགས་ལ་མི་ལྟོས་པར་དབེན་པ་སྟེ་འདུ་ འཛི་མེད་པ་བསྟེན། བདག་དང་གཞན་འཁོར་བ་ལས་རྣམ་པར་ཐར་པ་མྱ་ངན་ལས་འདས་པའི་སྒོ་མོ་དབྱེ་བའི་གེགས་བསྟན་པ་ལྟ་བུའི་གཏི་མུག་སྟེ་རྨོངས་པ་དང་། འཁྲུགས་པ་སྟེ་ལྡོངས་པ་དང་། རབ་རིབ་སྟེ་ཆགས་པ་སོལ་ཏེ་སྤོངས། སྤྱིར་རྟ་རྣམས་རང་བཞིན་གྱིས་གཉིད་ ཆེ་ཡང་རྟའི་མཆོག་ཅང་ཤེས་ནི་རྟེའུ་སྟེ་ཕྲུ་གུ་ནས་བག་ཟོན་ཆེ་བས་ཤིན་ཏུ་ཡུན་རིང་པོར་གཉིད་ལོག་པར་འགྱུར་བ་མ་ཡིན་ཏེ། ཅུང་ཟད་གཉིད་ལོག་ནས་རྩྭ་ཆུ་ལ་སྤྱོད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱང་འདོད་པ་ལ་ཡུན་རིང་པོར་སྟེན་པར་མི་བྱེད་དེ། ཅུང་ཟད་བསྟེན་ཀྱང་དེས་སྐྱོ་ བར་བྱས་ནས་དགེ་བ་སྤྱོད་དོ། །དེ་ལྟར་སྐྱེ་དགུ་སྤྱི་ལ་གདམས་ནས་སློབ་མ་ལ་བྱེ་བྲག་ཏུ་འདོམས་པ་ནི་ཤིང་ཆེན་པོ་ལྟ་བུར་ཆོས་དགུ་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པ་ནི། ཁྱོད་གཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །དཔེར་ན་ཤིང་ཆེན་པོ་སྡོང་པོ་ལྟ་བུ་ནི་བརྟན་པའོ། །གེལ་པ་ལྟ་བུ་ བཟོད་པའོ། །དུལ་བ་ནི་ལོ་མ་ལྟ་བུའོ། །ཞི་གནས་ནི་མེ་ཏོག་ལྟ་བུའོ། །ཤེས་རབ་ནི་ཡལ་ག་ལྟ་བུའོ། །རྒྱུ་རབ་ཏུ་སྨིན་པ་ནི་ལོ་བྲན་མྱུ་གུ་ལྟ་བུའོ། །སྨོན་ལམ་ནི་རྩེ་མོ་ལྟ་བུའོ། །ཚུལ་ཁྲིམས་ནི་གྲིབ་མ་ལྟ་བུའོ། །རབ་ཞི་སྟེ་མྱ་ངན་ལས་འདས་པ་ནི་འབྲས་བུ་ལྟ་བུའོ། །མཚོ་ཆེན་ལྟ་བུར་ ཆོས་བཅུ་གཅིག་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པ་ནི། ཁྱོད་གཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །དཔེར་ན་མཚོ་ཆེན་པོ་ཡངས་པ་ལྟར་ཤེས་རབ་རྒྱ་ཆེ་བ་དང་། གསལ་བ་ལྟར་ཤེས་བྱ་གསལ་བ་དང་། བྱིན་གྱིས་གཞོལ་བ་ལྟར་དགེ་བ་ལ་གཞོལ་བ་དང་། གཏིང་ ཟབ་པ་ལྟར་ཆོས་ཟབ་མོ་རྟོགས་པ་དང་། རབ་ཏུ་དང་བ་ལྟར་དང་བའི་དད་པ་དང་ལྡན་པ་དང་། རྟག་ཏུ་བསིལ་བ་ལྟར་ཉོན་མོངས་པའི་གདུང་བ་ལས་བསིལ་བ་དང་། སྦྲུལ་གདུག་པའི་རྙི་ཡིས་བག་ཞད་མེད་པ་ལྟར་དུག་གསུམ་མེད་པ་དང་། མེའི་འཇིགས་པ་སྤངས་པ་ལྟར་ངན་འགྲོའི་ འཇིགས་པ་སྤངས་པ་དང་། རང་བཞིན་གྱིས་རབ་ཏུ་གཙང་བ་ལྟར་ཚུལ་ཁྲིམས་ཀྱི་ས་གཙང་བ་དང་། སྐོམ་པ་གཅོད་པ་ལྟར་སྲེད་པ་གཅོད་པ་དང་། གྲུ་གཟིངས་འདེགས་པའི་ཁུར་བཟོད་པ་ལྟར་གཞན་དོན་བྱེད་པའི་ཁུར་བཟོད་པའོ། །ཆར་སྤྲིན་ཆེན་པོ་ལྟ་བུར་ཆོས་དྲུག་དང་ལྡན་པར་གྱིས་ ཤིག་ཅེས་བརྗོད་པ་ནི། ཁྱོད་གཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །དཔེར་ན་ཆར་སྤྲིན་ཆེན་པོ་དེས་མེ་ཏོག་ལ་སོགས་པ་ལ་ཕན་འདོགས་པ་ལྟར་སྐྱེ་བོ་མང་པོ་སྡིག་པ་ལས་བཟློག་སྟེ། དགེ་བ་ལ་བཀོད་ནས་ཕན་འདོགས་པ་དང་། འབྲུག་གི་སྒྲ་སྒྲོགས་པ་ལྟར་འཁོར་བའི་ སྡུག་བསྔལ་གྱིས་མི་འཇིགས་པ་དམ་པའི་ཆོས་སྨྲ་བའི་སྒྲ་ཆེན་སྒྲོགས་པ་དང་། ཆར་ཆེན་པོ་འབབ་པ་ལྟར་གྲགས་པ་རྒྱ་ཆེན་པོས་ཁྱབ་པ་དང་། ཆར་དེ་རླུང་གི་ཤུགས་དྲག་པོས་བསྐྱོད་པ་ལྟར་སེམས་སྙིང་རྗེའི་རླུང་གིས་བསྐྱོད་པ་དང་། སའི་རྡུལ་ལྡང་བ་ཞི་བ་ལྟར་ཉོན་མོངས་པའི་ རྡུལ་རབ་ཏུ་ཞི་བར་བྱེད་པ་དང་། གྲིབ་མས་ས་སྟེངས་བརྒྱན་པ་ལྟར་ཚུལ་ཁྲིམས་ཀྱིས་སྒོ་གསུམ་བརྒྱན་པའོ། །དེ་ལྟར་གདམས་ངག་བརྗོད་ནས། དེ་ལས་བྱུང་བའི་དགེ་བ་བསྔོ་བའི་ལེགས་པ་གྲུབ་པར་བསྔོ་བ་ནི། བདག་གིས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །བདེ་གཤེགས་ སྤྱོད་པ་ནི་དང་པོ་སེམས་བསྐྱེད་པ་ནས་ཐ་མ་མྱ་ངན་ལས་འདས་པའི་བར་རོ། །རྟག་ཏུ་བདེ་བ་ནི་ཇི་སྲིད་འཚོའི་བར་དུ་ནད་མེད་པའོ། །ལོངས་སྤྱོད་བཟང་པོ་ནི་ལོག་པར་འཚོ་བ་མེད་པའོ། །ཡིད་ལ་རེ་བ་འབྱོར་པ་ནི་འདོད་པའི་དོན་ཐམས་ཅད་གྲུབ་པའོ། །གཞན་ལ་ཕན་པར་དགའ་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པར་སྤྲོ་བའོ། །ཀུན་མཁྱེན་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའོ། །བགྲོད་པར་ཤོག་ཅེས་པ་ནི་དེ་ཐོབ་པར་སྨོན་པའོ། །ཉེས་པ་ཞི་བར་བསྔོ་བ་ནི་དམྱལ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དམྱལ་ བའི་ངམ་གྲོག་དང་གཡང་ས་ལག་མཐིལ་ལྟར་མཉམ་མུན་ནག་རྣམ་བསལ་ལུས་ལ་མེ་འབར་བ་རབ་ཏུ་ཞི་བ་དང་། རོ་མྱགས་བཙོག་པའི་འདམ་རྫབ་བསྐམས་ནས་དེར་འཁྲུངས་ཤིང་སྐྱེས་པའི་པདྨའི་ལོ་མས་ཁེབས་ཤིང་རྩ་བའི་ཁྱེའུ་སོ་ཐོན་པ་དང་། རོ་མྱགས་ཀྱི་འདམ་དེ་ གཙང་ཞིང་དྲི་ཞིམ་གྱུར་ནས། ཕྱོགས་དེར་པདྨ་ཁ་བྱེ་བས་ས་རྣམས་རྣམ་པར་བརྒྱན་པ་དང་། དམྱལ་བ་རྣམས་བདེ་བ་རྒྱས་ཤིང་བསམ་པ་བཟང་ལ་རླུང་སེར་བུའི་ངད་བཅས་ཆར་ཟིམ་འབབ་པས་ཚ་བའི་གདུང་བ་ཞི་བར་ཤོག །སྟོན་པ་འབྱུང་བར་བསྔོ་བ་ནི། བདུད་དཔུང་ཞེས་ ཚིགས་སུ་བཅད་པ་གཅིག་གོ། །སྒྲོགས་པ་ནི་དམ་པའི་ཆོས་སྟོན་པའོ། །ལྷའི་ཆུ་ནི་མཚེའུ་དལ་གྱིས་འབབ་པའི། །རྩེ་མོ་ནི་དེར་ལྷ་དང་ལྷ་མོ་རྣམས་རྩེ་བས་ནང་ཕན་ཚུན་དགའ་བ་བྱེད་པ་བས་ཀྱང་གདུལ་བྱ་རྣམས་དགའ་བར་མཛད་པའོ། །གདུལ་བྱ་དེ་དག་ཀྱང་ གང་ཞེ་ན། ལྷ་དང་མི་འདུལ་བ་ཞེས་སྨོས་སོ། །གང་གི་ཕྱིར་གདུལ་ཞེ་ན། སྐྱེ་ཤི་ཞེས་རྐང་པ་ཕྱེད་དོ། །གང་གིས་འདུལ་ཞེ་ན། སངས་རྒྱས་དག་ཅེས་རྐང་པ་ཕྱེད་དང་གཉིས་སོ། །བརྣག་པ་བཞིན་དུ་ཞེས་བྱ་བ་ནི་གདུལ་བྱ་རྣམས་གང་ལ་མོས་པའི་སྐུར་རོ། །ནམ་ཞར་ཞེས་བྱ་བ་ནི་རྟག་ ཏུའོ། །བསྟན་པ་རྒྱས་པར་བསྔོ་བ་ནི། འགྲོ་བ་ཞེས་རྐང་པ་གཅིག་གོ། །དེའི་འགལ་རྐྱེན་མེད་པར་བསྔོ་བ་ནི། །འཆི་བདག་ཅེས་རྐང་པ་གཅིག་གོ། །མཐུན་རྐྱེན་ཚོགས་པར་བསྔོ་བ་ནི་འཕགས་པའི་ཞེས་རྐང་པ་གཉིས་སོ། །འཕགས་པའི་སྐྱེ་བོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་། ཉན་ཐོས་རྣམས་སོ། །འོ་ན་རང་སངས་རྒྱས་འཕགས་པའི་སྐྱེ་བོ་མ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི། དེ་ནི་ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་མི་སྟོན་པས་གཏམ་ཚོགས་མེད་དོ། །གཏམ་ཚོགས་ནི་ཐེག་པ་གསུམ་མོ། །སྤེལ་བ་ནི་གོང་ནས་གོང་དུ་རྒྱས་པའོ། །དེ་ལ་ཕན་ཡོན་ ཅི་ཡོད་ཅེ་ན། ཞི་བའི་བདུད་རྩི་ཞེས་བྱའོ། །ཞི་བའི་བདུད་རྩིའི་ཆར་གྱིས་བསིལ་བས་དོན་བྱས་ཤོག །ཞི་བའི་བདུད་རྩིའི་ཟླ་བའི་སྣང་བ་རབ་བཟང་དོན་བྱས་ཤོག །ཅེས་ཚིག་རྣམ་པར་སྦྱར་རོ། །བདག་གིས་སློབ་མའི་སྤྲིང་ཡིག་འདི། །རྟོགས་ཤིང་ཅུང་ཟད་བཤད་པ་ལས། །དགེ་བ་དྲི་མེད་ གང་ཐོབ་དེས། །འགྲོ་ཀུན་རྣམ་པར་གྲོལ་བར་ཤོག །སློབ་མ་ལ་སྤྲིང་བའི་འགྲེལ་པ། །སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་རང་གི་སློབ་མ་རྣམས་ལ་ཕན་པའི་དོན་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙན་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ ཆོས་ཀྱི་ཤེས་རབ་ཀྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །ལྷོ་ཟ་མོ་ཚངས་དབྱངས་ལ་སྡུག་བསྔལ་གྱི་བྱེ་བྲག་བསྟན་པ་བཞུགས་སོ།། ༄༅༅། །སློབ་མ་ལྷོ་ཟ་ཚངས་པའི་དབྱངས་ཞེས་བྱ་བ་ཞིག་གིས་མེ་ཏོག་གཏོར། གུང་སྐྱེམས་དྲངས་ གུས་པ་བགྱིས་ནས། རྗེ་ལྷ་གཅིག་ལགས་འཁོར་བའི་སྡུག་བསྔལ་གྱི་མཚན་ཉིད་འདི་ཁོ་ན་ཡོང་ཇི་ལྟ་བུ་ལགས། བཀའ་སྩལ་པར་ཞུ་ཞེས་གསོལ་པས། སློབ་དཔོན་གྱིས་ཅུང་ཟད་ཙམ་ཞིག་བཏུད་དེ་དགོངས་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཐོག་མ་མེད་པའི་ དུས་ནི་བགྲངས་པ་ནས། །རང་སེམས་འཁྲུལ་བའི་ལུས་ལ་ཆགས་པ་ཡིས། །སྐྱེ་གནས་མང་པོ་བརྒྱུད་ཅིང་སྐྱེ་ཤི་མང་པོ་མྱོང་། །འཁོར་བའི་སྡུག་བསྔལ་འདི་ལ་བཟོད་པའི་གླགས་མེད་དོ། །དམྱལ་བ་ཡི་དགས་བྱོལ་སོང་སྡུག་བསྔལ་མི་བཟད་པ། །གསུམ་དང་བརྒྱད་ཀྱི་སྡུག་ བསྔལ་འདམ་རྫབ་ཡིན། །སྐོལ་ཅག་ཀུན་ཀྱང་འདམ་རྫབ་འདི་ལ་གནས། །རིགས་པར་ལྡན་པའི་སྐྱེས་བུའི་ཤེས་རབ་ཀྱིས། །བཀའ་དང་བསྟན་ནས་ནན་ཏན་བསྟན་པ་འདི། །མི་ཁོམ་གནས་བརྒྱད་སྐྱེས་ཚེ་མ་ཉན་དབང་མེད། །ཁོམ་ལྡན་མི་ལུས་ཐོབ་པ་གསན་དུ་གསོལ། ། བསྐལ་པར་བསགས་པའི་བསོད་ནམས་རྒྱ་མཚོ་ཡིས། །རབ་ཏུ་དཀོན་པའི་ཁོམ་ལྡན་མི་ལུས་ཐོབ། །ལྷོ་ཡི་འཛམ་བུའི་གླིང་དུ་སྐྱེ་བ་དཀོན། །ཤཱཀྱ་ཐུབ་པའི་བསྟན་པའི་ཆོས་བསླབ་འཚལ། །ཕུང་པོ་འདི་ནི་སེམས་དང་གནང་གཞེས་འབྲལ། །སྡིག་དང་བསྔོས་ནས་ཅི་བསྙོད་ ཅི་བསྐོན་ཡང་། །རོ་སྟོད་རོ་སྨད་ཆགས་པའི་གཟུགས་ཕུང་འདི། །སྡུག་བསྔལ་རྩ་གཞི་ཆེན་པོར་ཤེས་པར་གྱིས། །དེ་ཡི་ཕྱིར་ན་གཟུགས་ལ་མ་ཆགས་ཤིང་། །རྣམ་ཤེས་མ་རིག་མུན་ལ་ཆགས་པ་ནི། །ཤེས་རབ་མེ་ལྟར་འབར་བའི་སྒྲོན་མ་ཡིས། །མ་རིག་མུན་རུམ་གཏིང་ནས་ ཐར་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དབང་པོ་ཆེས། །བཙོག་པའི་མངལ་གནས་སྡུག་བསྔལ་སྣ་ཚོགས་མྱོང་། །མ་ཡི་དྲག་དལ་ཚ་གྲང་འགྲངས་བཀྲེས་ཀྱིས། །འགྱུར་བའི་སྡུག་བསྔལ་དེར་ཆེ་ཕྱིས་མི་སྨོས། །འབྱུང་བའི་དུས་ན་སོག་མིག་དྲངས་པ་སྙམ། ། དབུགས་ཆད་བརྒྱལ་ནས་ངན་སོང་སྒོ་རུ་བྱུང་། །བྱུང་བས་ཚེར་མའི་ནང་དུ་བསྐྱུར་བ་སྙམ། །བླངས་པས་བྱེའུ་ཆུང་ཁྲ་ཡིས་ཁྱེར་བ་སྙམ། །བ་སྤུའི་བུ་གར་ལྷགས་པའི་མདའ་རེ་བྱུང་། །ཉམས་སུ་ཚོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་། །སྐྱེ་བའི་སྡུག་བསྔལ་འདི་ལ་བཟོད་པའི་ གླགས་མེད་དོ། །ཕུང་པོ་འདི་ལ་རྒས་པ་ཡོངས་ཀྱིས་འོང་། །མགོ་ལ་སྐྲ་མེད་ཁ་ན་སོ་ཡང་མེད། །མིག་ཀྱང་མི་མཐོང་རྣ་བའང་མི་ཐོས་ལ། །རྟག་ཏུ་ནད་པ་ཇི་བཞིན་མལ་ན་ཉལ། །ལྡང་ཡང་མི་ནུས་སྒུར་རམ་གོག་ཅི་འགྲོ། །ཟས་འདོད་སྐོམ་འདོད་ཀུན་གྱིས་འབོད་ཅིང་ སློང་། །རྒས་པས་ཉམ་ཐག་གཟུགས་ཀྱི་ཕུང་པོ་དེ། །མེ་ལོང་གྲིབ་མ་མཐོང་ན་འདྲེ་བས་འཇིགས། །གནོད་པ་མ་བྱས་མི་བྱེད་བྱེད་མི་འགྱུར། །ཁྱིམ་མཚེས་བྱིས་པ་ཀུན་ཀྱང་ཤི་ན་དགའ། །རྒས་པའི་སྡུག་བསྔལ་འདི་ལ་བཟོད་པའི་གླགས་མེད་དོ། །ཕུང་པོ་འདི་ལ་ན་བ་ཡོངས་ཀྱིས་འོང་། ། ཅི་ན་ཡང་ནི་བཟོད་པའི་གླགས་མེད་དེ། །ཤི་རུ་དོགས་ནས་སྡུག་བསྔལ་ཉམ་ཐག་པས། །ཤ་ལ་མེས་སྲེག་གཏར་ཀ་དབུག་དྲལ་བྱེད། །སྨན་གྱི་རང་བཞིན་ཁ་ལ་བཏུང་དཀའ་ཡང་། །ཤིར་དོགས་ཕན་རེ་དབང་མེད་བརྣག་ཅིང་འཐུང་། །བློ་ལོག་མི་ཡིས་བསྒྱུར་ཀྱང་མི་སློངས་ཏེ། །ནད་ གྲམ་སེམས་རྟེན་སྙིང་ལ་ཀུན་འདུས་ནས། །གནད་གཅོད་ན་བའི་སྡུག་བསྔལ་བཟོད་པའི་གླགས་མེད་དོ། །ཕུང་པོ་འདི་ལ་ཤི་བ་ཡོངས་ཀྱིས་འོང་། །ཕྱོགས་བཞིའི་ངོས་ནས་རི་རྡིབ་ཇི་བཞིན་དུ། །དེ་ལ་ཞུར་མེད་དེ་ལ་གསོལ་དུ་མེད། །དང་པོ་འཆི་བའི་ནད་དེ་བཟོད་གླགས་མེད། ། ཚིག་ཀྱང་འཆོལ་ནས་མིག་ཀྱང་ཁུར་བུར་བྲོས། །རེ་གདུང་བྲེད་དོ་འོ་བྱས་སྙིང་གཏུགས་ནས། །ངུས་ཤིང་གདུངས་ནས་སྨྲེ་སྔགས་མང་པོ་བཏོན། །འཇུས་ཤིང་འཕྱངས་ཀྱང་ཕན་པ་ཅི་ཡང་མེད། །གཤེད་མ་འཆི་བདག་སྲོག་གཅོད་སྙིང་བཅུ་པའི། །སྡུག་བསྔལ་ནང་ན་ཤི་བ་མི་ཕོད་དེ། །ཤི་ ལས་ཐར་པའི་སེམས་ཅན་གཅིག་ཀྱང་མེད། །མེད་པ་བཙལ་གྱིས་མི་རྙེད་སྡུག་བསྔལ་ནི། །ཡུལ་དང་གནས་སྤངས་གཉེན་པོར་ཕྱོགས་བཞིར་བརྒྱུགས། །སྒྱུ་དང་ཟོལ་གྱིས་བསླུས་ནས་འདོད་པ་བཙལ། །ལམ་གྱིས་དུབ་དང་བཀྲེས་སྐོམ་སྡུག་བསྔལ་ཁྱད་བསད་ནས། །ཤ་རུས་བྱེ་བ་ ཙམ་དུ་ཉོན་མོངས་ཐན་བསྐོལ་ཏེ། །ཁྱིམ་དུ་ནམ་ཕྱིན་སྙམ་པའི་ཡིད་ཀྱིས་གདུང་བས་མྱོས། །གལ་ཏེ་རྙེད་པ་གྲུབ་ནས་ཁྱིམ་དུ་ཕྱིན་ན་ཡང་། །འདི་བས་ལྷག་བཙལ་སྙམ་ནས་ཡང་ནི་ཚོལ་ཁྲོའི་ལམ་དུ་ཞུགས། །བཙལ་བ་གྲུབ་པ་དགྲ་དང་ཕྲད་དེ་ཀུན་ཕྱོགས་སྒྲེན་མོར་བཏང་། །རང་ ཡང་མ་བསད་བརྡེགས་ནས་བཏང་བ་འོན་ཀྱང་རིགས་པ་ཆེ། །ཁྱིམ་དུ་ཕྱིན་ནས་བུ་སྨད་དང་ཕྲད་ན་ཡང་ངོ་འཛུམ་གནག །ཆོམ་རྐུན་ལ་སྒུགས་བྱེད་པའང་སྡུག་བསྔལ་ལྷག་པར་ཆེ། །ཚོང་བ་སྒྱུ་ཟོལ་བྲེ་སྲང་སྒྱུར་ཞིང་སླུ་བྱེད་དང་། །མ་བྱིན་ལེན་དང་འཕྲོག་རློམ་བྱེད་དང་འཇབ་བུ་དང་། །མཐུས་ འཕྲོག་ཁྲེལ་དང་བྲལ་བ་ཅི་དགོས་ཡི་དགས་སྐྱེ། །མེད་པ་བཙལ་བ་འདི་ཡང་བཟོད་པའི་གླགས་མེད་དོ། །ཡོད་པ་བཙལ་བས་མི་ཐུབ་སྡུག་བསྔལ་ཆེན་པོ་ནི། །བདག་ཤི་གཞན་གྱི་དབང་དུ་གྱུར་གྱིས་དོགས་པའི་སྡུག་བསྔལ་དང་། །བུ་ཚ་གཉེན་བཤེས་ཤི་རུ་དོགས་པའི་སྡུག་ བསྔལ་དང་། །ཅི་ནས་ཕ་རོལ་མཐོས་ཀྱིས་དོགས་པའི་སྡུག་བསྔལ་དང་། །ནོར་ཕྱུགས་ཤོར་གྱིས་དོགས་པའི་སྡུག་བསྔལ་དང་། །ཉེ་དྲུང་ཤི་ནས་ཕྲད་འདོད་མི་ཕྲད་འདི་ཡང་སྡུག་བསྔལ་གླགས་མེད་དོ། །སྡང་བའི་དགྲ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ་ནི། །བེ་རྒ་མཚོན་གྱིས་ མགོ་ལུས་མེད་པར་བརྡེགས། །ཅི་ཡོད་ཕྲོགས་ནས་རལ་གྲི་རྣོ་རྟུལ་སད། །སྙིང་རྗེ་ཡེ་མེད་དགྲ་དང་ཕྲད་པ་ཡི། །སྡུག་བསྔལ་འདི་ཡང་བཟོད་པའི་གླགས་མེད་དོ། །བྱམས་སྡུག་གཉེན་དང་བྲལ་གྱིས་དོགས་པའི་སྡུག་བསྔལ་ནི། །ཕ་མ་བུ་ཚ་གཉེན་བཤེས་ཕངས་པ་རྣམས། །དབང་ མེད་ལས་ཀྱིས་ཤི་ནས་བྲལ་བའི་ཚེ། །དུས་སྐབས་མེད་པར་མི་བསྐྱུད་སེམས་ལ་དྲན། །གདུང་སེམས་མྱ་ངན་འདི་ལྟར་བསྐྱུད་མཐའ་མེད། །ཕུང་པོ་ཞིག་པ་ཙམ་དུ་མྱ་ངན་ཆེར་བྱས་ཏེ། །ཡོད་དམ་སྙམ་ནས་བརྟགས་ན་ག་ལ་ཡོད་དེ་མེད། །སྲ་ཆས་དམ་དུ་བཅིངས་ནས་ས་འོག་ སྦས་པ་སྟེ། །རུལ་མྱགས་བསྐམས་ནས་ཐལ་བའང་དེངས་པ་ལ། །བརྒྱ་བོས་སྟོང་བོས་རྣམས་ནི་མི་ཐོས་ན། །ད་ཀོ་བྱམས་སྡུག་གཉེན་དང་བདག་ཏུ་ཕྲད་པར་ག་ལ་འགྱུར། །བྱམས་སྡུག་གཉེན་དང་བྲལ་དུ་དོགས་པའི་སྡུག་བསྔལ་འདི་ལའང་བཟོད་པའི་གླགས་མེད་དོ། ། སྡུག་བསྔལ་འདི་བརྒྱད་ལེན་པའི་ཕུང་པོ་ཡིན། །ལྔ་ཕུང་འགྲུབ་པར་བྱེད་པའི་རྩ་བ་དུག་ལྔ་ཡིན། །དུག་ལྔ་རང་དགར་སྤྱོད་པའི་སེམས་ཅན་ནི། །སེམས་ཅན་ལུས་ནི་སྣ་ཚོགས་ཚང་བར་བླངས། །དེ་ཡི་ནང་ནས་གཟུགས་རབ་འཕགས་པའི་རྒྱུ། །མི་ལུས་རིན་ཆེན་བཟང་སྡུག་མཛེས་ ཐོབ་ལྡན། །བཙན་ཕྱུག་བདེ་སྐྱིད་ཐོབ་པའི་སྐྱེས་བུ་ཡང་། །མི་ཚེ་འདི་ལ་དགེ་བ་མ་སྤྱད་ན། །དམྱལ་བ་ཡི་དགས་ངན་སོང་གནས་སུ་ལྷུང་། །རང་ལ་རང་སྡང་རང་སྡུག་བཙོན་རར་ཆུད། །སྡུག་བསྔལ་སྡེ་བརྒྱད་ནང་ན་རྟག་ཏུ་འཁོར་ཞིང་འཁྱམ། །འཕགས་ པ་ཉན་ཐོས་ཡོན་ཏན་སྨོན་པ་ཡིས། །ཕུང་པོ་སྡུག་བསྔལ་དགྲར་མཐོང་སྐྱོན་རྣམས་སྤོངས། །བསྲུང་བའི་ཚུལ་ཁྲིམས་དག་ཅིང་གཙང་བར་གྱིས། །གསུང་རབ་རྒྱ་མཚོ་ཞལ་ཐོན་བར་མ་བཅད། །སྡིག་པ་བྱང་བར་འདོད་ན་རྟག་ཏུ་མཐོལ་བཤགས་གྱིས། །དགྲ་བཅོམ་མོས་པས་སྤྱོད་ པ་གྲུབ་པ་དང་། །བདེན་གཉིས་དོན་རྟོགས་ཐེག་པ་ཆེན་པོ་ཡི། །ཆོས་དང་གང་ཟག་བདག་མེད་རྟོགས་པར་གྱིས། །མཁྱེན་བཞི་སྐུ་གསུམ་གྲུབ་ལ་ཕྱག་འཚོལ་མཆོད། །སྡུག་བསྔལ་བརྒྱད་སྤངས་བདེ་ལ་རྟག་གནས་འགྱུར།། །།སློབ་དཔོན་ཀ་མ་ལ་ཤཱི་ལས་ ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ་རྫོགས་སོ།། ༄། །རྗེ་འབངས་དང་བོད་བཙུན་རྣམས་ལ་སྤྲིང་ཡིག་བཞུགས་སོ།། ༄༅༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བོད་ཀྱི་སྤུ་རྒྱལ་མགོ་ནག་ཡོངས་ཀྱི་རྗེ། ། ཁྲི་སྲོང་ལྡེའུ་བཙན་ཨག་ཚོམ་མེས་ཀྱི་སྲས། །རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དབོན་པོ་ཡི། །སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྐུ། །བྱང་ཆུབ་སེམས་དཔའི་སྐུ་རྒྱུད་གདུང་མ་ཆད། །འགྲོ་དྲུག་ནང་ན་ཤེས་རིག་ཆེ་བའི་མི། །དུག་ལྔ་སྡོང་པོ་རྒྱུད་དྲུག་ཀུན་གྱི་གཞི། །ཁྲི་རྗེ་ཐོག་བཙན་ མན་ཆད་བརྒྱུད་མ་ཡི། །དགེ་བཅུ་ཐང་ཁྲིམས་བཙུགས་ནས་དུལ་བར་མཛད། །རིགས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །འགྲོ་བའི་མུན་པའི་སྐར་ཁུང་དབྱེ་སླད་དུ། །རྒྱ་གར་ཡུལ་གྱི་རྡོ་རྗེ་གདན་སྟེངས་སུ། །སྡེ་སྣོད་གསུམ་པོ་ཤཱཀྱ་ཐུབ་པས་གསུངས། །ཀུན་དགའ་བོ་ལ་ སོགས་པའི་འཁོར་རྣམས་སྨིན། །འཛམ་བུའི་གླིང་གི་སྙིང་པོའི་དབུས་སུ་གྱུར། །བསོད་ནམས་ཆེ་བའི་མཁས་པ་གྲངས་ཀྱིས་སྨིན། །དེ་གསན་ཐུགས་ཀྱི་རུས་པ་བཅས་ནས་ནི། །བསོད་ནམས་ཆུང་བའི་རྒྱལ་ཁམས་སྨིན་བྱའི་ཕྱིར། །འཕགས་པའི་རིགས་ཅན་མ་ལུས་ཀུན་བཙལ་ ཏེ། བཻ་རོ་ཙ་ན་སྐ་བ་དཔལ་བརྩེགས་དང་། །ཀླུ་ཡི་རྒྱལ་མཚན་ཡེ་ཤེས་སྡེ་དང་ནི། །ཨེ་ར་ཨ་རོ་མཉྫུ་ལ་སོགས་ལ། །ནོར་གྱི་དམ་པ་གསེར་དངུལ་དབྱིག་བསྐུར་ནས། །རྒྱ་གར་ཡུལ་གྱི་དམ་ཆོས་ལེན་དུ་བརྫངས། །བོད་ཀྱི་མུན་རུམ་ནག་པོའི་སྐར་ཁུང་ཕྱེ། སྲིད་ཀྱི་ཆབ་སྲིད་ མངའ་ཐང་དགུང་ལ་རེག །བུ་དྡྷ་གུ་ཧྱ་བདག་དངོས་གློ་བ་དགའ། །ཆབ་སྲིད་ཡོ་བ་ཀུན་གྱི་གཞུང་སྲོང་ཞིང་། །སྤྲུལ་པའི་རྒྱུད་མ་ཆད་པའི་ནང་ན་ལྡེ། །ཁྲི་སྲོང་ལྡེའུ་བཙན་མངའ་བདག་ཞལ་སྔ་ནས། །མི་ཆོས་ལྷ་ཆོས་མངའ་ཐང་རྩེ་རུ་ཆིབས། །རིན་ཆེན་འབར་བའི་སྐུ་ཡི་ཕུང་པོ་ ལ། །རླུང་མཁྲིས་བད་ཀན་འདུས་པའི་ནད་ཆེན་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་མ་བཙལ་བར། །འཇམ་དཔལ་དང་ནི་མུ་རི་ཏ་ལ་ཁུམས། ཡས་ཀྱི་ས་ནས་བདག་འདྲ་སྤྱན་འདྲེན་པ། །སྐུ་མཉེལ་ལགས་ཏེ་བདག་ལ་དབང་མ་མཆིས། །འཕགས་པ་འཇམ་ དཔལ་ཞལ་ནས་བོད་ཡུལ་དུ། །ཁྱོད་ཀྱིས་ཕྱིན་ན་སྲོག་དང་འབྲལ་བར་གསུངས། །བདག་ལ་དབང་མེད་ཁྲི་ལན་སྐྱེས་ལན་དུ། །མན་ངག་ཡོ་ག་ཨ་བ་ཏ་ར་བརྫངས། །བང་ཆེན་མི་གཉིས་པོ་ཡི་རྩེད་ལན་དུ། །མངོན་པར་བྱང་ཆུབ་པ་ཡི་ཏན་ཏྲ་བཤད། །ཕྱི་ནང་གཉིས་ཀྱི་ལག་ ལེན་མང་པོ་ཀུན། །གཅིག་ཀྱང་མ་ལུས་དགོས་པ་ཐམས་ཅད་བརྫངས། །གཟིགས་རྟོག་མཛད་ལ་གཞན་དུ་ཤོར་ར་རེ། །བོད་ཀྱི་མི་ནི་སྒྲིན་ལ་ཚོར་སྐྱེན་ཏེ། །མཐོང་བ་ཐམས་ཅད་ལ་འུར་བྱེད་པར་འགྱུར། །ཉེས་དམིགས་ཆ་མེད་དམ་ཆོས་སྟོང་བར་བྱེད། །དམྱལ་རྒྱུ་མང་ཞིང་འབྲས་ བུ་བརླག་པར་འཆིའོ། །ཕྱི་ནང་གཉིས་ཀྱི་ལག་ལེན་སྦ་བར་མཛོད། །རྩེད་ལ་སྐྱེས་ལན་གཉིས་ཀྱིས་འགྲོ་དོན་མཛོད། །ཁྲི་སྲོང་ལྡེའུ་བཙན་ཡས་ཀྱི་ཡང་དབོན་གྱི། །རཀྴ་གཉིས་ཀྱི་བུ་གཉིས་ཕྱོགས་རིགས་གཅོད། །བོད་ཀྱི་རྒྱལ་ཁམས་སྲིད་ཀྱི་མཁར་བུ་ཡང་། །ཞེ་དབོན་ མན་ཆད་སྲིད་མཁར་ཞིག་པར་མཆིའོ། །ཞབས་འདེགས་ཉུང་ཞིང་དམངས་མོ་ཆུང་མར་ལེན། །མཐའ་ཡི་ཁ་བཞི་ཀུན་དུ་གྲོང་སློང་བྱེད། །རྒྱལ་པོའི་དབྱར་ནི་བུས་པའི་རྩེ་འཇོ་འབུལ། །དམངས་མོ་ཚོལ་ཞིང་གྲོང་ཟན་སློང་བར་མཆི། །ཡར་འགྲོ་མར་འགྲོ་འགྲོན་པོ་མཐའ་དག་ དང་། །བཙན་པོ་འཇལ་ཡང་རྒྱལ་ཁམས་མི་བཞིན་དུ། །ངོ་མཚར་མི་ཆེ་ཞེས་ནི་མི་ཕྱོགས་པར། །འགྲོན་པོ་ཇི་བཞིན་རྒྱལ་ཉལ་བྱེད་པར་མཆིའོ། །ཕྱོགས་བཞིར་སྒྱུར་བའི་མཁས་པས་བསྒྱུར་བའི་ཆོས། །རྒྱལ་པོ་སྨོས་ཤིང་ཡོན་ཏན་བརྗོད་པའི་ཕྱིར། ། སྡེ་སྣོད་གསུམ་པོའི་བཀའ་རྒྱུད་མ་ལུས་པ། །མངའ་བདག་ཕྱིར་སྨོས་དཔོན་སྲས་དྲིན་དུ་མཆིའོ། །སྐུ་ཤུགས་ཕྱུང་ལ་བཀའ་རྒྱུད་མ་ལུས་པ། །ལྔ་བཅུ་རྩ་དགུའི་བར་དུ་བསྒྱུར་བ་མཛོད། །དྲུག་ཅུ་ན་ནི་འཇིག་རྟེན་འདས་ནས་ནི། །རྒྱལ་ཁམས་གཞན་དུ་སྐྱེ་བ་བཞེས་པར་ མཆིའོ། །འགྲོ་བ་རིས་དྲུག་མཐོ་དམན་གར་སྐྱེ་བ། །རང་བྱུང་རིག་པའི་རྒྱལ་པོ་རང་དབང་ཆེ། །རྫས་ཀྱི་ཤེས་པ་ཤེས་པའི་ནང་ན་དབུལ། །སེམས་ཀྱི་མཚན་ཉིད་ཤེས་པ་ཕྱུག་ཅེས་མཆིའོ། །དེ་ཕྱིར་སེམས་ཀྱི་མཚན་ཉིད་ལེགས་པར་རྟོགས། །སེམས་ནི་ཁང་སྤྲེའུ་གློག་སྟེ་རིས་ དྲུག་རྒྱུ། །མཐོ་དམན་གར་འགྲོ་རང་སེམས་ཉིད་དབང་ཆེ། །ལེ་ལོ་མ་མཛད་རང་སེམས་ལྟས་ཞེས་མཆིའོ། །གྲོས་ཀྱི་གདམས་ངག་མན་ངག་བསྟན་པ་ནི། །རྒྱལ་པོ་ཉུང་ན་བྲིན་ཕྱིར་ཁབ་གཞིས་སྐྱུངས། །བཙུན་མོ་གཅིག་ལ་དང་དུ་བཞེས་པ་ནི། །འཕྲ་མིག་གཡུས་སྤྲས་ བརྒྱན་ཅིང་མཛེས་པ་དང་། གཅིག་སེམས་གཅིག་ལ་ཆགས་ཤིང་ཤ་ཚ་མཆིའོ། །སྲིན་བུ་གདོང་དམར་བོད་ཀྱི་རྒྱལ་ཁམས་མི། །དམ་ཚིག་ཉམས་ཤིང་མནའ་ལ་མི་འཛེམ་ལ། །ཤེས་པ་རགས་ཤིང་ཁོང་བརྣགས་ཆུང་བ་ཡིས། །སྔར་བྱས་ཁྱད་དུ་གསོད་པར་འོས་ཞེས་ མཆིའོ། །བསོད་ནམས་ཆེ་བར་དཔག་བསམ་ཤིང་བུ་འཁྲུངས། །བསོད་ནམས་ཆུང་བའི་བོད་ཀྱི་རྒྱལ་ཁམས་སུ། །ཤིང་བུ་ཏ་ལ་ཕྱིས་མི་སྐྱེ་བ་འཁྲུངས། །ཤིང་ལ་གནོད་ཀྱིས་འཆད་པ་ཤོལ་ཅིག་མཆིའོ། །གཙུག་ལག་ཁང་དང་མཆོད་རྟེན་ཁང་བཟངས་རྣམས། །སྡིག་ པ་ཀུན་ལ་གནོད་དེ་ལས་རྨང་ཡིན། །དམ་ཆོས་བསྒྱུར་བ་ཞུ་ཐུག་དག་ཏུ་མཛོད། །ལན་ཅིག་དུས་སུ་ཚད་མར་བྱེད་པར་མཆིའོ། །རྒྱལ་པོའི་རང་བཞིན་གཞན་དང་སྨྲ་མི་བྱ། །ཟུགས་ཐུབ་གཟོབས་ལ་རབ་ཏུ་བརྟན་པར་མཛོད། །ཐུགས་ཆེན་ནང་བློན་དཔའ་བའི་མི་རྣམས་ ལ། །དགོས་དོན་གཅེས་སྤྲས་ལྷུག་པར་སྨྲོས་ཤེས་མཆིའོ། །སྲིད་ལ་གནོད་པའི་གྲོས་ནི་མི་སྙན་བོར། །ཁེངས་པར་མི་བྱ་ཞི་དུལ་བསྐྱར་ཞིང་སྨྲ། །གཙིགས་དང་བྱ་དགའ་བློན་པོ་རྣམས་ལ་ནི། །ཧ་ཅང་མ་ཆེ་རན་ཙམ་བྱ་ཞེས་མཆིའོ། །བློན་པོའི་འདོད་པ་ཆུ་བཞིན་མི་ བཟད་པས། །སྲིད་ཀྱི་མཁར་ནི་འཇིག་པའི་ཉེས་མཆིས་ཏེ། སྲིད་ཀྱིས་གལ་ལ་བབ་པའི་དུས་ན་ནི། །སྲས་ལ་མི་ཕངས་སྡིག་ལ་མི་འཛེམ་མཆིའོ། །བསྒྱུར་བ་མི་བླ་སྙན་ཁུང་བསྐྱེད་པ་དང་། །ཕྱེད་ཙམ་ཁྱད་དུ་ཁུམས་ལ་རྣ་ལ་བཟོད། །སྲིད་ཀྱི་ཆུ་མཐའ་རྟོག་ཅིང་ཟད་མི་ ཤེས། །དཀོན་མཆོག་གསུམ་ནི་སྤྱན་ལྟར་མཛོད་ཅེས་མཆིའོ། །ཐེག་པ་ཀུན་ལ་འཇུག་སྒོ་རེ་རེ་སྟེ། །ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱི། །གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་བཞེས། །བཀྲི་བའི་དོན་དུ་ཀུན་ལའང་སྤྱད་ཚུལ་བསྟན། །རྡོ་རྗེ་ཐེག་པ་དང་དུ་བཞེས་མཆིའོ། ། མཐའ་ལྷོ་བལ་རིགས་ཤེས་པ་ཡོད་པ་ལ། །ཡིད་ཆེས་མ་མཛད་བོང་སོ་བཞུགས་གནས་རྣམས། །ཀུན་དུ་མ་སྤོང་ཕུང་བའི་ཉེན་མཆིས་ཏེ། །ཅལ་ཅོལ་མ་མཛད་ཅོ་གེ་བཞུགས་ཞེས་མཆིའོ། །བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ། །འདོད་ཆགས་རང་བཞིན་ཕྱི་ཕྱིར་ འདོད་པའི་ཕྱིར། །ཐུགས་ཀྱིས་ཁུག་ལ་ཧ་ཅང་སྤྱད་མི་བྱ། །ང་ཁྱོད་སྲེ་ཞིང་མཐོ་དམན་མེད་པར་མཆིའོ། །ཡིད་ཆེས་མེད་པར་དགོས་དོན་བསྒྲུབ་མི་བྱ། །ཟས་ཀྱི་སྦྱོར་ཤོམ་ཞིམ་པོས་དགོས་མི་བསྟེན། །ཞེ་སས་ཕྱོགས་པའི་འབངས་ལ་ཉེ་རིང་མེད། །གཞན་གྱིས་མཐོང་བར་མ་ཡིན་གྲོང་གཞན་ དུ། །གཉེན་པོས་བདག་ཀྱང་འགྲོ་བར་མི་མཆིའོ། །རྒྱལ་པོའི་རང་བཞིན་རྒྱ་མཚོའི་ཆུ་ལྟ་བུ། །ཞ་ལག་ཕྱོགས་བཞིར་རྒྱས་ནས་སླར་ཡང་འདུ། །རྒྱལ་པོའི་རང་བཞིན་དེ་བཞིན་ཡོངས་ཀྱིས་བསྒྲུབ། །རྒྱ་མཚོས་ཀུན་སངས་ཆོས་ཀྱིས་འགྲོ་དྲུག་སྤོངས། །ཞ་ལག་ཕྱོགས་བཞིར་དོན་བྱེད་ སྐུ་གདུང་རྙེད། །སོ་སོ་སྣང་ཡང་སླར་ལ་འདུས་བཞིན་དུ། །རླན་གྱིས་མྱུ་གུ་སྐྱེད་བཞིན་གྲོས་རྒྱ་བསྐྱེད། །ཆུ་ཡིས་འབྲས་བུ་བསྒྲུབ་ལྟར་དམ་ཆོས་བསྒྲུབ། །རྒྱ་མཚོ་མ་གཡོས་བཞིན་དུ་གཡོ་མི་བྱ། །ཆུ་ནི་མཉེན་པ་བཞིན་དུ་ཁོང་མཉེན་བྱ། །རྒྱ་མཚོ་གཏིང་དཔག་དཀའ་ བཞིན་ཚོད་མི་གཟུང་། །ཆུ་ཆེན་བཟློག་ཐབས་མེད་བཞིན་སྲིད་ལ་བྱ། །རྒྱ་མཚོ་ཀུན་ལ་ཁྱབ་བཞིན་དང་ལག་བསྐྱེད། །ཆུ་འཐུངས་ངོམས་པ་བཞིན་དུ་གཞན་ངོམས་བྱ། །རྒྱ་མཚོས་ཆུ་རྣམས་སྡུད་བཞིན་འཁོར་རྣམས་བསྡུ། །ཆུར་ནི་གཟུགས་བརྙེན་གསལ་བཞིན་ གསལ་བར་བྱ། །རྒྱ་མཚོ་ཡོན་ཏན་ཇི་ལྟར་ལྡན་པ་བཞིན། །རྒྱལ་པོ་གཅིག་གི་སྐུ་ལ་ལྡན་གྱུར་ན། །སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་མངའ་བདག་རྒྱུད། །མགོ་ནག་ཡོངས་ཀྱི་རྗེ་རུ་བསྐོས་ཞེས་མཆིའོ། །འོལ་བྱུང་གདམས་ངག་སྤྱན་སྔར་བརྫངས་པ་འདི། །མངའ་བདག་རྒྱལ་པོའི་མུན་པའི་ སྐར་ཁུང་མཛོད། །དུས་མིན་རྟག་ཏུ་ཐུགས་ལ་གདགས་པར་ཞུ།། །།བློན་པོ་རྣམས་ལ་བརྫངས་པ། །ཁོང་དལ་སྨྲས་པ་བཙན་ན་བློན་པོས་རབ་ཏུ་ཆུད། །བུད་སྲིད་ཁྱེ་འབྱིན་མི་ཡི་ཁོང་བརྣ་ཡིས། །སོ་ནམས་རྒྱ་ཡིས་ཆོད་ན་ཀུན་ཀྱང་དྲག་པར་འགྱུར། །དྲང་འཇམ་མིག་ཐག་ བྱེད་ན་སྲིད་མཐའ་ཡིན། །མཁས་བཙུན་སྔགས་པ་ཁྱད་དུ་མི་གསོད་བུ་ཚའི་གཏེར། །ཁོང་གདུག་ཁ་འཇམ་བྱེད་པའི་བློན་པོ་འཇིགས། །འོ་བྱམས་བན་དེ་འཁུར་བའི་བློན་པོ་ཆོས་དང་ལྡན། །ཀུན་ལ་སྙོམས་པར་ཟས་ཀྱིས་བསྟེན་པ་གཞན་ལ་བྱམས། །དུལ་ཞིང་གཏང་བ་ཐུབ་པའི་མི་ནི་ གྲོགས་པོར་བཙལ། །འཕྲལ་དུ་ཁྲོས་པ་ལན་མི་ལྡོན་པ་དགྲར་མི་བྱ། །དགྲ་ཐབས་ཟབ་མོ་དགྲ་ལ་བྱས་པ་རང་ལའོ། །ཉེ་དཔུང་མ་བཤིག་གཅིག་ཏུ་བསྡུས་ན་དགྲ་ཡང་འཇིགས། །བློ་གཏད་མི་ལ་བུ་བཞིན་བརྟན་པར་བྱེད་པའི་མི་ནི་བརླིང་པོ་ཡིན། །ཁ་ཚགས་དམ་ལ་ཟས་སྒོ་ ཡངས་ན་ཡུལ་མིས་རྩི། །ཕུར་མའི་མི་ལ་སྤྱི་ཆེད་དང་དུ་བླངས་ན་སྨྲས་པ་ཉན། །ཡོན་ཏན་ཅན་གྱི་མི་ལ་བཀུར་སྟི་བྱས་ན་བསོད་ནམས་ཆེ། །ཤེས་རབ་ཅན་གྱི་མི་ལ་བསླབ་སྦྱང་བྱས་ན་མཁས་པར་འགྱུར། །དགའ་བའི་མི་ལ་གཅམ་པར་ཕབ་ནས་སྨྲས་ན་ཁོང་བློ་གཏོད། །ཆུང་ མ་ཇི་ལྟར་མཛངས་ཀྱང་གྲོས་བློ་གཏིང་མི་གཏད། །སྐྱེས་བུ་ཀུན་དུ་གྲགས་པ་ཐ་ཤལ་ཆེ་ན་ཉམས། །ཅི་ལ་འང་ཚོད་ཟིན་སྒྲིན་ཁར་མི་འདོར་རང་ལུགས་བྱེད་པ་བཟང་། །སྔར་བྱས་འགྱོད་པ་མེད་པར་ཤེས་ན་མི་ཡི་བློན་པོ་ཡིན། །དགྲ་ཐབས་མཁས་ལ་རལ་ཀ་བྱེད་པ་བློན་པོ་ དཔའ་བོ་ཡིན། །ཁ་འཇམ་ཆེ་ལ་ཁང་བ་རྣ་ཆུང་བའི་མི་ལ་བློ་མི་གཏད། །བསྐོན་ཐོས་རྣ་གཟོད་གཡོས་པ་མེད་ན་གདེང་པོ་ཆེ། །ཕ་མ་དཀོན་མཆོག་ཕུད་དུ་ཁུར་ན་རང་གི་ལྟང་། །ངན་པ་རྣམས་ལ་ཞེ་སས་ཕྱོགས་ན་དམན་པའི་གཞི། །དགྲ་ལ་སྲན་དུ་འཛུགས་ན་ཕྱིས་དགྲ་འཇིགས། ། ཁོང་བརྣ་ཆུང་བའི་མི་ལ་གཉེར་མི་གཏད། །ཆུང་མ་མདོག་སྡུག་ཕོ་དང་ཆེ་བ་བླང་མི་བྱ། །སྒེའུ་སྲེས་གུད་དུ་བྱེད་པའི་ཆུང་མ་གཤིན་པའི་རྟགས། །ངག་འཇམ་ཁོང་ཡངས་སྨྲ་བ་བཙན་དེ་ཞི་ན་མཛངས། །དཔའ་ཞིང་ཕྱོགས་ཆེ་བློ་གཏད་ཐུབ་པ་ཕོ་ཞེས་བྱ། །ཚིག་མཁས་དགྲ་ལ་གནག་ན་ གཉེན་གྱི་རག་འཇིགས་ཆེ། །མི་དོན་བྱེད་པ་རང་དོན་བཞིན་དུ་འབད་ན་གཡོ་སྒྱུ་ཆུང་། །རང་དོན་བཞག་ནས་མི་དོན་བྱེད་པ་ངོ་མི་རྟག །ངོ་དགའ་རྨ་ཞིང་ཁ་རྔམ་ངོ་མི་རྟག་ན་ཁྱོ་གའི་མོ། །འཇམ་ལ་གྲོས་གལ་གཅོད་ཞི་བཙན་ན་གྲོས་ཟླ་བྱ། །དཔའ་ལ་གཉིད་ཆུང་ལག་པ་གཙང་བས་ལམ་ གྲོགས་བྱ། །ཉེ་རིང་གང་དུ་འགྲོ་ཡང་གྲོགས་དང་འགྲོགས། །སྤྲོ་རིང་ཁ་ཚགས་དམ་པའི་འཁོར་རེ་སྐྱིད། །ཕ་ཁུ་བཟང་པོའི་བུ་ཚ་ངན་པ་ཕོས་ཚིག་ཆེ། །འཕྲལ་དུ་ཁོང་གྱོད་ང་རོ་ཆེ་བའི་མི་དང་འགྲོགས་པ་བྱུར། །ཕ་ཚན་བཟང་པོའི་གསེབ་ཏུ་སྐྱེས་པའི་ངན་པ་རང་མཐོང་ཆེ། །ཁ་དམན་ ཁྱིམ་མཚེས་ཀུན་ལ་སྡང་བའི་མི་ནི་གླང་། །མནའ་མ་རྣམས་དང་འཁོན་པར་བྱེད་པའི་བཤལ་ཐག་ཡིན། །ངན་ལས་བུ་ཕོས་བྱས་ན་གྲོས་རེ་ཁུག་པ་རེ། །ཕར་ངན་བུ་རུ་ངན་ན་གྲོས་མཇུག་འཐབ་མོས་བྱེད། །སྔོན་དུ་དཔའ་བོ་ཐོད་རྒལ་བྱས་ན་སྐྱེས་བུར་འགྱུར་ཏེ་དགྲ་ཡང་རྩི། །མི་བཙན་བརྫུན་དུ་ སྨྲས་པའི་ཚིག་མི་བཙུན། །སྨྲ་མི་ཉན་པའི་ནང་དུ་སྨྲ་བ་བླུན་པ་མ་ཡིན་ནམ། །རང་ཤེས་ཆུང་བ་ཡོན་ཏན་ཅན་ལ་སྨོད་པ་ངན་པ་ཡིན། །ཕ་མེས་ཡོན་ཏན་སྨོས་ཤིང་རང་སྤུ་ངན་པ་ལོ་ཉེས་ཡིན། །ཁོང་གྱོད་གཉེན་ལ་སྡང་བ་བུ་ལོན་ངན་པ་བྱོལ་སོང་ཡིན། །བྱས་པ་མེད་པར་རང་མཐོང་ཆེ་བ་ གླེན་པ་ཡིན། །བཅོལ་བ་མེད་པའི་ལས་ལ་འཇུག་པ་སྨྱོན་བ་ཡིན། །ཟས་ངོར་འཁྲུག་ལྡན་བྱེད་པ་ཕུང་བ་ཡིན།། །།སྒོམ་ཆེན་རྣམས་ལ་བརྫངས་པ། །ཚུལ་ཆོས་མི་བྱ་ཤེས་པའི་ས་མི་གཟུང་། །སྡེ་སྣོད་གསུམ་པོ་ཀུན་ལ་ལྟ་རྟོག་བྱ། །བལྟས་པའི་ཚིག་ལ་མི་བརྟག་དོན་ལ་ དཔྱད། །ལུང་ལ་མཁས་པའི་སློབ་དཔོན་རྣམས་དང་འགྲོགས། །སྒོམ་ཆེན་ཡིན་ཞེས་ཕུག་ཏུ་ཡོང་མི་འདུག །ཡིད་ཆེས་མེད་པར་བསྒོམ་པར་ཚུལ་མི་བཅོས། །ཐེ་ཚོམ་བཅད་ཅིང་མཁས་པའི་ཞལ་ཡང་ལྟ། །ཐེ་ཚོམ་ཆོད་ཅིང་བློ་ལ་སྣང་བ་དང་། །སྒོམ་པའི་གོལ་ སྒྲིབ་ཆོད་ཅིང་དོན་ཤེས་ཤིང་། །རུས་སྦལ་ཁོ་གོར་ནང་ན་འདུག་པ་དེ། །བརྐྱང་བསྐུམ་འདུག་འགྲོ་གཞན་གྱིས་མ་མཐོང་ལྟར། །འཁོར་གྱིས་སླེབས་པར་མ་ཡིན་དབེན་པར་འདུག །སྙིང་པོ་དོན་ལས་ཉིན་མཚན་འབྱུང་མི་བྱ། །ཆུང་མ་གཤིན་ཡང་བསྒོམ་གཡོག་བྱ་བ་མིན། །འདུ་ ལོང་ངན་པར་འཁོར་དུ་བསྟེན་མི་རུང་། །རང་སེམས་དཔང་དུ་བཙུགས་ལ་ཡེངས་མི་བྱ། །གཡེང་དང་བྱིང་རྨུགས་ཡོང་ཞིག་ཡོད་གྱུར་ན། །ཚུལ་འཆོས་མི་བྱ་བླ་མ་རྣམས་ལ་དྲི། །ཐམས་ཅད་མཉམ་པའི་སྙིང་པོར་གྱུར་པའི་རྟགས། །ཅི་ལའང་ཆགས་ཐོགས་མི་མངའ་མཉམ་པར་ འགྱུར། །དེ་འདྲའི་སྒོམ་ཆེན་སངས་རྒྱས་རྣམས་དང་མཚུངས། །དུས་མིན་རྟག་ཏུ་སེམས་ལ་གདམས་ངག་འདི། །སྒོམ་ཆེན་རྣམས་ཀྱི་སེམས་ལ་ཤར་བར་སྨོན།། །།སྤྱིའི་བན་དེ་རྣམས་ལ་བརྫངས་པ། །མི་དགེ་བཅུ་སྤངས་དགེ་བ་བཅུ་ལས་ནི། །ལུས་ངག་ ཡིད་གསུམ་དུས་བཞིར་གཡོ་མི་བྱ། །དམ་ཆོས་ཟབ་མོའི་ཕྱིར་ནི་སྲོག་གིས་བོར། །མཁས་སུ་རེ་ཞེས་ཤེས་པའི་ས་མི་གཟུང་། །བདག་གིས་ཤེས་ཀྱང་ཐེ་ཚོམ་གཞན་ལ་དྲི། །ཆོས་ཀྱི་སྲིད་པ་ས་གསུམ་སེམས་པ་བཞིན། །ངོམས་པར་མི་བྱ་ཤེས་རབ་གསུམ་གྱིས་བསླབ། ངེས་ པ་རང་ལ་མེད་པར་གཞན་མི་བསླབ། །བསྲུང་བ་རྣམ་གསུམ་ཞིང་ཚིགས་བཞིན་དུ་བསྲུང་། །རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ལྟར་བཀུར། །མན་ངག་ཟབ་མོ་མིག་གི་འབྲས་ལྟར་བཙའ། །ཐེག་པ་ཀུན་ལ་མཁས་ཀྱང་གསང་ཐེག་ལ། །གཞན་ཤེས་དེ་ལ་མ་འབྱོར་བན་དེ་ནི། །ཐེག་གཞན་ ཤེས་ཀྱང་གསང་ཐེག་མ་འབྱོར་ན། །གསེར་འདོད་བོང་བ་རྙེད་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་སྐྱེ་རྒྱུད་མ་ཆོད་པར། །བཙུན་པར་སྐྱེ་རྒྱུད་གཅོད་པ་སྙིང་རེ་རྗེ། །ཉོན་མོངས་མ་སྤངས་བཙུན་པ་གཉིས་མི་འཕྲུགས། །ས་བོན་རུལ་བའི་འབྲས་བུ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་ དུག་སྡོང་མ་བསྒྱེལ་བར། །སྒུར་ནས་ལྷ་ཕྱག་འཚལ་བ་སྙིང་རེ་རྗེ། དུག་སྡོང་མ་བསྒྱེལ་ཟབ་སྲུང་གཉིས་མི་འཕྲུགས། །སྐྱེར་ཚེར་དར་གྱིས་ཕུར་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དབྱིངས་སུ་མ་བསྐོར་བར། །མཆོད་རྟེན་བསྐོར་བ་བྱེད་པར་སྙིང་རེ་རྗེ། །ཆོས་དབྱིངས་མ་མཐོང་བསྐོར་ བ་གཉིས་མི་འཕྲུགས། །མར་འདོད་ལྷ་ཁང་ཁྱིས་བསྐོར་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་རྣམ་པར་མ་དག་པར། །གདོང་བཀྲུས་ལག་པ་བསྙལ་བ་སྙིང་རེ་རྗེ། །རྣམ་པར་མ་དག་འཁྲུ་བ་གཉིས་མི་འཕྲུགས། །བྲེ་ཀ་ནས་ཀྱིས་བཅད་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་ཞི་བར་མ་བྱས་ པར། །ཆོས་ཉིད་ཞི་བར་ལྟ་བར་སྙིང་རེ་རྗེ། །ཞི་བར་མ་བྱས་ལྟ་བ་གཉིས་མི་འཕྲུགས། །ཆར་མ་གནམ་སྡོད་ལྗོང་བུ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་མགོ་བོ་མ་བྲེགས་པར། །མགོ་ཟླུམ་དཔུང་ཟླུམ་བྱེད་པ་སྙིང་རེ་རྗེ། །ཉོན་མོངས་མ་བྲེགས་མགོ་ཟླུམ་གཉིས་མི་འཕྲུགས། །མུན་ གནག་ནང་ན་རྫས་ཚོལ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དུལ་བར་མ་བྱས་པར། །ཕ་རོལ་དགྲ་དཔུང་འཇོམས་པ་སྙིང་རེ་རྗེ། །དུལ་བར་མ་བྱས་དགྲ་འཇོམས་གཉིས་མི་འཕྲུགས། །རི་གཟར་རྦབ་ཤོར་འཛིན་པ་ཇི་བཞིན་ནོ། །ཆོས་ཉིད་ཟབ་མོ་ལྟ་བས་ཀློང་དུ་བྱ། །སྤྱོད་པས་འགྲོ་དོན་ བསམ་གཏན་རྒྱུན་མི་བཅད། །ཡེ་ཤེས་རལ་གྲིས་སྐྱེ་རྒྱུད་གཅད་པར་རིགས། །ཉོན་མོངས་ལྔ་པོས་ལྡང་བ་གནས་སུ་བསྟིམ། །ཡང་ལྡང་ཡང་ལྡང་བྱེད་ན་ཆོས་ཉིད་བསམ། །མཉམ་པའི་དོན་ལ་བསམ་བའི་གཏན་ལ་གཞུག །རང་དབང་མེད་པར་གཞན་དབང་བསྐུར་མི་བྱ། །དུས་ གསུམ་ཆོས་ཀྱི་མཚན་ཉིད་བློ་ལ་གཞག །གསང་སྔགས་ཟབ་མོ་གྲོང་ཡུལ་མི་ལ་ནི། །བསྟན་པར་མི་བྱ་རྔ་དྲིལ་ཡང་མི་བརྡུང་། །ཡས་ར་ཡས་ལུག་མཁས་ཞེས་གསད་མི་བྱ། །ཕོ་མོ་མང་པོའི་ནང་དུ་སྒྲུབ་པ་བྱེད་པར་ཁྲེལ། །ཟས་ནོར་གསང་སྔགས་ཟབ་མོ་ཡོན་དུ་འཚོང་བ་སྨྱོས། ། གསང་སྔགས་བསམ་གཏན་ཡི་དམ་ཉིད་དུ་ཉོ་ཚོང་བྱེད་པ་མེད། །བན་དེའི་རང་བཞིན་གྲོང་གི་དབུས་མི་འདུག །ཚོང་ལ་མི་བཟའ་སྡིག་པའི་རྨང་གཞིར་འགྲོ། །ཕོ་བླ་མི་བྱང་ཆུང་མའི་དད་ཀྱང་སྐྱུངས། །བེའུ་མང་པོ་མི་བསྲེལ་སྡིག་པའི་རྒྱུ། །ཉིན་མཚན་མེད་པར་འགྲོ་དོན་བྱེད་འདོད་ པས། །རང་སེམས་དག་ན་འདོད་པའི་དོན་ལ་སྒྲུབ། །མི་ནག་སྐྱེ་བོ་མང་པོའི་འགྲོ་དོན་ཡང་། །ཚོད་ཡོད་མི་བྱ་བསམ་གཏན་ཉིད་དུ་བྱ། །འདི་རྣམས་མ་ནོར་ཤེས་པ་བན་དེ་ཡིན། །ཉིན་རེ་བཟླས་པ་མི་གཅད་སྐྱོ་དུབ་ཀྱང་མི་བྱ། །རྩེ་གཅིག་དང་དུ་བླངས་ལ་བྱ་བ་ཡིན། །མཁས་ པའི་རང་བཞིན་དོན་ལ་མཁས་པ་ཡིན། །ཚིག་ལ་མཁས་པ་ནེ་ཚོ་ཚིག་ཟློས་མཁས། །རྩེ་གཅིག་ཡང་དག་བདེན་པའི་རླུང་ལས་ནི། །རང་སེམས་དཔང་དུ་བཙུགས་ལ་ཉམས་མི་བྱ། །ཉིན་མཚན་མེད་པར་ཆོས་ཀྱི་དོན་ལ་ནི། །དུས་གསུམ་འདུ་འབྲལ་མེད་པར་ཏིང་འཛིན་བྱ། །ཤེས་པ་ཆེ་ ཡང་མཁས་པའི་ས་མི་གཟུང་། །རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་བཞིན་དུ། །ཁུར་ཞིང་རྩེ་གཅིག་ཡི་དམ་ཉིད་དུ་བྱ། །དེ་དང་མི་འབྲེལ་བརྩེ་གདུང་ཚེ་མར་འགྲོགས། །བདེན་པ་སྟོན་པའི་རྡོ་རྗེ་སློབ་དཔོན་ནི། །མིག་གི་འབྲས་ལྟར་བཀུར་བའི་རང་བཞིན་ལ། །གཡོག་འཁོར་ངན་པ་སློབ་དཔོན་ སྤོང་བྱེད་པ། །ཉན་བྱེད་མི་དེ་བླུན་པོ་སྤྲེའུ་ཞེས་བྱ། །འདི་རྣམས་བདག་གིས་མདོ་ཙམ་བསྟན་པ་འདི། །བོད་ཀྱི་རྒྱལ་ཁམས་བན་དེའི་སེམས་ལ་ནི། །གདམས་ངག་འདི་ནི་ཀུན་ལ་ཤར་བར་སྨོན།། །།སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ ལྡེའུ་བཙན་རྗེ་འབངས་དང་། བོད་བཙུན་རྣམས་ལ་བརྫངས་པའི་སྤྲིང་ཡིག་གོ།། ༄། །དད་སྐྱེད་སྒྲོན་མ་བཞུགས་སོ།། ༄༅༅། །སེམས་ཅན་དམ་པའི་ཆོས་ལ་དད་པ་སྐྱེད་མཛད་པའི། །དད་པ་སྐྱེད་མཛད་བླ་མ་དམ་པ་དང་། །མོས་པས་ཡོན་ཏན་འབྱུང་ བའི་དཀོན་མཆོག་ལ། །བདག་ཉིད་གུས་པས་དེ་ལ་ཕྱག་འཚལ་ལོ། །ཞེ་སྡང་མེ་ཡིས་རང་གི་རྒྱུད་བསྲེགས་ཤིང་། །གཏི་མུག་མུན་པས་ཤེས་རབ་དམིགས་བུ་ལྡོངས། །འཁོར་བའི་གཡང་སར་ལྷུང་བས་སྡུག་བསྔལ་རྒྱུན་མི་འཆད། །འཁོར་བའི་བཙོན་རར་བཟུང་ཞིང་ལྕགས་ བཅུག་པའི། །མ་འོངས་སྐྱེ་བོའི་དོན་དུ་བདག་གིས་བརྩམ་པར་བྱ། །བདག་གི་རྒྱུད་ལ་ལེགས་པར་ཚུར་བལྟས་བས། །མི་ལུས་འདི་ནི་ཤིན་ཏུ་ཐོབ་པར་དཀའ། །གྱང་ངོས་སྲན་མ་གཏོར་བ་གཅིག་ཆགས་སྲིད། །ཐམས་ཅད་ས་ལ་ལྟུང་ནས་སོང་བ་ལྟར། །མི་ལུས་ཐོབ་དཀའ་ སེམས་ཅན་གྲངས་ལ་ལྟོས། །རྒྱ་མཚོ་གཅིག་ནས་གཉའ་ཤིང་བུག་པ་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ནས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །སྦྱིན་ནོར་འདྲ་བའི་མི་ལུས་འདི་ཐོབ་ཚེ། །འདི་ལ་ཕན་པའི་ ཐར་པ་མ་བསྒྲུབས་པར། །ཕྱིས་ནི་དལ་འབྱོར་ཕུན་སུམ་ཚོགས་པ་འདི། །ཐོབ་པར་དཀའ་བའི་ཚེ་འདི་ཆུད་མ་གསན། །འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །ཐར་ལ་མི་མོས་སྡིག་ལ་དགའ་བ་སྐྱེ། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་བྱེད། །དམའ་ལ་ ང་རྒྱལ་བསྟོད་ན་དྲེགས་པ་སྐྱེ། །མི་སྙན་བརྗོད་ན་ཁོང་ནས་འཁྲུག་པར་འགྱུར། །རང་དོན་ཐར་པ་རྒྱབ་ཏུ་བོར་བྱས་ནས། །འཁྲུལ་དོན་བུ་དང་ནོར་ལ་བདག་ཏུ་འཛིན། །སྐྱབས་པའི་ཆོས་བཞག་ཐར་པའི་ལམ་སྣ་བོར། །སྡུག་པའི་མི་ཆོས་གླེན་པའི་བུ་ནོར་སོག །ཇི་ཙམ་སྡིག་ལ་ བསྡོས་ནས་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་འཁུར། །བསགས་པའི་ནོར་ནི་ཁོ་བདག་བུ་ཚ་ཁྱེར། །རོ་དང་མཚུངས་ཀྱང་བདག་ཉིད་བཟང་པོར་འཛིན། །འཁོར་བའི་བཙོན་རར་ཚུད་ཀྱང་འབྲོས་བསམ་མེད། །ཕྱི་ན་རྟེན་མེད་ཟས་ནོར་བུ་ལ་ཆགས། ། དད་ལྡན་ཕ་མའི་གདུང་སེམས་རྩད་ནས་བྲལ། །བདག་ནི་སྟོབས་བཟང་གཞན་ནི་དྲེགས་པ་འཇོམས། །གཞན་གྱི་ནོར་དང་རྫས་ལ་ཆགས་པ་སྐྱེ། །མ་བཅོལ་གཞན་ལ་གནོད་པའི་ཁ་གཏོགས་ཟེར། །ཉན་བཤད་དུས་ན་བསམ་པ་ལོགས་སུ་གཏོང་། །དཀོན་མཆོག་མཐོང་ན་སྐྱོན་མེད་ གཤེ་ཚིག་སྨྲ། །སེམས་ཅན་མཐོང་ན་ཞེ་སྡང་གསོད་སེམས་སྐྱེ། །འདི་ལ་སྐྱིད་ན་ཕྱི་མ་སྡུག་མོད་ཟེར། །དེ་དང་ལྡན་པའི་སེམས་ཅན་སྐྱེ་བོ་དེ། །མི་ལུས་ཆུད་གསན་ཨད་ཙ་སྙིང་རེ་རྗེ། །གླིང་མཆོག་བཞི་ན་འཛམ་གླིང་འདིར་སྐྱེ་དཀའ། །འདི་ན་སེམས་ཅན་གྲངས་མང་གནས་པ་ལ། ། མི་ལུས་འདི་ནི་ཤིན་ཏུ་ཐོབ་དཀའ་ན། །འོན་ལོང་ཞ་བོར་གྱུར་ཀྱང་ཆོས་སྤྱོད་དཀའ། །སྒྲོ་སྐུར་མེད་པའི་ལུས་ཐོབ་གཞོན་པའི་ཚེ། །དམ་ཆོས་མི་སྤྱོད་མི་ལུས་ཆུད་རེ་གསན། །གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བྱེད་པ་དེ་བས་ཀྱང་། །གང་ཞིག་མི་རུ་ སྐྱེས་ནས་སྡིག་པ་དག །བྱེད་པ་དེ་དག་རབ་ཏུ་བླུན་པ་ལགས། །ན་དང་རྒ་དང་འཆི་བའི་དུས་བྱུང་ན། །མི་ལུས་ཆུད་གསན་འགྱོད་ཀྱང་ཕན་པ་མེད། །དཔེར་ན་ཟོན་མེད་དགྲ་ཕྱོགས་ཕྱིན་པའི་ཚེ། །དགྲ་ཡིས་ཟིན་ནས་འགྱོད་པའི་འབྲས་སེམས་སྐྱེ། །སྐྱེས་ཀྱང་ཕན་ མེད་བདག་གིས་མི་ཐར་ན། །དེ་འདྲ་དེ་བས་ཆོས་ལ་འབད་པར་རིགས། །ཕྱིས་འཇིགས་དོགས་ནས་སྔོན་དུ་མཁར་དཔེ་རྩིག །ཕྱི་མ་ངན་སོང་འཇིགས་ནས་སྔོན་དུ་སྤྱོད། །ལོ་དུས་སུ་ནི་དར་ཅིག་མི་སྡོད་ན། །ནམ་ལ་ཡོད་དེ་ཚེ་ལ་ལོང་མེད་དོ། །ལོ་ཟླས་འདས་ཤིང་འཆི་དང་ཕར་ཕར་ཉེ། །རང་ གི་ཚེ་ནི་གད་ཁའི་ཤིང་པུ་འདྲ། །འཆི་བདག་བདུད་ནི་གད་རྩིའི་ཆུ་བོ་འདྲ། །སྐྱེ་རྒ་ན་འཆི་རང་ཐག་རེ་མོས་འདྲ། །མི་རྟག་འགྱུར་བ་དབྱར་དགུན་སྟོན་དཔྱིད་འདྲ། །སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ཞིང་བུ་དང་ནོར་བསགས་ཀྱང་། །བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད། རང་ཉིད་དགེ་སྡིག་གཉིས་དང་སྦྲགས་ནས་འགྲོ། །ནོར་དང་རྫས་ནི་ཤིང་གའི་བྱེའུ་ཆུང་འདྲ། །མི་རྟག་ངེས་ཀྱིས་ཆགས་སེམས་གཉེན་པོས་ཆོད། །སྐྱིད་སྡུག་མི་རྟག་ཁ་སོང་དི་རིང་འདྲ། །ཆོས་ལ་འགྲོ་བར་ཆས་ཚེ་གཉེན་འདུན་ཚོགས། །ཡོན་ཏན་བརྗོད་ཅིང་མི་ཆོས་བྱ་དགོས་ཟེར། །ནོར་ གྱིས་བྲིད་ཅིང་དེ་ཡི་བར་དུ་གཅོད། །དུག་བུམ་ཐོགས་ནས་གཏོར་དུ་འོངས་དང་མཚུངས། །བདག་ལ་བྱ་སྙམ་གཉེན་འདུན་སྨྲ་བ་ཉན། །བདེ་བ་བཀག་ནས་གཡང་སར་གཏོང་དང་མཚུངས། །འཁོར་བའི་བུ་ཚ་དུག་གི་མེ་ཏོག་འདྲ། །མཐོང་ན་དགའ་སྟེ་ངན་སོང་རྒྱུ་སོགས་ཡིན། །བདག་ ཉིད་འཆི་བདག་བདུད་ཀྱིས་བསླུས་པའི་ཚེ། །མལ་གྱི་ཐ་མར་ཉལ་ནས་ལུས་གདུངས་ཏེ། །ཟས་ཀྱི་ཐ་མ་སྐྱུག་ཀྱང་ངུར་བརྒྱགས་སྙོད། །ཕ་མ་གཉེན་འདུན་རྣམས་ཀྱིས་མཐའ་བསྐོར་ཏེ། །དེ་ཚེ་རང་ལ་ཅི་ཡིས་ཕན་སེམས་དང་། །ཤགས་ཀྱིས་མི་ལོ་དཔའ་བོས་འཐབ་ཏུ་མེད། །མཁར་ གྱིས་མི་ཐུབ་ནོར་གྱིས་སླུ་རུ་མེད། །གཉེན་གྱིས་མི་ཕན་སྡར་མ་འབྲོས་སུ་མེད། །ཟུག་གཟེར་ཆེ་ཡང་གཉེན་འདུན་བསྐོར་མི་བཏུབ། །གསོན་ཚེ་བྱམས་ཀྱང་ཤི་ནས་འཇིགས་ནས་འབྲོས། །ཡུལ་མཁར་བོར་ནས་རང་ཤོང་གཅིག་ཏུ་སྐྱེལ། །གཉེན་འདུན་བོར་ནས་བདག་དང་གཅིག་ པུ་འཁྱམ། །བདག་ལ་བྱམས་ཀྱང་ཕྱི་ནས་འོང་བ་མེད། །དེ་འདྲའི་གཉེན་རྩད་གོས་ཀྱི་རྡུལ་བཞིན་སྤོངས། །བྱང་སེམས་མྱུ་གུས་རྩད་ནས་མ་བསྲེགས་པར། །བྱང་ཆུབ་མཆོག་གི་སེམས་དེ་རྟག་ཏུ་ཟུང་། །བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་ པའི་ཉམ་ཐག་རྣམས། །བདེ་གཤེགས་སྲས་སུ་དགོངས་ཏེ་བྱིན་གྱིས་རློབས། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །འཁོར་བར་གནས་དང་བྲལ་བར་འདོད་པ་རྣམས། །བྱང་ཆུབ་མཆོག་གི་སེམས་འདི་རྟག་ཏུ་བསྐྱེད། །འཕགས་པའི་གདམས་ངག་དོན་ཆེན་འདི་ལགས་ཏེ། ། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །བྱང་སེམས་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཁེངས་གྲགས་དགེ་བ་བསོད་ནམས་འབྲས་བུ་བཞིན། །བདེན་པར་སྤྱད་ཀྱང་ཟད་པར་འགྱུར་བ་ཡིན། །སེམས་བསྐྱེད་པ་ཡི་ཡོན་ཏན་རྟག་པར་ཡང་། །འབྲས་བུ་འབྱིན་ཅིང་མི་ཟད་ འཕེལ་བ་ཡིན། །སྡིག་པའི་ཕུང་པོ་རི་རབ་ཙམ་ཡོད་ཀྱང་། །སེམས་བསྐྱེད་ཙམ་གྱིས་དེ་དག་ཞི་ནུས་ན། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་རྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་དེ་དག་བསྲེག་པར་ནུས། །དེ་ཕྱིར་བདག་གིས་སེམས་བསྐྱེད་གཡོ་བ་དང་། ། སྨོན་དང་འཇུག་པ་གཉིས་ཀྱིས་སེམས་བསྐྱེད་དེ། །མི་ལྡོག་རྩེ་གཅིག་པ་ཡི་དད་པ་ཡིས། །བྱང་ཆུབ་སེམས་དེ་རྟག་ཏུ་གཟུང་བར་བྱ། །དེ་ནས་ལེ་ལོ་གཉིད་ཀྱི་དབང་སོང་བས། །སེམས་བསྐྱེད་བརྗེད་ཀྱང་བསོད་ནམས་ཤུགས་ལ་འཕེལ། །རྒྱུན་མི་འཆད་པའི་ཆུ་བོའི་གཞུང་དང་མཚུངས། །ནམ་ ཡང་འབྱུང་སྟེ་ཡོན་ཏན་བརྗོད་མི་ལང་། །སེམས་བསྐྱེད་དད་པས་དམ་ཆོས་སྒོར་ཞུགས་པའི། །སྐྱེས་བུ་དམ་པས་མན་ངག་འདི་ལྟར་ཟུང་། །མི་ཁོམ་གནས་སུ་སྐྱེས་ན་ཆོས་སྤྱད་དཀའ། །རང་ལ་དབང་ཡོད་བཞིན་དུ་དབང་མེད་ཟེར། །བདུད་ཀྱིས་མངོན་བསླུས་རང་ཉིད་ཕུང་བར་འགྱུར། །ཐར་པ་བདག་ལ་ རག་ལས་འདི་ལ་ནི། །གཞན་གྱིས་ཅི་ཡང་གྲོགས་བགྱིར་མ་མཆིས་ཀྱིས། །མི་ལུས་ཐོབ་ཚེ་དལ་གྱིས་སྤྱད་པར་རིགས། །བདེ་སྡུག་ཟིན་པ་མེད་ཀྱིས་དམ་ཆོས་སྤྱོད། །འཇིག་རྟེན་ལོངས་སྤྱོད་སུས་ཟ་ཆ་མེད་ཀྱིས། །སྔུན་ན་སྡོད་ཀྱི་སོ་ནམ་འབད་པར་རིགས། །གལ་ཏེ་མི་ལུས་ཐོབ་ནས་གཞོན་ པའི་ཚེ། །འཇིག་རྟེན་དགའ་བའི་ཅ་ཅོ་སོགས་བོར་ལ། །གཞོན་པའི་ཚེ་ནི་དམ་ཆོས་དང་དུ་ལོང་། །བུ་ཚ་སྙིང་སྡུག་འཁོར་བའི་རྟོད་ཕུར་ཡིན། །བུ་ཚ་བདེན་པར་འཛིན་པའི་རྨོངས་པ་འགའ། །ལུས་ལ་ཤིག་ཟ་བྱ་ར་མིག་གིས་བྱས། །སོར་མོའི་རྒྱ་བ་བཀྱེ་ནས་ གཤེད་མས་གསད། །རྣམ་སྨིན་གདོང་ན་སྡོད་དེ་ཕྱི་མར་སྨིན། །སྡུག་བསྔལ་མྱོང་ཚེ་བུ་ཡིས་བདག་མི་ཕན། །ཁྱོད་ཀྱིས་དགེ་སློང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་སྲས་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་སྡུག་བསྔལ་བསྐལ་འདོད་འགའ་མ་ མཆིས། །དེ་ཕྱིར་བུ་ལ་མ་ཆགས་ཆོས་ལ་འབོད། །གཞོན་ཚེ་དམ་པའི་ཆོས་ལ་མ་འབད་ན། །རྒས་ནས་ཉན་འདོད་རྣ་བས་སྒྲ་མི་ཐོས། །ཤེས་རབ་བྱིང་བས་བློ་ལ་རྟོགས་པ་དཀའ། །ཆོས་ལ་འགྲོ་འདོད་ལུས་ལ་ནུས་པ་མེད། །ཆོས་ལ་དགའ་ཡང་བདག་གིས་སྤྱོད་མི་ནུས། །གཞོན་པའི་ཚེ་ ན་དམ་ཆོས་ཅིས་མི་སྤྱད། །དམ་པའི་ཆོས་ལ་བདེན་པར་ངོ་ཡིས་ཟུང་། །འཇིག་རྟེན་བདེ་བ་སྤྲིན་བཞིན་འགྱུར་ལྡོག་ཆེ། །ཆོས་ལ་སྤྱོད་ན་ཕྱུག་པོར་མཁྱེན་པར་མཛོད། །འཇིག་རྟེན་ནོར་གྱིས་ཕྱུག་པས་ཕུང་བར་ངེས། །སྡིག་བཅུ་སྤངས་ནས་དགེ་བཅུ་དང་ལེན་པ། །མཛངས་པ་ལགས་ཏེ་ སྐྱེས་བུ་ཕྱི་མར་བདེ། །མི་འཁྱག་ཙམ་དུ་དག་དུག་གོན་བྱས་ཤིང་། །མི་ལྟོགས་ཙམ་དུ་ཟས་ངན་ཟོས་བྱས་ལ། །ལོངས་སྤྱོད་བླ་མེད་བྱང་ཆུབ་བསྔོ་བར་བྱ། །ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་དུ་ཆོག་ཤེས་མཛོད་ཅིག་ ཆོག་ཤེས་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །བདག་ནི་ཁྱོད་ལ་བྱམས་པའི་ཞལ་ཏ་ཟེར། །བདག་ལ་ཟས་ནོར་སྐྱབས་ཀྱི་རེ་བ་མེད། །ངན་སོང་འཁོར་བའི་གནས་དང་བྲལ་ཕྱིར་གདམས། །བཀའ་ལྟར་མི་བྱེད་གཏི་མུག་སྨད་པའི་གནས། །གཡང་སར་འགྲོ་ཡང་དོགས་ ཟོན་བྱ་དགོས་ན། །བསྐལ་པའི་གཏིང་ལྷུང་གཡང་ས་སྨོས་ཅི་དགོས། །དི་རིང་སང་ལ་འཆི་བར་མི་འགྱུར་ཞེས། །བདེ་བར་འདུག་པ་བདག་གིས་ག་ལ་རིགས། །ཆོས་སྤྱད་གཞོན་ཡང་ཤི་བ་བདེ་བ་སྟེ། །ཞིང་ཁམས་དག་པར་འགྲོ་ཞིང་སྡུག་བསྔལ་མེད། །ཆོས་མེད་རྒན་རྒོན་ཤི་བ་ སྐྱིད་ཅེས་སྨྲ། །ཤི་སྡུག་ལགས་ཏེ་ངན་སོང་གནས་སུ་འགྲོ། །སྐྱིད་སྡུག་གཉིས་ཀྱི་བྱེ་བྲག་མཁྱེན་པར་མཛོད། །ཆོས་དང་ལྡན་ན་དམན་ཡང་བཀུར་སྟི་ཐོབ། །ཆོས་ཀྱི་ངག་བྱུང་མཁས་པས་བཤད་ཀྱི་ཉོན། །འཇིག་རྟེན་ནོར་དང་ལྡན་ཞིང་དམ་ཆོས་རྫས་ཀྱིས་སྤྱོད། །ཆོས་ལ་མ་ཐོངས་རྫས་ཀྱི་ མངོན་ཞེན་གྱིས། །ལོངས་སྤྱོད་རྣམས་ནི་སྐར་མདའི་རང་བཞིན་ལ། །ཡོངས་སུ་མ་བཏང་དེ་དག་ངེས་པར་འགྱུར། །དགྲ་དང་ཆོམ་རྐུན་དག་དང་རྒྱལ་པོས་འཇོམས། །མི་བསད་སྟོང་དུ་འགྲོ་སྲིད་རྐུན་པོས་རྐུ་ཡང་སྲིད། །ཆོས་ལ་བཏོང་བའི་བརྩོན་འགྲུས་སྤྱད་པར་རིགས། །ལོངས་སྤྱོད་གཡོ་ བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་གཉེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་དུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །འགྲོན་པོ་ཡུན་རིངས་རྒྱགས་སུ་སྦྱིན་པ་རྨེ། །རྫས་རྣམས་མྱུར་དུ་ཐོད་ཅིག་སྐྱེས་བུ་དད་པ་ཅན། །བྱིན་རླབས་ འདིར་འབྱུང་ཕྱི་མ་གདོང་ན་སྡོད། །བདེ་སྐྱིད་འདོད་དང་སྡུག་བསྔལ་སྤོང་འདོད་དང་། །རིགས་མཐོ་བཞིན་ལེགས་བདེ་བའི་གནས་ཐོབ་དང་། །བདེ་མཐོང་མོས་ཤིང་སྡུག་བསྔལ་སྤོང་འདོད་པས། །དམ་ཆོས་འདི་ནི་རྟག་ཏུ་སྤྱད་པར་བྱ། །ལྷ་དང་མི་ཡི་བདེ་བ་ཐོབ་འདོད་པས། །དགེ་བཅུ་སྤྱོད་དེ་ལུས་ ཁ་བསྲུང་བ་ནི། །འདོད་ལོག་གཡེམ་དང་སྲོག་གཅོད་རྐུ་བ་དང་། །བརྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་པ་དང་། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་དང་། །རང་དོན་ལགས་ཀྱིས་སྡིག་བཅུ་རྒྱབ་ཏུ་བོར། །རང་ལ་བྱམས་ཤིང་བརྩེ་བས་འབད་པར་བྱ། །རྔོན་པ་མི་རྒོད་རྐུན་པོ་ཇག་པ་ སོགས། །སྡིག་པའི་རྐྱེན་སོགས་གྲོགས་པོ་འདུག་པ་སྤོང་། །ཀུན་དུ་དགེ་བའི་སློབ་དཔོན་སྨན་བཞིན་བསྟེན། །འོན་ལོང་ཞར་སྒུར་ལུས་ཐོབ་རྒུད་པ་དང་། །དབུལ་ཕོངས་བཞིན་ངན་ལས་ལས་ནད་མང་རྣམས། །རྣམ་སྨིན་ལགས་ཀྱིས་གཞན་ལ་ཡུས་མ་ཆེས། །མཐོ་རིས་ངན་སོང་ གཉིས་ལ་གང་མོས་པ། །རང་དབང་ཡོད་ཀྱིས་སྐྱིད་སྡུག་ཁྱད་པར་ཉོན། །གལ་ཏེ་མཐོ་རིས་ཐར་པ་མངོན་ཞེ་ན། །ཡང་དག་ལྟ་བ་གོམས་པ་དག་ཏུ་མཛོད། །རྣམ་རྟོག་རི་བོས་མནན་པའི་སེམས་ཅན་རྣམས། །སྡུག་བསྔལ་འདི་ལ་བཟོད་པའི་གླགས་མེད་དེ། །འཁོར་བས་འཁོར་ཏེ་ཟོ་ ཆུ་ཁྱུད་མོ་འདྲ། །རྣམ་རྟོག་རླུང་གིས་ཁྱེར་ཏེ་རྩི་ཤིང་ལོ་འདབ་འདྲ། །རྣམ་རྟོག་རྒྱུད་ལ་སྐྱེས་ཏེ་རྩྭ་ལ་མེ་མཆེད་འདྲ། །ཡེ་ཤེས་སྐད་ཅིག་མི་གནས་དབྱར་ཁའི་ཤེ་མུན་འདྲ། །ཕྱི་ཡི་སྡུག་བསྔལ་བཞི་ནི་རང་སེམས་མྱོང་། །ཡོད་ན་མི་ཐུབ་མེད་ན་བཙལ་མི་རྙེད། །བྱམས་དང་ བྲལ་དོགས་སྡང་དང་ཕྲད་ཀྱི་དོགས། །ནང་གི་སྡུག་བསྔལ་བཞིས་ནི་རང་ལུས་འཇོམས། །མ་ལུས་འབྱུང་ཚེ་བྲག་བར་བཙིར་བ་འདྲ། །མ་ཡིས་མཆོངས་ཚེ་གཡང་ལ་ཕྱིན་པ་སྙམ། །ལྷུང་ཚེ་ཚེར་མའི་དང་དུ་བསྐྱུར་བ་སྙམ། །བླངས་ན་བྱེ་ཆུང་ཁྲ་ཡིས་ཁྱེར་བ་སྙམ། །སྐྱེ་བའི་སྡུག་བསྔལ་རང་ ལུས་རྡུལ་བཞིན་རློག །ལོ་ཟླ་འདས་ཤིང་རྒས་པ་ཤུགས་ཀྱིས་འོང་། །རྒས་ཚེ་མགོ་ལ་སྐྲ་དཀར་སོ་ཡང་མེད། །རྣ་བས་མི་ཐོས་མིག་གིས་རང་མི་མཐོང་། །འདུག་ན་རང་ལུས་ས་རྡོ་ཆད་པ་འདྲ། །ལངས་ན་སྤང་ལས་ཕུར་པ་འབྱིན་དང་མཚུངས། །ཕྱི་སྒོར་འགྲོ་ཡང་སྒུར་ནས་གོག་ཅིང་འགྲོ། །ཟས་སྐོམ་ འདོད་ན་གཞན་ལ་རག་ལས་སློང་། །བུ་ཚས་མཐོང་ཡང་མི་མོས་ཡིད་མི་འོང་། །དུག་པོ་བསྐོན་ཞིང་སྒོ་རྩ་སྲུང་དུ་གཏོད། །གཞན་དག་འོང་ནས་ངོ་ཚ་ཕར་ཟུར་ཟེར། །ཁྱིམ་མཚེས་བྱིས་པ་གཤེ་ཞིང་འཚེ་རུ་འོང་། །འཚོགས་པར་ཕྱིན་ན་སྐྱུགས་བྲོ་ཕར་སོང་ཟེར། །ཤི་སྐལ་ཆད་དེ་རྒན་རྒོན་ཡི་དགས་ སྐྱེ། །ངོ་ཚ་ཁྲེལ་འཛེམ་ཤོར་དེ་གཞན་གྱིས་སྐྱུར། །བུ་སྨད་ཀུན་ཡང་ཤི་ན་རུང་ཞེས་སྨྲས། །རྐང་ལག་འདར་ཞིང་ཁ་མིག་ཆུ་ཡིས་ཁེངས། །ལུས་ཀྱི་སྟོབས་ཤོར་བེར་ག་གྲོགས་སུ་ཚོལ། །ལེགས་པར་སྨྲས་ཀྱང་གཞན་གྱི་རྣར་མི་སྙན། །བདེ་བར་ཉལ་ཀྱང་ལུས་ཚིགས་ཁོལ་ཞིང་ན། །གཞན་ ལ་གཏམ་སྨྲས་རྒས་པའི་ངག་མི་སྙན། །རྒས་པའི་སྡུག་བསྔལ་བཤད་ན་ཀུན་ལའང་། །ལུས་ལ་ནད་མེད་བདེ་སྡུག་རེ་བ་རྣམས། །ངེས་པ་འདོད་པས་ནོངས་དང་འཆི་བ་དང་། །ན་རྒ་ལ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛོད་ཅིག །དེ་ཡི་ཉེས་པའི་ཤས་ཀྱང་ མཁྱེན་པར་མཛོད། །ཁམས་གསུམ་འཁོར་བའི་ལམ་ལ་བདེ་བ་མེད། །རིགས་དྲུག་སེམས་ཅན་ནད་ལ་གྲངས་རེ་མང་། །དུག་ལྔ་དུག་གསུམ་ནད་ཀྱི་དབལ་རེ་ཆ། །ཐོག་མཐའ་མེད་པ་ནད་ཀྱི་ཡུན་རེ་རིང་། །དེ་ལྟར་ལགས་ཏེ་མ་རིག་བདེ་རུ་མེད། །འཆི་བདག་བདུད་ཀྱི་ཞགས་པས་ཟིན་པའི་ཚེ། །ལུས་ ངག་ཡིད་གསུམ་ནད་ཀྱིས་ཐེབས་པའི་ཚེ། །ངག་གི་སྡུག་བསྔལ་རྔ་མོ་བུ་སྟོར་འདྲ། །ལྷང་ལྷང་ཙེར་ཙེར་ཅིས་ཀྱང་ནད་ཀྱི་དབང་། །ལུས་ཀྱི་སྡུག་བསྔལ་སྐམ་ལ་ཉ་སྐྱུར་འདྲ། །རྒལ་བུ་སྟོད་སྟོད་འཕར་ཡང་ཉམས་སྟོབས་མེད། །འབྲོས་པར་བསམས་ཀྱང་ཐར་པའི་དུས་མཐའ་མེད། །གཟེར་གྱིས་ ལུས་བཏབ་ངོ་ཚ་ཁྲེལ་འཛེམ་ཤོར། །གཉེན་འདུན་བསྐོར་ཡང་སྡུག་བསྔལ་རང་གིས་མྱོང་། །ཟས་སྐོམ་ཁ་རུ་བཅུག་ཀྱང་བྲོ་བརླག་མེད། །ཉེ་བས་བོས་ཀྱང་ཁ་ནས་སྐད་མི་ཐོན། །ཇི་ལྟར་ཉལ་ཀྱང་བདེ་བའི་བར་སྐབས་མེད། །སྡིག་ལ་འགྱོད་པ་སྐྱེས་ཀྱང་བཤགས་ལོང་མེད། །ན་བའི་སྡུག་ བསྔལ་ལགས་ཏེ་ཀུན་ལ་འོང་། །དེས་ན་མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་། །མི་གཙང་བདག་མེད་པ་རུ་རིག་པར་བགྱི། །འཆི་བའི་ཚེ་ན་དགེ་སྡིག་ལས་ཀྱིས་འབྱེད། །དགེ་བ་ཅན་ནི་འཆི་ཚེ་བདེ་བ་མཐོང་། །མུན་པའི་ཁམས་ནས་བདེ་བ་བྱུང་བ་དང་། །ལུས་ལ་ཆགས་པ་མེད་ཅིང་ལུས་སེམས་བྲལ་ནས་ དགའ། །བདེ་གཤེགས་བསྐོར་བ་བྱེད་ཅིང་ཆོས་བཤད་མཐོང་། །བདེ་བའི་ཞིང་ཁམས་བྱུང་བས་མོས་པ་འབྱུང་། །གདུགས་དང་རྒྱལ་མཚན་མཆོད་པའི་རྫས་འབུལ་དང་། །འགྲོ་དྲུག་གནས་མཐོང་སྙིང་རྗེའི་སེམས་འབྱུང་སྟེ། །དེ་དང་ལྡན་ན་བདེ་བའི་གནས་སུ་སྐྱེ། །སྡིག་ཅན་དག་ནི་འཆི་ཚེ་ཉེས་ སྐྱོན་མཐོང་། །སྣང་བའི་ཁམས་ནི་མུན་པ་ནམ་སྲོས་བཞིན། །མཐོ་ན་སྤྱི་ཚུགས་ཐུར་ལ་སོང་བ་མཐོང་། །ལག་ན་འདུག་པ་གདུག་པའི་མཚོན་ཆར་མཐོང་། །སྒྲ་སྐད་ཐམས་ཅད་གདུག་རྟོག་སྒྲ་རུ་ཐོས། །སྡིག་པ་བྱས་ན་ངན་སོང་ལམ་དུ་སྟོན། །འཆི་བདག་གཤིན་རྗེས་རྒྱབ་ནས་ཕུལ་ཞིང་བརྡེག ། སྲོག་གཅོད་བདུད་ཀྱིས་གདོང་ནས་བརྩོན་བཞིན་ཁྲིད། །གཅན་གཟན་གདུག་པའི་འབྲུག་སྒྲ་བཞིན་དུ་སྒྲོགས། །མཚོན་ཆ་གདུག་པའི་དབལ་ནི་རྩང་བཞིན་འཛུགས། །འཁོར་བའི་གཡང་སར་རི་གཟར་རྦབ་བཞིན་འདྲིལ། །ཡི་དགས་གནས་ན་སྡུག་བསྔལ་དཔག་ཏུ་མེད། །བཀྲེས་སྐོམ་གྲང་ངོ་ ངལ་དང་འཇིགས་པ་ཡིས། །སྐྱེད་པ་ཤིན་ཏུ་མི་བཟད་སྟེན་འཚལ་ལོ། །མགོ་ལུས་སྐོམ་པར་མི་མཐུན་རྒྱུ་ལས་བྱུང་། །སྐོམ་སྐྱུགས་བྲོ་ཟེར་སྣ་ཡི་རྒྱུ་ལས་བྱུང་། །སྡུག་བསྔལ་ཆེ་སྟེ་ལས་ལ་ཟད་དུས་མེད། །གལ་ཏེ་ཚེ་ཟད་དམྱལ་བའི་གནས་འགྲོ་སྟེ། །སྐད་ཅིག་ཡུད་ཀྱིས་གནས་དེར་མྱུར་བར་ ཕྱིན། །དམྱལ་བའི་སྡུག་བསྔལ་རིག་ན་མཆི་མ་འོང་། །བཙོང་ཁུ་རྒྱལ་པོ་འཕྲང་དུ་བསྡད་ནས་ནི། །གསོན་པོ་པགས་པ་བཤུས་ཤིང་ཡན་ལག་འདོན། །དེ་ལྟར་བྱས་ཀྱང་རྣམས་སྨིན་འཆིར་མི་འདོད། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་ གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །དམྱལ་བའི་ལྕགས་ཁང་མཐོང་ན་དགའ་སྙམ་སེམས། །ལས་ཀྱི་སྒོ་ཕྱེ་ནང་དུ་དབང་མེད་འགྲོ། །ལས་རླུང་ཕུག་ནས་སྒོ་གཅོད་མུན་པ་འཐིབས། །ཕྱོགས་མཚམས་ཀུན་ནས་མེ་འབྱུང་འབྲོས་ས་མེད། །ཤ་རུས་ཚིག་ཀྱང་འཆི་རུ་ལས་ཀྱིས་འཚོ། ། རང་ཉིད་ཟངས་སུ་འཚོད་ཅིང་ཤ་རུས་བྲལ། །ཕུར་བཞི་རྒྱང་ཤིང་སྟེང་འོག་ལྕགས་ཀྱིས་བཏབ། །ལྕགས་གཟེར་སྟེང་འོག་ལུས་ལ་གང་བར་འདེབས། །གལ་ཏེ་འགུལ་ན་ལྷུ་ཚིགས་རུས་པ་འབྲལ། །ལྕགས་ཀྱི་བྱ་ཕྲ་མཁའ་ལ་ལྡིང་ཞིང་འདེབས། །མཚོན་ཆའི་འཁོར་ལོས་ལུས་ལ་དུམ་བུར་ གཅོད། །ལྕགས་ཀྱི་ཐོ་ཆེན་མཁའ་ལ་ལྡིང་ཞི