Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 173

Văn bản gốc(Tây Tạng)

Trang 10 / 12 (50.000 ký tự/trang)
ང་བརྡེག །སོག་ལེས་སྤྱི་བོའི་གཙུག་ནས་རྐང་མཐིལ་གཤོག །སྤུ་གྲིས་གཏམས་པའི་རི་ལ་དབང་མེད་འཛེག །རྣག་ཁྲག་བཤུལ་བའི་དྲི་མ་དཔག་ཚད་ཁྱབ། །རང་གིས་རང་བསྲེགས་སྐྱེ་བོ་རང་གིས་ལེན། །འཆོངས་པ་དེ་ལྟར་ལགས་ཏེ་ལྷ་མི་དང་། །
དམྱལ་བ་ཡི་དགས་དུད་འགྲོ་རྣམ་དག་ཏུ། །སྐྱེ་བ་བཟད་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་པས་མཁྱེན་པར་མཛོད། །དེས་ན་འཇིག་རྟེན་བདེ་ནུས་ཅི་ལ་ཕན། །དེ་ཕྱིར་བདག་གིས་བཤད་པའི་མན་ངག་ཉོན། །འགྲོ་བའི་དོན་མཛད་བླ་མ་དམ་པ་ཡིས། །མ་འོངས་སེམས་ཅན་སྐྱེ་
པའི་དོན་དག་ཏུ། །མན་ངག་དད་སྐྱེད་སྒྲོན་མ་འདི་བརྩམས་པས། །འགྲོ་བ་ཀུན་གྱིས་སངས་རྒྱས་ཐོབ་པར་ཤོག། །སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། །དད་སྐྱེས་སྒྲོན་མ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྲྀཥྜཱ་ན་ཏ་མཱ་ལྱ། བོད་སྐད་དུ། དཔེའི་ཕྲེང་བ།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོར་སྨྲ་བ་རྣམས་ཀྱི་རབ་མཆོག་སྟོན་པ་དང་། །སྲིད་པ་གསུམ་གྱི་འདོད་ཆགས་རྣམས་འཇོམས་ཆོས་དང་ནི། །ཐམས་ཅད་མཁྱེན་པའི་བསྟན་པ་བདུད་རྩིའི་སྣོད་གྱུར་པ། །གང་ཟག་མཆོག་བརྒྱད་ཀྱིས་བརྒྱན་དགེ་འདུན་རབ་བརྟུལ་ཞིང་། །བསམ་

རྫོགས་རྩིབ་ལོགས་འཚེར་ལ་སོགས་པ་དེ་དང་དེ། །ཐམས་ཅད་ཡོད་སྨྲའི་ཁྱུ་མཆོག་དད་པས་མཆོད་བྱས་ཏེ། །དཔེ་ཡི་ཕྲེང་བ་འདི་ནི་བདག་གིས་བཤད་པར་བྱ། །རབ་བློའི་ལེགས་སྦྱར་མ་སྦས་འདི་ན་དེ་བསྟན་གྱིས། །ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལས་མཆོད་བར་བྱ་བ་དང་། མཆོད་
པར་བྱ་བ་མ་ཡིན་པ་རྟོགས་པར་འགྱུར་བས་ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་ཁོང་དུ་ཆུད་པ་ལ་རབ་ཏུ་འབད་པར་བྱའོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། ཡུལ་གན་དྷ་ར་ནས་ཚོང་པ་ཁ་ཅིག་བཅོམ་བརླག་ཏུ་སོང་བ་དང་། དེ་དེ་ན་མཆོད་རྟེན་རྣམས་ལ་ཡང་དང་ཡང་དུ་ཕྱག་འཚལ་ཞིང་དགེ་སྦྱོང་རྣམས་
ལ་ཡང་བསྙེན་བཀུར་དང་བཅས་པས་ཕྱག་བྱེད་པར་གྱུར་པ་དང་། དེ་ལ་འདི་ནི་དགེ་བསྙེན་ཡིན་ནོ་སྙམ་དུ་ཤེས་ནས་བྲམ་ཟེ་རྣམས་ཀྱིས་བཞད་གད་བྱས་པར་གྱུར་ཏོ་ཞེས་གྲག་གོ། །དེ་ནས་རེ་ཞིག་གཅིག་ན་དེ་སོ་གའི་དུས་ཀྱི་ཕྱི་དྲོའི་ཚེ་བྲམ་ཟེ་ཞིག་གིས་ལམ་སྲང་ན་འདུག་གོ། །དེར་ཡང་བྲམ་
ཟེ་ཁ་ཅིག་ཁྲུས་བྱས་ཤིང་དྲིས་བྱུགས་པ་དང་ཟས་ལ་སྤྱད་པས་དབང་པོ་ཚིམ་པ་དང་ཁང་པ་སྒོའི་ཕྱོགས་ན་ལག་ན་རྔ་ཡབ་ཐོགས་ཤིང་མཆོད་ཕྱིར་དཀར་པོ་ཐོགས་ལ། གཅིག་ཏུ་ཤས་ཆེར་བགད་དེ་གཏམ་ལ་རྗེས་སུ་ཆགས་ཤིང་དགའ་བས་ཀུན་དུ་འཁོད་པར་གྱུར་བ་དང་། དེ་རྣམས་ཀྱིས་དགེ་
བསྙེན་དེ་བལྟས་ནས་རབ་ཏུ་བགད་དོ། །བྲམ་ཟེ་གཞན་ཞིག་གིས་ཀྱང་སྨྲས་པ། །སངས་རྒྱས་ཀྱི་དགེ་བསྙེན་ཁྱོད་ཚུར་ཤོག་སྟན་ཡོད་པར་འདུག་ཤིག །དེ་དེར་འདུག་པ་དང་། བྲམ་ཟེ་ཞིག་གིས་དྲིས་པ། གང་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་སྤངས་ནས་སངས་རྒྱས་ལ་
མཆོད་པ་བྱེད་པར་གན་དྷ་ར་བ་རྣམས་ཀྱི་རང་བཞིན་འདི་ཅི་ཞིག་ཡིན། དེས་བགད་དེ་སྨྲས་པ། བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམས་ཀྱི་ཕྱོགས་གཅིག་ཤེས་ཀྱི་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ཡོན་ཏན་ནི་མི་ཤེས་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་
ཡིན་ནོ། །དེས་དེའི་ཚིག་དེ་ཐོས་པ་དང་། །བྲམ་ཟེ་ཁ་ཅིག་གིས་སྨྲས་པ། ལེགས་ལྡན་ལྷ་ཆེན་པོའི་ཡོན་ཏན་མི་ཤེས་པ་འདི་ནི། ཁྱོད་གླེན་པ་ཡིན་ཏེ་གང་གི་ཕྱིར། འདི་ན་ལྷ་མིན་གྲོང་ཁྱེར་མཁའ་ལ་རྒྱུ། །སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པ། །གཞུ་ཆེན་བླངས་ནས་འབར་བའི་མདའ་ཡིས་ནི། །མེ་

ཡིས་རྩྭ་བཞིན་སྐད་ཅིག་དག་གིས་བསྲེགས། །དགེ་སྙེན་གྱིས་སྨྲས་པ། གང་རང་བཞིན་གྱིས་འཆི་བའི་ཆོས་ཅན་གྱི་སྲོག་ཆགས་རྣམས་ལ་གསད་པའི་ཕྱིར་འབད་པ་དང་ལྡན་པའི་སེམས་ཅན་གྱི་ཁྱད་པར་དེ་འདྲ་བ་ལ་ནི་ཁོ་བོ་མི་དགའོ། །སུ་ཞིག་ཟིལ་པའི་ཐིགས་པ་ནི། །རྩྭ་ཡི་རྩེ་ལ་
ཆགས་པ་དག །ངང་གིས་འཇིག་པའི་ཆོས་ཅན་ལ། །གཞིག་པའི་ཕྱིར་ནི་འབད་པར་བྱེད། །རེ་ཞིག་གཞན་ཐམས་ཅད་ལྟ་ཞོག་གིས། ཅི་ཁྱེད་རྣམས་ཕ་རོལ་ལ་གནོད་པ་བྱེད་པ་ཡོན་ཏན་ཡིན་པར་ཤེས་སམ། །དེ་ནས་བྲམ་ཟེ་དེ་དག་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྨྲས་པ། ལྷ་མ་ཡིན་གསོད་པ་ནི་ཡོན་ཏན་
ཡིན་པར་རབ་ཏུ་ཤེས་པའོ། །དགེ་སྙེན་གྱིས་དབུགས་ཕྱུང་སྟེ་སྨྲས་པ། ལས་གང་ལས་ནི་དམ་པ་རྣམས། །ངོ་ཚར་གྱུར་པ་དེ་ཉིད་ལ། །དམ་པ་མིན་པ་དྲེགས་གྱུར་པ། །ཀྱེ་མ་འཇིག་རྟེན་ངོ་མཚར་ཆེ། །ཞེས་བྱ་བ་ནི་འཇིག་རྟེན་ལས་ལེགས་པར་སྨྲས་པ་ཡིན་ནོ། །མདོར་ན། ཡོན་ཏན་སྐྱོན་སྩོགས་བརྟགས་ལ་བྱ་བ་དང་། །
བྱ་མིན་སད་པས་རྒྱལ་བའི་ཡོན་ཏན་ནི། །རྒྱ་ཆེན་རྗེས་ལ་ཡོན་ཏན་ངེས་དགའ་རྣམས། །མཆོད་པའི་འབྲས་བུ་འདོད་པ་རྒྱ་ཆེན་ཡིན། །སྐྱོན་ལ་ཡོན་ཏན་དག་ཏུ་འདུ་ཤེས་ཤིང་། །སྐྱོན་དང་ལྡན་པ་དམ་པར་ཤེས་པས་མཆོད། །འབྲས་བུ་རྒྱ་ཆེན་ཐོབ་པར་མི་འགྱུར་གྱི། །ལྟ་བ་ངན་པ་དག་ཀྱང་འཕེལ་བར་འགྱུར། །
ཚིག་དེ་བྲམ་ཟེ་རྒན་པོ་ཁ་ཅིག་གིས་ཐོས་པ་དང་། ཁྲོ་བས་འབར་བའི་མིག་གིས་དགེ་བསྙེན་དེ་ལ་ལྟ་ཞིང་བརྙས་པ་དང་བཅས་ལག་པ་གཡོན་པས་སྟོན་ཅིང་སྨྲས་པ། གན་དྷ་ར་བ་རྨོངས་པ་རྣམས་དེ་སྐད་མ་སྨྲ་ཤིག །གལ་ཏེ་ལྷ་མ་ཡིན་གསོད་པར་དགའ་བའི་ལྷ་ཆེན་པོ་ལ་སོགས་པའི་ལྷ་རྣམས་མཆོད་པར་
བྱ་བ་མ་ཡིན་ན་མཆོད་པར་བྱ་བར་སུ་ཞིག་འགྱུར། དགེ་སྙེན་གྱིས་སྨྲས་པ། །གང་ཡོན་ཏན་ཡང་དག་པ་དང་ལྡན་པར་འགྱུར་བ་སྟེ། བྲམ་ཟེ་ཆེན་པོ་ལྟོས་ཤིག །གང་ཞིག་སྟོབས་ལྡན་འཚེ་བ་རྣམས། །གལ་ཏེ་མཆོད་བྱར་དེ་གྱུར་ན། །དྲེད་དང་གཟིག་དང་སྟག་ལ་ཡང་། །འགྲོ་བ་རྟག་ཏུ་མཆོད་པར་འགྱུར། །
ཡོན་ཏན་སྐྱོན་མཁས་དམ་པ་ནི། །སུ་ལ་ཡང་ནི་འདོད་མི་བྱེད། །དྲེད་ལ་སོགས་པའི་གདུག་པ་རྣམས། །ཡོན་ཏན་མེད་ལ་མཆོད་མི་བྱེད། །མི་འཚེ་ལ་སོགས་ཡོན་ཏན་ཡིན། །འཚེ་སོགས་སྐྱོན་དུ་ཤེས་པར་བྱ། །ཡོན་ཏན་སྐྱོན་རྣམས་མི་ཤེས་པས། །སྐྱོན་ནི་ཡོན་ཏན་དག་ཏུ་ཤེས། །གང་གིས་ཤིན་ཏུ་དྲག་པོའི་ལས། །

འཇིག་རྟེན་བྱིས་པས་མཐོང་ནས་སུ། །མཆོད་པའི་ཡུལ་ལས་མི་མཁས་པས། །དེ་ཉིད་ལན་ནི་མཆོད་བྱར་ཤེས། །གན་དྷར་བ་ནི་ངེས་པར་ཡང་། །སྐྱོན་དང་ཡོན་ཏན་རྟོག་དང་ལྡན། །དེས་ན་སངས་རྒྱས་བཅོམ་ལྡན་ལ། །དད་ཀྱི་ལྷ་ཆེན་སོགས་ལ་མིན། །བྲམ་ཟེས་སྨྲས་པ། ཀྱེ་གན་དྷ་ར་བ་རེ་ཞིག་སངས་
རྒྱས་ཞེས་བྱ་བ་འདི་སུ་ཞིག་ཡིན་དགེ་བསྙེན་གྱིས་སྨྲས་པ། །ཤཱཀྱའི་རིགས་སུ་ལེགས་འཁྲུངས་པ། །ཀུན་མཁྱེན་ཉེས་པ་ཀུན་ལས་རྒྱལ། །སེམས་ཅན་ཀུན་ལ་ཕན་བཞེད་པ། །དྲང་སྲོང་ཆེན་པོ་སངས་རྒྱས་ཡིན། །བྲམ་ཟེས་སྨྲས་པ། གལ་ཏེ་སངས་རྒྱས་དྲང་སྲོང་ཆེན་པོ་ཡིན་པར་ཤེས་ན།
གཞན་ལ་གནོད་པ་བྱེད་པ་དེ་མཆོད་པར་བྱ་བ་མ་ཡིན་པར་སྨྲ་འམ། འདི་ལ་འཕོ་བ་དང་། མེ་འབར་བ་དང་། རྒྱས་པ་དང་། གནས་འཇོག་དང་། རྒྱུན་ཤེས་དང་། ཕུར་བུ་གསུམ་པ་དང་། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་དམོད་པ་འདེབས་སོ་ཞེས་འཇིག་རྟེན་ན་གྲགས་སོ། །གལ་
ཏེ་སངས་རྒྱས་དེ་དྲང་སྲོང་ཆེན་པོར་གྱུར་ན་ངེས་པར་དེས་ཀྱང་དམོད་པ་འདེབས་པར་བྱེད་པར་འགྱུར་རོ། །དགེ་བསྙེན་གྱིས་རྣ་བ་བཀག་ནས་སྨྲས་པ། སྡིག་པར་མ་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་ནི་དམོད་པ་འདེབས་པར་མི་མཛད་དོ། །བྲམ་ཟེས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག་ཅེས་འདིར་
ཅིའི་ཕྱིར་སྨྲ། གལ་ཏེ་སངས་རྒྱས་དམོད་པ་འདེབས་པར་མཛད་ན་ནི། དེ་ཡང་དག་པར་འཚེ་བ་ཅན་དུ་འགྱུར་རོ། འོན་ཏེ་སུ་ལ་ཡང་དམོད་པ་མི་འདེབས་ན་སངས་རྒྱས་འདི་ལ་མཐུ་ཅི་ཡང་མེད་དོ། །དེ་ནས་བྲམ་ཟེ་དེ་དག་རྣམས་ཀྱིས་གཉིས་ཀ་ལྟར་འགལ་བའི་ཚིག་གིས་གན་དྷ་ར་བ་ཁྱད་པར་དུ་
བསད་ནས་གསང་མཐོན་པོས་བརྒྱད་པར་བརྩམས་སོ། །དགེ་བསྙེན་དེས་མ་འཁྲུལ་པ་ཉིད་དུ་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་མཐུ་ཆེན་པོ་མི་མངའ་བ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་དམོད་པའི་རྒྱུ་དང་བྲལ་བས་གང་ལ་ཡང་དམོད་པ་མི་མཛད་དོ། །བྲམ་ཟེ་ཆེན་པོ་ལྟོས་ཤིག །ཆགས་ཅན་གང་ལ་
ཀུན་དུ་ཆགས། །དེ་དང་བྲལ་ན་དེ་ཁྲོས་ཏེ། །བྱ་དང་བྱ་མིན་རྣམ་རྨོངས་པ། །ཕྱི་ནས་དམོད་པ་གཏོང་བར་འགྱུར། །དེ་བཞིན་གཤེགས་པ་འདོད་ཆགས་བྲལ། །རྨོངས་པ་དང་བྲལ་ཁྲོ་ལས་རྒྱལ། སེམས་ཅན་ཐམས་ཅད་ཕན་མཛད་ན། །དེ་ནི་དམོད་པ་ཇི་ལྟར་མཛད། །དེ་ནས་བྲམ་ཟེ་དེ་རྣམས་ཡིད་ལ་

བཟུང་བའི་རྒྱུ་རྣམས་རྗེས་སུ་དཔོག་ཅིང་དགེ་བསྙེན་དེ་ལ་སྨྲས་པ། ཀྱེ་གན་དྷ་ར་བ་གལ་ཏེ་སངས་རྒྱས་དམོད་པ་མི་བྱེད་ན། ངེས་པར་ཕན་འདོགས་པར་ཡང་མི་བྱེད་དོ། །དམོད་པ་དང་ཕན་འདོགས་པའི་ནུས་པ་དང་བྲལ་ན་ནི། དྲང་སྲོང་ཆེན་པོར་ཡང་མི་འགྱུར་རོ། །དགེ་བསྙེན་གྱིས་
སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དམོད་པའི་ནུས་པ་མི་མངའ་བ་འདི་ནི་དེ་ལྟར་བདེན་མོད་ཀྱི། འོན་ཀྱང་ཕན་འདོགས་པར་ནི་སྤྱོད་པ་ཉིད་ཡིན་ཏེ། ཁྱེད་རྣམས་ཀྱང་ལྟོས་ཤིག །གཞན་གྱི་སྡུག་བསྔལ་ལ་སྡར་བས། །དེ་ནི་དམོད་པ་མི་མཛད་ཀྱི། །འཇིག་རྟེན་ཕན་འདོགས་བརྩོན་པས་ན། །ཕན་པར་
ཡང་ནི་མཛད་པ་ཡིན། །རྒ་ནད་འཆི་བའི་སྡུག་བསྔལ་གྱིས། །དང་གིས་འཇིག་རྟེན་སྡུག་བསྔལ་ན། །རྨ་ལ་ལན་ཚྭ་ཇི་བཞིན་དུ། །མཁས་པ་སུ་ཞིག་དམོད་པ་འདེབས། །དེ་ཡང་བྱམས་པ་ལ་གནས་ཤིང་། །རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན། །དེ་བཞིན་གཤེགས་པའི་གསུང་བསིལ་བའི། །ཆུ་ཡིས་
འཇིག་རྟེན་ཚིམ་པར་མཛད། །དེ་ནས་བྲམ་ཟེ་དེ་རྣམས་ཡུད་ཙམ་ཞིག་མགོ་ཐུར་དུ་སྨད་ནས་བསམས་ཏེ། དགེ་བསྙན་དེ་ལ་རྗེས་དང་བཅས་པའི་མིག་གདངས་པས་བལྟས་ཏེ། སྨྲས་པ་ཀྱེ་གན་དྷ་ར་བ་ཤིན་ཏུ་བརྟགས་པའི་གནས་རྙེད་ནས་ཁྱོད་ཀྱིས་རབ་ཏུ་དད་པས་བདག་ཅག་ངོ་མཚར་དུ་བྱས་སོ། །མང་དུ་སྨྲས་
པས་ཅི་ཞིག་བྱ་སྟེ། གན་དྷར་ཞེས་བྱ་བའི་ཡི་གེ་ནི་དོན་ཕྱིན་ཅི་མ་ལོག་པར་གྲགས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གོ་ཞེས་བྱ་བ་ས་རུ་བཤད། །ས་དེ་གང་ཞིག་ཡང་དག་འཛིན། །སྐྱེས་བུ་དམ་པ་དེ་རྣམས་ནི། དམ་པ་ས་འཛིན་ཞེས་བཤད་དོ། །ཅིའི་ཕྱིར་ན་ས་འདི་ནི། །ཁྱེད་ཅག་རྣམས་ཀྱིས་འཛིན་མི་བྱེད། །
གང་ཕྱིར་ཁྱེད་ཀྱི་ཡོན་ཏན་བསྔགས། །མགོན་པོ་སངས་རྒྱས་ལ་བརྟེན་ཡིན། །དེ་ནས་དགེ་བསྙེན་དེས་བྲམ་ཟེ་རྣམས་ཀྱི་སེམས་སྣོད་དུ་རུང་བར་བྱས་པར་ཤེས་ཏེ། ད་ནི་སངས་རྒྱས་ཀྱི་ཡོན་ཏན་བཤད་པའི་དུས་ཡིན་ནོ་སྙམ་ནས། ཡང་དག་པར་དགའ་བའི་བཞིན་གྱིས་གཟེངས་བསྟོད་དེ་སྨྲས་པ། གང་
ཁྱེད་རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེས་པར་གྱུར་པས་བདག་ནི་མཆོག་ཏུ་ཡང་དགའ་བ་སྐྱེས་པར་གྱུར་མོད་ཀྱི། འོན་ཀྱང་དད་པ་འདི་ཉིད་འཕེལ་བར་བྱ་བའི་ཕྱིར་ཡོན་ཏན་དང་སྐྱོན་གྱི་མཚན་ཉིད་རྗེས་སུ་དྲན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་ཚེ་འགྲོ་བ་ཡོན་ཏན་རབ་རྟོག་ཚེ། །རྒྱལ་བ་ཡོན་

ཏན་རྒྱ་མཚོ་གཅིག་པུར་མཐོང་། །ཞི་དང་དགའ་བ་སྐྱེས་པར་གྱུར་མོད་ཀྱི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱིས། །སངས་རྒྱས་དང་མཉམ་གང་ནའང་ཡོད་མ་ཡིན། །དཔེར་ན་རི་རབ་མཉམ་པའི་རི་ནི་མེད། །རྒྱ་མཚོ་མཉམ་པའི་མཚོ་ནི་ཡོད་མ་ཡིན། །དེ་བཞིན་སངས་རྒྱས་དང་མཉམ་ས་སྟེངས་སམ། །མཁའ་
ལ་ལུས་ཅན་མཆོག་དེ་ཡོད་མ་ཡིན། །ཤཱཀྱའི་ཁྱུ་མཆོག་དེས་ནི་གང་ཕྱིར་དལ་བས་དཀའ་བར་མ་ཞུགས་ཅི་ཞིག་ཡོད། །ཐུབ་པས་ཕན་པའི་དོན་དུ་ལན་མང་དགོངས་ཏེ་མ་གཟིགས་དེ་ནི་གང་ཞིག་ཡོད། །དེ་ལ་སྐྱབས་སོང་དྲང་སྲོང་དེས་ནི་ཕན་གདགས་མ་བྱས་དེ་ནི་གང་ཞིག་ཡོད། །འདི་ནས་དེས་
གསུངས་ལམ་ལ་རབ་གནས་ཉོན་མོངས་དགྲ་བཅོམ་དེ་ནི་སུ་ཞིག་ཡོད། །མུ་སྟེགས་ཀུན་ལས་རྒྱལ་དེ་བདེ་བར་གཤེགས་ཞེས་ཡོན་ཏན་རྣམས་རྒྱས་དྲི་མེད་གྲགས་པའི་ཁ་བྱེ་གཞན་སུ་ཡོད། །ཕུག་ན་སེང་གེ་ལྟ་བུར་ལྷ་ཡུལ་ས་སྟེངས་དག་ན་འཇིགས་མེད་རང་གི་གསུང་མཆོག་སྒྲོགས་པ་གཞན་སུ་
ཡོད། །རྟག་ཏུ་ཡིད་འོང་གསུང་གིས་ལས་དང་ཉོན་མོངས་དག་གི་གནས་སྐབས་རྗེས་སུ་སྟོན་པ་མཛད་པའང་གཞན་སུ་ཡོད། །གང་གིས་མཆོད་རྟེན་མཁའ་ལ་སྤྲིན་དཀར་ལྟ་བུར་འགྲོ་བ་ཡང་དག་བརྒྱན་པ་འགའ་ཡང་འདི་ན་ཡོད་མ་ཡིན། །དེ་ནས་བྲམ་ཟེ་དེ་རྣམས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་
བསྔགས་པ་ཐོས་པ་དང་། སངས་རྒྱས་ལ་མངོན་པར་དད་པར་གྱུར་ཏོ། །འདིས་ཅི་ཞིག་སྟོན་པ་ཡིན་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་བཅོམ་ལྡན་འདས་ལ་མངོན་པར་དད་པར་ཤེས་པས། དད་པ་ལ་ནི་གཞན་རྣམས་ཀྱང་ཡང་དག་པར་གཞུག་པར་བྱའོ་ཞེས་ཉེ་བར་སྟོན་པའི་མདོ་བརྩམས་
པ་ཡིན་ནོ། །དེ་ཡང་དགེ་སློང་དག་ཁྱེད་རྣམས་ཀྱིས་གང་རྗེས་སུ་བརྩེ་བ་དང་། གང་སྙིང་བརྩེ་བར་བྱའོ་ཞེས་རྒྱ་ཆེར་གསུངས་པའི་ཕྱིར་ཏེ། སངས་རྒྱས་མཆོག་ལ་གསུངས་པའི་ཡོན་ཏན་གྱི་ཕན་ཡོན་གྱི་མདོ་སྡེ་དག་ལ་ཡང་ཉེ་བར་སྦྱར་བར་བྱའོ། །གུས་པར་བྱས་ཏེ་ཆོས་ཉན་པ་ལ་ཡང་བརྗོད་པར་བྱའོ། །
ཡང་འདིས་ཅི་ཞིག་སྟོན་ཅེ་ན། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཐོས་པ་དོན་གཞན་ལ་མངོན་པར་ཞེན་པའི་བྲམ་ཟེ་རྣམས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་དད་པར་འགྱུར་ན། སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་རྣ་དཀྲུགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱེད་རྣམས་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དད་

པ་རྣམ་པར་འཕེལ་བར་ཅིའི་ཕྱིར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་དང་། སངས་རྒྱས་ཀྱི་བཀའ་དག་གི་བསྔགས་པ་མཉན་པར་ཤིན་ཏུ་འདོད་པའི་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་ཁྱེད་རྣམས་ཀྱིས་མ་ཡེངས་པར་མཉན་པར་བྱའོ་ཞེས་འདི་ནི་ཡང་དག་པར་སྐུལ་བར་བྱེད་པ་ཡིན་ནོ། །
སངས་རྒྱས་མཆོག་གི་དཔེ་སྟེ་དང་པོའོ། །རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་བན་དེ་ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར་ཅིང་། དགེ་སློང་རིན་ཆེན་བཟང་པོས་བཅོས་ནས་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨ་ཤོ་ཀ་མུ་ཁ་ནཱ་
ག་བི་ན་ཡ་པ་རི་ཙྪི་དཿ། བོད་སྐད་དུ། མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུའོ། །འདི་ལྟར་རྗེས་སུ་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། གྲོང་ཁྱེར་པ་ཏ་ལི་པུ་ཏྲར་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཞི་ཆ་ལ་དབང་
བྱེད་པ་ཞིག་བྱུང་བར་གྱུར་ཏོ། །དེས་ནོར་གྱི་དོན་དུ་ཚོང་པ་ལྔ་བརྒྱ་བཀུག་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་སོང་ལ་རྒྱ་མཚོ་ཆེན་པོ་ནས་རིན་པོ་ཆེ་སྣ་ཚོགས་པ་ལོང་ལ་ཤོག་ཤིག །གང་གི་ཚེ་དེ་དག་རིམ་གྱིས་སོང་སྟེ་རྒྱ་མཚོ་ཆེན་པོར་ཕྱིན་ནས། རིན་པོ་ཆེ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་
དང་། ཤང་ཀ་ཤི་ལ་དང་། བྱེ་རུ་ལ་སོགས་པ་རིན་པོ་ཆེའི་ཚོགས་དུ་མས་དེ་དག་གི་གྲུ་ཡོངས་སུ་བཀང་སྟེ་འཛམ་བུའི་གླིང་དུ་ཕྱོགས་ཏེ་ཆས་སོ། །དེ་དག་ལོག་ནས་འོངས་པ་ན་རྒྱ་མཚོའི་དཀྱིལ་དུ་ཀླུས་གྲུ་བཅོམ་ནས། དེ་ནས་ཚོང་པ་དེ་དག་སྲོག་གི་ལྷག་མ་འབའ་ཞིག་དང་གྲུས་འོངས་ཏེ། གང་གི་ཚེ་རིམ་
གྱིས་གྲོང་ཁྱེར་པ་ཏ་ལི་པུ་ཏྲར་ཕྱིན་པ་དང་། རྒྱལ་པོ་མྱ་ངན་མེད་ཀྱིས་ཚོང་པ་རྣམས་འོངས་སོ་ཞེས་ཐོས་སོ། །དེ་སྐད་ཅེས་བྱ་སྟེ། རྩྭ་ཡིས་མེ་ནི་ངོམས་མེད་སྲེག །རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །འདིར་ནི་ལྷ་ཡུལ་ཡིད་འོང་བས། །འགྲོ་རྣམས་དབང་དྲུག་ངོམས་པ་མེད། །ཅེས་བྱ་བ་ཡིན་པས་དེ་
འདོད་པའི་རྒྱུས་སེམས་བསྐྱེད་ཅིང་ནོར་དུ་མ་དགྲམ་པའི་གནས་བྱའོ་སྙམ་དུ་བསམས་ཏེ། དེ་ནས་དེའི་རྫིང་བུ་དང་བཅས་པའི་སྐྱེད་མོས་ཚལ་དུ་གནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བ་དན་དང་རྒྱལ་མཚན་བསྒྲེང་བ་བླ་རེ་དང་གོས་ཀྱིས་སྤྲས་པར་ཡིད་དུ་འོང་བའི་སྤོས་རྣམས་ནི་གཏུལ། གངས་ལྟར་

བསལ་བའི་ཆུས་གང་བའི་རྫིང་བུ་ན་ཤེལ་ལྟ་བུའི་ཕྱེ་མ་དང་ལྡན་པ་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པུཎྜ་རཱི་ཀ་རྣམས་ཀྱིས་ཁེབས་པ། ངང་པ་དང་། ཁུ་བྱུག་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ངུར་བ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དག་བྱ་སྐད་སྙན་པ་སྒྲོགས་པས་
ཉམས་དགའ་བ། པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། སྒྲ་བཟངས་དང་། འཁར་རྔ་དང་། པ་ཊ་ཧ་དང་། རྔ་བོ་ཆེ་དང་། དུང་རྣམས་རྒྱུན་དུ་རྡུང་བ། བློན་པོ་དང་། གྲོང་མི་དང་། ལྗོངས་ཀྱི་མི་དང་། སྐྱེ་བོ་རྣམས་ནི་འདུས། དགེ་སྦྱོང་དང་། བྲམ་ཟེ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། ཀུན་དུ་འཚོ་
བ་པ་ལ་སོགས་པ་ངོ་མཚར་གྱིས་འདུས་ཏེ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། མུ་ཏིག་དམར་པོ་དང་། མུ་ས་ལ་གལྦ་དང་། ཨིནྡྲ་ནཱི་ལ་དང་། མཐོན་ཀ་ཆེན་པོ་ལ་སོགས་པའི་རིན་པོ་ཆེའི་བྱེ་བྲག་རྣམས་བལྟ་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ནོར་དགྲམ་
པར་འདུག་སྟེ། ཚོང་པ་ལྔ་བརྒྱ་པོ་དེ་དག་ཀྱང་རྒྱལ་པོའི་དྲུང་དུ་འོངས་པ་དང་། ཐམས་ཅད་སྟོད་གཡོགས་གཅིག་པུ་དང་ལྡན་ཞིང་གཅེར་བུར་གནས་སོ། །རྒྱལ་པོས་སྨྲས་པ། ཅིའི་ཕྱིར་འདི་ལྟ་བུའི་གནས་སྐབས་སུ་གྱུར། ཚོང་པ་རྣམས་ཀྱིས་སྨྲས་པ། ལྷ་གྲུ་བཅོམ་པས་འདི་ལྟར་འགྱུར་རོ། །རྒྱལ་
པོས་སྨྲས་པ། གང་གིས་གྲུ་བཅོམ་པར་གྱུར། ཚོང་པ་རྣམས་ཀྱིས་སྨྲས་པ་བ་ཚྭ་ཅན་གྱི་རྒྱ་མཚོ་ན་གནས་པའི་ཀླུས་བཅོམ་ལགས་སོ། །རྒྱལ་པོས་སྨྲས་པ། བདག་གིས་དུས་འདིར་ཇི་ལྟར་བསྒྲུབ་པར་བྱ། ཚོང་པ་རྣམས་ཀྱིས་སྨྲས་པ། ལྷ་འདི་ཡོངས་སུ་བཙལ་དུ་གསོལ། །གལ་
ཏེ་ཚོལ་བར་མི་མཛད་ན་ཕྱི་ནས་ཀྱང་ཚོང་པ་འགའ་ཡང་རྒྱ་མཚོ་ཆེན་པོར་འཇུག་པར་མི་འགྱུར་རོ། །དེའི་ཚེ་འཁོར་དེ་ན་དགེ་སློང་དབང་པོ་ཞེས་བྱ་བ་བསོད་ནམས་ཆེ་བ་ཞིག་ཡོད་དེ། དེ་རྒྱལ་པོ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ། །རྒྱལ་པོས་ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། སློབ་
དཔོན་བདག་གིས་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་ཟངས་མའི་བྱང་བུ་ལ་ཡི་གེ་བྲིས་ལ་རྒྱ་མཚོར་རྫོངས་ཤིག །ཅི་ཙམ་ན་རྒྱལ་པོས་ཟངས་མ་ལ་སྤྲིང་ཡིག་ཏུ་བྲིས་ཏེ་སྨྲས་པ། ས་འདི་རྒྱ་མཚོས་གཏུགས་པ་སྐྱོང་། །རྒྱལ་པོ་སྟོབས་ལྡན་མྱ་

ངན་མེད། །རབ་ཏུ་དྲག་ཅིང་བཙན་པ་ཡིས། །ནོར་ཁྱེར་མཚོར་གནས་གང་ཡིན་པ། །དེ་དག་འདིར་ནི་མྱུར་བ་རུ། །ང་ཡི་དྲུང་དུ་བསྐྱལ་བར་གྱིས། །ཞེས་ཡི་གེར་བྲིས་ཏེ། ཟངས་མའི་བྱང་བུ་དེ་རྒྱ་མཚོར་བསྐྱུར་རོ། །དེ་ནས་ཀླུ་མ་རངས་ནས། རྒྱ་མཚོ་ནས་སླར་འཛམ་བུའི་གླིང་དུ་
བསྐྱུར་རོ། །དེ་ནས་རྒྱལ་པོའི་ཕོ་ཉས་ཟངས་མའི་བྱང་བུ་དེ་བླངས་ནས་སླར་པ་ཏ་ལི་པུ་ཏྲར་འོངས་ཏེ། རྒྱལ་པོ་ལ་སྐབས་དེ་བསྙད་པ་དང་། དེ་ནས་རྒྱལ་པོ་མྱ་ངན་མེད་སེམས་ཁོང་དུ་ཆུད་ནས་མཚན་མོ་སྟན་གྱི་སྟེང་དུ་ཉལ་ཏེ། ཇི་ལྟར་འདི་ལ་བསྒྲུབ་པར་བྱ་སྙམ་དུ་སེམས་སོ། །དེ་ནས་ནམ་མཁའི་དཀྱིལ་
ན་གནས་པའི་ལྷས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་སྡུག་བསྔལ་མ་བྱེད་ཅིག །འཇིག་རྟེན་གསུམ་མཆོག་ལྷ་མིའི་མཆོད། །སྟོབས་ཕྱུག་ཆུ་སྲིན་རྒྱལ་མཚན་ཅན། །མཐར་བྱེད་བདེ་གཤེགས་སྐུ་གདུང་ལ། །མཆོད་པ་རྣམས་ཀྱིས་རབ་མཆོད་གྱིས། །དེ་རྗེས་ཁྱོད་ཀྱི་དགོས་འགྲུབ་འགྱུར། །ལྷ་
གཉིས་པས་སྨྲས་པ། གང་ཞིག་བྱ་མིན་རྒྱལ་ཆེན་མྱ་ངན་མ་མཛད་པར། །སྔགས་དང་རིག་སྔགས་སྨན་སྦྱོར་མི་བགྱིད་པར། །མི་དབང་དབང་དུ་བྱ་བར་ནུས་འགྱུར་བ། །བདེ་གཤེགས་བསྟན་ལ་ལྷག་པར་གུས་པ་ཡིས། །དེ་ཡིས་ཀླུ་རྒྱལ་གང་ཡིན་དབང་དུ་འགྱུར། །དེ་ནས་ཞག་གཉིས་པ་ལ་རྒྱལ་པོ་མྱ་
ངན་མེད་སྐྲ་བཀྲུས་ཏེ། གོས་དཀར་པོ་བགོས་ནས་དྲི་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་རྣམས་ཐོགས་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །ཕྱོགས་མཚམས་མཁའ་བཞུགས་རྫུ་འཕྲུལ་ལྡན། །ཤར་གྱི་ཕྱོགས་དང་གཞན་བཞུགས་ལ། །བདག་ནི་གསོལ་འདེབས་སྤྱན་འདྲེན་གྱིས། །བདག་ལ་
ཐུགས་རྗེས་གཟུང་དུ་གསོལ། །རྒྱལ་པོས་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤར་ཕྱོགས་དང་ལྷོ་ཕྱོགས་དང་ནུབ་ཕྱོགས་དང་། བྱང་ཕྱོགས་རྣམས་ནས་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་བྱོན་ཞིང་འདུས་པར་གྱུར་ཏོ། །རྒྱལ་པོས་མེ་ཏོག་དང་། སྤོས་དང་། དྲི་དང་། བྱུག་པ་རྣམས་ཐོགས་ནས། དེ་བཞིན་གཤེགས་
པའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། དེ་ནས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ན་བ་དང་ནི་རྒས་དང་སྡུག་ཕོངས་གཞན་ཡང་འཆི་གཟིགས་ནས། །རྒྱལ་བས་ཡུལ་དང་འབྱོར་པ་བཙུན་མོའི་འཁོར་དང་ཉེ་དུ་སྤངས། །ས་བདག་ཟས་གཙང་དྲུང་གཤེགས་བསྐྲད་ནས་རྒྱལ་པོའི་དཔལ་སྤངས་པ། །བཅོམ་ལྡན་དེ་ལ་

བདག་གུས་དང་བས་དེ་ཡི་སྐུ་གདུང་མཆོད། །གང་གི་སྟོབས་ཀྱིས་བདུད་ནི་ཤིན་ཏུ་སྟོབས་ལྡན་བལྟ་བར་དཀའ་རྣམས་བཅོམ། གང་གིས་བཱ་ར་ཎཱ་སཱིར་འཁོར་ལོ་ལེགས་བསྐོར་སྲིད་སྤངས་ཞི་བར་མཛད། །གང་གིས་ལྔ་སྡེ་སྐྱེ་བའི་སྡུག་བསྔལ་གྱིས་གདུངས་འཆི་བ་བཀྲོལ། །ཤཱཀྱ་ཐུབ་དེའི་སྐུ་གདུང་དཔེ་
མེད་འདི་ལ་བདག་གིས་ཡང་དག་མཆོད། །གང་ཞིག་གང་དུ་མྱ་ངན་འདས་གཤེགས་འདིར་ནི་མར་མེ་འགགས་པ་བཞིན། །གླང་པོ་སྟོང་སྟོབས་ལས་ལྷག་དེ་ནི་མི་རྟག་སྟོབས་ཀྱིས་ཕྱེ་མར་བརླགས། །ས་བདག་མཆོག་གིས་ཆ་བརྒྱད་མཉམ་བགོས་སྐུ་གདུང་ཡང་དག་མཆོད་གྱུར་པ། །དེ་ཡིས་སྐུ་གདུང་དཔེ་མེད་
འདི་ནི་འཇིག་རྟེན་མཁས་པས་ཡང་དག་མཆོད། །དེ་ནས་དགེ་སློང་གི་དགེ་འདུན་ལ་གདུགས་ཚོད་དྲངས་ནས་མཆོད་དོ། །དེ་ནས་རྒྱལ་པོས་ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། འཕགས་པ་ཅི་ཞིག་མཆོག་ཏུ་བསྒྲུབ་པར་བགྱི། ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དང་པོ་ནི་ཁྱོད་ཀྱི་གཟུགས།
གཉིས་པ་ཀླུའི་གཟུགས་ཏེ། སྐུ་གཟུགས་ལེགས་པ་གཉིས་མཛོད་ལ་གསེར་གྱི་སྣོད་ཆེན་པོ་བྱས་པའི་ནང་དུ་དེ་གཉིས་སྩོལ་ཅིག་དང་དེ་ལས་མངོན་སུམ་དུ་གཟིགས་པར་འགྱུར་རོ། །དེ་བཞིན་དུ་བྱས་ཏེ་ཕྱིས་རྒྱལ་པོས་བལྟས་པ་དང་། ཀླུའི་གཟུགས་འདུག་པ་ལ་རྒྱལ་པོའི་གཟུགས་ཕྱག་བྱེད་
པ་རྒྱལ་པོས་མཐོང་ངོ་། །རྒྱལ་པོ་ཡིད་ལ་གཅགས་པར་གྱུར་པ་དང་། ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དུས་འདིར་ཡང་དང་ཡང་དུ་ཉི་མ་རེ་རེ་ལ་ཁྱད་པར་གཟིགས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་རྒྱལ་པོས་དེ་བཞིན་གཤེགས་པ་ལ་མེ་ཏོག་དང་། ཕྲེང་བ་དང་། དྲི་དང་། སྤོས་དང་།
བྱུག་པ་རྣམས་ཀྱིས་མཆོད་ཅིང་དགེ་སློང་གི་དགེ་འདུན་ལ་ཡང་རང་གི་ལག་ནས་བཟའ་བ་དང་བཅའ་བ་རྣམས་ཚིམ་པར་བསྟབས་ཤིང་རྒྱ་ཆེར་མཆོད་པར་བྱས་ཏེ། ཆོས་ཀྱང་གུས་པར་མཉན་པ་དེ་ལྟ་དེ་ལྟར་རྒྱལ་པོའི་གཟུགས་ལངས་པ་ལ་ཀླུའི་གཟུགས་ཕྱག་འཚལ་བར་གྱུར་ཏོ། །ཡང་དེའི་རྗེས་ལ་
ཀླུའི་གཟུགས་དེ་ཡན་ལག་ཐམས་ཅད་ཀྱིས་རྒྱལ་པོའི་གཟུགས་ལ་ཕྱག་འཚལ་བར་གྱུར་པ་མཐོང་བས་དེས་རྒྱལ་པོ་ཡིད་རབ་ཏུ་དགའ་བར་གྱུར་ཏེ། ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། ཀྱེ་མ་དཀོན་མཆོག་གསུམ་མཆོད་པའི། །འབྲས་བུ་ཅི་འདྲ་འདི་ལ་གཟིགས། །རྒྱ་མཚོའི་ནང་ན་གནས་པའི་

ཀླུ། །བདག་གིས་བཏུལ་ཞིང་འདི་དབང་བགྱིས། །བློ་གྲོས་ཆུང་བའི་མི་རྣམས་ཀྱང་། །སུ་ཞིག་སངས་རྒྱས་མཆོད་མི་བགྱིད། །གང་ཞིག་འབྲས་བུ་འཕྲལ་བསྐྱེད་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་བགྱིད། །བདག་ཉིད་ཆེ་བ་ཐོབ་འདོད་པའི། །ལྷ་རྣམས་དང་ནི་མི་རྣམས་ཀྱིས། །
རྫོགས་པའི་སངས་རྒྱས་ཡང་དག་མཆོད། །སྐྱེ་བ་ཟད་ཅིང་ཡང་སྲིད་མེད། །སློབ་དཔོན་དབང་པོས་སྐབས་ལ་བབ་པར་ཤེས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ཟངས་མའི་ཡི་གེ་ཡང་ང་སྤྲིང་བའི་རིགས་སོ། །རྒྱལ་པོས་ཡང་ཟངས་མའི་ཡི་གེ་དེ་བསྐུར་ནས་བཏང་ངོ་། །དེ་རྒྱ་མཚོར་བསྐྱུར་བ་དང་། ཀླུའི་རྒྱལ་
པོས་ཡི་གེ་དེ་སྤྱི་བོས་བླངས་སོ། །དེ་ནས་དེས་རྒྱལ་པོ་ལ་ལན་མང་དུ་ལྷ་ཚོང་པ་དེ་དག་འདིར་རྫོངས་ཤིག །སོ་སོའི་རིན་པོ་ཆེ་གང་ལགས་པ་བསྐུར་ལ་སླར་བརྫོང་ངོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོའི་ཕོ་ཉ་སླར་འོངས་ནས་རྒྱལ་པོ་ལ་ཕྲིན་དེ་སྨྲས་པ་དང་། དེ་ནས་རྒྱལ་པོས་ཚོང་པ་རྣམས་བོས་ནས་སྨྲས་པ་ཁྱེད་
ཅག་སོང་ལ་སོ་སོའི་རིན་པོ་ཆེ་གང་ཡིན་པ་ལོང་ལ་སླར་ཤོག་ཤིག །དེ་ནས་གནས་བརྟན་དབང་པོས་རྒྱལ་པོ་ལ་བརྒྱད་པ། ཆོས་ཀྱི་རྒྱལ་པོ་ལ་ས་རྡུལ་ངན་པ་འབུལ་བར་བྱེད་པ་ཡིན་མོད། དེ་ནས་རྒྱལ་པོས་གནས་བརྟན་དབང་པོ་ལ་སྨྲས་པ། སློབ་དཔོན་འོ་ན་ཇི་ལྟར་བསྒྲུབ་པར་བགྱི། གནས་བརྟན་དབང་
པོས་སྨྲས་པ། ཁྱོད་ལ་ཆད་པ་ཡིན་གྱིས་རང་གི་ཕྲག་པ་ལ་ཁུར་ལ་འདིར་སྐྱོལ་ཅིག་ཅེས་ཟངས་མ་ལ་ཡི་གེ་སླར་བཏང་བར་གྱིས་ཤིག །དེ་ནས་རྒྱལ་པོས་སྤྲིང་ཡིག་ཏུ་བྲིས་པ་འཛམ་བུའི་གླིང་གི་དབང་ཕྱུག་དམ་པའི་མངའ་བདག་གི་བཀའ་བཅག་པའི་ཆད་པར་རང་གི་ཕྲག་པ་ལ་སྐྱོལ་ཅིག་ཅེས་ཡི་གེ་བཏང་
བ་དང་། ཡི་གེ་བཀླགས་མ་ཐག་ཏུ་ཀླུའི་རྒྱལ་པོ་སྐྲག་པར་གྱུར་ནས་སྨྲས་པ། ལྷ་དེ་ལྟ་ལགས་ན་གདུགས་བདུན་ན་འཚལ་ལ་འཆིའོ། །དེ་རྒྱལ་པོས་ཐོས་པ་དང་། ཕ་ཏ་ལི་པུ་ཏྲའི་གྲོང་ཁྱེར་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། གང་ཞིག་གྲོང་ཁྱེར་འདི་ན་གནས་པའི་སྐྱེས་པ་དང་། བུད་མེད་བསོད་ནམས་ཀྱི་
ཁྱད་པར་དང་། རྒྱལ་པོའི་རྣམ་པར་འཕྲུལ་པ་མཐོང་བར་འདོད་པ་དག་ཞག་བདུན་པ་ལ་རྒྱལ་པོའི་ཕོ་བྲང་དུ་ཤོག་ཤིག །དེ་ནས་རྒྱལ་པོས་ཞག་བདུན་པ་ལ་གྲོང་ཁྱེར་པ་རྣམས་དང་། བློན་པོ་དང་། གྲོང་རྡལ་དང་། ལྗོངས་ཀྱི་མིས་ཡོངས་སུ་གང་བར་བསྐོར་ཏེ། རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང་། མཐུ་

ཆེན་པོ་དང་། འབྱོར་པ་ཆེན་པོས་འཁོར་གྱི་ཁྱམས་སུ་སོང་ནས་སེང་གེའི་ཁྲི་ལ་འདུག་གོ །དེ་ནས་ཀླུའི་རྒྱལ་པོ་ཀླུ་དུ་མས་ཡོངས་སུ་བསྐོར་ནས་མིའི་ཆ་བྱད་དུ་སྤྲུལ་ཏེ། རང་རང་གི་ཕྲག་པ་ལ་རིན་པོ་ཆེའི་ཁུར་ཐོགས་ནས་རྒྱལ་པོ་ཆེན་པོ་མྱ་ངན་མེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁུར་རྣམས་ཕོག་ནས་རྐང་པ་གཉིས་ལ་
ཕྱག་བྱས་སོ། །སྐྱེ་བོའི་ཚོགས་ཆེན་པོ་དེ་ངོ་མཚར་དུ་གྱུར་ཏེ། སྔོན་མ་མཐོང་བ་མཐོང་ངོ་ཞེས་ཅ་ཅོའི་སྒྲ་བསྒྲགས་ཏེ་འདི་སྐད་ཅེས་སྨྲས་སོ། །འདི་འདྲའི་བསོད་ནམས་སྟོབས་ཀྱིས་ནི། །རྒྱལ་པོ་ཡོངས་སུ་གཟུང་བར་གྱུར། །སྐྱེ་བོ་རྣམས་ནི་ངོ་མཚར་སྐྱེས། །ལྷ་རྣམས་དང་ནི་འདི་རུ་ཡང་། །ཕུན་སུམ་
ཚོགས་པ་འདོད་པ་ཡིས། །བསོད་ནམས་གང་ཡིན་ཞེས་བྱ་བ། །འདི་ལྟའི་བྱེ་བྲག་སུ་མི་སྒྲུབ། །བསམ་དུ་མེད་པའང་གང་བསམས་པ། །དོན་དེ་འབད་པ་མེད་པ་རུ། །མི་རྣམས་ལ་ནི་འབྲས་བུར་སྨིན། །རྐང་ཐང་གླང་ཆེན་མྱོས་པ་དང་། །རྟ་དང་ཤིང་རྟས་རྒྱ་མཚོ་ན། །གནས་པའི་ཀླུ་དང་ལྷན་ཅིག་གཡུལ། །
སྟོབས་ཆེན་སྣ་ཚོགས་མཚོན་ཆས་མིན། །སྡུག་བསྔལ་མགོ་བོའི་གདེངས་ཀ་ཅན། །བསོད་ནམས་རང་བཞིན་འདི་འདྲ་བའི། །ཞགས་པ་ཡི་ནི་ངེས་བཅིངས་ནས། །མྱ་ངན་མེད་རྒྱལ་ཞལ་མཐོང་བ། །བཀའ་དྲིན་བསམས་པས་རྗེས་མཐུན་འཇུག །དེས་ཀྱང་དེ་དག་སྣ་ཚོགས་པའི་དཀའ་
བས་འོངས་པ་མཐོང་ནས། བཅོམ་ལྡན་འདས་ཀྱི་བཀའི་ཡོན་ཏན་རྗེས་སུ་བརྗོད་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །བསོད་ནམས་མེ་ཡིས་མི་འཚིག་སྟེ། །རླུང་གིས་འཇིག་པར་མི་འགྱུར་རོ། །བསོད་ནམས་ཆུ་ཡིས་འཇུ་མི་འགྱུར། །ས་བཞིན་དུ་ནི་ཁྱེར་མི་འགྱུར། །རྒྱལ་པོ་དང་ནི་
ཆོམ་རྐུན་གྱིས། །དབྲོག་ཏུ་མེད་པར་བསོད་ནམས་གནས། །སྐྱེས་པ་དང་ནི་བུད་མེད་ཀྱིས། །དབྲོག་པར་ནུས་པ་མ་ཡིན་ནོ། །བསོད་ནམས་བདེ་བ་སྐྱེད་པའི་གཏེར། །འདིར་ནི་ལུས་པར་མི་འགྱུར་ཏེ། །གང་དང་གང་དུ་སྐྱེས་པ་རུ། །དེ་དང་དེར་ནི་རྗེས་སུ་འབྲང་། །དེ་ནས་བློན་པོ་གཞན་ཞིག་ངོ་མཚར་
སྐྱེས་ནས་འདི་སྐད་ཅེས་སྨྲས་སོ། །ཡོངས་སུ་བསྐོར་བའི་འཁོར་དབུས་ན། །བསོད་ནམས་རྒྱན་གྱིས་རྒྱལ་པོ་མཛེས། །སྐར་མའི་ཚོགས་ཀྱིས་ཡོངས་བསྐོར་པའི། །སྟོན་ཀ་ཡི་ནི་ཟླ་བ་བཞིན། །ཆུ་དང་མཁའ་ལ་འགྲོ་བའི་ཀླུ། །བསོད་ནམས་ཀྱིས་ནི་ངེས་ཕམ་བྱས། །ས་ལ་གནས་པའི་དགྲ་ཡི་

ཚོགས། །བསོད་ནམས་ཀྱིས་ནི་ཟད་པར་བྱེད། །ཇི་ལྟར་ཡིད་ལ་བསམས་པ་ཡི། །བདེ་བ་བསོད་ནམས་ཀྱིས་ཐོབ་བྱེད། །བསོད་ནམས་འདི་ནི་བསགས་པ་རུ། །སེམས་དང་ལྡན་པ་སུ་མི་བྱེད། །སྦས་པས་གྲུབ་ཅེས་བྱ་བའི་བློན་པོས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་
གསུངས། །བསོད་ནམས་འདི་ནི་དག་བྱེད་ཡིན། །བསོད་ནམས་ངེས་པར་འབབ་སྟེགས་ཏེ། །མཐོ་རིས་སུ་ནི་འགྲོ་བའི་ལམ། །མི་རྣམས་བདེས་རོལ་བསོད་ནམས་ཡིན། །བསོད་ནམས་རྣལ་འབྱོར་པ་རྣམས་ཀྱི། །མྱ་ངན་འདས་པར་འགྲོ་བའི་ལམ། །ཡང་བློན་པོ་གསུམ་པ་གཞན་ཞིག་གིས་སྨྲས་པ།
བསོད་ནམས་ཀྱིས་ནི་ཁྱོད་ཀྱི་བཞིན། །ཟླ་བ་དང་བ་ཤར་དང་མཚུངས། །རྒྱ་མཚོའི་ནང་དུ་ཞུགས་པ་ཡང་། །བསོད་ནམས་ཀྱིས་ནི་སྟོར་མ་མཆིས། །ཡིད་དུ་འོང་བ་ཐོབ་བྱེད་པས། །བསོད་ནམས་འགྲོ་བས་ཕྱག་བྱར་འོས། །བསོད་ནམས་ཡང་དག་བསགས་པ་ལ། །འབད་པར་མི་རྣམས་སུ་བྱེད་པ། །བསོད་
ནམས་ཀྱིས་རྒྱལ་སྐྱེས་བུ་ནི། །རྟ་ཡིས་མ་ཡིན་གླང་པོས་མིན། །ཤིང་རྟས་བསོད་ནམས་ལས་རྒྱལ་མིན། །མདའ་དང་རལ་གྲིས་མ་ཡིན་ནོ། །ནོར་རྣམས་དང་ནི་ཡུལ་དང་ནི། །གཡུལ་གྱིས་བསོད་ནམས་ལས་རྒྱལ་མིན། །བསོད་ནམས་ཀྱིས་ནི་རྒྱལ་བ་ལ། །རིགས་དང་སྟོབས་དང་གཟུགས་ཀྱིས་མིན། །བསོད་
ནམས་ཀྱིས་འཕགས་མི་རྣམས་ནི། །ས་རྣམས་གསུམ་གྱི་སྟེང་ན་གནས། །བསོད་ནམས་མི་རྣམས་གནས་ཡིན་ཏེ། །བསོད་ནམས་ཐར་པ་ཐོབ་བྱེད་མཆོག །བསོད་ནམས་འཇིག་རྟེན་གྲགས་བྱེད་ཡིན། །དེ་ཕྱིར་བླ་མེད་བསོད་ནམས་བཙལ། །མཐོ་རིས་ཐོབ་བྱེད་ངན་སོང་སྤོང་། །མི་ཡིས་རྟག་ཏུ་བསྟེན་
བྱ་སྟེ། །མཁས་པས་བསོད་ནམས་བྱ་བ་ཡིན། །དེ་ནས་རྒྱལ་པོས་ཚོང་པ་དེ་དག་རྣམས་ལ་སྨྲས་པ། ཁྱེད་རང་རང་གི་རིན་པོ་ཆེ་རྣམས་ཁྱེར་ཅིག །དེ་ནས་དེ་དག་གིས་བླངས་ནས་རྒྱལ་པོ་ལ་རབ་ཏུ་བསྟབས་ཏེ། གཞན་ཡང་ལྷའི་སྦྱོར་བས་ལགས་ཀྱི། །ལྷའི་དེ་དག་ལེགས་པར་སྣོམས་ཤིག །རྒྱལ་པོས་
སྨྲས་པ། བདག་ལ་ཅུང་ཟད་ཀྱང་དགོས་པ་མེད་ཀྱིས་ཁྱེར་ལ་སོང་ལ་ཐེ་ཚོམ་མེད་པར་ལོངས་སྤྱོད་ཅིག །དེ་ནས་རྒྱལ་པོས་རབ་ཏུ་དགའ་བའི་ཡིད་ཀྱིས་དཀོན་མཆོག་ལ་བསྟོད་པ་འདི་སྐད་ཅེས་སྨྲས་སོ། །ཨེ་མ་སངས་རྒྱས་ཨེ་མའོ་ཆོས། །ཨེ་མའོ་བསྟན་པ་ཕུན་སུམ་ཚོགས། །ས་རྡུལ་སྙིམ་གང་ཕུལ་

བ་ཡི། །རྣམ་པར་སྨིན་པ་འདི་འདྲ་ཐོབ། །དེ་ནས་རྒྱལ་པོས་ཡང་སྨྲས་པ། །དིང་འདིར་ཀླུ་ནི་བདག་དབང་གྱུར། །ཐུབ་ཆེན་ཁྱོད་ཀྱི་བཀའ་དྲིན་ལས། །ལེགས་སྤྱོད་རྒྱལ་པོ་བདག་བགྱིད་པ། །བདག་གི་སྐྱེ་བ་འབྲས་བཅས་ལགས། །ཡོན་ཏན་མཆོག་ལྡན་ཐུབ་པ་ཡི། །བསྟན་མཆོག་འདི་ལ་སུ་
མི་འཇུག །དཔེར་ན་ས་བོན་རྡུལ་བཏབ་པས། །འབྲས་བུ་ཆེན་པོ་སྐྱོང་བྱེད་ན། །རིན་ཆེན་ཕུལ་བ་སྨོས་ཅི་འཚལ། །དེ་ནས་ཀླུ་ཆོས་ལ་སྦྱར་ནས་སླར་སོང་ངོ་། །མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གནས་བརྟན་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། དགེ་སློང་
ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཾ་གྷ་མནྟྲ། བོད་སྐད་དུ། དགེ་འདུན་སྤྱན་དྲང་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །མགོན་པོ་ཀུན་མཁྱེན་རྫོགས་སངས་རྒྱས། །དྲི་མ་མེད་པ་ཟབ་མོའི་ཆོས། །ཡོན་ཏན་ཆེ་ལྡན་དགེ་འདུན་ཏེ། །དཀོན་མཆོག་
གསུམ་ལ་བདག་ཕྱག་འཚལ། །དཔལ་ཤཱཀྱའི་རིགས་ཆེན་པོ་དམ་པ་གཙང་མ་དཔལ་ཤཱཀྱའི་མགོན་པོ་ཐུབ་པ་སངས་རྒྱས་ཉིད། ས་ལ་མཛད་པ་མཐའ་དག་རྫོགས་ཏེ། འཇིག་རྟེན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ན། དཔལ་དགའ་བའི་བཤེས་གཉེན་ཞེས་བྱ་བའི་སྡོམ་བརྩོན་རྣམ་པར་ཐར་པ་
བརྒྱད་ལ་བསམ་གཏན་པ་མངོན་པར་ཤེས་པ་དྲུག་པ་འཇིག་རྟེན་ལས་འདས་པ་ཞིག་བྱུང་བར་གྱུར་ཏོ། །དེ་ཡང་འདི་ལྟར་ཐོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་འདས་པ་དེའི་ཚེ་དེའི་དུས་ན་ཡུལ་ཤི་བིའི་གྲོང་དུ། རྒྱལ་པོ་རྣམ་པར་རྒྱལ་བའི་སྡེའི་དུས་སུ། དགའ་བའི་
བཤེས་གཉེན་ཞེས་བྱ་བའི་དགེ་སློང་བྱུང་སྟེ། དགེ་སློང་དེ་ཡང་དགྲ་བཅོམ་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མངོན་པར་ཤེས་པ་དྲུག་དང་ལྡན་པ་རྫུ་འཕྲུལ་ཆེན་པོ་ཅན། མཐུ་ཆེན་པོ་དང་ལྡན་པ་སྟེ། དེ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་དགེ་སློང་གི་དགེ་འདུན་འདུས་པ་ལ།
མ་འོངས་པའི་དོན་ལུང་བསྟན་པ་དགེ་སློང་རྣམས་ཀྱིས་མ་ཤེས་ཏེ། གནས་བརྟན་དགའ་བའི་བཤེས་གཉེན་ལ་ཡོངས་སུ་དྲིས་པ། གནས་བརྟན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ཡུན་ཇི་སྲིད་ཅིག་གནས་ཞེས་སོ། །དེ་ཉིད་ལ་སྨྲས་པ་མར་འབྲི་བའི་ཚེ་ལོ་བཅུ་པ་ནས། ཡར་འཕེལ་བའི་

ཚེ་ལོ་དྲུག་ཁྲི་པའི་བར་དེ་སྲིད་དུ་གནས་སོ། །དེའི་འོག་ཏུ་ལོ་སྟོང་ཕྲག་བཅུར་དབུ་སྐྲ་ཤ་ལ་སོགས་པའི་རིང་བསྲེལ་གནས་པར་འགྱུར་རོ། །དེའི་འོག་ཏུ་ལོ་སྟོང་ཕྲག་བཅུར་རང་སངས་རྒྱས་རྣམས་འབྱུང་བར་འགྱུར་རོ། །དེ་ནས་ལོ་བརྒྱད་ཁྲི་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྱམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་བྱམས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་བསྟན་པ་ལ། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་
པའམ། ཆོས་ལ་དགེ་བའི་རྩ་བ་བསྐྲུན་པ་འམ། དགེ་འདུན་ལ་དགེ་བའི་རྩ་བ་བསྐྲུན་པ་དེ་ཐམས་ཅད་སངས་རྒྱས་བྱམས་པའི་བསྟན་པ་ལ་འདུས་པ་གསུམ་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ལ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པ་གང་ཞེ་ན། ཐ་ན་ནས་ཙམ་གྱི་སངས་རྒྱས་རི་མོར་བྲིས་
པ་དང་། གླེགས་བམ་བྲིས་པ་དང་། འཚོ་བའི་རྒྱུ་བསྒྲུབས་པའོ། །ཆོས་ལ་བསྐྲུན་པ་གང་ཞེ་ན། ཉན་ཐོས་ཀྱིས་བཤད་པ་འམ། བྱང་ཆུབ་སེམས་དཔས་བཤད་པའམ། སངས་རྒྱས་ཀྱིས་གསུངས་པའང་རུང་སྟེ། ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་བའོ། །དགེ་འདུན་ལ་བསྐྲུན་པ་གང་ཞེ་ན།
ཕྱོགས་པ་ལ་སོགས་པ་སྤྱན་དྲངས་པ་དང་། ཐ་ན་ཨ་རུ་ར་གཅིག་ཙམ་ཕུལ་བའོ། །དེ་སྐད་ཐོས་ནས་དགེ་སློང་དེ་རྣམས་ངུས་པ་དང་། གནས་བརྟན་གྱིས་དབུགས་ཕྱུང་བ། དགེ་སློང་རྣམས་མ་ངུ་ཤིག །སྨྲེ་སྔགས་མ་འདོན་ཤིག །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་
པའི་དུས་ཀྱི་ཚེ། །ཉན་ཐོས་ཆེན་པོ་བཅུ་དྲུག་པོ་རྣམས་ཀྱི་ཕྱག་ཏུ་དམ་པའི་ཆོས་གཏད་པར་གྱུར་ཏེ། སྦྱིན་པ་པོ་རྣམས་དང་སྦྱིན་བདག་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་དང་། ཡོན་ཡོངས་སུ་སྦྱོང་བའི་ཕྱིར་དུའོ། །དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་དེ་རྣམས་ཀྱིས་གནས་བརྟན་དགའ་བའི་བཤེས་
གཉེན་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ཅག་རྣམས་ཀྱིས་གནས་བརྟན་ཆེན་པོ་བཅུ་དྲུག་པོ་དེ་དག་རྣམས་ཀྱི་མཚན་དང་། དེ་དག་གང་དུ་བཞུགས་པ་མི་ཤེས་སོ། །གནས་བརྟན་གྱིས་སྨྲས་པ། ཚེ་དང་ལྡན་པ་རྣམས་དང་པོ་རེ་ཞིག་གནས་བརྟན་བྷ་ར་དྷྭ་ཛ་པིཎྜོ་ལ་བྷ་ར་དྷྭ་ཛ། བསོད་

སྙོམས་ལེན་ཞེས་བྱ་བ། དགྲ་བཅོམ་པ་སྟོང་དང་ཐབས་ཅིག་ཏུ་ནུབ་གྱི་བ་ལང་སྤྱོད་ན་བཞུགས་སོ། །གནས་བརྟན་གསེར་ཀ་ན་ཀ་བཏྶ་བེའུ་ཞེས་བྱ་བ་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བྱང་ཕྱོགས་ཁ་ཆེའི་ཡུལ་ན་བཞུགས་སོ། །གནས་བརྟན་བྷ་ར་དྷྭ་ཛ་ཞེས་བྱ་བ་དགྲ་བཅོམ་པ་དྲུག་བརྒྱ་དང་ཐབས་
ཅིག་ཏུ་ཤར་གྱི་ལུས་འཕགས་གླིང་ན་བཞུགས་སོ། །གནས་བརྟན་མི་ཕྱེད་ཨ་བྷེ་དྱ་པ་ཞེས་བྱ་བ་དགྲ་བཅོམ་པ་བདུན་བརྒྱ་དང་། ཐབས་ཅིག་ཏུ་བྱང་གི་སྒྲ་མི་སྙན་གྱི་གླིང་ན་བཞུགས་སོ། །གནས་བརྟན་བ་ཀུ་ལ་ཞེས་བྱ་བ་དགྲ་བཅོམ་པ་བརྒྱད་བརྒྱ་དང་ཐབས་ཅིག་ཏུ་ཛམྦུའི་གླིང་ན་བཞུགས་སོ། །
གནས་བརྟན་བྷ་དྲ་བཟང་པོ་ཞེས་བྱ་བ་དགྲ་བཅོམ་པ་དགུ་བརྒྱ་དང་ཐབས་ཅིག་ཏུ་ཟངས་གླིང་ན་བཞུགས་སོ། །གནས་བརྟན་ཀཱ་ལོ་ད་ཡཱི་ནག་པོ་འཆར་ཀ་ཞེས་བྱ་བ་དགྲ་བཅོམ་པ་སྟོང་དང་ཐབས་ཅིག་ཏུ་སིང་ཧ་ལའི་གླིང་ན་བཞུགས་སོ། །གནས་བརྟན་བཀླཱི་པུ་ཏྲ་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་གཅིག་དང་།
ཐབས་ཅིག་ཏུ་པ་ཎ་བའི་གླིང་ན་བཞུགས་སོ། །གནས་བརྟན་གོ་པ་ཀ་སྦེད་བྱེད་ཅེས་བྱ་བ་དགྲ་བཅོམ་པ་སྟོང་ཕྲག་བཅུ་གཉིས་དང་ཐབས་ཅིག་ཏུ་རི་སྤོས་ཀྱི་ངད་ལྡང་ན་བཞུགས་སོ། །གནས་བརྟན་པཱམྠ་ཀ་ལམ་བསྟེན་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་གསུམ་དང་ཐབས་ཅིག་ཏུ་སུམ་ཅུ་རྩ་གསུམ་ན་
བཞུགས་སོ། །གནས་བརྟན་སྒྲ་རཱ་ཧུ་ལ་གཅན་འཛིན་མ་གྲགས་འཛིན་དང་། ལྷན་ཅིག་དགྲ་བཅོམ་པ་སྟོང་ཕྲག་བཅུ་བཞི་དང་ཐབས་ཅིག་ཏུ་པྲི་ཡངྒུའི་གླིང་ན་བཞུགས་སོ། །གནས་བརྟན་པ་ན་གཱ་པཱི་ནགས་ན་གནས་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་དང་ཐབས་ཅིག་ཏུ་རི་སྐྱ་བོ་ལ་བཞུགས་སོ། །གནས་
བརྟན་ཨང་གི་ཏ་ཡན་ལག་འབྱུང་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་གསུམ་དང་ཐབས་ཅིག་ཏུ་རི་ངོས་ཡངས་ལ་བཞུགས་སོ། །གནས་བརྟན་ནཱ་ག་སེ་ན་ཀླུའི་སྡེ་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་བཞི་དང་ཐབས་ཅིག་ཏུ་ལུས་འཕགས་རི་ལ་བཞུགས་སོ། །གནས་བརྟན་ཨ་ཛི་ཏ་མ་ཕམ་པ་ཞེས་བྱ་བ་དགྲ་
བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །གནས་བརྟན་ལམ་ཕྲན་ཙཱུ་ཌཱ་པཎྛ་བསྟེན་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་དྲུག་དང་ཐབས་ཅིག་ཏུ་རི་གཤོལ་མདའ་འཛིན་ལ་བཞུགས་སོ། །གནས་བརྟན་བཅུ་དྲུག་པོ་དེ་རྣམས་ལ་ཤིན་

ཏུ་ཆུང་བའི་ཡོན་ཕུལ་ཡང་འབྲས་བུ་ཆེན་པོར་འགྱུར་རོ། །དེ་ལྟར་ཡང་། སེམས་ཅན་གང་ཞིག་བདག་བསྟན་ལ། །སྐྲ་ཙམ་རབ་ཏུ་སྦྱིན་བྱེད་པ། །བསྐལ་པ་སྟོང་ཕྲག་བརྒྱད་ཅུར་ནི། །ལོངས་སྤྱོད་ཆེན་པོའི་འབྲས་ཆེན་དང་། །གཟུགས་དང་ནད་མེད་བདེ་སྤྱོད་ཅིང་། །དེ་བཞིན་འདོད་
པའི་དབང་ཕྱུག་དང་། །མཐར་ཡང་བླ་མེད་བྱང་ཆུབ་ཀྱི། །འབྲས་བུ་མངོན་དུ་ཐོབ་པར་འགྱུར། །དེ་ལྟའི་འབྲས་བུ་ཆེ་ཐོས་ནས། །སུ་ཞིག་བསོད་ནམས་བྱེད་མི་འགྱུར། །གཎྜཱིའི་དུས་སྟོན་ཆགས་བྲལ་དུས་སྟོན་དང་། །ཕྱོགས་པ་སྤྱན་དྲང་ལ་སོགས་དག་ཀྱང་བྱ། །ད་ནི་ཆགས་བྲལ་རྣམས་ཀྱི་
མཆོད་པའི་ཆོ་ག་བརྗོད་པར་བྱ་སྟེ། དང་པོ་རེ་ཞིག་ཉི་མ་དང་པོ་ལ། རྗེ་བཙུན་སངས་རྒྱས་ཀྱི་སྐུ་ཁྲི་མཐོ་བ་ལ་བཞུགས་སུ་གསོལ་ཏེ། ཉི་མ་འཆར་ཀའི་དུས་སུ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། དེའི་སྤྱན་སྔར་མཎྜལ་གསུམ་དང་། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ
སཾ་གྷཱ་ཡ་ཞེས་བྱ་སྟེ་གནས་ལྔར་མེ་ཏོག་ལ་སོགས་པ་རྣམས་དབུལ་བར་བྱའོ། །དེ་ནས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། འཕྲོག་མ་ལ་ཨོཾ་ཡིག་སྔོན་དུ་འགྲོ་བའི་བཞི་བའི་མཐའ་ཅན་གྱིས་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །སངས་རྒྱས་ལ་སོགས་པའི་མཎྜལ་
གསུམ་གྱི་དེ་མ་ཐག་ཏུ། ཆུ་ཚོད་བདུན་པའི་དོན་དུ་སྤྱན་དྲང་བར་བྱ་སྟེ། ཚིག་འདི་སྔོན་དུ་འགྲོ་བས་སོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་བཞུགས་པའི་གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ཐུབ་པ་དགེ་སློང་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་རྣམས། སྦྱིན་པའི་བདག་པོ་མིང་འདི་ཞེས་བྱ་བས་སང་ཞལ་
ཟས་ལ་ཆུ་ཚོད་བདུན་པའི་དོན་དུ་སྤྱན་དྲང་བར་བགྱིའོ། །ཞབས་ལ་མཆོད་ཡོན་དང་ཞབས་ཀྱི་ཆུ་སྔོན་དུ་འགྲོ་བས་སོ། གནས་བརྟན་གསེར་བེའུ་ཞེས་བྱ་བ་དགེ་སློང་ལྔ་བརྒྱས་ཡོངས་སུ་བསྐོར་བ་དེ། བདག་དང་སྦྱིན་པའི་བདག་པོ་མིང་འདི་ཞེས་བྱ་བས་སོང་ཆུ་ཚོད་བདུན་པའི་དོན་དུ་ཞབས་ལ་མཆོད་ཡོན་ལ་
སོགས་པ་སྔོན་དུ་འགྲོ་བས་སྤྱན་དྲང་པར་བགྱིའོ། །དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། །འཕྲོག་མ་ལ་ཡང་མཆོད་ཡོན་སྔོན་དུ་འགྲོ་བས། བདག་དང་སྦྱིན་པའི་བདག་པོས་སང་ཞལ་ཟས་ལ་སྤྱན་དྲང་བར་བགྱིའོ། །ཉི་

མ་ཕྱི་མ་ལ་སྔ་བར་ཆུ་ཀླུང་གི་འགྲམ་དང་སྐྱེད་མོས་ཚལ་དང་མཆོད་རྟེན་གྱི་གནས་དང་ཉེ་བ་འམ། གཞན་དུ་ཡང་རུང་སྟེ་ཕྱོགས་གཙང་མར་སོ་སོའི་རྣམ་པ་སྔོན་དུ་འགྲོ་བ་ལ་དབུལ་བ་ལ་སོགས་པ་བྱ་བའོ། །འདི་ལྟར་བྱ་སྟེ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་བཞུགས་པའི་གནས་བརྟན་བྷ་ར་དྷྭ་ཛ་བསོད་
སྙོམས་ལེན་ཐུབ་པ་དགྲ་བཅོམ་དགེ་སློང་སྟོང་གིས་བསྐོར་བ་དེ། བདག་ཆེ་གེ་མོ་ཞེས་བྱ་བ་དང་སྦྱིན་པའི་བདག་པོས་ཆུ་ཚོད་བདུན་པའི་དོན་དུ་གཟུང་ལགས་ཀྱི་སྟན་འདི་ལ་བདག་རྗེས་སུ་གཟུང་བའི་སླད་དུ་བཞུགས་སུ་གསོལ། ཞབས་བསིལ་འདི་དང་ཞབས་ལ་མཆོད་ཡོན་འདི་དག་ཞབས་དག་ལ་
དབུལ་བར་བགྱིའོ། །དཱུརྦ་མ་ཉམས་པ་དང་དྲི་དང་མེ་ཏོག་དང་བཅས་པའི་རུང་བའི་ཆུ་ཡིས་ཞབས་དག་བཀྲུ་བར་བགྱིའོ། །དེ་ནས་སོ་སོ་ལ་གདན་ཕུལ་ཏེ་ཇི་ལྟ་བར་བཞུགས་པ་ལ་ཞལ་ཟས་ལ་སོགས་པ་དང་ཡིད་ལས་བྱུང་བའི་འབྱོར་པ་ལྷ་རྫས་ཀྱི་དྲི་དང་མེ་ཏོག་དང་བདུག་པ་དང་སྒྲོན་མེ་དང་གོས་དང་
གདུགས་དང་བ་དན་ལ་སོགས་པ་ཇི་ལྟར་འབྱོར་པ་དབུལ་བར་བྱ་སྟེ། ཚིག་འདི་ཡིས་སོ། །གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ཐུབ་པ་དགྲ་བཅོམ་པ་སྟོང་གིས་བསྐོར་བ་ལ་ཞལ་ཟས་ལ་སོགས་པ་སྣ་ཚོགས་པའི་ཚོད་མ་དང་ཁུར་བ་དང་བཤོས་དང་ཞོ་ལ་སོགས་པ་དང་བཅས་པ་རུང་བའི་དྲི་
བཟང་པོའི་ཆུས་གང་བའི་བུམ་པ་དང་ལྷ་རྫས་གྱ་ནོམ་པ་མེ་ཏོག་དང་བདུག་པ་ལ་སོགས་པ་ཕུལ་བ་འདི་བདག་ཆེ་གེ་མོ་དང་སྦྱིན་པའི་བདག་པོ་དང་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་གཟིགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་དབུལ་བར་བགྱིའོ། །
གནས་བརྟན་གཉིས་པ་གསེར་བེའུ་ཞེས་བྱ་བ་དགེ་སློང་ལྔ་བརྒྱས་ཡོངས་སུ་བསྐོར་བ་དེ། བདག་མིང་འདི་ཞེས་བྱ་བ་དང་། སྦྱིན་པའི་བདག་པོས་ཆུ་ཚོད་བདུན་པའི་དོན་དུ་གཟུང་ལགས་ཀྱི། སྟན་ཕུལ་བ་ལ་བདག་རྗེས་སུ་གཟུང་བའི་སླད་དུ་བཞུགས་སུ་གསོལ། ཞབས་བསིལ་དང་ཞབས་
ཀྱི་མཆོད་ཡོན་འདི་ཞབས་དག་ལ་དབུལ་བར་བགྱིའོ། །དཱུརྦ་མ་ཉམས་པ་དང་། དྲི་དང་། མེ་ཏོག་དང་བཅས་པའི་རུང་བའི་ཆུ་ཡིས་ཞབས་དག་བཀྲུ་བར་བགྱིའོ། །དེ་ནས་སྟན་གཉིས་པ་ཕུལ་ཏེ། ཇི་ལྟ་བར་བཞུགས་པ་ལ་ཞལ་ཟས་ལ་སོགས་པ་ཡིད་དང་མཐུན་པའི་ལྷ་རྫས་ཀྱི་དྲི་དང་མེ་ཏོག་

དང་བདུག་པ་དང་སྒྲོན་མེ་དང་གོས་དང་གདུགས་དང་བ་དན་དང་རྒྱལ་མཚན་དང་དྲིལ་བུ་ལ་སོགས་པ་ཇི་ལྟར་འབྱོར་པ་ཚིག་འདིས་དབུལ་བར་བྱའོ། །གནས་བརྟན་གསེར་བེའུ་ཐུབ་པ་ལྔ་བརྒྱས་བསྐོར་བ་ལ་ཞལ་ཟས་ལ་སོགས་པ་སྣ་ཚོགས་པའི་ཚོད་མ་དང་ཁུར་བ་དང་
བཤོས་དང་ཞོ་ལ་སོགས་པ་དང་བཅས་པའི་ལྷ་རྫས་གྱ་ནོམ་པ་དྲི་བཟང་པོའི་རུང་བའི་ཆུས་གང་བའི་བུམ་པ་དང་མེ་ཏོག་ལ་སོགས་པས་བདག་མིང་འདི་ཞེས་བྱ་བ་དང་སྦྱིན་པའི་བདག་པོ་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐམས་ཅད་གཟིགས་པ་ཉིད་ཐོབ་ཅིང་རབ་
ཏུ་དགོད་པར་འདོད་པས་དབུལ་བར་བགྱིའོ། །དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། གནོད་སྦྱིན་མོ་ཆེན་མོ་འཕྲོག་མ་ལ་ཡང་བཟའ་བ་ལ་སོགས་པ་སྣ་ཚོགས་པའི་ཚོད་མ་དང་ཞོ་ལ་སོགས་པ་དང་ཁུར་བ་དང་བཤོས་དང་ལྷ་
རྫས་གྱ་ནོམ་པ་དྲི་ཞིམ་པོ་རུང་བའི་ཆུས་གང་བའི་བུམ་པ་དང་མེ་ཏོག་ལ་སོགས་པ་འདི་ཡང་བདག་མིང་འདི་ཞེས་བྱ་བ་དང་སྦྱིན་པའི་བདག་པོས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དེ་རྣམས་ལ་དབུལ་བར་བགྱིའོ། །བཞེས་པ་ཡོངས་སུ་རྫོགས་པ་ན་ཞལ་བསིལ་དང་། ཙནྡན་དང་ཏཱམྦུ་ལ་ཡང་འབུལ་ཞིང་
བཟོད་པ་གསོལ་བར་བྱ་སྟེ། དེ་སྐད་བརྗོད་དོ། །གང་འདིར་བདག་གིས་མ་རྙེད་དང་། མ་ཤེས་པ་དང་མ་ཚང་བ། །དེ་ཡང་དགོངས་ཆེན་བཟོད་པར་གསོལ། །ཞིང་དང་བསམ་པ་རྣམ་དག་ལས། །ཉུང་ངུ་ཕུལ་ཡང་མི་ཉུང་འགྱུར། །བདེན་པ་ཡི་ནི་ཚིག་འདི་ཡིས། །ཕྲ་མོ་ཡང་ནི་རྒྱ་ཆེར་འགྱུར། །ཕྱག་
འཚལ་བ་ཡང་བྱ་སྟེ། སྟོན་པའི་བསྟན་པ་སྐྱོང་མཛད་རི་མཆོག་གླིང་དང་ནིངྒི་ཛ་ལར་བཞུགས། །སངས་རྒྱས་མཉེས་པ་ལྷུར་མཛད་ཉོན་མོངས་ལྟོས་འགྲོ་འཇོམས། །སེམས་ཅན་དོན་ནི་མཆོག་ཏུ་རྒྱས་མཛད་སངས་རྒྱས་བསྟན་པ་བསྲུང་། །གནས་བརྟན་བཅུ་དྲུག་སློབ་མར་བཅས་པའི་ཞབས་ལ་
མཆོག་ཏུ་ཕྱག་འཚལ་ལོ། །བསོད་ནམས་ཡོངས་སུ་བསྔོ་བ་ཡང་བྱ་སྟེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། རྒ་ནད་འཆི་བའི་རླབས་ཆེན་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་སོ། །

ལྕོགས་བརྒྱད་རང་བཞིན་རི་བོ་ནི། །གླིང་དང་ཉེ་གླིང་ཡང་དག་ལྡན། །རིན་ཆེན་བདུན་གྱིས་ཡང་དག་དཀྲིགས། །བླ་མེད་ཡོན་འདི་དབུལ་བར་བགྱི། །བླ་མ་བྱང་ཆུབ་སེམས་རྣམས་ལ། །འགྲོ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །རིན་ཆེན་མཎྜལ་ཡང་དག་རྫོགས། །དངོས་པོ་ཀུན་གྱིས་དབུལ་བར་བགྱི། །
དེ་ལྟར་སྨོན་ལམ་བརྗོད་ནས་གཤེགས་སུ་གསོལ་ཏེ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུ་སྭཱཧཱ་ཞེས་པས་གཤེགས་སུ་གསོལ། །དགེ་འདུན་
སྤྱན་དྲང་བ་ཞེས་བྱ་བ་འདི་དཔལ་འབྱོར་རབ་བརྟན་གྱི་ཕྱག་དཔེ་རྒྱ་དཔེ་ལས་ཞ་ལུ་ལོ་ཙཱ་བས་སྒྱུར་ཅིང་ཞུས་སོ།། ༄༅༅། །རྒྱ་གར་སྐད་དུ། སྠ་བཱི་རོ་པ་ནི་མནྟྲ་ཎཾ། བོད་སྐད་དུ། གནས་བརྟན་སྤྱན་དྲང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཙུན་པ་རྣམས་
དགོངས་སུ་གསོལ། དགོངས་ནས་ཀྱང་། ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ཏ་དང་། ཁ་བའི་ཕུང་པོ་དང་། ཟླ་བའི་འོད་ཟེར་དང་། སྟོན་གྱི་ཆུ་དང་། ནམ་ཐང་བ་དང་། པདྨའི་རྩ་ལག་ལྟར་དྲི་མ་མེད་པར་མཛོད་ལ། རླུང་གི་སྟོབས་ཀྱིས་ཤིང་གི་ལྕུག་ཕྲན་བསྐྱོད་པ་དང་། སྨིག་རྒྱུ་དང་།
སྒྱུ་མ་དང་། རྨི་ལམ་དང་། གློག་དང་། རྟའི་ཤིང་རྟའི་རྡུལ་དང་། བ་གླང་གི་ཕྲུ་གུའི་རྣ་མཆོག་དང་། སྦྲུལ་གྱི་ལྕེ་དང་། ཟིལ་པ་དང་། རྒྱ་མཚོ་བསྐྱོད་པའི་རླབས་ལྟར་གཡོ་བའི་ཡིད། སྐད་ཅིག་རེ་རེ་ལ་ཡང་མི་སྡོད་པར་འགྲོ་བ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་
དུ་དགག་ཏུ་གསོལ། སྨྲས་པ། རི་གཟར་འབབ་པའི་དབའ་རླབས་གྱུར་པས་ཀྱང་། །གང་གི་དབའ་རླབས་འགྱུར་ལ་བསྒྲུན་མེད་པར། །འཇིག་པ་ཐོགས་མེད་གཡོ་བའི་ཡིད་དེ་ནི། །ཡུད་ཙམ་རྩེ་གཅིག་མཛོད་ཅིག་བཙུན་པ་རྣམས། །ལྷ་ཡི་བུ་མོ་ཡི་ཆད་ཤུགས་ཕྱུང་སྐད་ཅིག་ཟིམ་མར་བྱས་པའི་
མིག །རིང་ཞིང་རྫིར་ལྡན་བཀྲ་ལ་འོད་འཚེར་མིག་ཆགས་ལྟ་བའི་གཡོ་བ་ཡིས། །གང་གི་ཐུགས་ནི་སྐྱེ་རྒྱུན་གཅོད་པ་ལས་འཁྲུངས་གཡོས་པར་མ་གྱུར་པ། བདུད་ཀྱི་དཔུང་འཇོམས་མཁས་གཅིག་ཐམས་ཅད་མཁྱེན་པ་དེ་ལ་ཕྱག་མཛོད་ཅིག །སྐྱེ་ལྡན་གང་ཞིག་བསྟེན་ན་དུད་འགྲོའི་སྐྱེ་

གནས་སེམས་ཅན་དམྱལ་ཞི་དང་། །ཡི་དགས་འཇིག་རྟེན་གནས་སུ་འགྲོ་བར་མི་འགྱུར་སྡུག་བསྔལ་འཇིག་བྱེད་པ། །འཁོར་བ་དག་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་གྱུར་འཕགས་གཅིག་པོ། །ཞི་བདེ་འགྲོ་དེའི་སྒོར་གཞོལ་ཆོས་དེ་ལ་ནི་གུས་པས་བརྟེན་པར་མཛོད། །ཞི་བའི་
བདག་ཉིད་གང་ཞིག་བདེ་གཤེགས་གསུང་རབ་མཐར་ཕྱིན་འབྱུང་སྨྲ་ཞིང་། །གང་ལ་གུས་པར་ཅུང་ཟད་ཙམ་ཞིག་བྱིན་ཡང་སྦྱིན་པ་འཕེལ་འགྱུར་ལ། ཡེ་ཤེས་སྣང་བས་མུན་པ་ཟད་བྱས་དགེ་སློང་དགེ་འདུན་དེ་ལ་ནི། །ཉོན་མོངས་གཅད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པར་ཕྱག་མཛོད་
ཅིག །ལྕང་ལོ་ཆུན་པོའི་སྐྲ་མང་མགོ་ལ་ཐོགས་ཤིང་དཔུང་མགོ་གཉིས་གཡོགས་ལ། །རང་གི་འོད་ཟེར་ཕྱོགས་མཐར་འཕྲོ་བ་རྣམས་ཀྱིས་འཇིག་རྟེན་ཀུན་འགེངས་པ། ལྷ་དབང་བརྒྱ་བྱིན་ཅོད་པན་བཏུད་དེ་ཚངས་ལ་ཕྱག་བྱས་གང་ཡིན་དེ། །བྱིན་ནས་དགའ་བྱས་སེམས་ཀྱི་ཏིང་འཛིན་ཤིན་ཏུ་ཆེན་པོའི་
འབྲས་བུ་ཡིན། །རྡོ་རྗེ་འོད་འཕྲོའི་ཕྲེང་བས་དཔུང་རྒྱན་འདྲེས་ནས་མཛེས་གྱུར་ཅིང་། །ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྐྱོང་བ་གང་ཡིན་པ། །དེ་དག་དགེ་བ་དག་འབྱུང་རྣམ་སྨིན་འགྱུར་དུས་ཉམས་དགའ་ཞིང་། །མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་རྣམས་ཡིན། །ཁ་ནས་རྒྱགས་
འགྱུར་དྲི་ཞིམ་འབྱུང་ཞིང་མིག་གི་མཐའ་དམར་ལ། །དབུགས་འབྱུང་དོ་ཤལ་གཡོས་པས་ནུ་མ་འབུར་ལ་འདྲུད་བྱེད་པ། །སྡུ་གུ་ལྷན་ཅིག་ནོར་བདག་དགའ་ཚལ་འདུག་པ་གང་ཡིན་པ། །དེ་ཡང་འགྲོ་བ་ཉམས་དགའ་སྦྱིན་པའི་བདག་ཉིད་ཆེན་པོ་ཡིན། །འབྲུག་སྒྲ་སྒྲོགས་ཤིང་སྤྲིན་རྣམས་ཆུ་ནི་ཀུན་དུ་ལེན་བྱེད་པ། །
རླབས་འབྱུང་དུས་ན་ནོར་བུ་བྱི་རུ་དུང་དང་ཉ་ཕྱིས་འབྱུང་། །རིན་ཆེན་གནས་ནང་ཆུ་ལྷ་ཉིད་ཀྱི་འབྱོར་པས་གང་བསྲུང་བ། །དེར་ཡང་རྒྱུ་ནི་སྦྱིན་པ་མཆོག་ཅེས་ཐུབ་པས་བཀའ་སྩལ་ཏོ། །གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང་། །ཀུ་མུ་ཏ་ཡི་རྫིང་ཡངས་རྣམས་སུ་དཔལ་
ནི་རབ་ཏུ་རྣམ་ཕྱེ་ནས། །གླང་པོའི་མཆེ་བའི་དཔལ་དང་ལྡན་ཞིང་མཚན་མོ་ཤིན་ཏུ་རབ་མཛེས་པ། །དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱི་འབྲས་བུ་རོ་བྲོ་མང་པོ་ཡིན། །རི་རབ་རྩེ་ལ་ཤིང་རྟས་ལམ་ཁ་འདུག་པའི་རིན་ཆེན་རྡོ་གཅོག་ཅིང་། །རྟ་ཡི་རྐང་ལག་རྣམས་ཀྱིས་དགུ་ཚིགས་ཆུ་བོའི་རླབས་ནི་གཅོད་བྱེད་ལ། །

མུན་པ་བསལ་ཕྱིར་ཉི་མས་སྐར་མ་ཟིལ་མནན་ལྷམ་མེ་གང་ཡིན་པ། །དེ་རྒྱུ་ཡིད་ཀྱི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་སྦྱིན་པར་ཐུབ་པས་གསུངས། །རྒྱལ་མཚན་རྩེ་བཏགས་རིན་ཆེན་འོད་ཟེར་སྣང་བས་ནམ་མཁའ་དམར་གྱུར་ཅིང་། །རྟ་རྨིག་འདོར་བས་མཁའ་ལ་སྤྲིན་གྱི་ཕྲེང་བ་དག་ཀྱང་འདྲལ་བྱེད་
ལ། །རྔ་ཡབ་དཀར་པོས་གཡབས་ཤིང་འཁོར་ལོས་སྒྱུར་བ་སོང་བ་གང་ཡིན་པ། །འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཞེས་ཐུབ་པས་བཀའ་སྩལ་ཏོ། །གསེར་གྱི་པདྨའི་རྡུལ་གྱི་བྱེ་མས་དམར་བྲིས་མཚོར་ནི་ཁྲུས་བྱས་ཏེ། །དེ་ནི་ནགས་འདབ་བུང་བ་སྒྲ་འབྱིན་རྣམས་སུ་ཉལ་བའི་བདེ་རྙེད་
ནས། །རིག་འཛིན་ཆུང་མ་ལྷན་ཅིག་འཇིགས་མེད་མཁའ་ལས་འགྲོ་བ་གང་ཡིན་པ། །དེ་ཡང་སེར་སྣ་འཇིལ་ཞིང་སྐྱོན་མེད་དགའ་བའི་སྦྱིན་པའི་གཟི་བརྗིད་ཡིན། །མ་ལ་ཡ་ཡི་རི་རྩེར་ཙནྡན་གྲིབ་མས་བསིལ་བ་ཡངས་པ་དང་། །འབིགས་བྱེད་རི་དང་གངས་དང་ལྷུན་པོའི་རི་དང་མན་ད་ར་བའི་རི་བོ་
ལ། །གྲུབ་པའི་ཚོགས་ཆེན་ཆུང་མ་ལྷན་ཅིག་འཇིགས་བྲལ་དགའ་བ་གང་ཡིན་པ། །འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་པ་དེ་ཡང་གཏོང་བས་ཡིན། །བུད་མེད་རྐང་གདུབ་འཁྲོལ་བས་འགྲོགས་ནས་འཕུར་བའི་ཕུ་རོན་གནས་པ་ཡི། །ཁང་པ་མཐོན་པོ་རྣམས་དང་འབིགས་བྱེད་རི་རྩེ་
འགྲན་པའི་བན་གླང་དང་། །གདུགས་དང་རྔ་ཡབ་བུད་མེད་གཡོག་འཁོར་རིན་ཆེན་གསེར་དང་རྟ་རྣམས་དང་། བཟང་མཛེས་དེ་དག་ཀུན་ཀྱང་སྔོན་གྱི་སྦྱིན་པའི་དགེ་བའི་རྣམ་སྨིན་ཡིན། བནྡུ་ཀ་ལྟར་རྩ་དམར་རྒུན་ཆང་གསེར་སྣོད་བཟང་པོར་ལེགས་བླུགས་པ། ཡོངས་དག་ཨ་མྲ་སྨིན་གས་ལྟ་བུར་
དྲི་ཞིམ་ཨུཏྤལ་འགྱིང་ཞིང་ལྡེམ། །ན་ཆུང་གཤིན་མ་ནམ་དགོས་དུས་ཀྱིས་སྟོབས་ཤིང་ཡམས་གྲངས་མང་འདྲིམ་པ། །མཆོག་ཏུ་དགེ་བ་དེ་རྒྱུ་སྦྱིན་པ་ཡིན་ཞེས་བློ་གྲོས་དག་པས་གསུངས། །གསེར་གྱི་ཕག་སྐས་རྐེད་བཅིངས་སྙན་སྨྲ་འཇམ་ཞིང་སྨིན་མ་ཡ་གཅིག་བསྐྱོད། །མིག་ཡངས་རྣར་ཐུག་
དཀར་ནག་འབྱེས་ལ་སྐྲ་བཀབ་མེ་ཏོག་ཕྲེང་དཀྲིས་པའི། །ན་ཆུང་བཟང་མོ་བརླ་རྒྱས་བདག་ཉིད་ལེགས་བྱས་རྣམས་ཀྱི་བྲན་ལྟར་བྱེད། །ཚོགས་བསགས་འབྲས་དེ་སྦྱིན་པའི་ཆེ་བ་ཉིད་ཅེས་ཟས་གཙང་སྲས་པོས་གསུངས། །དེ་ལྟ་ལགས་པས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ཐུགས་

སུ་ཆུད་པ་ཤིན་ཏུ་རྒྱས་པའི་ཆུ་ལྟར་གྱུར་པ་སྙིང་པོ་དྲི་མ་མེད་པ་དང་། ལྷའི་སྐྱེ་བོ་དང་ཀླུའི་གནས་སུ་གྱུར་པ། ཚུལ་ཁྲིམས་འདྲེན་མ་མ་ཡིན་ཞིང་རྒྱ་ཆེ་བའི་ཆུ་དང་ལྡན་པ། དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་དབང་གིས། །ཏིང་ངེ་འཛིན་སྣ་ཚོགས་རྒྱས་པའི་དུས་ཀྱི་རླབས་གྱིས་
བྱང་ཆུབ་ཀྱི་ཡན་ལག་སྐྱོན་མེད་པའི་ནོར་བུ་མང་པོ་ཀུན་དུ་གཡེངས་པ། སེམས་ཀྱི་འོག་གཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རི་བོ་ཆེན་པོ་བརྟན་པ། འབྲས་བུའི་བྱེ་བྲག་ཐོབ་པ་གང་ཟག་ཆེན་པོའི་ཆུ་སྲིན་རྒྱུ་བ། འཕགས་པའི་བདེན་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་
རྐང་པའི་ཤིང་ལྗོན་པས་མཛེས་པར་བྱས་པ། དྲན་པ་ཉེ་བར་གཞག་པའི་ངོགས་དང་ལྡན་པ། སྒྲིབ་པའི་རོ་མི་གནས་པ། སྦྱངས་པའི་ཡོན་ཏན་གོམས་པ་དག་པའི་མུ་ཏིག་གི་ཉ་ཕྱིས་ཀྱི་ཁོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མི་དཔོགས་ཤིང་ཟབ་པ། རྒྱུན་མི་འཆད་པར་
ཀློག་པ་དང་ཁ་ཏོན་བྱེད་པའི་སྒྲ་རྒྱ་ཆེར་འབྱུང་བ། འཕགས་པའི་དགེ་སློང་གི་དགེ་འདུན་གྱི་རྒྱ་མཚོ་ཆེན་པོ་ལ་བདག་གསོལ་བ་འཚལ་ལོ། །འདི་ལྟ་སྟེ། སྲིད་པའི་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དུམ་ནས་དགེ་བའི་ས་བོན་བཏབ་པ། བདེ་བར་གཤེགས་པའི་བསྟན་པ་གཞལ་མེད་ཁང་གིས་
གཞི་གཅིག་པུར་གྱུར་པ། བཟོད་པ་དང་དེས་པ་དང་བྱམས་པ་དང་། ཚུལ་ཁྲིམས་དང་ཐོས་པ་དང་ཞི་བའི་གནས། བདག་དང་གཞན་གྱི་གཞུང་གི་དོན་གྱི་དེ་ཁོ་ན་མ་ལུས་པར་རྟོགས་པ། ཡོངས་སུ་ཤེས་པས་བསྒོམས་པས་དྲན་པ་ཉེ་བར་གནས་པ་ཡང་དག་པའི་ཡེ་ཤེས་མཐོང་བས་ལོག་
པར་ལྟ་བའི་རབ་རིབ་བསལ་བ། ལེགས་པར་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མིག་དང་ལྡན་པ་སྐྱེ་བོ་བླ་མ་ལ་བསྙེན་བཀུར་བྱེད་པ་དང་མངོན་དུ་སྨྲ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་ཚུལ་བཟང་པོ་དང་ལྡན་ཞིང་མདོངས་གསོལ་ཆེ་བས་སྙན་པ་རྣམས་བསྐྱེད་པ་སྟོན་གྱི་ཟླ་བ་ཉ་བའི་འོད་ཟེར་དག་པ་
ལྟ་བུའི་ཡིད་འབྱུང་བ། སྦྱིན་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མིང་འདི་ཞེས་བྱ་བ་འདི་ནི་ཁྱིམ་བདག་ལེགས་སྦྱིན་དང་། བཟང་ལྡན་དང་། བཙུན་མོའི་འཁོར་གྱི་བླ་དང་། མུ་ཤི་ལ་དང་། ཏྲ་དུ་ས་དང་། གོ་ཤི་ལ་དང་། ཏ་པ་ཀརྞི་ཀ་དང་། མགོན་མེད་ཟས་སྦྱིན་དང་། དྲག་པོ་དང་། ནག་པ་དང་།

ནམ་གྲུ་ལ་སོགས་པ་དང་། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་མངོན་པར་དད་པས། རྒྱལ་པོ་གསལ་རྒྱལ་དང་། ཚངས་པས་བྱིན་དང་། རྒྱལ་པོ་འཆར་ཀའི་བུ་དང་། གཏུམ་པོ་རབ་སྣང་ལ་སོགས་པ་སའི་སྟེང་ལ་དབང་བའི་སྦྱིན་པ་ལས་བྱུང་བའི་ལེགས་པར་སྤྱད་པའི་རྗེས་
སུ་སློབ་སྟེ། ལུས་དང་། ལོངས་སྤྱོད་དང་། སྲོག་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེ་སྐོར་བ་དང་། རྨི་ལམ་དང་། རིའི་འབབ་ཆུ་ལྟར་གཡོ་བར་རིག་ནས། སྟོབས་བཅུ་མངའ་བས་གསུངས་པའི་ཚིགས་སུ་བཅད་པ་དང་། ཆོས་དང་མངོན་པ་དང་། འདུལ་བ་དང་། མདོ་
སྡེ་འཛིན་ཅིང་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་བསོད་ནམས་ཀྱི་ས་བོན་སྐྱེད་པའི་རྒྱུ་འཁོར་བའི་བདེ་བ་ཕུན་སུམ་ཚོགས་པའི་གཞི། སྐྱེ་བོ་ངན་པས་རྙེད་པར་དཀའ་བ་སེར་སྣ་ཅན་གྱི་ཡིད་འཇོམས་པ་སྒྲུབ་པ་ནི་སྟོན་ཀའི་ཟླ་བ་དྲི་མ་མེད་པ་ལྟར་དང་བའི་ཐུགས་མངའ་བ། སྲིད་པའི་
ས་བོན་ཉོན་མོངས་པ་གཅོད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པ། གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ་པས་བདུད་ཀྱི་བུ་མོ་སྟེག་པ་རྒྱུན་གཅོད་པའི་རྒྱུ། སྐྱབས་སུ་འོས་པ། ཆོས་སྟོན་པ། འགྲོ་བ་ལ་དགེ་བའི་ཕྱིར་བྱ་དཀའ་བའི་ཕྲིན་ལས་རྣམས་ཀྱིས། ཆོས་ཐམས་ཅད་ཐུགས་སུ་ཆུད་པས་
རྣམ་པར་སངས་རྒྱས་པའི་སངས་རྒྱས་ཉི་མའི་འོད་ཟེར་གྱི་སྣང་བ་གསལ་བས་རེག་ནས། པདྨའི་འདབ་མ་རྒྱས་པ་ལྟར་རིང་ཞིང་རྫི་མ་ལེགས་པའི་སྤྱན་དང་ལྡན་པ། གནོད་སྦྱིན་གྱི་བདག་པོའི་གཙུག་གི་ནོར་བུ་ཆེན་པོས་ཞབས་ཀྱི་སོར་མོ་ཀུན་དུ་བསྐོར་བ་གསེར་གྱི་མཆོད་སྡོང་ལྟར་གསལ་བ། སྐུ་ལ་རྡོ་རྗེ་
དང་། ལྕགས་ཀྱུ་དང་། པདྨ་དང་། ཉ་དང་། རྒྱལ་མཚན་དང་། གདུགས་དང་། འཁོར་ལོ་ལ་སོགས་པའི་མཚན་རྣམས་ཀྱི་མཚན་མངའ་བ། པདྨའི་འབྱུང་གནས་རྣམས་ལ་སྣང་བ་མཛད་པའི་འོད་ཀྱི་ཕྲེང་བ་བྱེ་བྲག་མེད་པར་ཁྱབ་པ་རྒྱས་པར་འགེངས་པ། བུང་བའི་ཚོགས་ལྟར་སྔོ་བའི་གཙུག་
ཏོར་གྱི་ནང་ནས་ཀུན་དུ་འབྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲ་བར་བྱས་པ། ཁ་ན་མ་ཐོ་བ་མེད་པར་ཞུགས་པ། འཕགས་པའི་བདེན་པ་སྟོན་པ། ཞི་བར་གཞོལ་བའི་ལམ་དུ་འདྲེན་པ། འཇིག་རྟེན་སྒྲོལ་བ། མཉེས་གཤིན་པའི་གཉེན་གཅིག་པུ། མུ་སྟེགས་ཅན་ངན་

པའི་རྒོལ་བ་རྣམས་ཀྱིས་གསུང་དང་ཐུགས་དང་དཔལ་དང་། མཐུ་ལ་མི་གནོད་པ། ཟས་གཙང་མའི་སྲས། ཡུལ་རྣམས་ཀུན་ལ་སྲེད་པ་འབྱུང་བའི་རྒྱུན་རྣམས་སྐེམས་པའི་རྒྱུ། །སྐྱེ་བོ་མཁས་པ་རྣམས་ནི་སད་པར་བྱ་ཕྱིར་ཤར་གྱུར་པ། །བག་ལ་ཉལ་གྱི་རབ་རིབ་སེལ་
བ་ཡེ་ཤེས་སྣང་བའི་མཆོག །ས་རྣམས་མཐའ་དག་སྣང་བས་ཕྱོགས་རྣམས་ཐམས་ཅད་སྣང་མཛད་པ། །ཕྱག་དང་ཞབས་དང་དབུ་ནི་རབ་ཏུ་བྱིན་ཞིང་ཚུལ་ཁྲིམས་དང་། །སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང་ཡང་དག་བསྒྲུབས་གྱུར་པ། །སྲིད་པའི་འགྲོ་བའི་དུག་གི་སྙེ་མའི་སྟེང་དུ་ལྷུང་བའོ། །སྐྱེ་
དགུ་རྣམས་ལ་ཁ་ན་མ་ཐོ་བ་མེད་པ་སྟོན་པར་མཛད་པ། སྲིད་པ་རྣམ་པ་གསུམ་འཇིག་པ། བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞི་མངའ་བ། དཔའ་བ་དང་མཐུ་ཁ་ན་མ་ཐོ་བ་མེད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པས་སྐུ་བརྗིད་པ། ཕ་རོལ་ཏུ་ཕྱིན་
པ་དྲུག་དང་དཀའ་བ་བརྒྱ་ཕྲག་དུ་མས་དམ་པའི་ཆོས་དཀོན་མཆོག་བསྒྲུབས་པ། བརྩལ་བ་ཙམ་གྱིས་སེམས་ཅན་མཐའ་དག་གི་བསམ་པ་ཐུགས་སུ་ཆུད་པ། ཐམས་ཅད་མཁྱེན་པའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རབ་ཏུ་ཞི་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། བཟོད་པ་
དང་། བྱམས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ། ཉོན་མོངས་པའི་རབ་རིབ་དང་ལིང་ཏོག་མ་ལུས་པར་བསལ་བ། འཁོར་བའི་རང་བཞིན་རིག་པ་དང་ཕྱོགས་དང་ཕྱོགས་ཀྱི་གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། རི་དང་། ནགས་འདབ་དང་། ཁྲད་ཁྲོད་དང་། ཆུ་དང་། རི་སུལ་
དང་། གཤེར་ས་དང་། ནེའུ་གསེང་དང་། ཤིང་གི་གྲིབ་མ་རྣམ་པ་སྣ་ཚོགས་ལ་དགྱེས་པ། ཡུལ་དང་ལྗོངས་དུ་མ་ལ་ཕན་གདགས་པར་རྩོལ་བ་མཛད་པ། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། དགའ་བ་ཐོབ་པ་ལས་མ་ཉམས་པ། ཕུང་པོ་ལྔའི་ཕྱིར་སྐད་ཅིག་ཡང་དག་པར་སོ་
སོར་རྟོག་པའི་ཡིད་ལ་བྱེད་པ་བསྐྱེད་པ། མདོ་དང་། འདུལ་བ་དང་། ཆོས་མངོན་པ་དང་། སྐྱེས་པའི་རབས་དང་། གླེང་གཞི་དང་། ཚིགས་སུ་བཅད་པ་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། གཏན་ལ་དབབ་པའི་གཏམ་གྱིས་སེམས་སྦྱངས་པ། རང་གི་ལུས་དང་།

ངག་དང་། ཡིད་ཀྱི་འཇུག་པ་དྲན་པ་ཉེ་བར་གནས་པར་རྒྱུ་བ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བདེན་པ་དང་། འཕགས་པའི་ལམ་དང་། དྲན་པ་ཉེ་བར་གཞག་པ་སྒོམ་པ་གོམས་པས་དད་པ་ཐོབ་པ་ལ་ཚེ་རབས་གཞན་དང་གཞན་ནས་བསགས་པའི་དགེ་བའི་རྣམ་པར་སྨིན་
པས་གྲུབ་པ། ཇི་ལྟར་འབྱོར་པས་ནུས་པ་དང་མཐུན་པའི་རྩོམ་པས་ཚོགས་བསགས་པ། ཕན་ཡོན་ལྔའི་རྒྱུ་སེམས་ཅན་ཐམས་ཅད་གནས་པར་བྱེད་པ། འཇིག་རྟེན་ཕ་རོལ་དུ་བདེ་བ་ཐོབ་པར་བྱེད་པ། ཁ་དོག་དང་དྲི་དང་རོ་དང་རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་བཟའ་བ་དང་། བཅའ་བ་དང་།
ལྡག་པ་དང་། རྔུབ་པ་དང་། གཞིབས་པ་ལ་སོགས་པ་ཞལ་ཟས་བཤམ་པར་བྱ་བ་རྣམ་པ་སྣ་ཚོགས་ཞལ་ཟས་ཁྱད་པར་ཅན་གྱིས་སྤྱན་འདྲེན་ཏོ། །དེ་ལ་ཐོག་མར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་བུད་ཤིང་ཐམས་ཅད་མ་ལུས་
པར་བསྲེགས་པ། གཏོང་བའི་ངང་ཚུལ་ཅན་གྱིས་སྦྱིན་པའི་ས་བོན་འཕེལ་བའི་རྒྱུར་གྱུར་པ། ཕྲ་བ་གཟིགས་པ། མཁས་པ། དེ་ཁོ་ན་ལ་བསྒོམས་པ་འདི་ལྟ་སྟེ། གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། འཕགས་པ་སྒྲ་གཅན་ཟིན་དང་། སྦྱིན་བྱེད་དང་། ལམ་བསྟེན་དང་། སྐྱེད་བྱེད་
དང་གསེར་བེའུ་དང་། རྟོགས་བྱེད་དང་། རྡོ་རྗེ་ཅན་གྱི་བུ་དང་། འཕགས་པ་བསྲུང་བའི་ཀླུ་དང་། ཀླུ་སྡེ་ལ་སོགས་པ་སློབ་མ་བསྟན་པ་གནས་པར་བྱ་བའི་ཕྱིར་གནོད་པར་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང་། གཞན་ཡང་གང་དག་སུམ་ཅུ་རྩ་གསུམ་པའི་སྐྱེ་བོ་ལ་ཕན་པའི་ཕྱིར། གསེར་
གྱི་རྡོ་ལེབ་ཆེན་པོའི་སྟེང་ན་འདུག་པའི་རིག་སྔགས་འཆང་དུ་མ་གླུ་ལེན་པས་གླང་པོ་ཆེ་ཡུར་བ། བུང་བའི་མཆུས་པདྨ་ལ་འཇིབ་ཅིང་འཁོད་པའི་མནྡ་ཀའི་རྫིང་གི་ཆུ་དང་ལྡན་ཞིང་ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་བྲེས་པའི་ཤིང་ཡོངས་འདུས་ཀུན་དུ་མཛེས་པར་བྱས་པའི་རིའི་ལྷུན་
པོ་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད་པ་རྣམས་དང་། ཡང་ན་གང་དག །གསེར་རིའི་དཀྱིལ་ནས་བསིལ་བའི་ཆུ་འབབ་ལ། །ཆུ་ལ་ཟླ་བའི་གཟུགས་བརྙན་འབྱུང་འགྱུར་ཞིང་། །ཟླ་བའི་འོད་ཀྱིས་ཀུ་མུད་ཁ་ཕྱེ་སྟེ། །ཀུ་མུད་ཚལ་ན་སྐད་སྙན་ངང་པ་གནས། །ངང་མོ་མཚེའུ་ན་སྒྲ་སྐད་སྙན་པ་འབྱིན། །མཚེ་

ངོགས་རྨ་བྱ་དགར་བཅས་རྒྱགས་པར་གནས། །རྨ་བྱ་རྒྱགས་སྒྲས་རི་སུལ་སྙན་པར་གྲགས། །རི་སུལ་ཡལ་ག་ལྷགས་པས་རི་རྩེ་འཁྲིགས། །རི་རྩེ་སྟོད་རྣམས་ན་ནི་སྤྲིན་ཆགས་ལ། །ལང་ལིང་སྤྲིན་གྱི་སྨན་ལྗོངས་ཁྲ་ཁྲོ་སྣང་། །སྨན་ལྗོངས་སྐྱེས་པའི་ནོར་བུ་ལྡུམ་བུ་གསལ། །ལྡུམ་
བུ་ལས་བྲུལ་ལྷུང་བའི་མེ་ཏོག་ལྡན། །མེ་ཏོག་རྒྱས་པའི་དཔག་བསམ་ཤིང་ཚལ་མཛེས། །མཛེས་པའི་ལྷ་མོ་གསེར་གྱི་ཕག་སྐད་དྲུང་། །གསེར་གྱི་ཕག་སྐད་སྒྲས་ནི་བྱ་འདྲོགས་ཤིང་། །བྱས་འཆོས་ཤིང་ཐོག་རྩ་ལས་ཆད་ཅིང་གྲུལ། །རྩ་འཕྱང་ཁུ་བ་ཟགས་པ་སྤོས་ཀྱི་དྲི། །སྤོས་གླང་དབང་པོ་དྲེགས་
བྲག་དྲི་རབ་ཞིམ། །དྲི་རབ་ཞིམ་པའི་ལི་ཤི་རི་འཁོར་མང་། །བན་གླང་མོ་རྒྱགས་དྲག་འགྲོ་ལང་ལོང་གྱུར། །བུང་བའི་ཁྱུ་ཡིས་མེ་ཏོག་གཟེགས་གྱུར་ཅིང་། །ཡལ་ག་མེ་ཏོག་རྒྱས་པས་གད་པ་དཀར། །གད་པ་ཆད་པས་ནོར་བུའི་ལྡུམ་བུ་སྣང་། །མེ་ཏོག་མགོ་ལྕོགས་བྲལ་བས་རྣམ་པར་བཀྲ། །ནོར་བུ་
སིལ་མ་མོད་པོས་རི་གཞོལ་སྤྲས། །མེ་ཏོག་ཟེགས་པའི་ཤིང་གི་ཡལ་གར་གནས་པའི་བུང་བ་དགའ་བས་འཕུར་རྣམས་དང་། །ཟླ་བའི་འོད་ཟེར་དཀར་པོ་ངང་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏབ། །ལྷུན་པོ་མཐོ་བའི་རི་ལ་ཐུབ་པ་གང་དག་རབ་ཏུ་ཞི་བའི་ཐུགས་ཀྱིས་བཞུགས། །དེ་དག་དྲི་མེད་ཟླ་འདྲའི་
གྲགས་ལྡན་འདི་ཡི་སྦྱིན་པའི་གནས་ལ་བརྟེན་དུ་གསོལ། །རྒྱ་མཚོའི་ཉེ་བའི་ཆུ་འགྲམ་རི་བོ་མ་ལ་ཡའི། །རི་ངོས་ཏ་མལ་སྦལ་མིག་འཐོན་པའི་ཕྲེང་བ་ཅན། །སྦྲུལ་མང་འཁྲིས་པའི་ཙནྡན་ཤིང་གི་ནགས་ཚལ་ན། །བརྟེན་པ་གང་དག་བཞུགས་པར་གྱུར་པ་དེ་དག་དང་། །ཉི་མའི་རྟ་ཡི་རྨིག་པས་
རྡོ་བཅག་ཅིང་། །མིའམ་ཅི་ཡི་བུ་མོ་ཕྲུགས་ཀྱིས་ཉམས་དགའ་ལ། །རི་སུལ་མཐོན་པོ་དཔག་བསམ་ནགས་མང་དང་། །རི་འགབ་རྣམས་ན་གང་དག་བཞུགས་པ་དང་། །ཤིང་གི་མེ་ཏོག་འཕྲུལ་པས་དྲི་ཞིམ་བྱས་པའི་སེར་བུ་ངད་ལྡང་ཞིང་། །ནགས་ན་གླང་པོ་དྲེགས་པ་ཟག་པས་བསྒོས་པའི་རིན་
ཆེན་འཁྲི་ཤིང་ཁྱིམ། །ཁྱིམ་ལ་ཆགས་པ་མེད་པའི་ལྷ་ཡིས་བསྟན་པའི་བསོད་ནམས་ཆུ་གླིང་གི །གཉའ་ཤིང་འཛིན་ཁྲི་བྱ་རྒྱལ་ཁྱུང་གནས་པ་ན་གང་དག་བཞུགས་པ་དང་། །བལ་གླང་མོས་བསྙོགས་སྣང་བ་རྩུབ་འགྱུར་ཚལ། །མེ་ཏོག་ལྡན་ཞིང་སེར་བུ་དང་ལྡན་པ། །ས་ཧྱ་རི་བོ་

ངོས་རབ་ཡངས་པ་ལ། །ཡང་དག་ཐུགས་མངའ་ཐུབ་པ་བཞུགས་དགུ་དང་། །པདྨ་ཨུཏྤལ་རྒྱས་པ་འབྱུང་བའི་གནས། །ཉིན་རེ་ཉི་མའི་ཤིང་རྟས་རྡོ་སྣད་ཅན། །སྲིད་པའི་འཇིགས་བྲལ་རབ་ཏུ་ཡིད་འོང་བ། །འཆར་བའི་རི་སྟེངས་གང་དག་བཞུགས་པ་དང་། །རི་ཡི་རྩེ་མོས་སྔོ་བསངས་སྤྲིན་ཐལ་
སྨན་ལྗོངས་ཅན། །ངོགས་ལྡན་ཆུ་བོ་མན་ད་རས་ནི་རི་སུལ་བཀྲུས། །གླང་ཆེན་མྱོས་པས་བསྙོགས་པས་ས་ཕྱོགས་རློག་པའི་རི། །འབིགས་བྱེད་རྨ་བྱ་རྒྱགས་གནས་པ་ན་བཞུགས་དགུ་དང་། །སྣ་ཚོགས་འབྱུང་ཁུང་ཚོན་གྱིས་ཁ་བསྒྱུར་ཕུག་དང་ལྡན་ཞིང་སྤྲིན་ཀྱང་ཆགས་གྱུར་ལ། །ཀོ་ལྤགས་ལྡན་པ་
གཙང་མའི་ཆུ་ཡིས་ངོགས་ཀྱི་རྡོ་བ་མང་པོ་བཀྲུས་གྱུར་ཅིང་། །ངོས་ལ་བ་ལང་མཇུག་མ་མོང་པོ་དག་གིས་འཕྱང་ཞིང་གློག་འགྱུས་སྣང་བྱས་པ། །ཡོངས་འདུས་རི་རྩེ་ཕྲག་ན་གཅིག་པུ་སྲེད་དང་བྲལ་བ་གང་དག་བཞུགས་པ་དང་། ཡང་། གང་དག་ཤིང་དང་འཁྲི་ཤིང་རྣམ་པ་མང་པོ་འདབ་ཆགས་པར་གནས་པ།
ནེའུ་གསེང་འཇམ་ལ་སྔོ་བའི་སྟེང་ན་རྨ་བྱའི་ཁྱུ་གར་བྱེད་ཅིང་སྒྲ་སྙན་པ་འབྱིན་པ། རི་དགས་ཀྱི་ཚོགས་བག་ཡངས་གནས་པའི་སོས་བཅད་པའི་རྩྭའི་མྱུ་གུ་ཡོད་པ། མེ་ཏོག་དྲི་ཞིམ་པོས་བསྒོམ་པའི་སེར་བུ་འཇམ་ཞིང་བསིལ་བའི་ངད་ལྡང་བའི་ནགས་འདབ་རྣམས་སུ་གནས་བཅས་ཏེ་བཞུགས་པ་རྣམས་དང་། ཡང་།
གང་དག་དུས་སུ་རླབས་འབྱུང་བའི་ཆུའི་དབའ་རླབས་ཀྱིས་གཡེངས་པའི་ན་ལེ་ཤམ་དང་ལི་ཤི་དང་ལ་བ་ཁའི་འབྲས་བུ་སྔོན་པོ་མང་པོ་འཁྲིགས་པའི་ཚལ་དང་། ཨ་ཀ་རུའི་ཤིང་ཁྲོད་ན་གནས་པའི་སྦྲུལ་མགོའི་གདེངས་ཀ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ། གླང་པོ་ཆེ་དྲེགས་པ་དང་བཅས་པའི་
གནས་བྱུ་རུའི་སྡོང་བུ་བསྒྱེལ་བ་དང་ལྡན་ཞིང་། ཉི་མའི་འོད་ཟེར་གྱིས་རེག་པའི་དབང་གིས་མུ་ཏིག་ཡོད་པའི་ཉ་ཕྱིས་ཁ་བྱེ་བའི་ཁོག་པས་རྣམ་པར་སྤྲས་པ་ཉེ་བར་འབུལ་བ་དང་ལྡན་པ། ནོར་བུ་མཆོག་གི་རྡོ་ལས་གྲུབ་པའི་ཆུང་མའི་སྐྱེ་བོ་གནས་ཤིང་བྱའི་ཁྱུ་དགའ་སྟེ་སྒྲ་འབྱིན་པས་གླུ་ལེན་པ་ལྟ་བུ་ཡོད་
པའི་རྒྱ་མཚོའི་གླིང་དག་ན། ཀླུའི་བདག་པོའི་ལུས་ཆེན་པོས་སྐུ་དཀྲིས་ཏེ། གདེངས་ཀའི་གདུགས་ཀྱིས་ཉི་མའི་འོད་ཟེར་བསྒྲིབས་ཤིང་བསམ་གཏན་མཛད་པ་རྣམས་དང་། སྨན་ལྗོངས་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་གིས་རྡོ་བ་ཁེབས་པའི་ཁྱུ་འཁོད་ཅིང་། ཁྱོར་བཅས་ལན་ཅིག་མ་ཡིན་ར་

རོར་གྱུར་པའི་གནོད་སྦྱིན་མོ་དག་གནས་གྱུར་ལ། །ཀླུ་ཡི་རྒྱལ་པོ་མགོ་བོ་སྟོང་དེ་ཁ་ནས་མེ་འབར་འབྱུང་བས་ཤིང་སྲེག་ཅིང་། །གངས་རི་ཏི་སེ་ལ་ནི་བློ་གཙང་གང་དག་ཞལ་ཏོན་མཛད་ཅིང་བཞུགས་པ་དང་། །རྒྱ་མཚོའི་རླབས་ཀྱིས་བཤལ་བའི་རི་བོ་འགབ་ལྡན་མ་སྨད་པ། །རི་བོ་མན་ད་
ར་ལ་ཉིན་ཕྱེད་ཚུན་ཆད་བཞུགས་བཞུགས་ཤིང་། །ཉི་མ་ཕྱེད་པར་གྱུར་ནས་གང་དག་གཞན་དུ་བཞུགས་པའི་ཕྱིར། །ནོར་བུའི་རྩེ་མོ་བཀྲམ་པའི་འཁོར་ཡུག་རི་ལ་བརྟེན་པ་དང་། །གང་དག་འཁྲི་ཤིང་གཞོན་ནུས་རྡོ་བ་ཁེབས་གྱུར་པའི། །དབང་ཆེན་རྩེ་མོ་ཡིད་དུ་འོང་བར་བདེར་གནས་ཏེ། །མཁའ་ལྡིང་
ཤུགས་ཀྱིས་ནང་དུ་ཀླུ་རྣམས་དཀྲུགས་པ་ཡི། །རྒྱ་མཚོ་རིན་ཆེན་གནས་ལ་རྣམ་པར་གཟིགས་པ་དང་། །ངང་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་འབབ་ཆར་གྱི་ཆུ་ཡིས་རི་འགབ་བཀྲུས་གྱུར་ཅིང་། །ཕྱོགས་ཀྱི་གླང་པོས་བསྒྱེལ་བའི་ས་ལ་ཀི་ཡིས་རྡོ་བ་ཆེན་པོ་མང་པོ་ཁེབས་གྱུར་ལ། །གཅན་གཟན་དབང་པོ་
རལ་པ་འཁྱིལ་ཞིང་གསལ་བས་དཔུང་པའི་ཕྱོགས་འབར་ཉལ་བས་གང་གྱུར་ཅིང་། །སྦལ་མིག་མཐོན་པའི་ལྕུག་མས་འཁོར་བས་གྲུབ་པ་ངལ་སོས་རི་བོ་ཀྲོན་ཛར་གང་གཤེགས་དང་། །གང་དག་མུན་བསལ་ཁྱད་པར་ཅན་གྱི་བློས། །ཤིང་ལྗོན་སྣ་ཚོགས་མེ་ཏོག་རྒྱས་གྱུར་ཅིང་། །རི་དགས་རྒྱུ་བས་ནེའུ་
གསེང་གཞོན་སྣང་བ། །གཟི་རྡོ་ནགས་རྣམས་མི་སྤོང་བཞུགས་པ་དང་། །ཡང་གང་དག་ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་པོ་དང་། བྱང་གི་སྒྲ་མི་སྙན་དང་གླིང་གཞན་དག་ན་སྐྱེས་པའི་ལྕུག་ཕྲན་མདོག་སྣུམ་ཞིང་སྔོ་ལ་འཇམ་པ་མང་པོས་ས་གཞི་ཀུན་དུ་ཁེབས་པ། ཤིང་གི་གྲིབ་མའི་དཀྱིལ་
འཁོར་བསིལ་བ་དང་། ཁྲི་ཤིང་གིས་འཁོར་ཞིང་རི་དགས་མང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང་། ཡང་གང་དག་ད་ར་དང་། གན་དྷ་ར་དང་། གུ་ཟན་དང་། ལི་དང་། ཤི་རིང་དང་། བ་ལེ་དང་། བྲི་ཤ་དང་། ཁ་ཆེའི་ཡུལ་དང་། རྒྱ་ཡུལ་དང་། གྲོང་ཁྱེར་ཟས་འདྲ་དང་།
རྡོ་འཇོག་ཟས་འདྲ་དང་། སྐྱེས་པའི་གྲོང་ཁྱེར་དང་། ཕྱོགས་མཚམས་དང་། ཀུན་ཏི་མ་ལ་བ་དང་། སྲུང་བྱེད་དང་། གྲོང་ཁྱེར་དང་། ཚ་དུ་ཀ་དང་། ཚ་ཏ་དང་། བྷ་རུ་ཀད་ཚ་དང་། ཀཽ་ཤཱམྦཱི་དང་། སེར་སྐྱའི་གནས་དང་། མཉན་ཡོད་དང་། མི་ཐུབ་པ་དང་། གྲོང་ཁྱེར་མེ་ཏོག་དང་། ཏི་ར་དང་། བཅོམ་རླག་

དང་། གྲོང་ཁྱེར་ལོངས་སྤྱོད་དང་། ཙམ་པ་ཀ་དང་རྒྱལ་པོའི་ཁབ་དང་། དབང་པོའི་བྲག་ཕུག་དང་། འབྲོག་དང་། ཀོ་ནའི་གྲོང་དང་། ཀུན་དགའི་གྲོང་དང་། མཆོད་རྟེན་གྱི་གྲོང་དང་། འཁྲུར་བཅུག་གི་གྲོང་དང་། རྣམ་པར་རྒྱལ་བའི་གྲོང་དང་། ཡངས་པ་ཅན་དང་། ལི་ཁར་ཤིང་འཕེལ་
བ་དང་། འཕེལ་བྱེད་དང་། ཟངས་ཀྱིས་གཡོགས་པ་དང་། རྡོ་སྙིགས་འཛིན་དང་། ཀོ་ས་ལ་དང་། ཨན་དྲ་དང་། ཀ་ལིང་ག་དང་། བ་རྦ་དང་། ཡ་བ་ནའི་གླིང་དང་། སིང་ག་ལའི་གླིང་དང་། ཀ་ལ་ཤའི་གྲོང་ཁྱེར་དང་། གསེར་གྱི་ས་དང་། ཧ་རི་ཀེ་ལ་དང་། བ་རོ་ཤ་ཀ་ཏ་ཧ་དང་། ན་རི་ཀེ་ལ་དང་།
པ་ན་སའི་གླིང་དང་། ཤུ་ས་ར་དང་། ནིམྦའི་གྲོང་ཁྱེར་དང་། དཔལ་གྱི་ཞིང་དང་། དངུལ་ཆུའི་གནས་ལ་སོགས་པ་ཡུལ་དང་། ཆ་བྱད་དང་། སྐད་དང་། གནས་པ་དང་། ཆོ་ག་དང་། རིགས་དང་། རུས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཅན་དུ་མའི་ཡུལ། མི་གནས་པའི་ཡུལ་གཞན་དག་ན་
བཞུགས་པ་རྣམས་དང་། །གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས་མ་ཕོག་ཅིང་། །ཤེ་ཤ་སྦྲུལ་གྱི་ལུས་ཀྱི་འོབས་གནས་རི་ཡི་དྲུང་། །དེ་ཡི་གཙུག་གི་རིན་ཆེན་འོད་ཀྱིས་མུན་བསལ་བའི། །ས་འོག་ཏུ་ནི་རིང་པོར་མ་ཐོགས་གཤེགས་གྱུར་དང་། །གང་དག་ཆུ་ལྟར་ས་ལ་ཐོགས་མེད་བྱེའུ་འཛུལ་མཛད་པ་དང་། །གང་
དག་སར་གནས་ཕྱག་གི་རྩེ་མོས་ཟླ་བ་རེག་མཛད་དང་། །གང་དག་བྱ་ལྟར་ནམ་མཁའ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང་། །ན་བཟའི་ཐ་མས་སྤྲིན་མཐར་རེག་པས་སྤྲིན་ལིང་འཇིག་མཛད་དང་། །གང་དག་ལྷ་དང་། ཀླུ་དང་། གྲུབ་པ་དང་། འཁོར་བ་དང་། ཚོགས་རྣམས་ཀྱིས་རྟག་ཏུ་མཆོད་པའི་རི་འཇིགས་མེད་
དང་བུང་བའི་རི་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དང་། ཤར་གྱི་རི་བོ་དང་། ནུབ་ཀྱི་རི་བོ་དང་། ཤི་རི་ཀུན་པ་ཏ་དང་། ཀུན་དུ་སོ་མ་དང་། ཏ་མ་སའི་ཚལ་དང་། བསིལ་བའི་ཚལ་དང་། ལྷས་སྤྲུལ་དང་། འཇིགས་མེད་པ་རི་དང་། ནགས་ཚལ་ཆེན་པོ་དང་། ཚེར་མ་ཅན་གྱི་ཚལ་དང་། བྱམས་པའི་རི་དང་།
ཆུ་སྲིན་བྱིས་པ་བསོད་ཀྱི་རི་དང་། རི་ནག་པོ་དང་། གནས་ཀྱི་རི་དང་། སེར་སྐྱའི་རི་དང་། མེ་ཏོག་གི་རི་དང་། ཀླུའི་རི་བོ་དང་། ཙནྡན་གྱི་རི་བོ་དང་། ཚེར་མའི་རི་བོ་དང་། ལྷ་ཡུལ་བབས་པ་དང་། ཨ་ས་སིམྦ་དང་། ཀུན་དགའ་སྟོན་ལྡན་དང་། རི་བོའི་རྒྱལ་མཚན་དང་། གཞི་བཀྲུས་དང་། རང་གི་མཆོད་རྟེན་དང་།

སཱ་ལུ་སྤུངས་ལྡན་དང་། ཕོ་བྲང་འཁོར་དཔལ་ཡོན་ཅན་དང་། བྱ་རྒོད་ཀྱི་ཕུང་པོ་དང་། རི་དགས་ཀྱི་ནགས་དང་། ཀ་ཤོ་དང་། གཙུག་ལག་ཁང་གསེར་ཀ་ནི་ཥྐ་ཤ་ཧི། ལ་སོགས་པ་ཆོ་འཕྲུལ་རྨད་དུ་བྱུང་བ་སྣ་ཚོགས་དང་ལྡན་པ་རྣམས་དང་། དྷརྨ་རཱ་ཛི་ཀ་མཆོད་རྟེན་དུ་མ་དང་།
སངས་རྒྱས་བཞིའི་གདན་ཁྲི་ཡོད་པ་བསོད་ནམས་སུ་གྱུར་པའི་ས་ཕྱོགས་རྒྱུན་མི་འཆད་པར་ཀློག་པ་དང་། ཁ་ཏོན་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་ཞུགས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་དག་པའི་སྒྲ་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས་དང་བསོད་
སྙོམས་དང་མལ་ཆ་དང་། ན་བའི་གསོ་སྨན་དང་། ཡོ་བྱད་དང་འཚོག་ཆས་རྣམས་ཀྱིས་ལེགས་པར་བྱས་པས་མཐའ་མཐའ་ན་ཆུའི་གནས་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས་དགའ་བ། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས་གཙང་བར་གྱུར་པའི་ས་གཞི་ཅན། ཞི་བ་ཐུབ་པའི་སྐྱེ་བོ་
གནས་པ་རྣམས་ན། དེ་ཁོ་ན་བསྒོམས་པའི་ཡིད་ཀྱིས་ཏི